Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
ཞུ་བ་དང་ཞུས་པའི་ལན་བརྒྱད་ཅུ་རྩ་བཞི་གཅེས་པའི་སྙིང་པོ་མ་རིག་མུན་སེལ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཞུ་བ་དང་ཞུས་པའི་ལན་བརྒྱད་ཅུ་རྩ་བཞི་གཅེས་པའི་སྙིང་པོ་མ་རིག་མུན་སེལ།། next

ཞུ་བ་དང་ཞུས་པའི་ལན་བརྒྱད་ཅུ་རྩ་བཞི་གཅེས་པའི་སྙིང་པོ་མ་རིག་མུན་སེལ།།

ཨོཾ་སྭ་སྟི། སེམས་ཉིད་འོད་གསལ་མཁའ་ལྟར་དག་པའི་དབྱིངས། །རང་བཞིན་རྣམ་དག་འགྱུར་མེད་བྱང་ཆུབ་སེམས། །རང་སེམས་བདེ་ཆེན་བླ་མ་རིན་ཆེན་ནི། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །མཚན་དཔེས་རབ་བརྒྱན་སྟོབས་བཅུ་མངའ་བའི་གསུང༌། །སྨྲ་བསམ་བརྗོད་མེད་མཁྱེན་གཉིས་ལྡན་པའི་ཐུགས། །མ་རིག་མུན་སེལ་རང་རིག་ཡེ་ཤེས་ནི། །རྟག་ཆད་འགྲོ་འོང་མེད་ཅིང་འདུས་མ་བྱས།། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནད་ཀྱིས་དབེན། །དུས་གསུམ་ཆགས་ཐོགས་མེད་པར་རིན་ཆེན་གྱིས། །མ་རྣམས་ཡང་དག་ས་ལ་འགོད་མཛད་པའི། །ཡིད་བཞིན་དཔལ་འབར་བླ་མའི་ཞབས་ལ་འདུད། །ཡོན་ཏན་གཏེར་མཛོད་བླ་མ་རིན་ཆེན་དེ། །ཚངས་པ་བརྒྱ་བྱིན་ལྷ་ཀླུ་མིའམ་ཅི། །འདུས་པ་རྒྱ་མཚོའི་ཚོགས་ཀྱི་དཀྱིལ་འཁོར་དུ། །འཇིགས་མེད་སེང་གེ་པད་ཉིའི་གདན་སྟེང་དུ།། ཤིན་ཏུ་རྣམ་དག་གསེར་གྱི་མཆོད་སྡོང་ལྟར། །དྲང་པོར་བཞུགས་པའི་སྐུ་ནི་ལྷུན་པོ་འདྲ། །ཞི་བའི་སྤྱན་གྱིས་དུལ་བ་མཐའ་ཡས་ལ། །གཟིགས་ཤིང་དགྱེས་པའི་ཞལ་ནི་འཛུམ་ཞིང་མཛེས། །མཚུངས་མེད་དབང་ཕྱུག་སྨྲ་བའི་སེངྒེ་དེས། །ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ། །དུང་གི་ཚེམས་བར་ནས་ནི་དམ་པའི་ཆོས། །རབ་འབྱམས་ཐུབ་པའི་གསུང་རབ་ཐམས་ཅད་དང༌། །ཆོས་རྗེའི་ཐུགས་དགོངས་དྲི་མེད་གཅིག་པའི་གནད། །འཁོར་འདས་ཆོས་རྣམས་རང་སེམས་སྟོང་པ་ལ། །རྒྱུ་འབྲས་སྤུ་རིས་མ་འདྲེས་འབྱུང་བའི་ཚུལ། །འཇིགས་མེད་སེངྒེའི་ང་རོ་འགྲན་ཟླ་བྲལ། །སྐྱེ་འགག་མེད་ཅིང་སྙན་པའི་ཆོས་ཆར་ནི། །ཚངས་པའི་དབྱངས་འདྲ་མཉམ་ཞིང་ཚིམ་པ་མེད། །བལྟ་བས་མི་ངོམ་བླ་མ་རིན་ཆེན་གྱི། །ཞབས་དྲུང་ལྷགས་པའི་གདུལ་བྱ་དེ་རྣམས་ཀྱང༌། །མཚན་ཉིད་ལྡན་པའི་བླ་མ་དེ་ཕྱོགས་སུ། །བྱ་བ་བྱས་ཤིང་སྤོབས་པ་དང་ལྡན་པས། །ཟབ་ཅིང་རྒྱ་ཆེ་དམ་ཆོས་རིན་ཆེན་ལ། །ཞུ་བ་རྒྱ་མཚོ་དཔག་མེད་ཞུས་པ་ལ། །རྒྱལ་བའི་སྲས་པོ་ཆོས་ལ་གུས་ལྡན་པས། །ཆོས་བརྗོད་ཡུལ་དེ་ཉེ་བར་ཐོབ་ཕྱིར་དང༌། །བླ་མའི་ཐུགས་དགོངས་དྲི་མེད་རྫོགས་ཕྱིར་དང༌། །ཞུས་དང་ཞུས་པའི་ལན་དུ་ཅུང་ཟད་འབྲི།།

བཅས་རང་བཞིན་གཅིག་ཚུལ་གང་ལགས་ཞུས་པས། གཞན་གྱིས་བཅས་རང་བཞིན་མི་གཅིག་པར་འདོད་དེ། དགག་བཅས་དང་སྒྲུབ་བཅས་གནང་བཅས་གསུམ་དུ་འདོད་ལ། རང་བཞིན་ཕམ་པ་བཞི། དགེ་སློང་ངམ། དགེ་ཚུལ་ལམ། སོ་སོ་ཐ་མལ་པ་ལ་སོགས་པ་སེམས་ཅན་གང་གིས་བྱས་ཀྱང་མི་དགེ་ལ། བཅས་པ་ས་རྐོ་མེ་རེག་ལ་སོགས་པ་ཕྱི་དྲོའི་ཁ་ཟས་ལ་སོགས་པ་རྐྱེན་ལ་ལྟོས་ཏེ། རེས་དགག་པར་བཅས་པས་ལྟུང་བ་འབྱུང་ལ། རེས་གནང་བར་བཅས་པས་ཉེས་པ་མེད་པར་འདོད་དེ། ཕྱི་དྲོའི་ཁ་ཟས་ནད་པ་དང་ལས་དང་པོ་པ་ལ་གནང་བས་ཉེས་པ་མེད་པར་འདོད། རྗེ་རིན་པོ་ཆེའི་བཞེད་ཀྱིས་དགེ་བ་མི་དགེ་བར་མི་འགྱུར། མི་དགེ་བ་དགེ་བར་མི་འགྱུར་བས། བཅས་རང་བཞིན་གཅིག་སྟེ། དགག་སྒྲུབ་གཉིས་སུ་ངེས་པས་གནང་བཅས་སུ་མི་བཞེད་དོ། །ཕམ་པ་བཞི་གང་གིས་བྱས་ཀྱང་མི་དགེ་བ། བཅས་པ་གང་བྱུང་གི་སར་རང་བཞིན་གྱིས་ཁྱབ་སྟེ། མི་དགེ་བའི་གཡོས་སུ་གཅིག་པ་ཕྲ་རགས་མ་གཏོགས་པ་ལྟུང་བ་སྡེ་ལྔའི་ངོ་བོར་གཅིག་སྟེ། ས་རྐོ་མེ་རེག་ཕྱི་དྲོའི་ཁ་ཟས་ལ་སོགས་པ་བཅས་པ་རྣམས། བྱ་དང་བྱེད་པ་མང༌། ལས་དང་ལམ་ལ་སྒྲིབ། གཞན་མ་དད་པར་འགྱུར། ངན་སོང་གསུམ་དུ་སྐྱེ་བའི་དགག་བྱ་ཉེས་དམིགས་དེ་དག་དང་ལྡན་ན་གནང་བའི་གོ་སྐབས་གཏན་མེད་པས་དགག་པར་བཅས། རྒྱུ་མཚན་བྱ་དང་བྱེད་པ་མང་བས། དགེ་འདུན་གྱི་འཁོར་གསུམ་ལ་བར་དུ་གཅོད་པ་དང༌། ལས་དང་ལམ་ལ་སྒྲིབ་སྟེ། དགེ་སློང་གི་ལས་བརྒྱ་རྩ་གཅིག་ལ་སོགས་པ་ལ་མི་དབང༌། ལམ་འཕགས་པའི་ལམ་དུ་འགྲོ་བ་འགོག་པ་བྱང་ཆུབ་པ་གསུམ་མམ། དགེ་སྦྱོང་གི་འབྲས་བུ་བཞི་ལ་བར་དུ་གཅོད། གཞན་མི་དད་པར་འགྱུར་ཏེ་མཁན་པོའམ་སློབ་དཔོན་ཚངས་པ་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་ན་དཀར་པོའི་དགེ་བའི་རྩ་བ་ལ་མོས་པ་རྣམས་མི་མཉེས་པའི་ཉེས་དམིགས་དེ་དག་དང་ལྡན་པས་གནང་བའི་གོ་སྐབས་གཏན་ནས་མེད་གསུངས། བཅོམ་ལྡན་འདས་ཀྱིས་གནང་བར་གསུངས་པ་དེ་བསྒྲུབ་པར་མ་ནུས་པ་ལ་མིང་ཉེས་མེད་དུ་བཏགས་པ་ཡིན། བཅོམ་ལྡན་འདས་ཀྱིས་ཁྱོད་ལ་གནང་གསུངས་པས་ལྟུང་བ་མི་འབྱུང་ན་བཅོམ་ལྡན་འདས་བྱེད་པ་པོར་འགྱུར་བ་དང༌། ལས་དང་པོ་པ་ལ་གནང་བས་ལྟུང་བ་མི་འབྱུང་ན། ལས་དང་པོ་པ་ལ་དེ་ལྟུང་བ་འབྱུང་བྱེད་ཀྱི་རྒྱུ་བཞི་དང་མི་ལྡན་ལ་ཉོན་མོངས་པ་གསུམ་གྱིས་དབེན་སྤྱོས་པའི་བྱ་བྱེད་མི་མངའ་ཞིང༌། དགེ་འདུན་གྱི་འཁོར་གསུམ་དང་ལྡན་པ་ཞིག་ཡིན་ནམ། ལས་དང་ལམ་ལ་མི་སྒྲིབ་སྟེ་དགེ་སློང་གི་ལས་བརྒྱ་རྩ་གཅིག་ལ་དབང་ཞིང༌། འཕགས་པའི་ལམ་འགོག་པ་བྱང་ཆུབ་རྣམ་པ་གསུམ་མམ། དགེ་སྦྱོང་གི་འབྲས་བུ་བཞིའི་བར་ཆད་དུ་མི་འགྱུར་ཞིང༌། གཞན་མ་དད་པར་མི་འགྱུར་ལ། ལས་དང་པོ་པ་ལ་མཁན་པོ་དང་སློབ་དཔོན་ལ་སོགས་པ་ཆོས་དང་ལྡན་པ་ཐམས་ཅད་ཀྱིས་དེ་ལ་བསྔགས་པ་བརྗོད་པ་ཞིག་ཡིན་དགོས། དེ་རྣམས་དང་མི་ལྡན་ན་ལས་དང་པོ་པ་ལ་གནང་བས་དེ་ལ་ཉེས་པ་མི་འབྱུང་ན། བཅོམ་ལྡན་འདས་བྱེད་པོར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་སྒྲུབ་པར་མ་ནུས་པ་ལ་མིང་ཉེས་མེད་དུ་གསུངས་པ་མ་གཏོགས་པ། ནད་པ་ལ་ཕྱི་དྲོའི་ཁ་ཟས་གནང་བ་ཉེས་པ་མེད་ན་བསྒྲུབ་པའི་བསླབ་པ་ཡིན་དགོས་ཏེ། ནད་ཕན་པའི་དུས་སུ་བཤགས་སྡོམ་བྱེད་པར་གསུངས་པ་དེ་བདག་གིས་དགེ་བ་བྱས་པ་བཤགས་སོ་བྱ་བ་ཡིན་ཏེ། དེ་ལྟར་མི་འགྱུར་བས། དགེ་བ་ཐམས་ཅད་གཤིས་ཀྱི་དགེ་བ་གནང་བ་ཡེ་གནང༌། མི་དགེ་བ་གཤིས་ཀྱི་མི་དགེ་བ་བཀག་པ་ཡེ་བཀག གནང་བའི་གོ་སྐབས་མེད་པས་ན་བཅས་རང་བཞིན་གཅིག་པ་ཡིན་གསུངས།།

སྦས་པ་གསུམ་གྱི་ངོས་འཛིན་ཞུས་པས། དགའ་བ་གསུམ་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྦས་པ་ནི། འདོད་ཆགས་ཆོས་ཀྱིས་སྦས་པ། སྣང་མཆེད་ཐོབ་གསུམ་གྱིས་བར་དོ་དང་པོའི་འོད་གསལ་སྦས་པ་ནི། སེམས་སྣང་བ་གསུམ་གྱིས་སྦས་པ། ཀུན་རྫོབ་སྒྱུ་མ་མི་རྟག་ཅིང༌། འཇིག་པའི་ཆོས་ཅན་གྱིས་འོད་གསལ་དོན་དམ་པའི་བདེན་པ་སྦས། འདི་གསུམ་གོ་ན་གསང་བ་འདུས་པའི་དབུགས་སོང་བ་ཡིན་ཏེ། གསང་འདུས་ཀྱི་སྙིང་པོ་ཡིན་གསུངས།།

ཆོས་རྗེའི་ཞལ་ནས་ཁྱེད་རྣམས་ཀྱིས་གྲོགས་བྱ་སྒོང་ཙམ་ཞིག་ཡོད་པ་དེ་ཟ་མི་ཤེས། ཞག་ཉ་མིག་ཙམ་ཞིག་ཡོད་པ་དེ་ཉབ་མི་ཤེས། སྲོག་རྟ་རྔ་ཙམ་ཞིག་ཡོད་པ་དེ་འཚོ་མི་ཤེས་གསུངས་པ་དེ་གང་ལགས་ཞུས་པས།

གྲོགས་བྱ་སྒོང་ཙམ་ཞིག་ཟ་མི་ཤེས་པ་དེ་སྐྱེ་བཞིན་པའི་རྣམ་པར་རྟོག་པ་དེ་གྲོགས་ཡིན། དེ་ལྔ་ལྡན་གྱིས་ཉམས་སུ་བླངས་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བ་ཡིན།

ཞག་ཉ་མིག་ཙམ་ཞིག་ཉབ་ཤེས་པ་ནི། གཏུམ་མོ་བསྒོམ་པའམ། ཚུལ་ཁྲིམས་བསྲུངས་པས་རླུང་ནང་དུ་ལོག རྩ་ཁ་བྱེ། བདེ་བའི་སྟོབས་རྒྱས་པ་དེ། སུམ་ཆོས་ཀྱིས་གནད་དུ་བསྣུན་པ་ཡིན།

སྲོག་རྟ་རྔ་ཙམ་བཅའ་ཤེས་པ་ནི། རྣལ་འབྱོར་པའི་ཉམས་སུ་མྱོང་བ་དེ་ཡིན་པས། རྩ་བའི་བླ་མ་དེ་མ་གཏོགས་པ་གཞན་ལ་གསང༌།

འདིའི་སྐབས་སུ་རྒྱ་གར་ན་དཔལ་རྒ་ལོ་ལ་ཟག་པ་གསེར་དུ་བྱུང་བ་བླ་མའི་བླ་མ་ཡིན་པས་མི་སྟོ་སྙམ་ནས་ཨ་བྷྱ་ལ་བཟླས་པས་འཕྲོ་ཆད་པ་ལ་སོགས་པ་གསུངས།།

སངས་རྒྱས་ཀྱིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དེ་ཡང་ཐུགས་སུ་ཆུད་ན། དམྱལ་བ་ལ་སྡུག་བསྔལ་ཡོད་པ་མ་བདེ་ཞུས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་པར་ཐུགས་སུ་ཆུད་དེ་རྟག་ཆད་བྲལ་བའི་གནད་ཀས་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་བྱུང་བས། ཞེ་སྡང་གི་སེམས་དེའི་ལས་ཀྱིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་བ་དེ་ཡང་སངས་རྒྱས་ཀྱིས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་དང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པར་ཐུགས་སུ་ཆུད། དམྱལ་བ་ལ་སྡུག་བསྔལ་ཡོད་པ་དེ་ལྟར་མ་རྟོགས་པས་ལན་གསུངས།།

སེམས་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་སུ་མེད་པར་གསུངས་པ་དང༌། སངས་རྒྱས་ཀྱིས་སེམས་ཅན་གྱི་རྟོག་པ་སྤུ་རིས་མཁྱེན་པ་དེ་ཡང་སེམས་ཡིན་པས་མ་བདེ་ཞུས་པས། སངས་རྒྱས་ཀྱིས་སེམས་མཁྱེན། ཇི་ལྟར་མཁྱེན། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བར་མཁྱེན། སེམས་ཅན་གྱི་སེམས་དེ་ཡང་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བར་མཁྱེན་གསུངས།།

དམིགས་པའི་རིགས་ཇི་སྙེད་ཅིག་བསྒོམས་ཀྱང་སེམས་ནང་དུ་གནས་ཐབས་སུ་འདུག་ལ། ཕྱག་རྒྱ་ཆེན་པོ་བསྒོམས་ཀྱང་སེམས་ནང་དུ་གནས་པའི་ཐབས་ཡིན་ལ། དམིགས་པ་བསྒོམས་པས་ཐང་ཆད་ཅིང་ཕྱག་རྒྱ་ཆེན་པོ་བསྒོམས་པས་ངལ་སོས་པར་འདུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། གཉིས་ཀ་སེམས་ནང་དུ་གནས་པར་གཅིག་ཀྱང༌། དམིགས་པའམ་བསྐྱེད་རིམ་བསྒོམས་པས་ཤེས་པ་དུབ་ནས་འོང་བ་ཡིན། སྤྱོད་ལམ་ཆ་མཉམ་ཞིང་བསྒོམས་པས་དེ་ཉིད་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་རྟོགས་ནས་བསྒོམས་པས་བསྐྱེད་རྫོགས་ཟུང་འཇུག་གིས་ལམ་བགྲོད་པ་ཡིན་གསུངས།།

བསྐྱེད་རྫོགས་གཉིས་ཀྱི་ས་མཚམས་གང་ལགས་ཞུས་པས། གཤིས་ཀྱི་བསྐྱེད་རྫོགས་གཉིས་ཟུང་དུ་འཇུག་པའི་འཁོར་ལོ་ལས་མི་འདའ་སྟེ། རྟོག་པ་རྟོགས་མ་རྟོགས་པ་ཐེག་པ་ཆེན་པོ་གསང་སྔགས་ཀྱིས་ལམ་བགྲོད་པ་ཡང༌། བསྐྱེད་པའི་རིམ་པ་ལྷ་དང་རྫོགས་རིམ་ཕྱག་རྒྱ་ཆེན་པོ་གཉིས་ཀྱིས་ལམ་བགྲོད་པ་ཡིན་ལ། མདོར་བསྡུས་ན་བསྐྱེད་རྫོགས་གཉིས་ཀྱི་ས་མཚམས་རྟོགས་མ་རྟོགས་གཉིས་ཡིན་གསུངས།།

འདིར་རྟོགས་པ་དང་ལྡན་པ་བར་དོ་དང་པོའི་འོད་གསལ་སྒུག་མི་དགོས་པ་དང༌། འཆི་ཁར་འཕོ་བ་འཚལ་ལམ་མི་འཚལ་ཞུས་པས། ཤིན་ཏུ་དགོས། དེ་ལ་དར་ཙ་རིང་མོས་རྗེ་རིན་པོ་ཆེ་ལ་ཞུ་ཞིང་འདུག་པ་ལ་འཕོ་བ་ཞེ་སྡང་དང་བསྲེ་བར་གསུངས་ལ། སངས་རྒྱས་ལ་ནི་ཞེ་སྡང་མེད་ན། འཕོ་བ་མཛད་པ་མ་བདེ་ཞུས་པས། ཐུགས་ཧུར་གྱིས་མཛད། ཞེ་སྡང་སངས་རྒྱས་ལ་མེད་དམ་སེམས་ཅན་ལ་མེད། སངས་རྒྱས་ཀྱིས་སེངྒེའི་ཉལ་སྟབས་འཕོ་བ་མ་མཛད་ན། དེང་སང་རྗེས་སུ་འཇུག་པ་མི་འོང་བ་ཡིན་གསུངས།།

རང་སངས་རྒྱས་ལ་དང་པོར་རྟོགས་པ་ལ་སློབ་དཔོན་ནི་མེད་ན་སངས་རྒྱས་པའི་དུས་སུ་རིགས་ཀྱི་བདག་པོ་མེད་པ་ལགས་སམ་ཞུས་པས། རང་སངས་རྒྱས་ཀྱིས་ཁམས་གསུམ་འཁོར་བ་རྟེན་འབྲེལ་ལུགས་འབྱུང་མ་རིག་པ་ལས་འབྱུང་བར་གོ་ནས། མ་རིག་པ་འགག་ན་འདུ་ཤེས་དང་རྒ་ཤིའི་བར་འགག་པར་ཤེས་ཤིང༌། རྟེན་འབྲེལ་ལུགས་ལྡོག་སྒོམ་ཞིང་དེ་ཉིད་ལ་མོས་པ་དེ་སངས་རྒྱས་ཀྱི་གསུང་ལ་མོས་པ་ཡིན་པས་དབུ་བརྒྱན་པ་ཡིན་གསུངས།།

བླ་མ་སྐུའི་རིགས་སུ་ཡོད་པ་ལ་སློབ་མ་གསུང་གི་རིགས་ལ་མོས་ན་རིགས་འཆོལ་བར་མི་འོང་ངམ་ཞུས་པས། དེ་མི་འོང་སྟེ་བླ་མ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཡོད་པས། སློབ་མ་གང་ལ་མོས་ཀྱང་བླ་མའི་སྐུ་གསུང་ཐུགས་ལ་མོས་པ་དེའི་རིགས་ཀྱིས་དབུ་བརྒྱན་པ་ཡིན་གསུངས།།

ཆོས་རྗེའི་ཞལ་ནས། ང་འབུ་འདྲ་བ་བཞིས་གསོལ་བ་ཕྱོགས་གཅིག་ཏུ་བཏབ་ན། མགོན་པོ་ཕག་མོ་གྲུ་པ་མྱ་ངན་ལས་མི་འདའ་བཞུགས་ངེས་གསུངས་པ་དེ། ཐུགས་དམ་ཅི་ལྟ་བུ་ཞིག་ལ་མཉམ་པར་བཞག་པ་ཡིན་ཞུས་པས། མགོན་པོ་ཕག་མོ་གྲུ་པ་ཚད་མེད་པ་བཞིའི་སྐུ་ཡིན་པས་ཚད་མེད་པ་བཞི་ལ་མཉམ་པར་བཞག་ནས་ཐུགས་དམ་རྒྱུད་བསྐུལ་བ་ཡིན། ཐུགས་དམ་སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད་པ་ཡིན་པས་ན། ཐུགས་ཚད་མེད་པ་བཞི་ལ་མཉམ་པར་བཞག་པ་ཡིན། དེ་ཡང་སེམས་ཅན་ཐམས་ཅད་རང་གི་མ་ཡིན་པ་ལ་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བ་ལ་སྐྱེས་པ་ནི་བྱམས་པ་ཚད་མེད་པ། མ་རྣམས་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁོར་བ་ལ། ཁོང་མི་བཞུགས་པ་སྐྱབས་མགོན་གཞན་མེད་པས་གདུང་བའི་ཤུགས་དྲག་པོས་གསོལ་བ་འདེབས་པ་ནི་སྙིང་རྗེ་ཚད་མེད་པ། ཁོང་བཞུགས་ན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་བྱས་ནས་ཕྲག་མི་དོག་ཅིང་དགའ་བ་ཚད་མེད་པ། རང་འཛམ་བུ་གླིང་འདིར་ཡོད་པས། འདི་གཅིག་པུའི་སེམས་ཅན་དུ་མ་ཟད། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་ཐུགས་ཀྱིས་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་བཞེད་པ་དེ་བཏང་སྙོམས་ཚད་མེད་པ་ཡིན་གསུངས། གསང་སྔགས་སུ་མཚམས་མེད་པ་ལྔ་བྱས་པ་ཡང་མཚན་ཉིད་དང་ལྡན་པའི་བླ་མས་ཟིན་ནས་སྤྱི་བོར་འཕོས་ན་སངས་རྒྱས་པར་གསུངས་པ་དེ་སྡིག་པ་དེས་འདག་པ་ཡིན་ནམ། མ་དག་ན་ཇི་ལྟར་གནས་ཞུས་པས། མཚམས་མེད་པ་ལྔ་བྱས་པ་ཡང་སྤྱི་བོར་འཕོས་ན་སངས་རྒྱས་པར་གསུངས་པ་དེ། གསང་སྔགས་ཀྱི་རང་སྐད་བཀས་བཅད་པ་ཡིན་གསུངས།།

ཡང་རྗེ་རིན་པོ་ཆེ་ལ་ཞུས་པ། རྟོགས་པ་ཡོད་ན་སྤྱི་བོར་འཕོས་ན་སངས་རྒྱས་པར་གསུངས་པ་དེ་བདེ། རྟོགས་པ་མེད་ན་ཡང་སྤྱི་བོར་འཕོས་ནས་སངས་རྒྱས་པ་མ་བདེ་ཞུས་པས། དེ་ཡིན་རྟོགས་པ་ཡོད་པ་སྤྱི་བོར་འཕོས་ན་འཚང་རྒྱ། རྟོགས་པ་མེད་པ་སྤྱི་བོར་འཕོས་ན་འཚང་རྒྱ་གསུང་བ་དེ། རྩ་དབུ་མར་རླུང་སེམས་ཆུད་པས་མི་རྟོག་པས་མཚམས་སྦྱར་ན་སྤྱི་བོར་འཕོས་ན་ལྷ་མིའི་གོ་འཕང་ཐོབ་པ་ལ་དགོངས་པ་ཡིན། མདོར་ན་འཆི་ཁར་འཕོ་བ་བྱས་པ་ཕ་རོལ་ཏུ་མི་ལུས་ཐོབ་ནས་རྒྱུ་མཐུན་གྱི་ལས་ཀྱིས་གསང་སྔགས་ལ་ལོངས་སྤྱོད་པ་ཞིག་ཏུ་འོང༌། མཚམས་མེད་ཀྱི་ལས་འབྲས་སྣོར་བས་དེས་ནད་དྲག་པོ་ལ་སོགས་པ་འབྱུང༌། ཇི་ལྟར་གནས་ན་སེམས་ཀྱི་དག་པ་ལ་གནས། དེ་ལྟར་ཡང་མགོན་པོ་བྱམས་པའི་ཞལ་ནས། ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །གསུངས།།

བྱམས་པ་དང་སྙིང་རྗེ་སེམས་ཅན་ལ་སྐྱེ་བར་འདུག་པས་སེམས་ཅན་གང་ཡང་རུང་བ་དེས། རྐྱེན་བྱས་པས་བསོད་ནམས་མཉམ་པོར་ཐོབ་བམ། ཡང་ན་ཕ་རོལ་དེས་མི་ཐོབ་ཞུས་པས། ང་ལ་སྔོན་བྱང་ཤ་དོར་སེམས་ཅན་ལ་སྙིང་རྗེ་སྐྱེས་པས་སེམས་ཅན་སྡུག་བསྔལ་བར་གཟིགས་པ་ལ་འདི་ལ་དེ་བཞིན་གཤེགས་པའི་ཁམས་བཞུགས་པ་ལ་འདི་ལྟ་བུའི་སྡུག་བསྔལ་བ་འོང་དགོངས་པ་བྱུང༌། རྗེ་རིན་པོ་ཆེ་ལ་ཞུས་པས་དེ་ཙུག་འོང་བ་ཡིན། དེའི་དུས་སུ་སྙིང་རྗེ་རྐྱང་པར་བཞག་ནས་སོང་བ་ཡང་ཡོད་པས། སྙིང་རྗེ་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་གོ་དགོས། དེ་ལྟར་ཡང་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད་གསུངས། ཕ་རོལ་པོ་དེས་བསོད་ནམས་མི་འཐོབ། རྣལ་འབྱོར་པ་དེས་ལྔ་ལྡན་ལ་ཉམས་སུ་བླངས་ན་སངས་རྒྱས་པའི་དུས་སུ་ཕ་རོལ་པོ་དེ་རང་ཉིད་ཀྱི་འཁོར་དུ་འོང༌། ཆོས་ཀྱི་ཐོག་མའི་བདུད་རྩི་འཐུང༌། རང་ཉིད་ཀྱི་རྒྱུད་སྨིན་པ་དང་གྲོལ་བར་བྱེད། སྙིང་རྗེ་རྐྱང་པ་ལ་མཉམ་པར་བཞག་ན་དེ་རྣམས་མི་འོང་གསུངས།།

གོང་མའི་བཞེད་པ་ཆོས་སྤྱིའི་བབས། རྒྱུ་དེ་སོང་ལ་འབྲས་བུ་དེ་འབྱུང་ཡིན་པས། རང་ཉིད་ཀྱི་རྒྱུ་སོང་ན་སྡུག་བསྔལ་འོང་བ་བདེ། རང་གི་རྒྱུ་མ་སོང་ན་འགྲོ་བའི་སྡུག་བསྔལ་བདག་ལ་སྨིན་པར་ཤོག་ཅེས་པ་ནི། བསམ་པ་བཟང་པོ་དགེ་བ་ཡིན་པ་ལ། གཞན་གྱི་རྒྱུ་སོང་བའི་འབྲས་བུ་རང་ལ་འོང་བ་མ་བདེ་ཞུས་པས། འདི་སྔོན་མགོན་པོ་ཕག་མོ་གྲུ་པའི་ཞལ་ནས། སྙིང་རྗེ་ཙབ་ཙུབ་ནི་ཡོད། ཤེས་རབ་ཀྱིས་ནི་མ་ཟིན་པའི་སྨོན་ལམ་བཏབ་ཚུལ་གྱིས་ད་ལྟར་བསྙུང་ནད་འདི་ལྟ་བུ་བྱུང་གསུངས། འདིའི་སྐབས་སུ་དེད་དཔོན་མཛའ་བོའི་བུ་མོའི་གཏམ་རྒྱུད་ཀྱང་གསུངས། དེ་ལ་རྗེ་རིན་པོ་ཆེའི་ཞལ་ནས་ངེད་རང་རྣམས་ཀྱིས་ནི་སྨོན་ལམ་དེ་ལྟར་མི་བཏབ་གསུང་ནས། ས་བཅད་ཀྱི་དམིགས་པ་ལྔ་མཛད། བླ་མ་གོང་མའི་དགོངས་པ་ཡིན་ནམ་མིན། བསྔོ་བ་སེམས་བསྐྱེད་དང་མཐུན་ནམ་མི་མཐུན། སྨོན་ལམ་འགྲུབ་བམ་མི་འགྲུབ། གྲུབ་ནས་བཟོད་དམ་མི་བཟོད། ཐབས་གཞན་ཡོད་དམ་མེད་ན་ཡོད་པས། རང་གཞན་གཉིས་ཀ་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བའི་ཐབས་ཚུལ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བྱེད་པ་ཡིན་གསུངས།།

ཏིང་ངེ་འཛིན་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པ་མང་པོ་གསུངས་ཀྱང་འདིར་ཚུལ་ཁྲིམས་ལས་སྐྱེ་བའི་ཏིང་ངེ་འཛིན་སྐྱེ་བར་མང་པོ་འདུག་པས་ཕྱག་རྒྱ་ཆེན་པོ་གོ་ན་ལྟ་བ་དག་པ་ཡིན་ནམ་ཞུས་པས། ཏིང་ངེ་འཛིན་ཞི་གནས་དེ་དང་ལྡན་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ནི། ལྟ་བ་དག་པར་འོང་གསུངས།།

རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །མི་ལྡོག་སེམས་དཔའ་ཆེན་པོ་ཡི། །ཤེས་བྱའི་སྒྲིབ་པར་གསུངས་པ་དང༌། །ཞུས་ལན་བརྒྱ་རྩ་མར་ཆོས་སྐུའི་སྣང་བར་གསུངས་འདུག་པ་མ་བདེ་ཞུས་པས། ཤེས་སྒྲིབ་ཀྱི་སྣང་བར་གསུངས་པ་དེ། ནང་འཛིན་པ་འདི་སེམས་འཁོར་གསུམ་གྱི་རྟོག་པ་ཡོད་པས་དེའི་སྣང་བས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡུལ་ཡུལ་ཅན་དུ་འཛིན་པས་ཤེས་སྒྲིབ་ཏུ་འོང་བ་ཡིན། ཆོས་སྐུར་སྣང་ན་སྣང་མེད་ཤེས་རབ་ལྡན་པ་རོ་གཅིག་ཆེན་པོ་ཡིན། སྣང་བ་སྣ་ཚོགས་སུ་གསལ་བའི་དཀྱིལ་འཁོར་དུ། སྤྲོས་བྲལ་ནམ་མཁའི་དབུས་སུ་རོ་གཅིག་པ་ཡིན་གསུངས།།

རྨི་ལམ་དུ་བླ་མ་ལ་ཆོས་ཞུས་པ་སད་ནས་བརྗེད་པར་འདུག་པས། མི་བརྗེད་པའི་ཐབས་ཇི་ལྟར་བྱེད་ཞུས་པས། རྨི་ལམ་དུ་བླ་མས་ཆོས་གསུངས་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་མཉམ་པར་བཞག་པ་དང༌། སད་པའི་སྣང་བ་ལ་ཤེས་པ་མི་འཇུག་པ་གནད་ཟབ། ང་ལ་སྔོན་རླུང་ལོག་བྱུང་བ་ལ་ཉིན་པར་ཏིང་ངེ་འཛིན་གྱི་རྒྱུན་རྨི་ལམ་དུ་དྲོངས། རྨི་ལམ་གྱི་རྒྱུན་ཏིང་ངེ་འཛིན་ལ་སད་པའི་སྣང་ བས་བར་མ་ཆོད་པས་བསྙུང་ནད་ཀྱང་དྭངས། ད་ལྟ་དམིགས་པ་ལ་གནད་དུ་སོང་ན་འཆི་ཀར་འཕོ་བ་ཡང་གནད་དུ་འགྲོ་བ་ལ་ཚེགས་མེད། ད་ལྟར་ལྟེ་བར་བླ་མ་བསྒོམ་པ་ལ་གནད་དུ་སོང་ན། འཕོ་བའི་དུས་སུ་བླ་མ་སྤྱི་བོར་བསྒོམས་པ་གནས་སྤོ་བ་དང་འདྲ་སྟེ། སྣང་བ་ཕར་བསྒྱུར་ཚུར་བསྒྱུར་ཡིན། ཆོས་རྗེའི་ཞལ་ནས་དེང་སང་ནད་དྲག་པོས་བཏབ་པའི་དུས་སུ། དམིགས་པ་བསྒོམ་བཅུག་པ་འདི་གཅིག་པུའི་དྲིན་ཡང་ཁྱེད་ཀྱིས་ང་ལ་མི་འཁོར་གསུངས།།

གསུམ་ལྡན་གྱི་སྐབས་སུ་སྙིང་རྗེའི་སྒོ་ནས་སེམས་ཅན་གྱི་སྡུག་བསྔལ་གྱི་ཁུར་འཁུར་བ་ལུགས་གང་ལགས་ཞུས་པས། སངས་རྒྱས་ཀྱིས་སེམས་ཅན་ལ་ཕུང་པོ་གསུམ་དུ་གཟིགས། ངེས་པའི་ཕུང་པོ་ལ་བསྔགས་པ་བརྗོད། མ་ངེས་པའི་ཕུང་པོ་རྗེས་སུ་ བཟུང༌། ལོག་པའི་ཕུང་པོ་ཚར་བཅད། ཚར་མ་བཅད་ན་བློས་སྤངས་ཁུར་མ་འཁུར་བ་ཡིན་ཏེ། གང་ཕན་བྱེད་པ་ནི། ཁུར་འཁུར་བ་ཡིན་ཏེ། ཐ་ན་སྐམ་ལ་གནས་པའི་སེམས་ཅན་ཆུར་སོང་ན་འདོན་པ་ལ་སོགས་པ་སེམས་ཅན་གྱི་དོན་དུ་འགྱུར་ཚད་བྱ་གསུངས། སེམས་ལས་སུ་རུང་བ་དང༌། དགེ་སྦྱོར་ཤེས་པ་བཀོལ་དུ་བཏུབ་པ་གཉིས་ལ་ཁྱད་ཅི་ཡོད་ཞུས་པས། དགེ་སྦྱོར་ཤེས་པ་བཀོལ་དུ་བཏུབ་ན་སེམས་ལས་སུ་རུང་བ་དེ་ཡིན། སེམས་ལས་སུ་རུང་བ་ལ་གནས་སྐབས་མཐར་ཐུག་གཉིས་ཡིན། གནས་སྐབས་སྤྲོས་བྲལ་ཡན་ཆོད་ལ་འོང་བ་ཡིན། འདིའི་སྐབས་སུ་རྣམ་རྟོག་བདུད་ལ་ཁྱེད་ཀྱིས་བསྲུང་བ་གཅེས་བྱ་བ་ལ་སོགས་པའི་ལུང་ཡང་གསུངས། མཐར་ཐུག་ཏུ་དུལ་ན་རྗེ་བཙུན་ལྟ་བུ་ཡིན་པས་ལུས་ཀྱི་སྤྲུལ་བསྒྱུར་ལ་སོགས་པ་བཀོད་པ་དཔག་ཏུ་མེད་པ་ནུས་པའི་བླ་མ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང༌། སློབ་མ་མོས་གུས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་གཉིས་ཀྱི་རྟེན་འབྲེལ་འགྲིག་ན་སློབ་མས་བླ་མའི་སྐུའི་བཀོད་པ་མཐོང་བ་ཡིན། འདི་ཡི་སྐབས་སུ་རྗེ་བཙུན་གྱི་སྐུའི་བཀོད་པ་གསང་བའི་སློབ་མས་མཐོང་བའི་གཏམ་རྒྱུད་དང༌། སེམས་ཉིད་དུལ་ན་ཅིར་ཡང་བསྒྱུར་དུ་བཏུབ་པའི་ལུང་ཡང་གསུངས།།

སྡོམ་པ་གསུམ་ཆོས་སྐུར་རྟོགས་པ་ལ་མཉམ་པར་བཞག་པ་དང༌། སྤོང་སེམས་བརྟན་པོ་ལ་མཉམ་པར་བཞག་པ་གཉིས་ལ་ཁྱད་ཅི་ཡོད་ཞུས་པས། སྡོམ་པ་གསུམ་ཆོས་སྐུར་རྟོགས་པ་ལྟ་བ་རྣམ་པར་དག་པ་ཡིན། སྤྱོད་པ་རྣམ་དག་སྤོང་སེམས་དང་གཉིས་མེད་དུ་གོ་བ་ནི་ཟུང་འཇུག་ཟག་མེད་ཀྱི་ཚུལ་ཁྲིམས་ཡིན། དེ་ལྟར་མ་གོ་བའི་སྤོང་སེམས་ཟག་བཅས་ཡིན་གསུངས།།

སྤྲོས་བྲལ་རྟོགས་པ་ལ་རྗེས་ཤེས་ཕྲའུ་སྐྱེས་པས་ལས་གསོག་གམ་མི་གསོག་ཞུས་པས། འདི་ལ་མི་གསོག་པར་འདོད་པ་ཡང་ཡོད་དེ། ལས་ཤིན་ཏུ་ཡང་གསོག དེ་སྒོམ་པ་བྱང་ཆུབ་གྲགས་ཀྱིས། རྗེ་རིན་པོ་ཆེ་ལ་ཞུས་པ། སྤྲོས་བྲལ་བ་ལ་རྗེས་ཤེས་གསུམ་དུ་ལྡང་བ་དེ་སྒྱུ་མ་ལྟ་བུ་དེ་རྗེས་ཤེས་ཨ་འཐས་སུ་འོང་བ་བདེ། ཆོས་སྐུར་གསུངས་པ་མ་བདེ་ཞུས་པས། ཆོས་སྐུ་ཡིན་ཡང་སྙམ་པ་དེ་ལ་དགོངས་པ་ཡིན་གསུངས། མགོན་པོ་ཕག་མོ་གྲུ་པས་རྗེ་སྒམ་པོ་པ་ལ་ཞུས་པས། སྤྲོས་བྲལ་རྗེས་ཤེས་གསུམ་པོ་གང་བཟང་ཞུས་པས་སེམས་ཀྱི་རྩ་བ་གཤའ་མར་ཆོད་ན་ཁྱད་མེད་གསུངས།།

སྤྲོས་བྲལ་བའི་རྟོགས་པ་ཡོད་པས། བླ་མ་དེ་རང་དུ་རྟོགས་ན་བྱེ་བྲག་ཏུ་མོས་གུས་འཚལ་ལམ་མི་འཚལ་ཞུས་པས། རྟོགས་པ་དང་བླ་མ་གཉིས་མེད་དུ་གོ་བ་དེ་ལ་མཉམ་པར་བཞག་པ་དེ་རང་མོས་གུས་ཡིན། འོན་ཀྱང་ཕྲིན་ལས་བསྒྲུབ་པའམ། རྨི་ལམ་དུ་ཆོས་ཞུ་འདོད་ན་མོས་གུས་དུང་དུང་པ་དགོས་གསུངས།།

ཕྱག་རྒྱ་ཆེན་པོའི་མཉམ་པར་བཞག་པའི་དུས་སུ། སྒྲ་སྐད་ཅིག་མ་གྲགས་པ་སྐྱེ་མེད་དུ་འོང་སླ། གཟུགས་སྣང་སྟོང་དུ་འོང་དཀའ་བར་འདུག་ཞུས་པས། སྒྲ་སྐད་ཅིག་མ་ཡུན་ཐུང་བས་སླ་བར་འདུག་པ་ཡིན། སྒྲ་རྒྱུན་མ་ཆད་པར་ཡུན་རིང་དུ་བྱུང་ན་དཀའ་བར་འོང༌། གཟུགས་ཀྱང་དེ་དང་འདྲ་སྟེ་ཁྱོད་འདི་ནས་སློང་ཐང་ཡིད་ལ་གྱིས་དང༌། ཡིད་ཀྱི་གཟུགས་སྐད་ཅིག་མ་ཡིན་པས། སྣང་སྟོང་དུ་འོང་སླ་བས་འོང༌། གཤའ་མར་གོ་ན་ཁྱད་མེད་རྟོག་པ་ཐམས་ཅད་ཀྱི་གཤིས་ཕྱག་རྒྱ་ཆེན་པོ་ཡིན་པས་བབས་དེ་ལས་མི་འདའ། འདིའི་སྐབས་སུ། ཇི་ལྟར་གཟུགས་ནི་སྣ་ཚོགས་དང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ལས་བྱུང་ནས་ཀྱང༌། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །བྱ་བའི་ལུང་ཡང་གསུངས།།

དེ་བཞིན་གཤེགས་པ་འཚང་རྒྱ་ཁར་ཆུ་བོ་ནཻ་ནའི་འགྲམ་དུ་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང༌། མྱ་ངན་འདའ་ཁར་ཡང་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེ་གཉུག་མ་བྱམས་ཆེན་ནམ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞག་པ་ཡིན་ནམ། ཇི་ལྟར་ལགས་ཞུས་པས། བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་དགོས་པ་ཡིན། དེ་འཇིག་རྟེན་པའི་ཏིང་ངེ་འཛིན་ཡང་ཡིན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཇིག་རྟེན་པ་ཐམས་ཅད་ཀྱིས་དཔག་པར་མི་ནུས་པ་ཡིན། རྒྱུ་མཚན་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པ་ཡིན། མཉམ་པར་བཞག་དགོས་པའི་རྒྱུ་མཚན་སྤྲུལ་བསྒྱུར་དང་སྣང་བ་དང་མི་སྣང་བ་ལ་སོགས་པ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཡོན་ཏན་ཕྲིན་ལས་ཐམས་ཅད་བསམ་གཏན་བཞིའི་ཏིང་ངེ་འཛིན་ལས་སྐྱེ་བ་ཡིན། གཞི་ཡིན་གནས་ཡིན། ཡོན་ཏན་ཐམས་ཅད་དེས་བསྐྱེད་པ་ཡིན་པས། མྱ་ངན་ལས་འདའ་ཁར་ཡང་མཉམ་པར་བཞག་དགོས་པ་ཡིན་གསུངས།།

གྲིབ་འོང་བ་འདི་རང་ཉིད་ལ་བག་ལ་ཉལ་ཡོད་པ་ཡིན་ནམ། ཕ་རོལ་གྱི་གྲིབ་དེས་གོས་པ་ལགས་ཞུས་པས། གྲིབ་ཅན་དེས་རྐྱེན་བྱས་ནས་སློངས་པ་ཡིན་ནམ་ཞུས་པས། རྗེ་རིན་པོ་ཆེའི་ཞལ་ནས། སེམས་ཅན་གྱི་དུས་ན་ལུས་ངག་ཡིད་གསུམ། ལམ་ཉམས་སུ་ལེན་པའི་དུས་ཡི་གེ་གསུམ་གྱིས་སངས་རྒྱས་པའི་དུས་སུ་སྐུ་གསུམ་དུ་འོང་བ་ཡིན། སློབ་པ་ལམ་ལ་ཞུགས་པའི་དུས་སུ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་བར་བྱེད་པ་དེ་ཡིན་ཏེ། རྒྱུད་པའི་དུས་སུ་གྲིབ་འོང་བ་ཡིན་གསུངས།།

ཡང་སྣང་བ་རང་སེམས་ཡིན་པས་ཕྱི་རོལ་གྱི་གྲིབ་དེ་ཡང་ནང་གི་དགེ་སྦྱོར་དེ་ལས་མི་གཞན་པར་འོང་དུ་གཤའ་ཞུས་པས། ཅི་ཙམ་རྒྱུད་དག་པ་བཞིན་དུ་གྲིབ་འོང་སླ་བ་ཡིན་ཏེ། དཔེར་ན་སྣམ་སྦྱར་དཀར་པོ་ལ་དྲི་མ་འགོ་སླ་བ་བཞིན་དུ་ཡིན་གསུངས།།

རྟོག་པ་ཕྲ་བུ་སྐབས་དེར་འཚལ་ལམ་མི་འཚལ་ཞུས་པས། དགོས་གསུངས། འོ་ན་རྗེ་བཙུན་ཆེན་པོའི་ཕྱག་མཁར་ལ་བྱིན་རླབས་ཞུས་པས་ཤགས་ཀྱིས་གསལ། ཕྱག་མཁར་ལ་རྟོག་པ་ནི་མེད་ལགས་ན་ཞུས་པས། ད་རེས་སློབ་དཔོན་རྡུགས་པ་ཡིན། འོན་ཀྱང་གྲིབ་ཚན་ཆེ་ན་ས་རྡོ་ཚུན་སྤྱད་ཀྱང་འགས་པ་ཡིན་གསུངས།།

སྤྲོས་བྲལ་གྱི་རྟོགས་པ་ཡོད་པ་ལ་འཁྲུལ་འཁོར་དང་དུས་གནད་ཏིང་ངེ་འཛིན་གསུམ་གང་གལ་ཆེ་ཞུས་པས། ཏིང་ངེ་འཛིན་གལ་ཆེ། དུས་གནད་ཀྱང་ཏིང་ངེ་འཛིན་སྐྱེས་པའི་ཚེ་ན་ཡིན་ལ། འཁྲུལ་འཁོར་ཡང་ཏིང་ངེ་འཛིན་དེས་དབང་བྱས་པའི་འཁྲུལ་འཁོར་དུ་འོང་བ་ཡིན་གསུངས།།

འོད་གསལ་བ་ནི་ཐོབ་པར་མ་གྱུར་ཚེ། །དཀྱིལ་མོ་ཀྲུང་འདི་བཤིག་པར་མི་བྱའོ། །ཞེས་པས། འཁྲུལ་འཁོར་གཙོ་ཆེ་ན་སྙམ་ནས་ཞུས་པས། འོད་གསལ་ཐོབ་པར་འདོད་པའི་སེམས་དེ་རང་རིན་པོ་ཆེ་ཡིན་པས། དེས་དབང་བྱས་པའི་འཁྲུལ་འཁོར་དུ་འོང་བ་ཡིན་གསུང༌།།

སྔགས་ཀྱི་བཞེད་ཀྱིས་སེམས་ནང་དུ་གནས་པས་ཡོན་ཏན་བསྐྱེད་ཅིང༌། མི་གནས་ན་ཉེས་སྐྱོན་བསྐྱེད་པར་གསུངས་པ་དང༌། བླ་མ་ཡང་ཕྱི་རོལ་དུ་མི་དམིགས་པར་ནང་དུ་བསྒོམ་པར་གསུངས་པ་ལ། ཆོས་ཉན་པའི་དུས་སུ་བླ་མ་ཕྱི་རོལ་དུ་དམིགས་དགོས་པར་བྱུང་བ་ཅི་ཙུག་བྱེད་ཞུས་པས། རྗེ་རིན་པོ་ཆེའི་ཞལ་ནས། བླ་མས་ཆོས་གསུངས་པ་ཡང་ཐུགས་དམ་ལ་མཉམ་པར་བཞག་ནས་གསུངས་པ་ཡིན། དེས་གྲིབ་ཀྱིས་ཀྱང་མི་ཚུགས་པ་ཡིན། གདུལ་བྱ་རྣམས་ལ་ཡང་སྣང་བ་རྒྱ་ཆེན་པོ་འོང་བ་ཡིན། སློབ་མས་ཆོས་ཉན་པ་ཡང་ཐུགས་དམ་ལ་མཉམ་པར་བཞག་ནས་ཆོས་ཉན་ན་ཆོས་གོ་བ་དང༌། ཕྱི་རོལ་དུ་ཆོས་གསུངས་པ་དང༌། དགེ་སྦྱོར་གཉིས་མེད་དུ་གོ་ནས་འོང༌། དེ་ལྟར་སེམས་ཆོས་ལ་གནས་ན་གདམས་ངག་གོ །བློ་དྲང་པོར་ཞོག་ལ་ང་ལ་ཉོན་གསུངས།།

ཆོས་ཐམས་ཅད་སྐད་ཅིག་མའི་འཁོར་ལོ་སྣང་བ་རང་སེམས་ཡིན་པས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུ་ལུས་ལ་གནས་པའི་སྲོག་ཆགས་སྲིན་བུའི་རིགས་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཡིན་ནམ་ཞུས་པས། སྔོན་རྗེ་རིན་པོ་ཆེ་ལ་ཞུ་ཞིང་འདུག་པ། རང་ཉིད་སངས་རྒྱས་པའི་དུས་སུ་ལུས་ལ་གནས་པའི་སྲོག་ཆགས་རྣམས་ཀྱང་སངས་རྒྱས་པ་ཡིན་ཅེས་པ་ལ། རང་ཉིད་སངས་རྒྱས་པའི་དུས་སུ་གདུལ་བྱར་འོང་གསུང༌། རེ་ཤིག་གི་དུས་སུ་གསང་སྔགས་སུ་ལུས་ལ་གནས་པའི་སྲོག་ཆགས་རྣམས་འཇིག་རྟེན་པའི་མཁའ་འགྲོ་མར་གསུངས་འདུག་པས་སྒོམ་ཆེན་པ་དེ་གྲོངས་པའི་དུས་སུ་སྤུར་ཞག་རེ་ཙམ་བཞག་པ་དེ་མཁའ་འགྲོ་མ་རང་གནས་སུ་དེངས་བཅུག་པ་ཡིན་གསུངས།།

གང་ཟག་དགེ་བའི་བཤེས་གཉེན་དུ་ཤར་བ་ལ་སོགས་པ་བཞི་པོ་ལ་སྐྱེ་ཚུལ་ཞུས་པས། འདི་ངས་རྗེ་རིན་པོ་ཆེ་ལ་ཞུས་པ་ལས། ངས་ཁྱོད་ཀྱི་དགེ་བའི་རྩ་བ་སད་པར་བྱས་པ་དེ་གང་ཟག་དགེ་བའི་བཤེས་གཉེན་དུ་འཆར་བར་བྱས་པ་ཡིན། ཐུབ་པའི་གསུང་རབ་ཐམས་ཅད་དང་ང་འབུའི་གསུང་གཉིས་སུ་མེད་པར་གོ་བ་དེ་གསུང་རབ་དགེ་བའི་བཤེས་གཉེན་དུ་འཆར་བ་ཡིན། སྣང་བ་སྣ་ཚོགས་སུ་འདུག་པ་དེ། རང་ཉིད་ཀྱི་དགེ་སྦྱོར་ཉིད་ལས་མི་གཞན་ཞིང་སྐྱེ་མེད་དུ་རྟོགས་པ་སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བ་ཡིན། རིག་པ་དེ་དང་འདྲ་གསུངས།།

ཆོས་རྗེའི་ཞལ་ནས་ད་བར་རྗེ་བཙུན་ཉིད་ལ་སེངྒེ་ལ་བཅིབས་ནས། ནམ་མཁའ་ལ་བྱོན་པ་གཟིགས་པ་ལ་སེངྒེ་དེ་བདེ་བའི་སྟོབས་འདི་ཙམ་བརྗོད་མི་ནུས་པ་གཟིགས་གསུངས་པ་དང༌། ང་འབུའི་རྣམ་སྦྱར་འདི་ཉིད་ཐུབ་པ་འདི་ཉིད་མི་ཟད་པའི་འཕྲིན་ལས་དང་ བཅས་པ་གཟིགས་ཏེ། ངེད་ཀྱི་ལྟད་མོ་དེ་འདྲ་བ་གསུམ་མཐོང་གསུངས་འདུག་པ། དེ་ཤེས་བྱ་ལ་ཆགས་ཐོགས་མེད་པར་གཟིགས་པ་ཡིན་ནམ། ངོ་ཏིར་མོས་གུས་དགོས་པ་ཡིན་ནམ་ཞུས་པས། ཤེས་བྱ་ལ་ཆགས་ཐོགས་མེད་པ་ཡིན། རྗེ་བཙུན་དང་ཐུབ་པ་ཆེན་པོ་ལ་མོས་གུས་མཛད་པས་གཟིགས་པ་ཡིན་གསུངས། །དབེན་པའི་གནས་སུ་བླ་མ་ལ་མོས་གུས་སྐྱེས་པ་ལ། དགེ་སྦྱོར་ལ་གནད་དུ་སོང་ནས་བླ་མ་ཡང་ཡང་དྲན་ན། རྟེན་འབྲེལ་གྱིས་བླ་མས་ཀྱང་ཡང་ཡང་དགོངས་པར་འོང་ངམ་ཞུས་པས། འདི་ལ་ངས་ཆོས་ཀྱི་ལན་ཡང་བཏབ། བཀའ་བཀྱོན་དགོས་པར་ཡང་བྱུང༌། ཡང་ཡང་དྲན་པ་གནད་དུ་མ་སོང་བ་ཡིན། གནད་དུ་སོང་ན་དགེ་སྦྱོར་དང་བླ་མ་གཉིས་མེད་དུ་རྟོགས་པས་བླ་མ་ཕྱི་རོལ་ཏུ་མེད་པར་གོ་ནས་འགྲོ་འདོད་ཀྱི་རྟོག་པ་ཞི་ནས་འོང་བ་ཡིན་མོད། འདིའི་སྐབས་སུ། རྡོ་རྗེ་འཆང་ཆེན་བླ་མ་རྣམས། །དབང་དུ་བསྡུད་པའི་གདམས་ངག་བརྗོད། །ཅེས་པའི་ལུང་དང༌། ཆོས་རྗེའི་ཞལ་ནས་མགོན་པོ་ཕག་མོ་གྲུ་པ་ལ་མཇལ་བཞེད་པར་བྱུང་བ་ལ། ཕག་མོ་གྲུ་དང་བཅས་པ་ལུས་ལ་བསྒོམས་པས་གདུང་བ་ཞི་བར་བྱུང་གསུངས།།

ཡི་དམ་ས་བོན་ལས་བསྐྱེད་པ་དང༌། བརྫུས་སྐྱེས་སུ་བསྐྱེད་པ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། ཁྱད་མེད་ཡི་དམ་གང་དང་མཇལ་བའི་ལས་བསགས་པ་དེ་འབྱོན་པ་ཡིན། དེ་ལྟར་ཡང༌། མེ་ཏོག་གང་དུ་ལྷུང་གྱུར་ཅིང༌། །བསྐལ་པ་དུ་མར་བསྒྲུབས་གྱུར་པའི། །ལས་དང་སྐལ་བ་མཐུན་པ་ཡི། །ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག །གསུངས། །ཕྱི་རོལ་ཏུ་རིན་པོ་ཆེའི་རིགས་ཡོད་པ་དེ་བྱང་ཆུབ་ཀྱི་སེམས་ལས་གྲུབ་པས་ནང་དུ་བྱང་ཆུབ་ཀྱི་སེམས་ཡོད་པ་དང་རྒྱུད་ཚོད་མཐོན་པོའི་ལག་ཏུ་འོང་བ་གསུངས་པ་ལ། འཇིག་རྟེན་པའི་ལག་ཏུ་ཡང་གསེར་ལ་སོགས་དོལ་འོང་བར་འདུག་པ་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པས་མ་བདེ་ཞུས་པས། འཇིག་རྟེན་པའི་ལག་ཏུ་འོང་བ་ཡང་བྱང་ཆུབ་སེམས་དང་རྒྱུད་ཚོད་མཐོན་པོའི་ཕྱོགས་སུ་རྒྱུ་རིན་པོ་ཆེ་སོང་བ་ལས་བྱུང་བས་ན། དེ་ཡང་སེམས་བྱང་ཆུབ་ཀྱི་སེམས་དང་འབྲེལ་པ་ཅན་དུ་བདེ་གསུངས།།

ཚུལ་ཁྲིམས་ལ་ཏིང་ངེ་འཛིན་སྐྱེ་བ་དེ་རྒྱུད་ཚོད་དམའ་བ་ལ་སྐྱེ་ཞིང༌། རྫས་ཀྱི་ཏིང་ངེ་འཛིན་བསྐྱེད་པ་རྒྱུད་ཚོད་མཐོན་པོ་ལ་སྐྱེ་སྙམ་ན་ཞུས་པས། ཁྱད་མེད་སྤོང་སེམས་ལས་སྐྱེ་བ་དེ་རྒྱུད་ལ་སྐྱེ་བའི་ཚུལ་གྱིས་ངོས་འཛིན་སླ་བ་ཡིན། རྫས་སམ་གྲོགས་ཀྱིས་ཏིང་ངེ་འཛིན་བསྐྱེད་པ་དེ་ངོས་མ་ཟིན་པའི་རྟགས་ཡིན། རྫས་ཀྱི་དངོས་པོ་མངོན་དུ་མ་གྱུར་ན་མ་གྱུར། གྱུར་ན་གྱུར་ཚད་ཀྱིས་སྐྱོན་བསྐྱེད་པའི་རིགས་ཤིག་དང༌། ཡོན་ཏན་བསྐྱེད་པའི་རིགས་ཤིག་ཅིས་ཀྱང་ཡོད་པ་ཡིན་གསུངས།།

ཀུན་བརྟགས་ཡོངས་གྲུབ་གཞན་དབང་གསུམ་རྒྱུད་ལ་སྐྱེ་ཚུལ་གྱི་ངོས་འཛིན་ཞུས་པས། བུམ་པ་སྐམ་པོ་ཀུན་བརྟགས། མིག་སྐྱོན་སྦྱང་ཞིང་སྒྲིབ་གཡོགས་མེད་པ་ཡུལ་རྐྱེན། བུམ་པ་བྱས་པས་གཞན་དབང༌། བུམ་པ་གྲུབ་པས་ཡོངས་གྲུབ་ཡིན་གསུངས།།

ས་བཅུའི་བྱང་ཆུབ་སེམས་དཔའ་ལ། ཁམས་གཏེར་ལྟ་བུ་འབྱིན་པའི་ལག་པ་ཡོད་གསུང་བ་དེ་གང་ལགས་ཞུས་པས། ཁམས་ལ་གསུམ་དུ་གསུང༌། སེམས་ཅན་ཐམས་ཅད་ལ་གཤིས་ཀྱི་ཡོད་པ་གནས་པའི་ཁམས། བླ་མས་རྐྱེན་བྱས་ནས་རྟོགས་པ་སད་པའི་ཁམས། བསྒོམས་ན་སྐྱོན་དག་ཅིང་ཡོན་ཏན་དང་ལྡན་པ་ནི་རྣམ་པར་སྨིན་པའི་ཁམས་སུ་གསུངས། གཏེར་ལྟ་བུ་འབྱིན་པའི་ལག་པ་ཡོད་པར་གསུངས་པ་དེ། ས་བཅུའི་མགོན་པོས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་དེ་ཡིན་གསུངས།།

དབེན་པའི་གནས་སུ་ཉིན་མོ་ཞེ་སྡང་སྐྱེས་པ་ལ་ལྔ་ལྡན་སྒོམ་པ་དང༌། རྨི་ལམ་དུ་སྐྱེས་པ་ལ་སྒོམ་པ་གཉིས་སྒོམ་དུ་འདྲ་ན་ཡང༌། རྨི་ལམ་གྱི་དེ་གསལ་ཞིང་ཕྱི་ཉིན་ཡང་ཁམས་བཟང་ཞིང་དགེ་སྦྱོར་འཕེལ་བ་ལ་སོགས་པ་འོང་བར་འདུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཉིན་པར་ནས་རྨི་ལམ་དུ་གནད་དུ་འགྲོ་བ་ཡིན། རྒྱུ་མཚན་ཉིན་པར་བས་ཕྱོགས་གཅིག་ཏུ་འདྲིལ་བས་སླ་བ་ཡིན། རྒན་ཞུགས་ཉིན་པར་སྔོན་གྱི་མཛའ་མོ་དྲན་པས་རྨི་ལམ་དུ་ཡང་དྲན་པས་ཉེས་པ་བསྐྱེད་སླ་གསུངས། དབེན་པའི་གནས་སུ་དགེ་སྦྱོར་བྱེད་པའི་དུས་སུ། དེར་གང་འོང་གི་གྲིབ་དེ་ཤེས་པར་འདུག་པ་དེ་བཟློག་པའི་ཐབས་ཇི་ལྟར་བྱེད་ཞུས་པས། དེ་ཙུག་འོང་བ་ཡིན་ཏེ། དགེ་སྦྱོར་དེ་རང་གིས་བཟློག་པ་ཡིན་གསུངས།།

ཐབས་ལམ་བསྒོམ་པའི་དུས་སུ་དམིགས་པ་ལུས་པོ་གང་ཡང་དངོས་པོ་ཅན་དུ་བཟུང་རྒྱུ་མ་རྙེད། ཇི་ལྟར་བསྒོམ་པ་ཙམ་དུ་ཕྱག་རྒྱ་ཆེན་པོར་སོང་ན་དེ་དམིགས་པ་མ་ཟིན་པ་ཡིན་ནམ་ཞུས་པས། མ་ཟིན་པ་མིན་ཏེ་ལས་ཅི་འདྲ་བ་ཡིན། དམིགས་པས་རང་གནས་བསྙགས་པ་ཡིན། ནད་དྲག་པོ་ན་བའི་དུས་སུ། ན་ས་དེར་དམིགས་པ་བསྒོམ་པ་ཡང་དེར་སེམས་ཟིན་པའི་ཐབས་ཡིན་ཏེ། འདུས་མ་བྱས་ཡིན་པས་ན། ནད་འདུས་བྱས་འཇིག་པ་ཡིན། གསང་བདག་གི་རྡོ་རྗེ་ཁོ་རང་རླུང་གི་སྟོབས་སུ་གྱུར་པ་མིན་པས་མི་ཐེག་པ་ཡིན། དེ་བཞིན་དུ་འདུས་མ་བྱས་དེས་ནད་འདུས་བྱས་ཀྱི་མི་དགེ་བ་དག་པ་ཡིན་གསུངས།།

རྟོགས་ལྡན་གཏུམ་མོ་བསྒོམ་དགོས་སམ་ཞུས་པས། ཤིན་ཏུ་དགོས། རྟོགས་པ་དང་ལྡན་པ་ཤེས་རབ་ཡིན། གཏུམ་མོ་ཐབས་ཡིན། རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ལམ་ཐབས་ཤེས་རབ་ཡ་མ་བྲལ་བས་བགྲོད་པ་ཡིན། དེ་ལྟར་ཡང་མགོན་པོ་ཕག་མོ་གྲུ་པའི་ཞལ་ནས། ཐབས་དང་ཤེས་རབ་རྐང་གཉིས་གཤོག་པ་བརྒྱངས། །གར་འདོད་སར་ཕྱིན་བདེ་བའི་གནས་ཐོབ་འགྱུར།། ཅེས་གསུངས།།

འཕོ་བ་བསྒོམ་པའི་དུས་སུ་ཅིས་ཀྱང་གཞོགས་གཡས་པ་ས་ལ་ཕབ་པ་དང༌། མགོ་བྱང་དུ་སྟོན་དགོས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། གཡས་པ་རྟོག་པའི་རྩ་ཡིན་པས་ས་ལ་ཕབ་པ་དང༌། དབུས་ཀྱི་རི་བོ་མཆོག་རབ་དེ་གླིང་བཞི་ཀུན་གྱི་བྱང་ན་ཡོད་པ་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཞུགས་གདན་ཡིན་པས་མགོ་བྱང་དུ་སྟོན་པ་ཡིན་གསུངས།།

གློ་བུར་དུ་གཟེར་དྲག་པོ་བྱུང་ནས། སྔོན་འགྲོ་རྣམས་སྒོམ་མ་ནུས་ན་དམིགས་པ་རྐྱང་པ་བསྒོམ་པ་ཡིན་ནམ་ཞུས་པས། དེའི་དུས་སྔོན་འགྲོ་རྣམས་འབུངས་ནས་བསྒོམ་པ་ཡིན། སྦྱོར་དངོས་རྗེས་གསུམ་ཚང་ན་ནད་ཕན་པ་དང་ཡོན་ཏན་རྫོགས་པ་དུས་མཉམ་དུ་འོང་བ་ཡིན། མ་ཚང་ན་ནད་ཕན་ཡང་ཡོན་ཏན་མི་སྐྱེ་བས། རྗེ་རིན་པོ་ཆེས་དངོས་གཞི་སབ་སོབ་ཕལ་ཆེ་ལ་ཡོད། ང་སྦྱོར་བ་དང་རྗེས་ལ་ཐུགས་རྩིས་ཆེར་མཛད་པ་ཡིན་གསུངས། ནད་ཀྱི་སྟོབས་ཅི་ཙམ་ཆེ་བ་ཙམ་དུ་བདག་གི་ནད་འདིས་བྱ་བ་ལ་སོགས་པ་ལམ་དུ་བཏང་བ་དང་སྔོན་དུ་འགྲོ་བའི་ཆོས་རྣམས་ལ་འབུང་བ་གནད་ཟབ་གསུངས།།

དགྱེས་མཛད་ནས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ།། ལུས་ནི་ལུས་ལས་མ་སྐྱེས་པའོ། །གསུངས་པའི་འབྲུ་གནོན་ཅིག་ཞུས་པས། ཡེ་ཤེས་ཆེན་པོ་གནས་པ་དེ། བྱང་ཆུབ་པ་ལྔ་ལས་གྲུབ་པའི་ལུས་འདི་ལ་ཡེ་ཤེས་ཆེན་པོ་ནི་བདེ་སྟོང་གཉིས་སུ་མེད་པར་གནས། དེ་རྟོག་པ་ཐམས་ཅད་ལས་ལོག་པ་རྟོག་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་རྟོག་པ་ཐམས་ཅད་སྤོང་བ་ཡིན། དངོས་པོ་ལ་ཁྱབ་པ་དེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པའི་མཐའ་བརྒྱད་ཀྱིས་སྟོང་པ་དང༌། དངོས་པོ་ཐམས་ཅད་ཀྱང་གཤིས་མཐའ་བརྒྱད་ཀྱིས་སྟོང་པས་དངོས་པོ་ཀུན་ལ་ཁྱབ། དེ་ལུས་ལ་གནས་ཀྱང་ལུས་ལས་སྐྱེས་པ་མིན། ལུས་ཀྱི་རྩོལ་བ་ལས་བྱུང་བ་མ་ཡིན་གསུངས།།

ལུང་མ་བསྟན་གྱི་ངོས་འཛིན་ཞུས་པས། སྤྱིར་ལུང་མ་བསྟན་འདི་གོ་དཀའ་བ་ཡིན། གདུལ་བྱའི་རྒྱུད་ལ་ཀུན་འབྱུང་ཉོན་མོངས་པའི་ས་བོན་ཡོད། དེའི་རྐྱེན་གྱིས་སད་པ་དང་འབྲས་བུ་སྡུག་བསྔལ་འབྱུང་བ་དང༌། ལམ་འཕགས་པའི་བདེན་པའི་ས་བོན་ཡོད། དགེ་བའི་རྐྱེན་བྱིན་ན་འགོག་པ་བྱང་ཆུབ་པ་གསུམ་མངོན་དུ་བྱེད། དེ་ལྟར་རྐྱེན་ས་བོན་གཉིས་པོ་ཡོད་པ་ལ་རྐྱེན་གང་གིས་ཀྱང་དབང་མ་བྱས་པའི་སྐབས་དེ་ཙམ་ཞིག་ལུང་མ་བསྟན་དུ་འོང་གསུངས།།

ཉོན་མོངས་སྐྱེ་བ་ལ་ལམ་གཏོང་མིན་པ་གཞན་ལ་འགྲུབ་ན་ནུས་མཐུ་ཅི་ཙམ་ཡོད་ཞུས་པས། ལམ་གཏོང་གིས་འཕེལ་བ་རྒྱུན་བཅད་པ་ཡིན། ཁྱོད་བུམ་པ་འདི་ལ་གཅིག་ལྟོས་དང༌། མཎྜལ་ཡིད་ལ་གྱིས་དང༌། བུམ་པར་འཛིན་པའི་ཤེས་པ་རྒྱུན་ཆད་པ་ཡིན། དེ་དང་འདྲ་གསུངས།།

བཅོམ་ལྡན་འདས་ཀྱི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་ལས་ཀྱི་ལྷག་མ་གསུང་བར་འདུག་ན། སྔོན་དེད་དཔོན་ཐབས་ལ་མཁས་པས་མི་ནག་མདུང་ཐུང་ཅན་བསད་པ་ལ་ཞེ་སྡང་གི་འདྲེས་ཡོད་པ་ཡིན་ནམ་ཅི་ལགས་ཞུས་པས། དེད་དཔོན་ལ་ཞེ་སྡང་མེད། ཚད་མེད་པའི་ཐུགས་རྗེ་ཆེན་པོས། ལས་དེ་ལྟ་བུ་བྱེད་པ་ལས་མ་བཟློག་ན། མི་ཁོ་རང་ཡང་དམྱལ་བར་འགྲོ། གྲུ་གང་གི་མི་རྣམས་ཀྱང་ཞེ་སྡང་གིས་མཚམས་སྦྱར་ནས་དམྱལ་བར་འགྲོ་བར་གཟིགས་ནས། ཚད་མེད་པའི་ཐུགས་རྗེས་མ་བཟོད་ནས། མི་དེ་རྣམས་ལས་དེ་ལྟ་བུ་ལ་ཞུགས་ན་མ་ལེགས་ཀྱི། བདག་གིས་མི་ནག་བསད་པའི་ལས་འབྲས་མྱོང་ཡང་བླ་སྙམ་ནས་བསད་པས། བསྐལ་པ་འབུམ་གྱི་འཁོར་བ་ཕྱིར་བསྙིལ་བར་གསུངས་པ་ཚད་མེད་པའི་ཐུགས་རྗེས་ཕྱིར་བསྙིལ་བ་ཡིན། ཞེ་སྡང་ཡོད་ན་འཁོར་བ་ཕྱིར་བསྙིལ་བ་ཤེས་བྱ་ལ་མི་སྲིད་གསུངས། ཕ་རོལ་སྲོག་དང་ཕྲལ་བའི་འབྲས་བུ་སངས་རྒྱས་ནས་ཀྱང་སེང་ལྡེང་གི་ཚལ་པ་བྱུང་བ་ཅི་ཡིན་སྙམ་ན། རྒྱུ་སོང་གི་འབྲས་བུ་ཐབས་མཁས་པའི་ཕྲིན་ལས་ཡིན། སེང་ལྡེང་གི་ཚལ་པ་མ་བྱུང་ན་མི་དེ་རྣམས་ཞེ་སྡང་གི་རྗེས་སུ་འབྲངས་པའི་ལས་དེ་ལས་མི་བཟློག་སྟེ། སེང་ལྡེང་གི་ཚལ་པ་ཟུག་པའི་རྒྱུ་མཚན་ཞུས་པས། སྔོན་ལས་འདི་དང་འདི་ལྟ་བུ་བྱས་པས། ད་རུང་ཡང་འདི་ལྟ་བུ་བྱུང་གསུངས་པས། མི་དེ་རྣམས་དེ་ལྟ་བུའི་སེམས་ལས་ལོག་ནས། བཅོམ་ལྡན་འདས་ཉོན་མོངས་པ་སྤངས་པ་ལ་འདི་ལྟ་བུ་བྱུང་ན། བདག་ཅག་རྣམས་ལ་ལྟ་ཅི་སྨོས་སྙམ་པ་ལ་སོགས་པ་ཡོན་ཏན་སྐྱེས་པ་ཐབས་མཁས་པའི་ཕྲིན་ལས་སུ་བྱུང་བ་ཡིན། རྒྱུ་འབྲས་ཡིན་ཏེ། སྔོན་རྒྱུ་མ་སོང་ན་སེང་ལྡེང་གི་ཚལ་པ་བཞེད་ཀྱང་མི་འབྱུང་བ་ཡིན་གསུངས། །སེང་ལྡེང་གི་ཚལ་པ་མ་ཟུག་པའི་བར་གར་གནས་ཞུས་པས། བྱང་ཆུབ་ཀྱི་སེམས་ལ་གནས་གསུངས།།

སེང་ལྡེང་གི་ཚལ་པ་ཟུག་པ་དེ་ལས་ཀྱི་ལྷག་མར་གསུངས་པས། ལྷག་མ་ཡིན་ན་དེས་རྫོགས་པ་ཡིན་ནམ་ཞུས་པས། རྫོགས་པ་མ་ཡིན། བྱང་ཆུབ་ཀྱི་སེམས་མ་ཟད་པས་སེང་ལྡེང་གི་ཚལ་པ་མི་ཟད། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་བྱེད་པ་ལ་མཛད་པའི་མཐའ་མེད་གསུངས།།

མགོན་པོ་ཕག་མོ་གྲུ་པའི་ཞབས་ལ་དུག་ཚེར་ཟུག་པ་དེ་རྒྱུ་ཅི་ལྟ་བུ་སོང་བ་ཡིན་ཞུས་པས། རྒྱུ་འདི་ལྟ་བུ་ཡིན་བྱ་བ་མི་ཤེས། མདོར་ན་གང་ཡིན་ཡང་ཐབས་མཁས་པའི་ཕྲིན་ལས་སུ་བྱུང་བས། ཞབས་ལ་དུག་ཚེར་ཟུག་པས་སྐུ་མཚལ་མང་པོ་བྱུང་ནས་ལན་གཅིག་གྲོངས་ལ་ཉེ་བའི་དུས་སུ་ཉེ་གནས་ཀྱིས་བོས་པས་སད་པ་བཞིན་བྱུང༌། དེའི་དུས་སུ་སྣང་གསུམ་གྱི་འཆར་ཚུལ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་ཚུལ་ཐུགས་སུ་ཆུད་པས། རྨི་ལམ་བར་དོ་རྣམས་གསུངས་པ་ཡིན། དུག་ཚེར་མ་ཟུག་ན་ཆོས་དེ་རྣམས་མི་འབྱོན་པ་ཡིན་གསུངས།།

སྣང་བ་རང་སེམས་ཀྱི་ངོས་འཛིན་ཞུས་པས། སྣང་བ་དེ་ཕྱི་རོལ་ན་མེད། རང་གི་སེམས་ཡིན། སེམས་གང་ཡོད་པ་དེའི་སྣང་བར་འོང་བ་ཡིན། ཞེ་སྡང་གི་རྟོག་པ་ཐོལ་གྱིས་སྐྱེས་པའི་དུས་སུ་སེམས་དེའི་སྣང་བ་འོང་ལ། སྐད་ཅིག་མ་ཕྱི་མ་ལ་བྱམས་པའི་སེམས་སྐྱེས་ན། དེས་དབང་བྱས་པའི་སྣང་བར་འོང་སྟེ། སྣང་བ་ལ་ཚུགས་མེད་པ་ཡིན་གསུངས།།

གཞན་གྱིས་སྤྱང་ཀིས་ལུག་བསད་པ་མཐོང་ན་ཁྱོད་ཀྱིས་ཀྱང་བསད་པར་ཐལ་ཟེར་ན་ཞུས་པས། དེ་ཀུན་བྱིས་པའི་རིགས་པ་ཡིན། ལུག་བསད་སྙམ་པ་དེ་རང་རང་གི་སེམས་ཡིན་མོད། རྗེས་སུ་ཡི་རང་སྐྱེས་ན་རྣམ་སྨིན་འོང་གསུངས།།

ཆོས་རྗེ་བླ་མ་ལྡུམ་ལ་བླ་མ་རིན་པོ་ཆེས་སྣང་བ་རང་སེམས་སུ་བཞེད་ལགས་སམ་ཞུས་པས། དེ་ཡིན་མོད་གསུངས།།

འོ་ན་ཐུབ་པ་ཆེན་པོ་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་ནས་སངས་རྒྱས་པ་ལ། ཤིང་ད་རུང་ཤུལ་ན་ཀེ་རེ་འདུག་ན་ཞུས་པས། ཁྱོད་ལ་དེའི་གཉེར་ཀ་མེད། དེའི་དུས་སུ་ཤིང་ཀེར་རེ་འདུག་སྙམ་པ་དེ་ཁྱོད་རང་གི་སེམས་ཡིན་མོད། ངས་བླ་མར་འཛིན་པ་ཡིན་ཏེ་གསུངས།།

བླ་མའི་གྲོགས་པོ་ལ་སོགས་པ་ལ་སྔར་བྱམས་པ་སྐྱེས་པ་ལ་ཕྱིས་ཞེ་སྡང་སྐྱེ་བའི་སྐབས་ཡོད་དམ་ཞུས་པས། སྔར་བྱམས་པ་སྐྱེས་པ་ལ་ཕྱིས་ཞེ་སྡང་སྐྱེ་བའི་སྐབས་ཤིན་ཏུ་ཡོད། འབྱུང་ཉེ་རིང་དུ་བྱས་ན་བླ་མ་ལ་སྐྱེ་བ་འབྱུང་རིང༌། ང་འདིར་ཇ་ནུར་གསོལ་བའི་སྟེང་དུ་སློབ་མ་ཞིག་བྱུང་ན་དེ་ལ་མ་བྱིན་ཅིང་བཀའ་བཀྱོན་ནས་བཏང་ཡང་ཞེ་སྡང་མི་སྐྱེ། གྲོགས་པོ་སྔར་ཟས་ལན་ཡོད་པ་ཞིག་བྱུང་བ་ལ་དེ་ལྟར་བྱས་ན་ཞེ་སྡང་སྐྱེ་བ་འབྱུང་སྟེ་གསུངས།།

སྔར་བྱམས་པ་སྐྱེས་པ་ལ་ཕྱིས་ཞེ་སྡང་སྐྱེས་པ་དང༌། སྔར་བྱམས་པ་མ་སྐྱེས་པ་ལ་ཕྱིས་ཞེ་སྡང་མ་སྐྱེས་པ་གཉིས་ལ། རྣམ་སྨིན་ཆེ་ཆུང་ཡོད་དམ་ཞུས་པས། སྤྱིར་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བ་ལ་བྱམས་པ་སྐྱེ་བར་གསུངས་པ་དང༌། བླ་མ་དྲིན་ཆེ་བ་ལ་ཞེ་སྡང་སྐྱེས་ན་རྣམ་སྨིན་ཆེ། མཚམས་མེད་ཀྱི་ལས་ཡིན། དྲིན་མེད་པ་ལ་སྔར་བྱམས་པ་སྐྱེས་ཀྱང༌། ཕྱིས་ཞེ་སྡང་སྐྱེས་པ་རང་སེམས་ཅན་གཞན་ལ་སྐྱེས་པ་གཉིས་ལ་ཁྱད་མེད་གསུངས།།

ཕྱག་རྒྱ་ཆེན་པོ་ལ་ཁྱད་མེད་ན། འཁྲུལ་འཁོར་གསུམ་ལ་ཁྱད་ཡོད་དམ་ཞུས་པས། ངོ་བོ་ལ་ཁྱད་མེད་ཀྱང་འཁྲུལ་འཁོར་ལ་ཁྱད་ཡོད། བླ་མ་དང་འདྲ་བ་ཞིག་ལ་དགའ་བ་ཡོད་ན། སློབ་མ་རྣམས་ཀྱང་བླ་མའི་རྣམ་ཐར་འཛིན་པར་འོང༌། བཅོམ་ལྡན་འདས་ཀྱིས་སེངྒེའི་ཉལ་སྟབས་མ་མཛད་ན། དེང་སང་རྗེས་སུ་ཞུགས་པ་མི་འོང་སྟེ། མཛད་པ་ཕྲིན་ལས་ཆེ་བ་ཡིན་གསུངས།།

ཉི་ཟླ་གཟས་བཟུང་བའི་དུས་སུ། ནང་དུ་རྩ་རླུང་གི་རྟེན་འབྲེལ་ཇི་ལྟར་འགྲིགས་པ་ཡིན་ཞུས་པས། ལུས་ཅན་རྣམས་ཉི་ཟླ་སྒྲ་གཅན་ལུས་ལ་གནས་པ་དེ་རྟེན་འབྲེལ་ཕྱོགས་གཅིག་ཏུ་འགྲིགས་པས། ཕྱི་རོལ་ཏུ་ཡང་ཉི་ཟླ་གཟས་འཛིན་པ་ཡིན་གསུངས།།

ཉམས་སུ་ལེན་པའི་དུས་སུ་བདུད་བཞི་པོ་འབྱུང་བ་དེ་རྩ་བ་ཉོན་མོངས་པའི་བདུད་ཡོད་པས་གསུམ་པོ་དེ་ལས་འབྱུང་བ་ཡིན་ནམ། འོན་ཏེ་སོ་སོར་འབྱུང་བ་ཡིན་ནམ། ཉོན་མོངས་པ་ཆོམ་ན་གསུམ་པོ་ཡང་ཆོམ་པ་ཡིན་ནམ་ཞུས་པས། ཉོན་མོངས་པའི་བདུད་ཡོད་པས་གསུམ་པོ་འབྱུང་བ་ཡིན་ཏེ། འདོད་ཆགས་སྐྱེས་ན་ཉོན་མོངས་པའི་བདུད། འདོད་ཆགས་ལས་གྲུབ་པའི་ནད་ཀྱིས་ལུས་སེམས་འཁྲུག་པ་ཕུང་པོའི་བདུད། འདོད་ཆགས་དེ་དང་བདག་གཅིག་པའི་བུད་མེད་ཀྱིས་འཛུམ་པ་དགོད་པ་ལ་སོགས་པ་བྱེད་ཅིང༌། ཉོན་མོངས་པའི་སྟོབས་བསྐྱེད་པའི་གྲོགས་བྱེད་པ་ནི་ལྷའི་བུའི་བདུད། མ་ཆགས་པའི་སྲོག་གཅོད་པར་བྱེད་པ་འཆི་བདག་གི་བདུད་ཡིན་པས། གཉེན་པོའི་སྟོབས་ཀྱིས་རྩ་བ་ཉོན་མོངས་པའི་བདུད་ཆོམ་ན་གསུམ་པོ་ཡང་ཆོམ་པ་ཡིན་གསུངས།།

རྟོག་པ་སྐད་ཅིག་མ་ལ་བདུད་བཞི་ཚང་ལུགས་ཀྱི་ངོས་འཛིན་ཞུས་པས། སྐད་ཅིག་ལ་མཚོན་པ་ལ་ཞེ་སྡང་ཐོལ་གྱིས་སྐྱེས་པ་ཉོན་མོངས་པའི་བདུད། ལུས་སེམས་འཁྲུག་པ་ཕུང་པོའི་བདུད། རྐྱེན་ལས་སྐྱེས་པ་ལྷའི་བུའི་བདུད། བྱམས་པའི་སྲོག་གཅོད་པ་འཆི་བདག་གི་བདུད་ཡིན་གསུངས།།

དངོས་པོ་དག་པ་ཞིག་ཡོད་ན། མི་ཕོད་བཞིན་དུ་མཚན་ཉིད་དང་ལྡན་པའི་བླ་མ་ལ་འབུལ་བ་དང༌། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡོད་པ་ཞིག་ལ་འཕངས་སེམས་མེད་པར་རང་ཡན་ཆོད་པ་བླ་མ་དང༌། ཞིང་མི་དག་པ་གཅིག་ལ་ཕུལ་ན་གཉིས་པོ་ལ་ཁྱད་ཅི་ཡོད་ཞུས་པས། འདིའི་དུས་སུ་བསམ་པས་ཞིང་བསྒྲུབ་པ་དང༌། ཞིང་གིས་བསམ་པ་བསྒྲུབ་པ་གཉིས་ཡིན། རྒྱུད་ཚོད་དམའ་བ་ལ་ནི་ཞིང་གལ་ཆེ། འདིའི་སྐབས་སུ་རབ་གནས་མཁན་པོས་ཡོན་བདག་གི་བསམ་པ་བཅོས་ལུགས་དང༌། ཕག་སྨད་ཀྱིས་མཆོད་རྟེན་ལ་དྲུད་པས་རྫབ་ཀྱིས་སེར་ཀ་བསྲུབས་ལུགས་དང༌། རྒྱུ་དེས་ཕྱིས་མི་ལུས་ཐོབ་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ནས་བསམ་ཡས་ཀྱི་བར་དུ་དཔག་ཏུ་མེད་པའི་གཏམ་རྒྱུད་ཀྱང་གསུངས། མདོར་ན་བླ་མ་ཙམ་ནི་ཞིང་མི་དག་པ་ལ་འཕངས་པ་མེད་པར་ཕུལ་ཡང་དངོས་པོ་དེས་ཅི་འགྲུབ་མི་ཤེས། མཚན་ཉིད་དང་ལྡན་པའི་བླ་མའི་ཕྱོགས་སུ་དངོས་པོ་ཁབ་སྐུད་ཙམ་ཞིག་སོང་ཡང༌། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་བྱེད་པའི་ཐབས་མཁས་པའི་ཕྲིན་ལས་སུ་འབྱུང་བ་ཡིན། རྒྱུད་ཚོད་མཐོན་པོ་ལ་དངོས་པོ་གལ་ཆེ། དངོས་པོ་རྣམ་དག་ཡོད་ན་བསམ་པ་རྣམ་དག་རང་ལ་ཡོད་པས། ཞིང་རྣམ་དག་བསྒྲུབ་པས་ཆོག་སྟེ། ཇོ་བོ་རྗེས་ཁྱི་ལ་ཟན་ཁམ་གཅིག་སྟེར་ཡང༌། དབུ་ཅོག་ཅོག་ལན་གསུམ་མཛད་ནས་སྟེར་བ་ཡིན་པས། ཇོ་བོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྣལ་འབྱོར་པར་བཞུགས་པས་ཁྱི་དེ་ལྷག་པའི་ལྷར་བསྒྲུབ་པ་ཡིན་གསུངས།།

བྱམས་ཆགས་གཉིས་རྒྱུད་ལ་སྐྱེ་ཚུལ་ངོས་འཛིན་ཞུས་པས། འགའ་ཞིག་གིས་བྱམས་ཆགས་གཉིས་རྒྱུད་ལ་སྐྱེ་ཚུལ་གཅིག ཡུལ་མི་བསྒྱུར་བར་འདོད། བྱམས་ཆགས་གཉིས་རྒྱུད་ལ་སྐྱེ་ཚུལ་མི་གཅིག །མ་ལ་ཆགས་པ་སྐྱེ་བའི་སྐབས་ཀྱང་ཡོད་ལ། ཤག་མོ་ལ་བྱམས་པ་སྐྱེ་བའི་སྐབས་ཀྱང་ཡོད་དེ། བྱམས་པ་དགེ་བ་ཟང་ཡག་ཡིན། །ཆགས་པས་བདེ་འགྲོ་མི་ཐོབ་སྟེ། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །གསུངས།།

རང་མན་ཆོད་ལ་སྙིང་རྗེའི་སྒོ་ནས་དངོས་པོ་བྱིན་པ་དང༌། ཡི་དམ་དུ་བསྐྱེད་ནས་ཕུལ་བ་གཉིས་ལ་ཁྱད་ཅི་ཡོད་ཞུས་པས། ཁྱད་ཆེ་སྙིང་རྗེ་གང་སྡུག་བསྔལ་གྱིས་ཉེན་པ་ཞིག་ཞིང་ཆོས་ཅན་དུ་ཡོད་པ་ལ་སྐྱེ་བ་ཡིན། དེ་ལ་བྱིན་པ་དང༌། ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་འགྲིགས་ནས། ཡི་དམ་ལ་ཕུལ་བ་གཉིས་ཕྲིན་ལས་ཡང་མི་མཉམ་གསུངས།།

ཕྱག་རྒྱ་ཆེན་པོ་རྨི་ལམ་ལྟ་བུར་གསུངས་པ་ཅི་ལགས་སམ་ཞུས་པས། ཕྱག་རྒྱ་ཆེན་པོ་གཙང་བ་རྟག་པ་བདེ་བ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། སྒྱུ་མ་མི་རྟག་པ་འདུས་བྱས་རྐྱེན་ལས་སྐྱེས་པ་འཇིག་པའི་ཆོས་ཅན་ཡིན། དེ་ལྟར་ཡང༌། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་སྤྲིན་དང་གློག་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །གསུངས། ཕྱག་རྒྱ་ཆེན་པོ་རྒྱུས་མ་བསྐྱེད་ཅིང་རྐྱེན་གྱིས་མི་འཇིག་པ་ཡིན། དེ་ལྟར་ཡང་མགོན་པོ་བྱམས་པའི་ཞལ་ནས། ཇི་ལྟར་ནམ་མཁའ་མེ་ཉིད་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་སྐྱེ་བ་དང༌། །རྒ་དང་ན་བའི་མེས་མི་འཚིག། གསུངས། སྒྱུ་མ་ལྟ་བུར་གསུངས་པ་དེ་རྟེན་འབྲེལ་ཚོགས་པ་ལས་གྲུབ་པ་འཇིག་ཏུ་ཡོད་པ་ལ་དགོངས་པས་སྒྱུ་མ་དཔེར་གསུངས་པ་ཡིན་གསུངས།།

ནམ་མཁའ་ལ་དཀྱིལ་ཀྲུང་བཅས་ནས་གཡང་ལ་ལྷུང་དོགས་ཀྱི་འཇིགས་པ་དང་བཅས་པས་སོང་བ་རྨིས་པའི་དུས་སུ། རླུང་སེམས་གར་གནས་པ་ཡིན་ཞུས་པས། ཆོས་རྗེའི་ཞལ་ནས་སྐྱོན་ཙམ་ལ་མི་འཇིགས། ཡོན་ཏན་ལ་འཇིགས་གསུངས། འགའ་ཞིག་གིས་འདི་ལ་ཡོན་ཏན་དུ་འདོད་དེ། འབོ་ར་སེ་དེར་འགྲོ་བ་རྩར་ཡོད་པས། དེའི་དུས་སུ་རླུང་སྟོད་དུ་འཚངས་པ་ཡིན་པས། སུམ་ཁྲིད་ཀྱི་དམིགས་པ་བསྒོམ་པ་ཡིན་གསུངས།།

སངས་རྒྱས་པ་ལ་དགེ་བའི་རྩ་བ་སྒྲུབ་ཅིང་མི་དགེ་བ་སྤོང་བ་ཡིན་ལ། ཉན་ཐོས་ཀྱི་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་དགེ་བ་སྒྲུབ་ཅིང༌། མི་དགེ་བ་སྤོང་བ་ཡིན་པ་ལ། གཏན་འཚང་མི་རྒྱ་བ་མ་བདེ་ཞུས་པས། ཉན་ཐོས་སུ་ཡོད་རིང་ལ་གཏན་སངས་མི་རྒྱ། སེམས་བསྐྱེད་ནས་སངས་རྒྱ་སྟེ། ཉན་ཐོས་སེམས་བསྐྱེད་མ་ཐག་ཏུ་ས་ལྔ་པའི་བྱང་ཆུབ་སེམས་དཔར་འགྱུར་བ་དེ་འཚང་རྒྱ་བ་ཡིན། ཉན་ཐོས་རང་འཚང་རྒྱ་བ་མིན་གསུངས།།

འཁོར་འདས་ཀྱི་བདེ་སྐྱིད་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བར་གསུངས་པ་ལ། ལོག་ལྟ་ཅན་གཏན་མྱ་ངན་ལས་མི་འདའ་བར་གསུངས་འདུག་པ། ལོག་ལྟ་ཅན་ཡང་འཁོར་འདས་ཀྱི་སེམས་སུ་ཚུད་ན། འཁོར་འདས་ཀྱི་བདེ་སྐྱིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དེ། ཁོའི་རྒྱུད་ལ་གར་ངོས་འཛིན་ཞུས་པས། མྱ་ངན་ལས་མི་འདའ་བར་གསུངས་པ་དེ། ལོག་ལྟ་དང་ལྡན་རིང་ལ་གཏན་མྱ་ངན་ལས་མི་འདའ་བ་ཡིན། ལོག་ལྟ་དེའི་ལས་ཟད། དཀར་པོ་དགེ་བའི་རྩ་བའི་བག་ཆགས་ཤེས་རྒྱུད་ལ་ཡོད་པ་སད་ནས་ལམ་ལ་ཞུགས་ན་འཚང་རྒྱ་སྟེ། དེའི་དུས་སུ་ལོག་ལྟ་ཅན་མིན། འཁོར་འདས་ཀྱི་བདེ་སྐྱིད་ཐ་ན་དམྱལ་བའི་གནས་སུ་ཚ་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ། རླུང་སེར་བུ་བསིལ་ཙམ་བྱུང་བས་བདེ་བ་ཅུང་ཟད་ཉམས་སུ་མྱོང་བ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་རླབས་ཡིན། ནམ་ཞིག་དེ་ལ་སྐྱོན་དུ་བལྟ་ཞིང༌། དེ་དང་བྲལ་བར་འདོད་པའི་སེམས་སྐྱེས་ན། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་བྱིན་རླབས་ཡིན། དེ་ལྟར་ཡང༌། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདུན་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར།། གསུངས། དབེན་པའི་གནས་སུ་ཉོན་མོངས་པ་སྤོང་བྱེད་ཀྱི་གཉེན་པོ་བསྒོམས་པས་ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་ཅི་ལགས་ཞུས་པས། ཤིང་སྐམ་པོ་མེས་གདུངས་པས་བརླན་གནས་ས་མ་བྱུང་བས་ཕྱིར་དོན་པ་དང་འདྲ་སྟེ། སྤོང་བྱེད་ཀྱི་གཉེན་པོ་ལ་གནད་དུ་སོང་ནས། ཉོན་མོངས་པ་བག་ལ་ཉལ་དུ་ཡོད་པ་དེ་སློངས་པ་ཡིན། དེའི་དུས་སུ་མཚན་ཉིད་དང་ལྡན་པའི་བླ་མས་ཟིན་ཅིང༌། ལྔ་ལྡན་གྱིས་ཉམས་སུ་བླངས་པ་དང༌། རང་ཉིད་བསྒྲུབ་བྱ་དོན་གྱི་སྙིང་པོ་དེ་ཡིན་གསུངས།།

ཕྱག་རྒྱ་ཆེན་པོ་དང་བླ་མ་གཉིས་མེད་དུ་རྟོགས་ན། བླ་མ་ཆོས་སྐུར་རྟོགས་པ་ཡིན་ནམ་ཞུས་པས། ཕྱག་རྒྱ་ཆེན་པོ་རྟག་ཆད་ཀྱིས་སྟོང་པ་དེ་དང་བླ་མ་གཉིས་མེད་དུ་རྟོགས་ན། བླ་མའི་དུས་ཀྱི་མཐའ་ཆོས་སྐུར་རྟོགས་པ་ཡིན་གསུངས།།

བླ་མ་ལ་སྐུ་གསུམ་གྱི་མཐོང་ཚུལ་གྱི་ཞབས་ཏོག་བྱེད་པ་ལ་ཁྱད་ཡོད་དམ་ཞུས་པས། བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང༌། སྤྲུལ་པའི་སྐུར་མཐོང་ན་གཞན་དོན་འབྱུང༌། ཆོས་སྐུར་རྟོགས་ན་བླ་མའི་དུས་མཐའ་རྟོགས་པ་དང་ཁྱད་ཆེ་གསུངས།།

ལྔ་ལྡན་བསྒོམ་པའི་དུས་སུ་ཡི་དམ་དྲན་ཙམ་གྱིས་ཆོག་གམ་ཞུས་པས། གསལ་བར་སྒོམ་པ་གསལ་ན་འཕྲོ་མི་གཞག་གསུངས།།

བཤགས་པ་བྱེད་པའི་དུས་སུ་ཡི་དམ་སྒོམ་ནས་བཤགས་པ་དང༌། མ་སྒོམ་ནས་བཤགས་པ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། ཁྱད་ཡོད། ཡི་དམ་སྒོམ་ནས་བཤགས་པ་ལ་གསང་སྔགས་ཀྱི་དམ་ཚིག་དང་ལྡན་དགོས། དམ་ཚིག་གསང་སྔགས་སུ་དབང་བསྐུར་ནས་བྱ་བ་དང་བྱེད་པ་ཐམས་ཅད་ཡི་དམ་གྱི་ལྷའི་ང་རྒྱལ་དང་མ་བྲལ་བར་བྱེད་པ་དམ་ཚིག་ཡིན་པས། དེ་ལྟར་བསྒོམས་ནས་བཤགས་པ་བྱེད་པ་ཡིན། ཡི་དམ་ལ་ཅང་བཤགས་རྒྱུ་ཡོད་དམ་སྙམ་ན། སྐུ་གསུང་ཐུགས་བྱིན་གྱིས་བརླབ་རྒྱུ་ཅང་ཡོད་དམ་གསུངས།།

རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་གཉུག་མ་བྱམས་ཆེན་གྱི་ཏིང་ངེ་འཛིན་གཉིས་གཅིག་ལགས་སམ་ཞུས་པས་གཅིག་གསུངས།།

འཁྲུལ་བས་འཁྲུལ་བ་འགྲུབ་པ་ལགས་སམ་མི་འགྲུབ་པ་ལགས་ཞུས་པས། འཁྲུལ་བའི་ལས་འབྲས་འཁྲུལ་བ་ཡིན། མི་འགྲུབ་ན་ཆོས་ཐམས་ཅད་བདག་མེད་པས་བདག་ཏུ་འཁྲུལ་བས་ཁམས་གསུམ་གྱི་འཁོར་བ་མི་འགྲུབ་པར་འགྱུར་གསུངས།།

རྣམ་རྟོག་ཕྲ་བའི་ཕྲ་བ་ལ་བདུད་ཆེན་པོའི་ཆེན་པོ་འཇུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། རྟོགས་པ་ཡོད་པའི་རྟོག་པ་ཕྲ་བ་ཡིན། རྟོགས་པ་མེད་པའི་རྟོག་པ་རགས་པ་ཡིན། སྤྲོས་བྲལ་གྱི་རྟོགས་པ་ཡོད་པ་མི་རྟོག་པ་རྗེས་ཤེས་སུ་འབྱུང་བས་ཕྲ་བ་ཡིན། སྤྲོས་བྲལ་བས་ལས་ཀྱི་སྒྲིབ་པ་སྤངས་པ་ཡིན། ས་བདུན་པ་མན་ཆོད་རྟོགས་པས་ཉོན་མོངས་པ་སྤོང་བ་ཡིན། ས་བརྒྱད་པ་ཡན་ཆོད་དུ་དགུ་པ་བཅུ་པ་ལ་ཤེས་པར་བྱ་བའི་ཡུལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པའི་རྟོག་པ་ཕྲ་བའི་ཕྲ་བ་ཡོད་པ་ལ། བདུད་ཆུང་ངུས་བར་དུ་གཅོད་མི་ནུས་པས་ཚངས་པ་ལ་སོགས་པ་ཤིན་ཏུ་སྟོབས་དང་ལྡན་པའི་བར་ཆད་འབྱུང༌། རྟོག་པ་ཕྲའུ་དེ་ཉིད་ཀྱི་སྲོག་ཆད་ན་འཇིག་རྟེན་གྱི་སྲོག་ཆད་པས། ཁོང་གི་ཡུལ་ལས་འདས་སྙམ་ན་བདུད་ཆེན་པོའི་ཆེན་པོ་ཚངས་པ་ལ་སོགས་པ་རྣམས་ཀྱི་བར་ཆད་འབྱུང་བ་དེ་གང་གིས་འཇོམས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་འཇོམས་པ་ཡིན་གསུངས།།

གཤིན་བསྔོ་བྱེད་པའི་དུས་སུ་གཤིན་པོ་དགེ་བའི་རྗེས་སུ་འབྲངས་པ་ཡིན་ནམ། དགེ་བ་གཤིན་པོའི་རྗེས་སུ་འབྲངས་པ་ཡིན་ཞུས་པས། གཤིན་པོ་དགེ་བའི་རྗེས་སུ་འབྲངས་པ་ཡང་ཡོད་དེ་ཤི་བར་མ་ཤེས་ཤིང༌། ཤུལ་དུ་འདུག་པ་རྣམས་ཀྱིས་དགེ་བ་བྱེད་པ་ལ། ཁོ་ཡང་སྡོང་གྲོགས་བྱེད་པའི་སྣང་བ་འབྱུང་བ་ནི། གཤིན་པོ་དགེ་བའི་རྗེས་སུ་འབྲངས་པ་ཡིན། ཤི་བར་ཤེས་ནས་གཤིན་པོ་དགེ་བའི་རྗེས་སུ་འབྲངས་པ་མིན། དགེ་བ་གཤིན་པོའི་རྗེས་སུ་འབྲངས་པ་ཡིན། ཤུལ་ན་འདུག་པས་ཁོའི་དོན་དུ་དགེ་བ་བྱས་པས་ཁོའི་ཤེས་རྒྱུད་ལ་མི་དགེ་བའི་ས་བོན་ཡོད་པ་བག་ལ་ཉལ་དགེ་བའི་ལས་སད་ནས་བསམ་པ་བཟང་པོའི་འབྲས་བུ་འགྲུབ་པ་ཡིན་གསུངས།།

དབེན་པའི་གནས་སུ་སྒོམ་པའི་དུས་སུ་གྲིབ་གནོན་འོང་བ་འདུག་པ་དེ་རྩ་རླུང་གི་བྱེད་པ་ལགས་སམ། གཞི་བདག་ལ་སོགས་པའི་གྲིབ་གནོན་འོང་བ་ལགས་ཞུས་པས། གཞི་བདག་མ་ལགས་པར་གདའ། དེ་འདྲ་བ་བྱུང་བའི་དུས་སུ་རླུང་སེམས་སྟོད་དུ་འཚངས་པ་ཡིན་པས། ལག་པ་ཡང་ཅིས་ཀྱང་སྙིང་གར་ཟུག་ནས་ཡོད་པ་ཡིན། རིན་པོ་ཆེ་དབྱེ་ཆུང་ན་ཐུགས་དམ་མཛད་པའི་དུས་སུ། སྐྱོ་བསངས་ལ་ཕྱིན་པའི་སར་བ་ལང་སུག་པོ་གྱེན་ལ་བསྟན་པ་མང་པོ་བྱུང་ནས་སྐུ་ལུས་ལ་ཐིམ་པའི་སྣང་བ་བྱུང་བ། འཁྲུལ་འཁོར་གན་རྐྱལ་དུ་གཟིམས་པའི་རྐྱེན་ཡིན་པར་མཁྱེན་ནས་བཞུགས་པས་མ་བྱུང༌། དེ་འདྲ་བ་མི་འོང་བ་ལ་སུམ་ཁྲིད་ཀྱི་དམིགས་པ་ལུས་ཕྱིར་ལ་བསྲིང་བ་གནད་ཟབ་གསུངས།།

སྡོམ་པ་གསུམ་གནད་གཅིག་ཚུལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་སྦྱར་བའི་ངོས་འཛིན་ཞུས་པས། སོ་སོ་ཐར་པའི་སྡོམ་པ་གཞན་གནོད་གཞི་དང་བཅས་པ་ལས་ལོག་པ་ཡིན། གང་གིས་གནོད་ན་མི་དགེ་བ་བཅུ་བྱས་ན་རང་ལ་གནོད་གཞན་ལ་གནོད་པས་མི་དགེ་བ་བཅུ་སྤང་ཞིང༌། དགེ་བ་བཅུ་བསྒྲུབ་པ་ནི་སོ་སོར་ཐར་པའི་སྡོམ་པ། དེའི་སྟེང་དུ་ཕན་འདོགས་པའི་བསམ་པས་དགེ་བཅུ་སེམས་ཅན་གྱི་དོན་དུ་བྱེད་པ་ནི། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡིན་ལ། གསང་སྔགས་སུ་དབང་བསྐུར་ནས་ཀྱང་དམ་ཚིག་དང་ལྡན་དགོས་ཏེ། རྡོ་རྗེ་སྐུའི་དམ་ཚིག་གི་ལུས་ཀྱི་སྒོ་ནས་སྲོག་མི་གཅོད། མ་བྱིན་པར་མི་བླང༌། མི་ཚངས་པར་མི་སྤྱད། རྡོ་རྗེ་གསུང་གི་དམ་ཚིག་གིས་ངག་གི་སྒོ་ནས་རྫུན་དང་ཕྲ་མ་ངག་འཁྱལ་ཚིག་རྩུབ་སྤང༌། རྡོ་རྗེ་ཐུགས་ཀྱི་དམ་ཚིག་གིས་ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྤོང་བ་ཡིན་པས། དེ་ལྟར་གསུམ་པོ་དགེ་བ་སྒྲུབ་ཅིང་མི་དགེ་བ་སྤོང་བ་ཕྱིའི་གནད་གཅིག དེ་ལྟར་གསུམ་པོ་ཉམས་སུ་བླངས་པས་ནང་དུ་ཏིང་ངེ་འཛིན་སྐྱེ་བར་བྱེད་པའི་ཐབས་གཅིག་པས་ནང་གི་གནད་གཅིག ནང་དུ་ཏིང་ངེ་འཛིན་ལ་གནས་ཤིང་དབང་པོ་ཡུལ་གྱི་རྗེས་སུ་མ་འབྲངས་པས། གསང་སྔགས་ཀྱི་ཡོན་ཏན་མ་ལུས་པ་སྐྱེ་བར་བྱེད་པའི་ཐབས་ཡིན་པས་གསང་བའི་གནད་གཅིག རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱེད་པའི་ཐབས་སུ་གཅིག་པས། དེ་ཁོ་ན་ཉིད་ཀྱི་གནད་གཅིག་པ་ཡིན་གསུངས།།

དགེ་བའི་རྣམ་པར་རྟོག་པ་གནད་དུ་བསྣུན་དགོས་པ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་གནས་ན་དེ་གནད་དུ་བསྣུན་དགོས་སམ་ཞུས་པས། དེ་ལྟར་གནས་ན་ས་ལམ་ཐམས་ཅད་དེས་བགྲོད་པ་ཡིན། བསྒྲུབ་བྱ་ཡིན་པས་མི་གནས་པ་ལ་གནས་པ། གནས་པ་བརྟན་པ། བརྟན་པ་གོང་ནས་གོང་དུ་བོགས་འདོན་པའི་ཐབས་ལ་འབད་གསུངས།།

ཀུན་གཞི་ལ་དགེ་བའི་རྟོག་པ་སྐྱེ་བའི་ཚེ་ན། མི་དགེ་བའི་རྟོག་པ་ཇི་ལྟར་གནས་ཞུས་པས། གཅིག་སྐྱེ་བའི་ཚེ་ན་གཅིག་བག་ལ་ཉལ་དུ་གནས་པ་ཡིན་གསུངས།།

རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལྔ་ལ་སྦྱིན་པ་བཏང་བས་ཕྱིས་ལྔ་སྡེ་བཟང་པོ་བྱུང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། རྟེན་འབྲེལ་གསུམ་ཚོགས་ཀྱི་རྒྱུ་བཏང་བ་ཡིན། ཁྱེད་ཅག་འདི་ལ་རབ་ཏུ་དགའ་བར་གྱིས་ལ་གསུངས་པའི་ཚིག་སྙན་པས། སྐུ་ལུས་ཀྱི་ཤ་ཁྲག་གིས་ཚིམ་པར་བྱས་པ་སྦྱིན་པ། གཏན་ཁྲིམས་ལ་སོགས་པ་ནི་དོན་སྤྱོད་པ། གཤིས་རང་བཞིན་གྱིས་རྣམ་པར་དག་པ་དོན་མཐུན་པ། ཕུན་སུམ་ཚོགས་པའི་རྒྱུ་བཏང་ཞིང༌། སྨོན་ལམ་བཏབ་པས་ཐོག་མའི་འཁོར་དུ་བྱུང་ཞིང་ཆོས་ཀྱི་བདུད་རྩི་འཐུངས་པ་ཡིན་གསུངས། །ཕ་རོལ་ཏུ་ཕྱིན་པར་ལུས་མི་གཙང་བ། དྲན་པ་ཉེ་བར་བཞག་པ་དང༌། གསང་སྔགས་སུ་ལུས་ལྷར་བསྒོམ་པ་གཉིས་ལ། ཡོན་ཏན་གྱི་བསྐྱེད་ཚུལ་ཁྱད་ཅི་ཡོད་ཞུས་པས། མི་གཙང་བར་དྲན་པ་ཉེ་བར་བཞག་པས་ཀྱང༌། ཐ་མལ་གྱི་ལུས་ལ་ཆགས་ཞེན་སྤོང་བ་ཡིན། ལྷར་བསྒོམས་པས་ཀྱང་ཐ་མལ་གྱི་ལུས་ལ་ཆགས་ཞེན་དང་བཅས་པ་ལྡོག་པ་ཡིན་པ་དང༌། མི་གཙང་བའི་རྫས་སུ་དྲན་པ་ཉེ་བར་བཞག་པ་དང༌། ལྷར་བསྒོམ་པ་གཉིས་ཀ་དབང་པོ་ཡུལ་གྱི་རྗེས་སུ་མི་འབྲང་བར་ནང་དུ་ཆགས་པ་མེད་པའི་ཏིང་ངེ་འཛིན་བསྐྱེད་པའི་ཐབས་ཡིན་པས། དེའི་ངོས་ནས་ཡོན་ཏན་བསྐྱེད་ཚུལ་གཅིག་པ་དང༌། གཉིས་ཀ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པའི་ཐབས་ཡིན། དེ་ལྟར་ཡང༌། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག ཞི་བར་འདོད་པས་ཤེས་རབ་བསྐྱེད། །གསུངས།།

དང་པོ་ལས་ཀྱི་སྦྱོར་བ་ཡིས། ས་བརྒྱད་ཐོབ་པར་བཞེད་པ་ལ། འདིར་སྒྲིབ་གསུམ་སྤངས་པའི་སངས་རྒྱས་དང༌། གཉིས་མེད་གཅིག་ཏུ་གསུངས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། བྱང་ཆུབ་ཀྱི་སེམས་ལས་བྱུང་བའི་ཡི་དམ་གྱི་ལྷ་གདོད་མ་ནས་ཡིན་པ་ལ་ཡིན་པར་མ་ཤེས་ཤིང༌། ཡོངས་གྲུབ་ཀུན་བཏགས་ཀྱི་སྤྲོས་པས་སྟོང་པའི་སྐུ་དེ་སངས་རྒྱས་ཀྱི་སྐུ་ཡིན་ལ། ཐུགས་གདོད་མ་ནས་སྤྲོས་པའི་མཐའ་དང་བྲལ་བ་ཆོས་ཀྱི་སྐུ་ཡིན་པས། ས་བརྒྱད་ཐོབ་པ་མཚར་རྒྱུ་མེད་གསུངས།།

སྔོན་གྱི་དུས་སུ་རྒྱུ་འབྲས་མྱུར་བ་ལྟར་འདུག་ལ། དེང་སང་མི་མྱུར་བར་འདུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་འགྲིགས་ན་རྒྱུ་འབྲས་མྱུར་བ་ཡིན། ཡིད་ཆེས་སྐྱེས་མ་སྐྱེས་མིན་པ་སྔོན་དང་དེང་སང་ལ་ཁྱད་མེད། གོ་སླ་བའི་དབང་དུ་བྱས་ན་ཁྱོད་ཀྱིས་ཚིག་སྙན་པ་སྨྲས་ན། ལན་དུའང་སྙན་པ་འོང་ལ་མི་སྙན་པ་སྨྲས་ན་ལན་དུ་མི་སྙན་པ་འོང་བ་དེ་རྒྱུ་འབྲས་ཡིན་གསུངས།།

བསྙེན་གནས་ཀྱི་སྐབས་སུ་རྩ་བ་བཞི་ཡན་ལག་ཏུ་འོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། ལུས་པོ་ཡོངས་སུ་གྲུབ་པ་ལ་ཡན་ལག་ནས་རིམ་གྱིས་ལུས་པོ་གྲུབ་པ་དང་འདྲ་སྟེ། སྲོག་གཅོད་པ་སྤོང་བའི་ཡན་ལག་ནས་བཟུང་སྟེ། ཡན་ལག་བརྒྱད་པོ་ཚང་བའི་དུས་སུ་རྩ་བར་འོང་བ་ཡིན་གསུངས།།

ཁྲིད་ཀྱི་རིམ་པ་གཅིག་གི་ནང་དུ་ཐམས་ཅད་འདུས་པར་ཉམས་སུ་ལེན་ཉན་ལགས་སམ་ཞུས་པས། ཤིན་ཏུ་ཉན། ཁྲིད་ཀྱི་རིམ་པ་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཐབས་འབའ་ཞིག་ཡིན། གཅིག་ལ་མཚོན་ན་གཏུམ་མོ་བསྒོམ་པས་དབང་པོ་ཡུལ་གྱི་རྗེས་སུ་མ་འབྲངས་པས། རླུང་ནང་དུ་ལོག་རྩ་ཁ་བྱེ། ལུས་བདེ་བའི་སྟོབས་རྒྱས་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། བདེ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་སྐྱེ་བ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡིན་གསུངས།།

དབེན་པའི་གནས་ངོ་མཚར་མཚར་བར་ཕྱིན་ནས། དེར་ཡུན་རིང་དུ་གནས་པར་འདོད་ན། དེའི་ཐབས་ཇི་ལྟར་བྱ་ཞུས་པས། ཡུན་རིང་དུ་གནས་པར་འདོད་ན་ཆགས་པ་ཡིན་པས། དེ་ལྟ་བུས་ཕྱིན་ན་ཆགས་ཞེན་མེད་པར་བླ་མ་དཀོན་མཆོག་ལ་འབུལ་བ་ཡིན། དེ་ལྟར་ཡང་མགོན་པོ་ཕག་མོ་གྲུ་པའི་ཞལ་ནས། སྡོད་ས་ཆུ་ཡི་གྲུ་དང་འདྲ་སྟེ་གཏན་པའི་བློ་ཡང་སྤང་གསུངས།།

ནང་དུ་རྩ་རླུང་གི་བྱེད་པས་ཕྱི་རོལ་ཏུ་ས་རྡོ་གསེར་དུ་མཐོང་ན། དེ་མི་འགྱུར་བའི་ཐབས་ཅི་ཞིག་བྱེད་ཞུས་པས། དེའི་དུས་སུ་ལྟོས་པ་མེད་པར་བླ་མ་དང་དཀོན་མཆོག་ལ་འབུལ་བ་ཡིན་གསུངས།།

བདེ་བའི་ཏིང་ངེ་འཛིན་སྐྱེ་བ་ལ་དགའ་བ་སྐྱེ་བར་འདུག་པས་ལྔ་ལྡན་གྱིས་གནད་དུ་བསྣུན་འཚལ་ལམ་མི་འཚལ་ཞུས་པས། དགའ་བ་སྐྱེས་པ་ལ་འདྲེས་ཡོད་པས་ལྔ་ལྡན་གྱི་གནད་དུ་བསྣུན་དགོས་གསུངས།།

གཏུམ་མོ་བསྒོམ་པའི་ཚུལ་ཁྲིམས་བསྲུངས་པས་བདེ་བ་བསྐྱེད་པ་དང༌། རྫས་ཀྱི་རྣམ་པ་ལ་སོགས་པས་བསྐྱེད་པ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། བདེ་བ་བསྐྱེད་པ་དང་གནད་དུ་བསྣུན་དགོས་པའི་ངོས་ནས་ཁྱད་མེད་ལ། ཚུལ་ཁྲིམས་བསྲུངས་པས་སྐྱེ་བ་སྦྱོར་བས་ཁྱད་པར་དུ་བྱས་པ་ཡིན་གསུངས།།

དགེ་མི་དགེ་སྐད་ཅིག་མའི་འཁོར་ལོར་གསུངས་པས། འདྲེན་པའི་ལས་གར་ངོས་འཛིན་ཞུས་པས། ངས་ཁྱེད་རྣམས་ལ་ཆོས་བསྟན་པས་སྨིན་ཅིང་གྲོལ་བར་བྱེད་པ་ཡིན་ཏེ། ཁྱེད་རྣམས་ལ་ཆགས་ན་དེ་ཙམ་ཞིག་འདྲེན་མ་བདེ་གསུངས།།

བཅོམ་ལྡན་འདས་ཀྱིས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ཡེ་ཤེས་ཀྱི་མེས་ཤེས་བྱའི་བུད་ཤིང་བསྲེགས་ཏེ། དེ་ནི་གསུམ་ཡིན་ནམ་གཅིག་ལ་མཉམ་པར་བཞག་པ་ཡིན་ཞུས་པས། སྲོད་ལ་བདུད་བཏུལ་བ་དེ་གཉུག་མ་བྱམས་ཆེན་གྱི་ཏིང་ངེ་འཛིན་གྱིས་བཏུལ་བ་ཡིན། གུང་ལ་མཉམ་པར་བཞག་པ་དེ་ཉིད་ཀྱི་རྒྱུན་བསྲིངས་པ་ཡིན་ལ། ཐོ་རངས་དེ་ཉིད་སྟོབས་སུ་གྱུར་པའི་ཡེ་ཤེས་ཀྱི་མེས་ཤེས་བྱའི་བུད་ཤིང་བསྲེགས་པ་ཡིན་གསུངས།།

རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་པའི་རྟོགས་པ་དེ་གང་ལགས་ཞུས་པས། ས་དང་པོ་ཆོས་ཉིད་ཀྱི་བདེན་པ་ཡིན་ཏེ། དེ་ཉིད་ཀྱི་རྒྱུན་བསྲིངས་པས་ས་ལམ་ཐམས་ཅད་བགྲོད་པ་དེ་ཡིན་ཏེ། དཔེར་ན་ཚེས་གསུམ་ཟླ་བ་ནར་སོན་པ་ཉ་རྒྱས་པ་དང་འདྲ་གསུངས།།

སེམས་སྟོང་པ་ཉིད་དུ་རྟོགས་པ་ལ་སྣང་བ་དེ་ལྟར་དུ་མ་རྟོགས་ན་གཉིས་མེད་དུ་རྟོགས་པའི་ཐབས་གང་ལགས་ཞུས་པས། དེ་ལྟར་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པ་ལ་གོང་གི་མཉམ་བཞག་དེར་རྒྱུན་བསྲིངས་པ་ཡིན་གསུངས།།

སངས་རྒྱས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་མཛད་པ། སྐུ་སྐྱེ་བ་སྣ་ཚོགས་སུ་སྟོན་དགོས་པ་ལ། སེམས་སྟོང་པར་རྟོགས་པས་སྐྱེ་བ་མི་ལེན་པར་འདོད་པ་དེ་ཆད་ལྟར་མཆིའམ་ཞུས་པས། དེ་ཆད་ལྟར་མཆི། རྟག་ཆད་ཀྱིས་སྟོང་པ་ཁོ་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་འབྱུང་བས་སྐྱེ་བ་ལེན་པ་ཡིན་གསུངས།།

སྡོམ་པའི་ངོ་བོ་རྣམ་པ་རིག་བྱེད་མ་ཡིན་པའི་ངོས་འཛིན་ཞུས་པས། ཆོས་རྗེའི་ཞལ་ནས། བླ་མ་མི་ཐུབ་རྡོ་སྐས་ལ་ཡར་བྱུང་བ་ལ་རྣལ་འབྱོར་པ་ཞིག་བྱུང་སྙམ་སྟེ། ཁོ་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ་ཞིང་ཡོད་པས་ལུས་ངག་ཡིད་གསུམ་ཇོ་བོའི་རང་གཟུགས་སུ་ཡོད་པས་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ཡིན་གསུངས། གོ་སླ་བའི་དབང་དུ་བྱས་ན་བར་དོར་ཕོ་མོ་ཆགས་པ་སྤྱོད་པ་མཐོང་ན། ཆགས་སྡང་མིག་སེར་མི་བསྐྱེད་ཅིང༌། ང་དགེ་སློང་ཡིན་མིག་གིས་ཀྱང་ལྟར་མི་འོས་སྙམ་པའི་སྤོང་སེམས་དེ་སྡོམ་པའི་ངོ་བོ་ཡིན་གསུངས། །དག་པའི་སེམས་གསུམ་གྱིས་མཉམ་པ་ཉིད་ཀྱི་རྟོགས་ཚུལ་གྱི་ངོས་འཛིན་རེ་རེ་ཞུ་ཞུས་པས། ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་ལུས་མངོན་དུ་གྱུར། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་སྐྱེས་པའང་སྐྱེ་མེད་དུ་བཟོད་ལ། མ་སྐྱེས་པའང་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་རྟོགས་པས་སངས་རྒྱས་དཀོན་མཆོག་མངོན་དུ་གྱུར། དགུ་པས་ངག་ཨཱ་ལི་ཀཱ་ལི་མངོན་དུ་གྱུར་པས་སོ་སོ་ཡང་དག་པར་རིག་པ་བཞི་མངོན་དུ་གྱུར། མེ་ལ་མཚོན་ན་མེར་ངེས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། རེག་བྱ་ཚ་ཞིང་མེའི་མཚན་ཉིད་འཛིན་པ་ཆོས་སོ་སོ་ཡང་དག་པར་རིག་པ། བསྲེག་པ་ལ་སོགས་པ་མེའི་ལས་འགྲུབ་པ་དོན་སོ་སོ་ཡང་དག་པར་རིག་པ། མེའི་མཚན་ཉིད་གཞན་ལ་སྨྲ་བར་ནུས་ཤིང་ཞུམ་པ་མེད་པ། སྐྱེ་བའི་རྒྱུ་གནས་པའི་གཞི་འཇིག་པའི་རྐྱེན་ཤེས་ནས། སྐྱེ་བའི་རྒྱུ་བསྒྲུབ་པ་ལ་མཁས། གནས་པའི་གཞི་བསྟེན་པ་ལ་མཁས། འཇིག་པའི་རྐྱེན་ལ་མཁས་པ་ནི། སྤོབས་པ་སོ་སོ་ཡང་དག་པར་རིག་པ། བཅུ་པས་ཡིད་མངོན་དུ་གྱུར་ཏེ། འཁོར་དུལ་བ་མཐའ་ཡས་པ་ལ་དབང་གསུངས།།

དགེ་སློང་ནག་པོ་ལ་བྲམ་ཟེའི་བུ་མོ་མ་དད་པས་བྱ་རོག་ཞར་མ་འདྲ་བྱས་པས། སྐྱེ་བ་ལྔ་བརྒྱར་བྱ་རོག་ཞར་མར་སྐྱེས་པའི་རྐྱེན། དགེ་སློང་གིས་བྱས་པས་དགེ་སློང་ལ་ཉེས་པ་ཞིག་ཡོད་ལགས་སམ་ཞུས་པས། གཞན་མ་དད་པའི་ཉེས་པ་ཡོད་པས། དགེ་སློང་གི་བྱིན་ལེན་གྱི་བཅས་པའི་གཞི་མཛད་པ་ཡིན་གསུངས།།

ཡང་དག་པའི་ལྟ་བ་དང༌། ལོག་པའི་ལྟ་བ་གཉིས་ཡིན་པ་ལ། མུ་སྟེགས་བྱེད་པ་ལ་ཡང་འཚེ་བ་སྤོང་བ་ཡོད་པ་དེ་ཇི་ལྟར་མཆི་ཞུས་པས། སེམས་ཅན་ལ་འཚེ་བ་སྤངས་པའི་ལྟ་བ་ཐོབ་ཀྱང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང༌། དེ་ཉིད་ཐོབ་པར་བྱེད་པའི་ཐབས་ཆོས་ལ་སྐྱབས་སུ་འགྲོ་བ་དང༌། ཐབས་དེ་ཉིད་བསྒྲུབ་པའི་གྲོགས་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི་ལྟ་བ་རྣམ་པར་དག་པ། དེ་ལས་བཟློག་པ་མུ་སྟེགས་པ། སྐྱབས་གནས་ཕྱིན་ཅི་ལོག་ཏུ་བཟུང་བ་དེས་སེམས་ཅན་ལ་འཚེ་ན་སྤང་བ་ཡང་དགེ་ཙམ་ཡིན། ཡང་དག་པའི་ལྟ་བ་མ་ཡིན་ཏེ། འཆི་བ་མི་རྟག་པ་མི་དྲན་ཞིང༌། ཟས་གོས་གཅིག་པུ་དོན་དུ་གཉེར་བས་མུ་སྟེགས་བྱེད་དེ། འཚེ་བ་སྤངས་པས་འཚང་རྒྱ་བའི་རྒྱུར་འགྱུར་བ་ཡིན་གསུངས།།

རྟེན་འབྲེལ་བསྒྲིགས་པ་དང་རང་འགྲིག་ཏུ་བྱུང་བ་གཉིས་ལ་རྒྱུ་འབྲས་མྱུར་མི་མྱུར་ཡོད་དམ་ཞུས་པས། རང་འགྲིག་ཏུ་བྱུང་བ་མཐོང་ཆོས་མྱུར་བ་ཡིན། བསྒྲིགས་པ་གནད་ཟབ་སྟེ། རྒྱུ་གང་སོང་བའི་འབྲས་བུ་འབྱུང་བ་ཡིན་པས། རང་འགྲིག་མི་སྒུག་གསུངས།།

རོ་གཅིག་གི་རྟོགས་པ་ཡོད་པ་བར་དོ་དང་པོའི་འོད་གསལ་ངོས་ཟིན་ནས་བསྒོམ་མེད་དུ་ན་འཕོ་བ་ལ་སྒྲིབ་པ་དེ་གར་ངོས་འཛིན་སྤོང་ཚུལ་ཇི་ལྟ་བུ་ལགས་ཞུས་པས། རོ་གཅིག་གི་རྟོགས་པ་ཡོད་ཀྱང་བར་དོར་ཅིས་ཀྱང་སྣང་བ་གསུམ་འོང་སྟེ། བར་དོ་དང་པོའི་གསལ་དྭངས་གཉིས་མེད་དུ་རྟོགས་པའི་ཚེ་སྒྲིབ་པ་དེར་སྤང་བ་ཡིན། འོད་གསལ་གཉིས་པོ་དབྱེར་མི་ཕྱེད། གཟུགས་སྐུ་གཉིས་ཀྱི་སྣང་བ་འོང་གསུངས།།

ཕྱག་རྒྱ་ཆེན་པོ་དང་བསྐྱེད་རིམ་ཟུང་འཇུག་ཏུ་གོ་ན་རྗེས་ཤེས་མཆིའམ་ཞུས་པས། བསྐྱེད་རྫོགས་ཟུང་འཇུག་སྣང་བ་རང་བཞིན་མེད་པར་གོ་བ་མཉམ་གཞག་ལྟར་འཛིན་པ་དང་བཅས་པ་རྗེས་ཤེས་ཡིན་གསུངས།།

རྨི་ལམ་དུ་བླ་མ་གྲོགས་པོར་ཡང་འོང༌། བུད་མེད་དུ་ཡང་འོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། རྨི་ལམ་དུ་བླ་མ་སྣ་ཚོགས་སུ་བྱུང་ན་མོས་གུས་ལ་ལྟེམ་རྐྱང་བྱུང་བའི་རྟགས་ཡིན། ན་ཆུང་རྒྱན་ཅན་དུ་བྱུང་ན། ཚུལ་ཁྲིམས་ཀྱིས་བསྒྲུབ་པའི་ཏིང་ངེ་འཛིན་དང་ལྡན་པའི་རྟགས་ཡིན་པ་དང༌། བླ་མ་ཆགས་པའི་ཡུལ་མ་ཡིན་པས། ན་ཆུང་ལ་ཆགས་པ་མི་སྐྱེ་བས་སྐྱོན་མེད། བུད་མེད་རྒན་པ་སྐྲ་ཟིངས། ལུས་ལ་རྒྱན་མེད་པ་ཡུགས་ས་མོ་ལ་སོགས་པ་རྨི་ལམ་དུ་བྱུང་ན་དམ་ཚིག་ལ་ཆག་ཉམས་བྱུང་བའི་རྟགས་ཡིན་པས། བཤགས་སྡོམ་ལ་སོགས་པ་དམ་ཚིག་སོར་ཆུད་པའི་ཐབས་བྱ་གསུངས།།

སེམས་ཅན་ཐམས་ཅད་མ་ཡིན་དུ་འདྲ་བ་ལ་གང་ཆུང་བ་ལ་བྱམས་པ་སྐྱེ་བྱ་བའི་རྒྱུ་མཚན་ཅི་ལགས་ཞུས་པས། ཆུང་ངུའི་དུས་སུ་དགའ་བདེའི་ཆ་ཤས་ཆེ་བ་དང༌། རྟོག་པ་རགས་པ་མི་སྐྱེ་བས། བྱམས་པ་སྐྱེ་བ་སླ་བ་ཡིན་གསུངས།།

ས་བཅུའི་མགོན་པོ་འཚང་རྒྱ་ཁར་བདུད་དམག་འོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། འཁོར་གསུམ་གྱི་རྟོག་པ་ཡོད་པས་བདུད་ཀྱི་འཇུག་སྒོ་བྱུང་བ་ཡིན། བར་དུ་གཅོད་མ་ནུས་པ་དང༌། ཆེ་བ་བཏོན་པས་འཇིག་རྟེན་ན་རྩོད་པ་མེད་པར་སངས་རྒྱས་པ་ཡིན་གསུངས།།

ས་བཅུའི་དེ་བཞིན་གཤེགས་པ་དང་ཕྲིན་ལས་མཉམ་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ས་བཅུ་པས་གང་ལ་གང་འདུལ་དེ་ལ་དེ་སྟོན་གྱི་ཆོས་གསུང་ནུས་པ་དང༌། འཁོར་དུལ་བ་མཐའ་ཡས་མངའ་བའི་ངོས་ནས་མཉམ་པར་གསུངས་པ་ཡིན། མཐའ་མེད་དུ་མི་མཉམ་པས་འདུལ་བ་ལ་བསླབ་གཞི་བཅའ་བ་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་པ་དང༌། བཅོམ་ལྡན་འདས་མགོན་པོ་བྱམས་པའི་ཞལ་ནས། དེ་ལྟ་མོད་ཀྱི་ས་རྡུལ་དང༌། །རྒྱ་མཚོ་བ་ལང་རྨིག་རྗེས་ཆུ། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །གསུངས།།

སེམས་ཅན་ལ་ནང་དུ་ཉི་ཟླ་ཡོད་པས་ཕྱི་རོལ་ཏུ་ཉི་ཟླ་བྱུང་བ་ལ། ཉི་མ་འཕེལ་འགྲིབ་མེད་ཅིང༌། ཟླ་བ་འཕེལ་འགྲིབ་ཡོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། ཉི་མ་ཤེས་རབ་ཡིན་པས་འཕེལ་འགྲིབ་མེད་པ་ཡིན། ཟླ་བ་ཐབས་ཡིན་པས་འཕེལ་འགྲིབ་དང་བཅས་པ་ཡིན་གསུངས།།

ཉོན་མོངས་པ་ཆ་མཉམ་གྱི་ངོས་འཛིན་ཞུས་པས། ཉོན་མོངས་ཆ་མཉམ་འཛིན་པ་ཡིན། གཉེན་པོ་ཆ་མཉམ་ཡུལ་ཕྱི་ལ་འཛིན་པ་ཡིན་གསུངས།།

ཕྱག་རྒྱ་ཆེན་པོ་དང་ཚུལ་ཁྲིམས་གནད་གཅིག་པར་བཞེད་པ་ལ། འདིར་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཚུལ་ཁྲིམས་གཉིས་ཕྱག་རྒྱ་ཆེན་པོ་དང་གནད་གཅིག་ཚུལ་གྱིས་ངོས་འཛིན་ཞུས་པས། ཟག་པ་མེད་པའི་ཚུལ་ཁྲིམས་ཕྱག་རྒྱ་ཆེན་པོ་ཡིན། དེ་ལྟར་ཡང༌། ཚངས་པར་སྤྱོད་པའི་དགོས་པ་ནི། །དོན་དམ་རྟོགས་པ་ཡིན་ཞེས་གསུངས། །དེས་ན་རབ་ཏུ་བྱུང་བ་རྣམས། །རྟོགས་པ་དོན་དམ་རྟོགས་པར་མཛོད། །ཅེས་པ་དང༌། ཏིང་འཛིན་རྒྱལ་པོ་སྟོང་པ་སུས་བསྒོམས་པ། །ཚུལ་ཁྲིམས་དག་པའི་འགོ་ལ་དེ་འདུག་སྟེ། །ཞེས་པའི་ལུང་ཡང་གསུངས། ཡང་གཉེན་པོ་དྲག་པོ་བསྒོམས་ནས་སྤང་བྱ་ལ་སྡང་ཞིང་གཉེན་པོ་ལ་ཆགས་ཤིང་ཡུལ་ཡུལ་ཅན་གྱི་འཛིན་པས་ཚུལ་ཁྲིམས་བསྲུང་བ་ནི། ཟག་པ་དང་བཅས་པ་ཡིན་ལ། གཤིས་ཕྱག་རྒྱ་ཆེན་པོ་ཡིན་ཏེ། དེ་ལྟར་མ་རྟོགས་གསུངས།།

རྡོ་རྗེ་ཏིང་འཛིན་རྒྱ་མཚོ་འཁྲུགས་ཀྱི་ཏིང་ངེ་འཛིན་དེ། སངས་རྒྱས་ཉག་ཅིག་མིན་པས་མ་རྟོགས་པ་ལགས་སམ་ཞུས་པས། འདི་ལ་གནས་སྐབས་མཐར་ཐུག་གཉིས་ཡིན། མཐར་ཐུག་རྟོགས་པ་སངས་རྒྱས་ཉག་གཅིག་ཡིན། གནས་སྐབས་སུ་རྟོགས་པ་ས་བརྒྱད་པ་ཡན་ཆོད་དག་པའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔས་རྟོགས་པ་ཡིན་ཏེ་མཐའ་མེད་དུ་མི་མཉམ་གསུངས།།

སངས་རྒྱས་འཇིག་རྟེན་གྱི་གཙོ་བོ་ཕན་སེམས་ཅན་དུ་འབྱོན་པའི་དུས་སུ། རང་ཉིད་སངས་རྒྱས་ཡིན་པ་མི་ཤེས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ལམ་ཉམས་སུ་ལེན་པའི་དུས་སུ། རྒྱུ་སོང་བའི་འབྲས་བུ་ཡིན་པ་དང༌། ཡུལ་དེའི་སྒྲིབ་པ་ཡིན་པ་དང༌། ཕྲིན་ལས་རྒྱུན་ཆད་མེད་པ་སྐུའི་གསང་བ་ཡིན་གསུངས།།

ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས་པ་བྱེད་པ་དང༌། འགྱོད་སེམས་ཀྱིས་བྱེད་པ་གཉིས་ལ་སྒྲིབ་པ་དག་པ་སྔ་ཕྱི་ཡོད་དམ་ཞུས་པས། ཁྱད་ཡོད་འགྱོད་སེམས་དྲག་པོས་བཤགས་ན་འཕེལ་བ་རྒྱུན་བཅད། སྒྱུ་མ་ལྟ་བུར་བཤགས་པ་བྱས་ན་རྟག་པར་འཛིན་པ་སྤོང༌། ཕྱག་རྒྱ་ཆེན་པོས་བཤགས་པ་བྱས་ན་ཉོན་མོངས་པའི་རང་བཞིན་ཤེས་པས་རྟག་ཆད་དུ་འཛིན་པ་དག་སྟེ། འདི་ལ་ལན་གཅིག་ཐེ་ཚོམ་སྐྱེས་པས་ཀྱང༌། སྲིད་པ་ཧྲུལ་པོར་བཏང་བ་ཡིན་གསུངས།།

བདེ་བ་ཅན་དུ་སྐྱེ་བར་འདོད་པས་རང་ཉིད་དགེ་སྦྱོར་འཕེལ་བའི་ཏིང་ངེ་འཛིན་སྟོབས་ཀྱིས་སྨོན་ལམ་བཏབ་པ་དང༌། ཞིང་རྣམ་དག་གི་མདུན་དུ་སྨོན་ལམ་བཏབ་པ་གཉིས་ལ་ཁྱད་མཆིས་སམ་ཞུས་པས། ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པའི་དུས་སུ་སྨོན་ལམ་བཏབ་པ་གནད་ཟབ། ལར་དེར་སྐྱེ་བ་ལ་རྒྱུ་ཕུན་སུམ་ཚོགས་པ་དགོས་ཏེ། སྣང་བ་མཐའ་ཡས་ལ་གུས་པ་དང་ལྡན་ཞིང་གསོལ་བ་འདེབས་པ་དང་དེར་སྐྱེ་བའི་ལས་བསགས་པ་དང༌། ཞིང་རྣམ་དག་གི་མདུན་དུ་སྨོན་ལམ་བཏབ་པའི་ཕུན་སུམ་ཚོགས་པ་སོང་ན། སྒྱོགས་དང་སྒྱོགས་ཀྱི་འཁྲུལ་འཁོར་བཞིན་དུ། ཞིང་དེར་ཅིས་ཀྱང་སྐྱེ་བ་ཡིན་གསུངས།།

བྱང་ཆུབ་སྒྲུབ་པའི་གྲོགས་དང་དཔེར་ན་ཤན་པའམ་སྨད་འཚོང་མ་བྱས་ན་དེ་གྲོགས་པོ་དགེ་འདུན་དུ་འོང་ངམ་ཞུས་པས། དགེ་བ་ལ་འདུན་པ་དགེ་འདུན་ཡིན་པ་དང༌། རང་གི་དགེ་བའི་རྩ་བ་སད་པར་བྱེད་པའི་མགོན་པོར་བྱུང་ན་གྲོགས་ཀྱི་མི་ཚད་བླ་མ་དམ་པ་ཡིན་གསུངས།།

སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་རྟོགས་ནས་ཚོགས་གསོག་བྱེད་ན། ཞིང་བསམ་དངོས་གསུམ་རྟེན་འབྲེལ་བསྒྲིག་འཚལ་ལམ་མི་འཚལ་ཞུས་པས། འདི་ལ་གནས་སྐབས་མཐར་ཐུག་གཉིས་ཡིན། མཐར་ཐུག་ཏུ་ཐུགས་སུ་ཆུད་པ་སངས་རྒྱས་ཉག་ཅིག་ཡིན་པས། སེམས་ལས་ལས། ལས་ལ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མ་འདྲེས་པར་མཁྱེན་པས། སེམས་ཅན་གྱི་རྒྱུད་ལ་ཀུན་འབྱུང་ཉོན་མོངས་པ་ཡོད་པས་སྐྱེ་བའི་རྒྱུ། གནས་པའི་གཞི། འཇིག་པའི་རྐྱེན་མཁྱེན་ནས་འདུལ་བར་བསླབ་པའི་གཞི་འཆའ་བ་ཐམས་ཅད་མཁྱེན་པ་ཉག་ཅིག་གི་སྤྱོད་ཡུལ་ཡིན། གནས་སྐབས་སུ་རྟོག་པ་དག་པའི་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ། བསམ་པ་རྣམ་དག་བྱང་ཆུབ་སེམས་ཀྱིས་དབང་བྱས་པའི་དངོས་པོ་རྣམ་དག་དེ་ཞིང་རྣམ་དག་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་ཞིང༌། ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བསྒྲིགས་པས་མི་ཟད་པ་རྒྱན་གྱི་འཁོར་ལོར་འོང་གསུངས།།

ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། སེམས་ཀྱི་དག་པ་ལ་རབ་གནས། །གསུངས་པའི་གནས་ཚུལ་ཇི་ལྟར་ལགས་ཞུས་པས། གསེར་ལ་གཡའ་ཆགས་ཀྱང་གསེར་གྱི་གཤིས་ལ་འགྱུར་བ་མེད་ལ། གསེར་མཁན་མཁས་པས་གསེར་གྱི་གཡའ་ཕྱིས་ནས་རིན་ཆེན་ཞུན་མས་གསུང་རབ་བཞེངས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་སུ་འགྱུར་བ་བཞིན་དུ། སེམས་ཀྱི་གཤིས་གདོད་མ་ནས་དག་པ་ལ་མ་དག་པའི་སྐབས་སྤུའི་རྩེ་མོ་ཙམ་ཡང་མེད་ལ། བླ་མ་མཁས་པའི་གདམས་ངག་གིས་གློ་བུར་གྱི་དྲི་མ་དག་པར་བྱས་ནས། དག་པ་གཉིས་ལྡན་དྲི་མ་མེད་པ་ཆོས་ཀྱི་སྐུ་ཡིན་གསུངས།།

གནས་བྱིན་རླབས་ཆེ་བའི་གཉན་པ་དེ་རྟེན་གྱི་གང་ཟག་གི་བྱེད་པ་ཡིན་ནམ། ཕྱི་རོལ་ཏུ་ཡོད་པ་ཡིན་ཞུས་པས། ཕྱི་རོལ་ཏུ་གནས་ཉི་ཤུ་རྩ་བཞིའམ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཡོད་པར་གསུངས། རྟེན་གྱི་གང་ཟག་གི་བྱེད་པ་ཡིན་ཏེ། རྗེ་བཙུན་མི་ལ་ལ་ཕྱིར་བྱོན་པས་རྗེ་བཙུན་གྱི་བྱིན་རླབས་ཀྱིས། གནས་དེ་བྱིན་རླབས་ཅན་དུ་བྱུང་བ་དང༌། རྒྱ་གར་རྡོ་རྗེའི་གདན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པས། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་གནས་སུ་བྱུང་བ་དང༌། མདོར་ན་གནས་གང་ཡང་རུང་བ་དེ། རྟེན་གྱི་གང་ཟག་དེའི་བསམ་པས་དབང་བྱས་པའི་གནས་སུ་འོང་བ་ཡིན་གསུངས།།

སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་གོ་བས། ཚོགས་མཆོད་བྱེད་ན་ཆོ་ག་ཞིབ་མོ་བྱེད་པ་དང༌། གཤིས་ཀྱི་གནས་ལུགས་གོ་བས་ཆོ་ག་ཞིབ་མོ་མ་བྱས་པ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། ཁྱད་ཡོད་དེ་ལྟ་བུར་གོ་ཡང་ཆོ་ག་ཞིབ་མོ་བྱེད་དགོས། ཅི་འདྲ་བའི་ལས་བྱས་པས། དེ་འདྲ་བའི་འབྲས་བུ་འབྱུང་བ་ཡིན་གསུངས།།

དགེ་བ་མི་དགེ་བར་མི་འགྱུར། མི་དགེ་བ་དགེ་བར་མི་འགྱུར་བར་གསུངས་པ་ལ། སངས་རྒྱས་པའི་དུས་སློབ་པ་ལམ་ལ་ཞུགས་པའི་དུས་ཀྱི་རྟོག་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་འོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། སེམས་ཅན་གྱི་རྒྱུད་ལ་དགེ་མི་དགེའི་བག་ཆགས་ཀྱི་ས་བོན་ནུས་པའི་མཐུ་ལྡན་དུ་ཡོད་པ་དེ་སློབ་པ་ལམ་ལ་ཞུགས་ནས་བདེན་པའི་དོན་མཐོང་བའི་དུས་སུ་དགེ་མི་དགེ་གང་རུང་གི་རྐྱེན་བྱིན་པས་བག་ལ་ཉལ་སློངས་པ་དེ་ལམ་དུ་བཏང༌། སེམས་བསྐྱེད་ལྔ་ལྡན་གྱིས་ཉམས་སུ་བླངས་པས་སངས་རྒྱས་པའི་དུས་ན་རྒྱུ་འབྲས་རིགས་མི་འདོར་ཞིང་མ་འདྲེས་པའམ་མི་ཟད་པ་རྒྱན་གྱི་འཁོར་ལོར་འོང་བས། དེད་དཔོན་གྱིས་མདུང་བསྣུན་པའི་རྒྱུ་འབྲས་ཞབས་ལ་སེང་ལྡེང་གི་ཚལ་པ་བྱུང་བ་ཡིན། རིགས་འདོར་ན་དབུའི་གཙུག་ཏོར་ན་འོང་དགོས་གསུངས།།

དཀོན་མཆོག་བརྩེགས་པར་སེམས་འཁོར་བ་མ་ཡིན་ལུས་འཁོར་བ་ཡིན་པར་གསུངས་པ་ལ་བདེ་སྡུག་ཐམས་ཅད་སེམས་ཀྱིས་མྱོང་བར་འདུག་སྙམ་ནས་ཞུས་པས། སྟོང་པ་ཉིད་ལ་གཟུགས་སུ་འཁྲུལ་བའི་བག་ཆགས་ཀྱི་ལུས་དེ་འཁོར་བར་འཁྱམས་པ་ཡིན། མདོར་ན་བསམ་པའི་རང་གཟུགས་ཡིན་གསུངས།།

ལམ་ཉམས་སུ་བླང་བའི་དུས་སུ་ལུས་ལྷར་བསྒོམ་པ་ལ་རྒྱན་གྱི་རྣམ་པ་གཅིག་མ་གསལ་ཡང༌། སངས་རྒྱས་པའི་དུས་སུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ཤོར་ཀེ་འབྱུང་བར་གསུངས་པར་འདུག་པ་དེ་ཅི་ཙུག་ལགས་ཞུས་པས། དེ་ཁོ་ན་ལགས། ལམ་ཉམས་སུ་ལེན་པའི་དུས་སུ་རྒྱུ་ཕུན་སུམ་ཚོགས་པ་བཏང་བས། སངས་རྒྱས་པའི་དུས་སུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བ་ཡིན་གསུངས།།

ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་ནས་བརྗོད་དུ་མེད་པར་གསུངས་པ་ལ། རྗེ་སྒམ་པོ་པ་སྔོན་པདྨའི་བླ་མར་སངས་རྒྱས་པ། ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར་པ་དེ། འདིར་རྗེ་བཙུན་དང་མཇལ་ནས་གཉལ་གྱི་སེ་བ་ལུང་དུ་གཟོད་སེམས་ཀྱི་ངོ་བོ་མཐོང་གསུངས་པ་མ་བདེ་ཞུས་པས། ལམ་ཉམས་སུ་ལེན་པའི་དུས་སུ་རྟོག་པའི་སྤུ་རིས་མི་འདྲ་བ་སྣ་ཚོགས་སུ་སྐྱེ་བ་ཉམས་སུ་བླངས་པས་སངས་རྒྱས་ནས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གང་དང་མཇལ་བའི་ལས་བསགས་པ་དེར་སྐུ་སྐྱེ་བ་སྣ་ཚོགས་སུ་བཞེས་དགོས་པས། རྗེ་སྒམ་པོ་པ་པདྨའི་བླ་མར་སངས་རྒྱས་ལ། ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར་པ་དེ། འདིར་རྗེ་བཙུན་དང་མཇལ་ནས་སེ་བ་ལུང་དུ་གཟོད་སེམས་ཀྱི་ངོ་བོ་མཐོང་བ་དེ། སྐུ་གསུང་ཐུགས་ཀྱི་གསང་བ་ཡིན། ཁྱོད་ཀྱིས་ད་ལྟ་མི་གོ་གསུངས།།

སྔོན་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུ་ལ་ཏིང་ངེ་འཛིན་གྱི་རྒྱལ་པོ་གཏད་པ་དེ། དེང་སང་གི་ཕྱག་རྒྱ་ཆེན་པོ་འདི་ཉིད་མ་ལགས་སམ་ཞུས་པས། ཕྱག་རྒྱ་ཆེན་པོ་འདི་ཉིད་ཡིན། སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་འདི་རྣམས་ཏིང་ངེ་འཛིན་འདི་མིན་པས་མི་ཐུལ་བས། མགོན་པོ་ཟླ་འོད་གཞོན་ནུས་ངེད་རང་རྣམས་ལ་ཐུགས་རྗེས་གཟིགས་པ་ཡིན་མོད་གསུངས།།

རྗེ་སྒམ་པོ་པའི་བཞེད་ཀྱིས་རྒྱུད་སྡེ་རིན་པོ་ཆེ་བཞི་གང་ཟག་གི་ཉམས་སུ་ལེན་པའི་ཁྲིད་ཀྱི་རིམ་པར་བཞེད་པ་དང༌། ཐེག་པ་ཆེན་པོ་གསང་སྔགས་རྟོགས་པར་དཀའ་ཞིང་རྒྱུད་སྡེ་བཞིའི་སྙིང་པོར་གསུངས་པ་ལ། དེ་རྣམས་ས་བཅུའི་མགོན་པོ་ལ་སོགས་པའི་ཡུལ་དུ་འདུག་པ་ལ། འདུལ་བ་ཐམས་ཅད་མཁྱེན་པ་ཉག་ཅིག་གི་སྤྱོད་ཡུལ་ཡིན་པ་ལ། ས་བཅུའི་མགོན་པོས་ཀྱང་དཔག་པར་དཀའ་བའི་རྒྱུ་མཚན་ཅི་ལགས་ཞུས་པས། སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྟོག་པའི་སྤུ་རིས་མི་འདྲ་བ་སྣ་ཚོགས་སུ་སྐྱེ་བས། ལས་སྣ་ཚོགས་སུ་ཚོགས་པས་སངས་རྒྱས་མ་གཏོགས་པ། ས་བཅུའི་མགོན་པོས་ཀྱང་མི་མཁྱེན་པས། འདུལ་བ་ལ་བསླབ་པའི་གཞི་བཅའ་བ་ཐམས་ཅད་མཁྱེན་པ་ཉག་ཅིག་གི་སྤྱོད་ཡུལ་ཡིན་པ་དང༌། གསང་སྔགས་སུ་རྡོ་རྗེའི་ལུས་ལ་རྩ་གང་གནས་སུ་རླུང་གནས། རླུང་གང་གནས་པར་བྱང་ཆུབ་ཀྱི་སེམས་གནས་ཚུལ་རྡོ་རྗེའི་ལུས་ཀྱི་གནས་ལུགས་མཐར་ཐུག་ཐུགས་སུ་ཆུད་པ་རྡོ་རྗེ་འཆང་ཉག་ཅིག་གི་སྤྱོད་ཡུལ་ཡིན་ཏེ། ས་བཅུའི་མགོན་པོས་ཀྱང་མཐར་ཐུག་ཏུ་མི་རྟོགས་གསུངས། འོ་ན་ཤཱ་རིའི་བུས་དྲི་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་ལན་འདེབས་པའི་སྤོབས་པ་ཤེས་རབ་སྙིང་པོར་གསུངས་པ་སྙམ་ན། དེ་ཉིད་ཀྱང་དེ་བཞིན་གཤེགས་པའི་བྱིན་རླབས་ཡིན་ཏེ། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །གསུངས།། ཆོས་ཐམས་ཅད་རྐྱེན་ལ་ལྟོས་པས་ཐམས་ཅད་ལུང་མ་བསྟན་ཡིན་ན། སངས་རྒྱས་ཀྱང་ལུང་མ་བསྟན་དུ་མཆིའམ་ཞུས་པས། སངས་རྒྱས་ལ་གདུལ་བྱའི་སེམས་ཅན་རྣམས་ཀྱིས་མཐོང་ཚུལ་ཐ་དད་པས་འཕྲིན་ལས་ཀྱི་འཇུག་སྒོ་མ་ངེས་པས་ན། དེ་ཙམ་ཞིག་ལུང་མ་བསྟན་དུ་གསུངས།།

ཆོས་ཀྱི་འཁོར་ལོ་གསུམ་པོ་སྔ་མ་ལ་ཕྱི་མའི་ས་བོན་དུ་བཞག་པར་གསུངས་པས། ས་བོན་གཉིས་པོ་གང་ལགས་ཞུས་པས། བདེན་བཞིའི་སྐབས་སུ་ཀུན་འབྱུང་ཤེས་ཟིན་ཤེས་པར་བྱ་བ་གཞན་མེད་གསུང་བ་ལ་སོགས་པ་བཞི་པོ་མཚན་མ་མེད་པའི་ས་བོན་ཡིན་ལ། མཚན་མ་མེད་པའི་སྐབས་སུ། སེམས་དང་ཡིད་དང་རྣམ་ཤེས་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་འདྲེན་པ་རྣམས་ཀྱིས་གསུངས། །ངེས་དོན་གྱི་ས་བོན་ཡིན་གསུངས། ངེས་དོན་གྱི་གོ་བ་མཚན་མ་མེད་པ་ཉིད་དུ་ངེས་ཤིང༌། གཙང་བ་རྟག་པ་བདེ་བ་བདག་དམ་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། འདས་པ་ལ་མི་སེམས་མ་འོངས་པ་ལ་ཡིད་མི་འཇུག ད་ལྟར་བ་ལ་རྣམ་པར་ཤེས་པ་མི་གནས་པ་ནི་ངེས་དོན་ཡིན་གསུངས།།

ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས།། ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །གསུངས་པ་དེ། །ཇི་ལྟར་ལགས་ཞུས་པས། དེ་ལེན་པའི་རྣམ་པར་ཤེས་པ་ད་ལྟར་སྐྱེ་བཞིན་པའི་རྣམ་པར་རྟོག་པ་རིག་རིག་ཏུར་ཏུར་པོ་འདི་རང་ཡིན། དེ་ཟབ་ཅིང་ཕྲ་བ་རྟོགས་པར་དཀའ་བ་ཡིན། ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ་པ་ནི། རིག་རིག་ཏུར་ཏུར་པོ་དེ་ལ་སོགས་པ་ཡིན། ཉན་ཐོས་རྣམས་ལ་མ་བསྟན་པ་ནི། ཉན་ཐོས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། མ་བསྟན་པ་ཡིན་གསུངས།།

གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་ན་དེ། །གསུང་བའི་དོན་ཇི་ལྟར་ལགས་ཞུས་པས། འདི་རང་སངས་རྒྱས་ལ་གསུངས་པ་ཡིན་ཏེ། ཕྱི་གཟུང་བའི་ཡུལ་མི་འཛིན་པ་ནི། གཟུང་དོན་རྟོག་པ་སྤོང་བ་ཡིན་ལ། འཛིན་པ་མི་སྤོང་བ་ནི་དབེན་པའི་གནས་སུ་ཁོ་རང་གི་ཏིང་འཛིན་ལ་ངོ་མཚར་དུ་འཛིན་ཅིང་དེ་ཉིད་ཀྱི་རྒྱུན་མི་གཏོང་བ་དེ་ཡིན། རང་ཉིད་ཀྱི་རྒྱུད་ལ་སྦྱར་ན། ལུས་སེམས་སྟོང་པར་རྟོགས་པ་གཟུང་འཛིན་རྟོག་པ་སྤངས་པ་ཡིན། དེ་ཉིད་བསྒོམས་པས་ཉམས་མྱོང་བཟང་པོ་སྐྱེས་པ་ལ། བདག་ཏུ་འཛིན་ཅིང་འབྲལ་བར་མི་འདོད་པ་ནི་འཛིན་པ་མི་སྤོང་བ་ཡིན་གསུངས།།

གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་ཞིག་ཞུ་ཞུས་པས། གང་ཟག་གི་བདག་མེད་ཕུང་པོ་ལྔ་བདག་མེད་དུ་རྟོགས་པ་ཡིན་ལ། ལམ་འཕགས་པའི་བདེན་པས་འགོག་པ་བྱང་ཆུབ་ཐོབ་པར་འདོད་པའི་ཆོས་ཞིག་ཡོད་པར་འདོད་དེ། དེ་མ་གྲུབ་པར་རྟོགས་པ་ཆོས་ཀྱི་བདག་མེད་ཡིན་གསུངས།།

དྲང་དོན་ལ་སོགས་པ་མཐའ་དྲུག་པོ་ལ། རྗེ་རིན་པོ་ཆེའི་བཞེད་པ་དང༌། གཞན་གྱི་འདོད་ལུགས་གང་ལགས་ཞུས་པས། གཞན་གྱིས་སངས་རྒྱས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་མེད་དེ་སེམས་ཅན་འགའ་ཞིག་གིས་སྣང་བ་ལ། དྲང་དོན་ཡིན་ཏེ། འདིར་ནི་སེང་ལྡེང་གི་ཚལ་བ་རྒྱུ་སོང་གི་འབྲས་བུ་ཡིན་པས། ངེས་དོན་དུ་བཞེད། གཞན་གྱིས་སེང་ལྡེང་གི་ཚལ་པ་ཟུག་པ་མེད་ལ། ཟུག་གསུངས་པས་ཟུག་པར་བསྟན་གསུངས་པས། སྒྲ་ཇི་བཞིན་པ་མ་ཡིན་པར་འདོད་དེ། འདིར་ནི་ཟུག་པ་ལ་ཟུག་པར་བཟུང་བས་སྒྲ་ཇི་བཞིན་པར་བཞེད། གཞན་གྱིས་སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་མ་ཡིན་ཏེ། སེམས་ཅན་འགའ་ཞིག་འདྲེན་པའི་དོན་དུ་གསུངས་པས། དགོངས་པ་ཅན་དུ་འདོད་དེ། འདིར་ནི་གཤིས་དང་བབས་སུ་ངེས་གསུངས་པས། དགོངས་མིན་དུ་བཞེད་གསུངས།།

བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྒྱ་རིམ་པ་བདུན་གྱིས་བཏབ་པའི་རྒྱ་བདུན་པོ་དེ་གང་ལགས་ཞུས་པས། དཔེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་གསུམ་ལ་སོགས་པ་ཡིན། དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་འདི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ལ། རྒྱ་རིམ་པ་བདུན་པོ་དེ་ནི་རྣམ་ཤེས་ཚོགས་དྲུག་ཉོན་མོངས་པ་ཅན་གྱི་ཡིད་དང་བདུན་ཡིན་གསུངས།།

ནད་ཀྱི་ངོ་བོ་གང་ཡིན་པ་དེ་གསོལ་བ་འདེབས་པའི་བླ་མར་བསྒོམ་གསུང་བ་དེ་གང་ལགས་ཞུས་པས། ནད་ཀྱི་སྟོབས་ཅི་ཙམ་དྲག་པ་དེ་ཙམ་དུ་ན་ས་དེ་རང་དུ་འཇིག་རྟེན་མགོན་པོ་ཤིན་ཏུ་གསལ་བར་བསྒོམས་ན། ནད་འདུས་བྱས་འཇིག་པ་ཡིན་གསུངས།།

ས་བཅུའི་མགོན་པོ་ལ་འཁོར་དུལ་བ་མཐའ་ཡས་པ་མང་བ་དེ། དང་པོ་ནས་རྒྱུད་དག་པ་ཤ་སྟག་འོང་བ་ལགས་སམ་ཞུས་པས། རྒྱུད་དག་པ་འོང་བ་ཡིན། ས་བཅུའི་མགོན་པོས་འཕྲིན་ལས་ཀྱི་འཇུག་སྒོ་ཡོད་པ་ཐམས་ཅད་མི་འདུལ་བ་མེད་པ་ཡིན་གསུངས།།

སེམས་ཅན་ཐམས་ཅད་རིམ་གྱིས་འཚང་རྒྱ་བར་འདུག་པ་ལ། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད་གསུངས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། འཁོར་བ་ནི་མཐའ་བྲལ་ཡིན་ལ། སེམས་ཅན་ལ་མཐའ་མེད་པས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད་པ་ཡིན་གསུངས།།

ལམ་གཏོང་གི་སྐབས་སུ་བདག་གི་ནད་འདིས་ནད་འདི་ལྟ་བུས་ཉེན་པའི་སེམས་ཅན་གྱི་ཉོན་མོངས་པ་དག་པར་གྱུར་ཅིག་ཅེས་ལམ་དུ་བཏང་བ་ལ་ནད་དེ་རང་གིས་དག་པ་ཡིན་ནམ། ཉོན་མོངས་པས་ཉོན་མོངས་པ་དག་པ་མ་བདེ་ཞུས་པས། བདག་གི་ནད་འདི་ལྟ་བུའི་ནད་ཀྱིས་ཉེན་པའི་སེམས་ཅན་གྱི་སྡུག་བསྔལ་དེ་བདག་གི་འདིས་འཁོར་བར་གྱུར་ཅིག་ཅེས་པ་དང༌། ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དག་པར་གྱུར་ཅིག་ཅེས་པའི་ལྷག་བསམ་རྣམ་པར་དག་པ་དེ། རང་དང་ཕ་རོལ་གྱི་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཡིན་གསུངས།།

ཞེ་སྡང་གི་རྟོག་པ་ཉམས་སུ་བླངས་པས་སངས་རྒྱས་པའི་དུས་སུ་འཁོར་ཞེ་སྡང་ཅན་རྣམས་འདུལ་བར་གསུངས་པ་ལ། སེམས་ཅན་ཐམས་ཅད་ལ་ཞེ་སྡང་ཡོད་པ་ལ་འགའ་ཞིག་གདུལ་བྱར་འོང་བ་དེ་སྔོན་ཞེ་སྡང་ལ་གནད་དུ་བསྣུན་པའི་དུས་སུ། གདུལ་བྱ་དེ་རྣམས་ཀྱི་རིགས་མཐུན་གྱི་རྒྱུ་དགོས་པ་ལགས་སམ་ཞུས་པས། ལམ་ཉམས་སུ་ལེན་པའི་དུས་སུ་ཡུལ་ཕ་རོལ་གྱི་མི་སྙན་པ་སྨྲས་ན་སྐད་ཅིག་མ་སྔ་མ་ལ་ཞེ་སྡང་ཐོལ་གྱིས་སྐྱེས་ན། ཕྱི་མ་ཞེ་སྡང་འདིས་འདི་ལྟ་བུའི་སེམས་ཅན་གྱིས་གཙོ་བྱས་པའི་སེམས་ཅན་གྱི་ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་དག་པར་གྱུར་ཅིག་ཅེས་པའི་ལྷག་པའི་བསམ་པ་རྣམ་པར་དག་པ་དེས་ཡུལ་དེ་བྱིན་གྱིས་བརླབས་པས། ཕ་རོལ་དེས་འདི་ལ་ཚིག་ངན་སྨྲས་པ་མ་ལེགས་སྙམ་པ་ལ་སོགས་པ་བསམ་པ་བཟང་པོ་སྐྱེས་ནས་ཕྲིན་ལས་ཀྱི་འཇུག་སྒོ་བྱུང་བས་གདུལ་བྱའི་རྒྱུ་དེ་ཡིན་ལ། ཞེ་སྡང་གི་རྐྱེན་བྱས་པ་ལ་གནད་དུ་བསྣུན་པས། དེའི་རིགས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱེད་པ་ཡིན་པ་དང༌། སྤོང་སེམས་བརྟན་པོ་སྐྱེས་པའི་དུས་སུ་བདག་གི་འདིས་ཚུལ་ཁྲིམས་འཆལ་བའི་སེམས་ཅན་གྱི་གཙོ་བོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དག་པར་གྱུར་ཅིག་ཅེས་གནད་དུ་བསྣུན་པས་ཚུལ་ཁྲིམས་དང་ལྡན་པ་རྣམས་འཁོར་དུ་འོང་ཞིང༌། ཚུལ་ཁྲིམས་འཆལ་བ་ཅན་གྱི་རིགས་ཅན་རྣམས་ཀྱི་རྒྱུད་སྨིན་པ་དང་གྲོལ་བར་བྱེད་པ་འོང་གསུངས།།

བླ་མའི་དྲུང་ན་ནི་མེད། རྒྱང་ནས་གུས་པའི་སྒོ་ནས་མཆོད་པ་བཟང་པོ་ཕུལ་ན། བླ་མ་ལ་མཐོང་སྣང་ཇི་ལྟར་མཆི་ཞུས་པས། བླ་མ་ལ་རག ཇོ་བོ་རྗེས་དགེ་བཤེས་སྟོན་པ་ལ། རྒྱ་གར་ན་ངའི་སློབ་མ་དགེ་ཚུལ་ཞིག་གིས་ང་ལ་མཆོད་པ་འབུལ་དྲིལ་བུ་བསིལ་གསུང་བ་ལ། དགེ་བཤེས་སྟོན་པས་སྙན་གཏད་པས་ཀྱང་མ་གསན་པར་གདའ་གསུངས།།

བླ་མ་སྒོམ་པའི་དུས་སུ་གདན་མ་གསལ་ན། བླ་མ་ཡང་མི་གསལ་བའི་རྒྱུ་མཚན་ཅི་ལགས་ཞུས་པས། དེ་ཙུག་འོང་བ་ཡིན་ཏེ་གདན་རྩེགས་བསྒོམ་པ་གནད་ཟབ། བླ་མ་གསལ་ནས་གདན་མ་གསལ་ན་རྣལ་འབྱོར་པ་དེའི་ཤུལ་ངན་པར་འོང་ལ། གདན་དེ་གདུལ་བྱའི་ངོ་བོ་ཡིན་གསུངས།།

སངས་རྒྱས་པའི་དུས་ཀྱི་མི་ཟད་པ་རྒྱན་གྱི་འཁོར་ལོ་ལམ་ཉམས་སུ་ལེན་པའི་དུས་སུ་བསྒྲུབ་དགོས་ལ། སེམས་བསྐྱེད་པ་དང་རྟོགས་པས་ཁྱད་པར་དུ་བྱས་པའི་རྟོག་པ་ཆུད་མི་ཟ་བར་འདོད་པ་དང་འཁོར་བ་ཐོག་མ་མེད་པ་ནས་ཀྱི་རྟོག་པ་ཆུད་མི་ཟ་བར་འདོད་པ་གང་ལགས་ཞུས་པས། སེམས་བསྐྱེད་པ་དང་རྟོག་པས་ཁྱད་པར་དུ་བྱས་པའི་རྟོག་པ་ཆུད་ཟ་བ་མ་ཡིན་ལ། ཐོག་མ་མེད་པ་ནས་ཀྱི་རྟོག་པ་ཆུད་མི་ཟ་བ་བདེ་སྟེ། ཐོག་མའི་བག་ཆགས་གཤིས་སམ་རྒྱུད་ལ་བག་ལ་ཉལ་དུ་ཡོད་པ་དེ་ལམ་ཉམས་སུ་ལེན་པའི་དུས་སུ། གཉེན་པོའི་རྐྱེན་གྱིས་སློངས་པ་དེ་སེམས་བསྐྱེད་པ་ལ་རྟོག་པས་ཁྱད་དུ་བྱས་ཤིང༌། གནད་དུ་བསྣུན་ཅིང་སངས་རྒྱས་པའི་དུས་སུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འོང་བས་ན་གསུམ་ག་བདེ། རྟེན་གྱི་གང་ཟག་ཅིག་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་དུས་སུ་འཁོར་བ་ཐོག་མ་མེད་པ་ནས་ཀྱི་བག་ཆགས་རྣམས་མི་ཟད་པ་རྒྱན་གྱི་འཁོར་ལོ་འོང་སྟེ། རྟོག་པ་རེ་རེ་སངས་རྒྱས་རེ་རེ་ཡིན་གསུངས།།

འཁོར་བ་ཐོག་མ་མེད་པ་ནས་བག་ཆགས་འདི་གློ་བུར་བར་འོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། རྐྱེན་གློ་བུར་བས་སློང་བས་ན་གློ་བུར་བར་འོང་གསུངས།།

སྔོན་གྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཚེ་ཉི་མ་དང་ཟླ་བ་ལྟ་བུ་ཐུབ་པ་དེ་ཏིང་ངེ་འཛིན་ནམ་ཐུགས་དམ་ཞིག་ལ་གནད་དུ་བསྣུན་པ་ལགས་སམ་ཞུས་པས། ཕ་ལས་ཐོབ་པ་དང་མ་ལས་ཐོབ་པའི་དཀར་དམར་གཉིས་གནས་མ་འཆུགས་ན། ཚེ་ཉི་མ་དང་ཟླ་བ་ལྟ་བུ་ཐུབ། འདི་ལ་རླུང་སེམས་ལ་དབང་ཐོབ་པ་ཞིག་དགོས་པ་ཡིན་གསུངས།།

སངས་རྒྱས་རྣམས་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་དུས་སུ། ཅིས་ཀྱང་ཐོ་རངས་སུ་ངེས་པ་ལགས་སམ་ཞུས་པས། ཅིས་ཀྱང་ཐོ་རངས་སུ་ངེས་པ་ཡིན། མདོར་ན་ནད་པ་གཅིག་ལ་དམིགས་པ་བསྒོམ་ན་ཐོ་རངས་སུ་ཟིན་ཅིང་ནད་ཕན་པ་དང༌། ཐོ་རངས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པའི་དུས་ཡིན་པ་དང༌། རྩ་ཐམས་ཅད་སྟོང་པར་ཡོད་པས་སེམས་བསྐྱེད་སྒོམ་ན་རྩ་རླུང་བྱང་ཆུབ་སེམས་ཀྱི་རྩ་རླུང་དུ་འོང་བས། ལུས་ངག་ཡིད་གསུམ་བྱང་ཆུབ་སེམས་ཀྱིས་དབང་བྱས་པའི་ལུས་ངག་ཡིད་གསུམ་དུ་འོང་བས་ན་ཐོ་རངས་ཤིན་ཏུ་གནད་ཟབ་པ་ཡིན་གསུངས།།

འཁྲུལ་འཁོར་ཡང་དཀྱིལ་མོ་ཀྲུང་དུ་ངེས་པ་ལགས་སམ་ཞུས་པས། འོད་གསལ་བ་དེ་ཐོབ་པར་མ་གྱུར་ཚེ། དཀྱིལ་མོ་ཀྲུང་དེ་བཤིག་པར་མི་བྱ་གསུང་བའམ། རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས་གསུངས་པས། འཁྲུལ་འཁོར་ཡང་དེ་རང་དུ་ངེས་པ་ཡིན་ཏེ་གསུངས།།

དེ་བཞིན་གཤེགས་པ་འཁྲུལ་འཁོར་གྱི་རྗེས་སུ་འབྲང་གསུང་བར་འདུག་པས། དེ་ཅི་ཙུག་ལགས་ཞུས་པས། དེ་ཡིན་གྱིས་དེ་བཞིན་གཤེགས་པས་འཁྲུལ་འཁོར་སེངྒེའི་ཉལ་སྟབས་མཛད་པས། དེང་སང་གདུལ་བྱ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་སྟེ། ཕྲིན་ལས་ཆེ་བར་བྱུང་གསུངས།།

སངས་རྒྱས་སྟོང་རྩ་གཉིས་ཀྱིས་རྡོ་རྗེའི་གདན་དུ་སྐུ་རྒྱབ་བརྟེན་པའི་བྱང་ཆུབ་ཀྱི་ཤིང་གཅིག་ལགས་སམ། སྟོང་རྩ་གཉིས་ཀྱི་ངོ་བོ་ཅི་ཙུག་ལགས་ཞུས་པས། གཅིག་སངས་རྒྱས་སྟོང་རྩ་གཉིས་རྡོ་རྗེའི་གདན་འདི་ཉིད་དུ་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་ནས་སངས་རྒྱས་པ་ཡིན་གསུངས།།

ཆེན་པོ་གསུམ་གྱིས་མ་རེག་པའི་རྟོགས་པ་དེ་གང་ལགས་ཞུས་པས། དེ་གསུམ་གྱི་ཚིག་གིས་བཀབ་པའི་བློས་བྱས་མ་ཡིན་པའི་རྟོགས་པ་མངོན་དུ་གྱུར་པ་དེ་ཡིན་གསུངས།།

རྨི་ལམ་དུ་དགེ་བ་སྟོབས་ཆེ་ལ་མི་དགེ་བ་སྟོབས་ཆུང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། འདི་ཞེ་འདོད་ཀྱིས་ཕུལ་བ་ཡིན། རྨི་ལམ་གཉིད་ཀྱི་ཁྱད་པར་དུ་བྱས་པས། གཏི་མུག་གི་རང་བཞིན་ཡིན། དགེ་བ་སྐྱེ་བ་དཀོན་པས། མུན་ཁུང་གི་གློག་དང་འདྲ་བས། དགེ་བ་སྟོབས་ཆེ་བར་གསུངས་པའི་རྒྱུ་མཚན་དེ་ཡིན་གསུངས།།

མོས་གུས་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་ལགས་ཞུས་པས། ལྟ་བ་རྣམ་པར་དག་པ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་དེ་ཡིན། རྒྱུ་འབྲས་ཀྱི་ཚོགས་པ་འབྱུང་བས་སྤྱོད་པ་རྣམ་དག་ཚུལ་ཁྲིམས་རིན་པོ་ཆེ་ཡིན། བླ་མའི་མོས་གུས་ཀྱང་དེ་ཡིན། དེ་དང་ཤེས་པ་འབྲལ་བ་མེད་པར་བྱེད་པ་སྒོམ་པ་ཡིན་གསུངས།།

ཕ་རོལ་ཏུ་ཕྱིན་པར་ཟས་གོས་སྨད་དཀྲིས་སྨན་བཞིན་བསམ་པ་དང༌། གསང་སྔགས་སུ་ལྷག་པའི་ལྷར་བསྐྱེད་ནས་མཆོད་པའི་ཚུལ་དུ་ལོངས་སྤྱོད་པ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། ཁྱད་ཡོད་ཕ་རོལ་ཏུ་ཕྱིན་པར་སྨད་དཀྲིས་སྨན་བཞིན་བསམ་པས་ཆགས་ཞེན་ལྡོག་པ་ཡིན། ཐེག་པ་ཆེན་པོ་གསང་སྔགས་སུ་ཞིང་བསམ་དངོས་གསུམ་སངས་རྒྱས་སུ་བསྒྲུབ་པའི་ཐབས་ལ་མཁས་པས་ཁྱད་པར་དུ་བྱས་པ་ཡིན་གསུངས།།

ལུས་ལྷག་པའི་ལྷ་གདོད་མ་ནས་ཡིན་པ་ལ། མི་གཙང་བའི་རྫས་སུ་འདུ་ཤེས་བསྐྱེད་པས། ཕུང་པོ་སངས་རྒྱས་ལ་སྨོད་པའི་ལྟུང་བ་མི་འབྱུང་བ་ལགས་སམ་ཞུས་པས། ལུས་མི་གཙང་བའི་རྫས་སུ་དྲན་པ་ཉེ་བར་བཞག་པ་ལས་བདག་ཏུ་འཛིན་པ་ལྡོག་པ་ཡིན་པས། བདག་མེད་རྟོགས་པའི་ཐབས་ཡིན། བདག་མེད་སངས་རྒྱས་ཡིན། ལྷག་པའི་ལྷ་དེ་ཉིད་ཀྱང་བདག་ཏུ་འཛིན་ན་ཕུང་པོ་སངས་རྒྱས་ལ་སྨད་པ་ཡིན་པས་རྩ་ལྟུང་འབྱུང༌། དེ་ལྟར་ཡང༌། ལྷ་འདོད་ཆགས་སྐྱེས་ན་ཡི་དྭགས་ཡིན། །ལྷ་ཞེ་སྡང་སྐྱེས་ན་དམྱལ་བ་ཡིན། །ལྷ་གཏི་མུག་སྐྱེས་ན་དུད་འགྲོ་ཡིན། །ལྷ་དུག་ཏུ་སོང་ན་མི་དགེ་བས། །དེ་བས་ལྷ་ལ་བྱ་ར་གཅེས་གསུངས།།

ཤེས་པ་སྟོད་ན་འོད་གསལ་ཟིན་ཡང་ཁམས་ལྡོག་པར་འདུག སྨད་ན་གཉིད་དུ་འགྲོ་བར་འདུག་པས། འོད་གསལ་ཟིན་པ་དང་ཁམས་མི་ལྡོག་པའི་ཐབས་གང་ལགས་ཞུས་པས། འདི་ཁྲིད་ཀྱི་དུས་སུ་སྨྲས་པ་ཡིན་མོད། སྒྲིམ་དང་གློད་པའི་མཐའ་དང་བྲལ་བས་འོད་གསལ་ཟིན་པ་ཡིན། ཁམས་མི་ལྡོག་པར་བྱེད་པ་ལ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་གནད་ཟབ་པ་ཡིན་གསུངས།།

རབ་ཏུ་གནས་པ་བྱེད་པའི་དུས་སུ་ཚད་མེད་བཞིའི་ཏིང་ངེ་འཛིན་ལས་ལངས་པའི་དུས་སུ། མེ་ཏོག་གཏོར་གསུང་བ་ལ། སྙིང་རྗེའི་ཏིང་ངེ་འཛིན་གྱི་སྟོབས་སྐྱེས་པས་གཏོར་ན་རྩུབ་པར་མཆིའམ་ཞུས་པས། རབ་གནས་ཀྱི་སྐབས་སུ་ཕྲག་དོག་མེད་པ་གལ་ཆེ། ཕྲག་དོག་མེད་ན་མཉམ་པ་ཉིད་ལ་ཚད་མེད་པ་བཞི་སྐྱེ། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་བྱམས་པ་ཚད་མེད་པ་ལས་འབྱུང་བས་ཟབ་པ་ཡིན་གསུངས།།

དེ་བཞིན་གཤེགས་པའི་ཕྲིན་ལས་བྱེད་པ་དང་བཅས་པ་དང༌། བྱེད་པ་མེད་པ་གང་ལགས་ཞུས་པས། དེ་གཉིས་ཀ་འདོད་པ་ཡང་ཡོད་དེ། རྗེ་རིན་པོ་ཆེས་མཐའ་བྲལ་དུ་བཞེད་གསུངས།།

གསང་བའི་བདག་པོའི་ཕྱག་གི་རྡོ་རྗེ་དེ་ཁོང་རང་མིན་པས་མི་ཐེག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། དེ་བཞིན་གཤེགས་པ་ལམ་ཉམས་སུ་ལེན་པའི་དུས་སུ་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་སྙན་ལ་གསང་བདག་གྲུབ་པ་ཡིན། རྣ་བ་རླུང་ཡིན། རླུང་གཏུམ་པོ་ཁྲོ་བོར་བྱུང་བ་ཡིན། འདོགས་པར་བྱེད་པ་རླུང་ཡིན། དེ་ལ་དབང་ཐོབ་པས་ཐེག་པ་ཡིན། རྡོ་རྗེ་འདུས་མ་བྱས་ཡིན་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པས་གཞན་གྱིས་མི་ཐེག་པའི་རྒྱུ་མཚན་དེ་ཡིན་གསུངས།།

ཕོ་མོར་གྲུབ་པ་ལ་བར་དོར་ཆགས་སྡང་གཉིས་སོ་སོར་སྐྱེ་བར་འདུག་པ་ལ། མ་ནིང་དུ་སྐྱེ་བ་གྲུབ་པའི་རྒྱུ་མཚན་གང་ལགས་ཞུས་པས། མ་ནིང་དུ་སྐྱེ་བའི་ལས་བསགས་པ་དང༌། ཕོ་མོར་སྐྱེ་བའི་ཆགས་སྡང་རགས་པ་མ་སྐྱེས་པ་དེ་ཡིན་གསུངས།།

འཕོ་བའི་དུས་སུ་རྡོ་རྗེ་འཆང་གི་བཞུགས་གནས་ལ་མོས་པ་བསྐྱེད་པ་དང༌། དེ་ཉིད་ཀྱི་ཞབས་དྲུང་དུ་སྐྱེ་བཞིན་དུ་བདེ་བ་ཅན་ནམ་མངོན་པར་དགའ་བའི་ཞིང་དུ་འདུན་པ་གཏད་ན་དེར་སྐྱེ་བ་ལགས་སམ་ཞུས་པས། ཤིན་ཏུ་སྐྱེ་སྟེ་འདུན་པ་ཙམ་རིང་བའི་རྒྱུ། ཉེ་བའི་རྒྱུའི་དབང་དུ་བྱས་ན་དེར་སྐྱེ་བ་ལ་ལྟ་སྒོམ་སྤྱོད་པ་མཐུན་དགོས། བདེ་བ་ཅན་དུ་སྐྱེ་བར་བཞེད་པ་ལྟ་བ་རྣམ་དག སྤྱོད་པ་དགེ་བ་མ་ལུས་པ་བསྒྲུབ་པ་ནི་སྤྱོད་པ་རྣམ་དག །དེ་ཉིད་ཀྱི་རྒྱུན་སྒོམ་པ་ནི་སྒོམ་པ་རྣམ་དག དེ་གསུམ་དང་ལྡན་ན་ཞིང་དེར་ཅིས་ཀྱང་སྐྱེ་བ་ཡིན། གཞན་ཡང་སངས་རྒྱས་ཐོབ་པར་འདོད་པ་ལྟ་བ་རྣམ་དག དགེ་བ་མ་ལུས་པ་བསྒྲུབ་ཅིང་མི་དགེ་བ་མ་ལུས་པ་སྤོང་བ་སྤྱོད་པ་རྣམ་དག དེ་ཉིད་ཀྱི་རྒྱུན་ལ་རྩེ་གཅིག་ཏུ་གནས་པ་སྒོམ་པ་རྣམ་དག དེ་གསུམ་དང་ལྡན་ན་ཅིས་ཀྱང་སངས་རྒྱས། མགོན་པོ་ཕག་མོ་གྲུ་པའི་ཞལ་ནས། ལྟ་སྒོམ་སྤྱོད་པ་གཅིག་ན་སྐུ་གསུམ་རྒྱུན་ཆད་མེད་གསུངས། མདོར་ན་བསམ་པའི་རང་གཟུགས་ཡིན། ལྟ་སྒོམ་སྤྱོད་པ་མ་གཅིག་ན་ལྟ་བ་རྐྱང་པས་མི་འགྲུབ་སྟེ། མུ་སྟེགས་བྱེད་ལྷར་སྐྱེ་བར་འདོད་པ་ལྟ་བ་ཡིན། སྤྱོད་པ་ལྷ་རྟེན་གྱི་མདུན་ན་བ་ལང་བསད་ནས་མཆོད་པ་དང༌། སྒོམ་པ་དེ་ཉིད་ཀྱི་རྒྱུ་ལ་གནས་པས་ལྷར་སྐྱེ་བར་འདོད་དེ། ལྟ་སྒོམ་སྤྱོད་པ་མ་མཐུན་པས་ལྷར་སྐྱེ་མི་སྲིད། ཁོ་རང་ཚེ་འཕོས་ནས་བ་ལང་དུ་སྐྱེ་བ་དེ་གཞན་གྱིས་ཁྲིད་ནས་ལྷ་རྟེན་གྱི་མདུན་དུ་བསྐོར་བ་བྱེད་ཅིང་བསད་པའི་སྡུག་བསྔལ་མྱོང་བ། ཕྱིན་ཅི་ལོག་གི་བསམ་པའི་རང་གཟུགས་འགྲུབ་པ་ཡིན་གསུངས།།

དེ་ལྟར་ལྟ་སྒོམ་སྤྱོད་པ་མཐུན་པས་བདེ་བ་ཅན་དུ་སྐྱེ་ན། རིགས་ཀྱི་བདག་པོ་གང་འོང་ཞུས་པས། ཁྱོད་ཀྱི་བླ་མ་ཡང་ཡིན་ལ། ང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཡོད་པས། ཁྱོད་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྐྱེ་བར་འདོད་ན། བླ་མའི་གསུང་གི་རིགས་སུ་བྱུང་བའི་རྟགས་ཡིན་པས། རིགས་ཀྱི་བདག་པོ་བླ་མའི་གསུང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ཡིན་གསུངས།།

ཉིན་པར་གྱི་དུས་སུ་ཞེ་སྡང་གི་རྟོག་པ་སྐྱེས་པ་ཆུན་དཀའ་བར་འདུག་ལ། རྨི་ལམ་དུ་ཆུན་སླ་བར་འདུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཉིན་པར་བསམ་པ་རྩེ་གཅིག་ཏུ་མ་སོང༌། རྨི་ལམ་དུ་རྩེ་གཅིག་ཏུ་སོང་བ་ཡིན། བར་དོར་དེ་བས་ཀྱང་རྩེ་གཅིག་ཏུ་གནས་པས་རྨི་ལམ་དང་བར་དོའི་ཏིང་ངེ་འཛིན་སྟོབས་ཆེ་བས། རྨི་ལམ་ལམ་གྱི་ཚོད་འཛིན་ཡིན། སྲིད་པ་བར་དོར་རྡོ་རྗེ་གདན་ཡིད་ལ་བྱས་པ་ཙམ་གྱིས་སླེབས་པ་ཡིན་གསུངས།།

ནད་པ་ལ་ཕྱི་དྲོའི་ཁ་ཟས་ཉེས་མེད་དུ་གསུངས་པ་དེ་གཏན་མེད་པ་ལགས་སམ་ཞུས་པས། འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འདྲི། འདི་ལ་མུ་གཉིས་ཡིན། ཕ་ཇོ་སྐྱ་བོ་ལ་མཚོན་ན། ཟས་ལ་རྐམ་པ་མེད་ཅིང་ལུས་ལ་མ་ཆགས་པ་དང༌། འཆི་བས་འཇིགས་པ་མེད་ཅིང་སྐུ་དེས་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ནུས་པ་ཞིག་ལ་སེམས་ཅན་གྱི་དོན་དུ་གསོལ་བ་བཏབ་ནས་གསོལ་ན་ཉེས་པ་གཏན་མེད་ཡིན། དེ་ལས་བཟློག་པའི་རྐམ་ཆགས་དང་བཅས་པས་ཟོས་ན་ཉེས་པ་ཤིན་ཏུ་ཡང་ཡོད་པས་ཕན་པའི་དུས་སུ་བཤགས་པ་ཡིན་གསུངས།།

ཡང་དབེན་པའི་གནས་སུ་ཟས་བཅུད་ཆུང་གི་རིགས་ལ་ཡང་བཅུད་ཅན་གྱི་ནུས་པ་བསྐྱེད་པར་འདུག་ན་དེ་ཅི་ལགས་ཞུས་པས། དེ་འདྲ་བ་འོང་བ་ཡིན། ལྷག་པའི་བསམ་པ་རྣམ་པར་དག་པའི་ཏིང་ངེ་འཛིན་དང་ལྡན་པ་དང༌། སྤོང་སེམས་བརྟན་པས་འོང་བ་ཡིན། འདིའི་དུས་སུ་མཁའ་འགྲོ་མས་སྤོད་ལ་སོགས་པ་འདེབས། རྨི་ལམ་དུ་མི་མ་ཡིན་གྱིས་འཚོ་བ་འདྲེན་པ་ཡིན་ཏེ། འདི་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད། ངོ་སྲུང་སླ། ཕྱི་ཐག་རིང༌། མིའི་ཟས་བས་བཅུད་ཆེ། ཁམས་འཕེལ་ཏིང་ངེ་འཛིན་གྱི་སྟོབས་ཆེ། འདིའི་དུས་སུ་མི་དང་འབྲེལ་བཅད། རི་དང་གངས་ཁོ་ན་ལ་སྡོད་ཅིང་དགེ་སྦྱོར་གྱི་རྒྱུན་བསྲིངས་པས་རྣལ་འབྱོར་པ་ནམ་མཁའི་འབྲུག་ལྟ་བུ་འོང་བ་ཡིན། ང་འབུ་ལ་ཡང་སྔོན་འབའ་རོམ་ན་ཡོད་པའི་དུས་སུ་ཇ་ཐུང་འདོད་པར་བྱུང་བ་ལ་ཆུ་བསྐོལ་ནས་འཐུངས་པས་ཇ་བཟང་པོའི་ངད་པ་བྲོ་ཞིང་གོ་ཆོད་པར་བྱུང་བས་ཇ་ཡི་སྲེད་པ་ཆོད་པར་བྱུང༌། ཕྱིས་ཇ་ཕྱེ་བག་ཅིག་བྱུང་བ་བཀོལ་ནས་འཐུངས་པས་སྔོན་གྱི་དེ་དང་ཁྱད་མི་འདུག དེའི་དུས་སུ་དགེ་སྦྱོར་འཕེལ་བའི་གནད་དུ་སོང་བར་འདུག་གསུངས།།

ལུས་ལུས་མེད། སེམས་སེམས་མེད། སྣང་བ་སྣང་མེད་དུ་རྟོགས་ན། ཡོན་ཏན་གོང་མ་ལ་སྒྲིབ་པའི་སྒྲིབ་བྱེད་ཅི་ལྟ་བུ་ཞིག་ལགས་ཞུས་པས། དེ་ལྟར་སྣང་སེམས་དབྱེར་མེད་དུ་རྟོགས་པ་རོ་གཅིག་ཡིན། བསྒོམ་མེད་ཀྱི་སྒྲིབ་བྱེད་དེ་གཉིས་མེད་དབྱེ་བ་མེད་པའི་ཚུལ་དུ་རྟོགས་པ་སྐྱེ་བ་དེ་ཡིན་གསུངས།།

རང་ལ་ཡུལ་གང་ཡང་རུང་བ་ཞིག་གིས་ཞེ་སྡང་གི་སྒོ་ནས་མི་འཚམ་པ་བསྒྲུབ་པ་མཐོང་ངམ་ཐོས་པ་ལ་བྱམས་པ་སྐྱེས་ནས་དེ་ཉིད་བསྒོམ་པ་དང༌། ལྔ་ལྡན་གྱིས་ཉམས་སུ་ལེན་པ་གཉིས་གནད་གང་ཟབ་ཞུས་པས། དེ་ལྟ་བུ་མཐོང་བ་དང་ཐོས་པ་ལ་བྱམས་པ་སྐྱེས་པ་ན་དེ་ཉིད་ཀྱི་རྒྱུན་ལ་གནས་པ་ཟབ་གསུངས།།

ཞེ་སྡང་སྐྱེས་པ་ལྔ་ལྡན་གྱིས་ཉམས་སུ་བླང་བ་དང༌། ཞེ་སྡང་མ་སྐྱེས་པར་ལྔ་ལྡན་སྒོམ་པ་གཉིས་གནད་གང་ཟབ་ཞུས་པས། ཞེ་སྡང་སྐྱེས་པར་ཉམས་སུ་བླངས་ན་ཟབ་སྟེ། འཚང་རྒྱ་བའི་དུས་སུ་དེའི་རིགས་ཅན་གདུལ་བྱར་འོང་བ་ཡིན་གསུངས།།

ཉོན་མོངས་ཡུལ་རྐྱེན་ལས་སྐྱེས་པ་ཉམས་སུ་བླང་བ་དང༌། དགེ་སྦྱོར་གྱིས་སློང་བ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། ཡུལ་རྐྱེན་ལ་སྐྱེས་པ་སོ་སོ་ཐ་མལ་པ་ལ་ཡང་ཡོད། དགེ་སྦྱོར་གྱིས་སློངས་པ་གནད་ཟབ་སྟེ། ཉོན་མོངས་པ་བག་ལ་ཉལ་དུ་ཡོད་པ་དེ་དགེ་སྦྱོར་གྱིས་སློངས་པ་ཡིན་ཏེ། དགེ་སྦྱོར་ལ་གནད་དུ་སོང་བའི་རྟགས་ཡིན་གསུངས།།

མཉེས་པ་གསུམ་ལས་ལུས་ངག་གི་ཞབས་ཏོག་འབྲིང་དུ་གསུངས་པས། སངས་རྒྱས་པའི་དུས་སུ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་འོང་བ་མ་བདེ་ཞུས་པས། བསྔོ་བ་དང་སེམས་བསྐྱེད་ཀྱི་དབང་བྱས་པའི་ལུས་ངག་གི་ཞབས་ཏོག་བྱས་ན། དཀྱིལ་འཁོར་གྱི་ཕྱི་རིམ་པར་མི་འོང༌། ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རིམ་འགྲོ་བ་ཡིན་པ་སྐུ་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པ་སྟེ། ཕྱི་རིམ་པར་མི་གདའ། བསྔོ་བ་སེམས་བསྐྱེད་མ་དྲན་ཞིང་ཟས་གོས་གཅིག་པུ་དོན་དུ་གཉེར་བའི་ཆེད་དུ་ཞབས་ཏོག་བྱས་ན་ཕྱི་རིམ་པར་འོང་གསུངས།།

བླ་མ་ལ་ཆ་རྐྱེན་དངོས་པོ་འབུལ་རྒྱུ་ཡོད་ན། བསྔོ་བ་དང་སེམས་བསྐྱེད་གནད་དུ་འགྲོ་སླ་ཞིང༌། ལུས་ངག་གི་ཞབས་ཏོག་བྱས་པ་ལ་བསྔོ་བ་སེམས་བསྐྱེད་གནད་དུ་འགྲོ་དཀའ་བར་འདུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཡིད་ཆེས་སྐྱེས་མ་སྐྱེས་ཡིན། རྫས་ཀྱི་དངོས་པོ་དེ་རང་ཉིད་ལ་འཕངས་པར་ཡོད་པ་དེ། འབུལ་བ་སྨིན་ཕྲག་ཤིན་ཏུ་བསྡུས་ནས་བསྒོམ་ན་གནད་དུ་སོང་བ་ཡིན། ཞབས་ཏོག་བྱེད་པ་ལ་ཡང་བླ་མ་མཉེས་པའི་ཕྲིན་ལས་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་དེ་དགའ་སྙམ་ན་བསྔོ་བ་སེམས་བསྐྱེད་གནད་དུ་མི་འགྲོ་བའི་དོན་མེད་དེ། དེ་ལྟ་བུ་ཡིད་ཆེས་མ་སྐྱེས་པའི་རྟགས་ཡིན་གསུངས།།

སངས་རྒྱས་པའི་དུས་ན་ཕྲིན་ལས་མི་ཆུང་ཆེར་འགྲོ་བ་ལ། བྱང་ཆུབ་སེམས་དཔའ་འགའ་ཞིག་ཡུན་རིང་དུ་འཚང་མི་རྒྱ་བའི་སྨོན་ལམ་འདེབས་པའི་རྒྱུ་ཅི་ལགས་ཞུས་པས། རྗེ་རིན་པོ་ཆེའི་ཞལ་ནས། ང་འདི་ལ་དཔལ་ཆེན་པོའི་གྲུབ་མཐའ་ལ་འཐུ། ས་བཅུ་ཡོད་རིང་ལ་ཤེས་སྒྲིབ་ཀྱིས་མི་གླེ་གསུངས།།

རང་ལ་ནད་ཕོག་པའི་དུས་སུ་དམིགས་པ་བསྒོམ་པ་ལ་བླ་མའི་སྐུའི་རིམ་འགྲོར་བསྔོས་པ་དང༌། སེམས་ཅན་གྱི་དོན་དུ་བསྔོས་པ་གཉིས་ལ་ཁྱད་ཅི་ཡོད་ཞུས་པས། འདི་ལ་ནད་མ་སོས་པ་དང༌། སོས་པ་ཙམ་དང༌། ཡོན་ཏན་གྱི་གཏེར་འབྱེད་པ་དང་གསུམ་ཡིན། དངོས་གཞིའི་དམིགས་པ་བསྒོམ་པ་འདྲ་བ་ལ། སྦྱོར་བ་དང་རྗེས་ལ་གནད་དུ་བསྣུན་པས་ཁྱད་པར་དུ་བྱས་པས་ཡོན་ཏན་རིན་པོ་ཆེའི་གཏེར་ཁ་བྱེ་བ་ཡིན། རྗེ་རིན་པོ་ཆེའི་ཞལ་ནས་དངོས་གཞི་སབ་སོབ་ཕལ་མོ་ཆེ་ལ་ཡོད། ང་འབུ་སྦྱོར་བ་དང་རྗེས་ལ་ཐུགས་རྩིས་ཆེ་བ་ཡིན། དེས་ན་ལྔ་ལྡན་གྱིས་ཉམས་སུ་བླངས་ནས་དམིགས་པ་བསྒོམ་པས་བླ་མའི་སྐུའི་རིམ་འགྲོར་འགྲོ་ཞིང་ནད་སོས་པ་ཡོན་ཏན་རིན་པོ་ཆེའི་གཏེར་ཁ་བྱེ་ནས་འགྲོ་བའི་དེད་དཔོན་ཆེན་པོར་འགྲོ་བ་དང༌། ལོངས་སྤྱོད་ཀྱང་དེ་ལས་གྲུབ་པ་ཞིག་འོང་བ་ཡིན་གསུངས།།

དུས་གསུམ་སངས་རྒྱས་ཀུན་མཆོད་པས། བླ་མའི་བ་སྤུ་གཅིག་མཆོད་དགའ་གསུང་བར་འདུག་པས། བླ་མ་ལ་བཞེས་པ་ཞིག་འདྲེན་རྒྱུ་ཡོད་ན་བླ་མས་གསོལ་བ་དང༌། བླ་མ་ལ་གྲོགས་པོ་གཅེས་པ་ཞིག་བྱུང་བ་ལ་གཞན་སྟེར་རྒྱུ་ཡང་མེད། དེ་ཉིད་བྱིན་ན་བླ་མའི་ཐུགས་དགོངས་རྫོགས་པར་འདུག་ན། དེ་གཉིས་གང་ཟབ་ཞུས་པས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། བླ་མའི་བ་སྤུ་གཅིག་མཆོད་དགའ་གསུང་བ་དེ་ངེས་པ་ཡིན་ལ། མཆོད་པ་དེ་བླ་མ་གང་མཉེས་པར་བྱེད་པ་མཆོད་པ་ཡིན། དེ་ལྟར་ཡང༌། བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་དེ་ཀུན་སྤང་བར་ནི། །དེ་དག་དེ་ལ་བསླབ་པར་བྱ། །གསུངས་པས་བླ་མ་ལ་བཞེས་པ་ཞིག་འདྲེན་རྒྱུ་ཡོད་ན། བླ་མའི་མགྲོན་གཅེས་པ་དེ་ལ་གནང་བར་བཞེད་པ་ལ། ཅིས་ཀྱང་གསོལ་བར་ཞུས་པས་མི་མཉེས་བཞིན་དུ་གསོལ་བ་བས། བླ་མའི་མགྲོན་ལ་བྱིན་ན་བླ་མའི་ཐུགས་མཉེས་ཤིང་ཐུགས་དགོངས་རྫོགས་པར་འདུག་ན་བླ་མ་མཉེས། མཆོད་པ་ཡིན་པས་དེ་རང་བསོད་ནམས་ཤིན་ཏུ་ཆེ་གསུངས།

ལོག་པར་ལྟ་བ་ལ་ལོག་པའི་ལྟ་བར་ཤེས་པ་དེ་ཡང་དག་པའི་ལྟ་བ་ཡིན་གསུངས་པ་དེ་དེ་ལྟར་ལགས་སམ་ཞུས་པས། དེ་ཁོ་ན་ཡིན། ལོག་པའི་ལྟ་བ་ལ་ལོག་པའི་ལྟ་བར་མ་ཤེས་ན་ལོག་ལྟ་དེ་ཉིད་མཐར་ཐུག་ཏུ་འཛིན་ཅིང༌། དེ་ཉིད་ལ་ཡིད་འབྱུང་བའི་བསམ་པ་མི་འབྱུང་བ་དེ་ཉིད་རང་ལོག་ལྟ་ཡིན་གསུངས།།

རྡོ་རྗེ་གདན་དང་མ་ཡི་མངལ། །གཉིས་པོ་མ་གཏོགས་ཐོགས་མེད་རྒྱུ། །གསུངས་པ་དེ། རྡོ་རྗེ་གདན་གྱི་ངོས་འཛིན་དང་དེ་གཉིས་ལ་རྡུགས་པའི་རྒྱུ་མཚན་ཞིག་ཞུ་ཞུས་པས། རྡོ་རྗེ་གདན་རྒྱ་གར་གྱི་རྡོ་རྗེ་གདན་ལ་འདོད་པ་ཡང་ཡོད། རྡོ་རྗེ་གདན་དེ་ཡིན་ན་ཨ་ཙར་ཕྲུ་གུ་བདོག་པ་མང་པོ་ཡང་ཡོད་པ་དེ་རྣམས་ཀྱང་རྡུགས་དགོས། རང་གི་སེམས་ཉིད་རྡོ་རྗེའི་གདན་ཡིན། དེ་ལྟར་ཡང་སེམས་ཉིད་རྡོ་རྗེའི་གདན་དྲུང་ན་ཞེས་པ་དང༌། དེ་ཉིད་རྟོགས་པར་དཀའ་བ་ལ་དགོངས་པ་ཡིན། རྟེན་འབྲེལ་གྱི་ཚོགས་པ་དང་མི་ལྡན་ན་མའི་མངལ་ལ་ཡང་རྡུགས་པ་ཡིན། དེ་གཉིས་མིན་པ་གང་ལའང་མི་རྡུགས་པ་ཡིན་གསུངས།།

ཡོན་བདག་མོ་སློབ་དཔོན་ལ་ཆགས་པས། སློབ་དཔོན་ལ་ནི་ཉེས་པ་མེད་པ་ལ། མོ་ལ་སློབ་དཔོན་འདྲ་བའི་བུ་ཚ་གཙས་པས། སློབ་དཔོན་ལ་སྐུར་པ་བྱུང་བ་བསལ་བའི་ཆེད་དུ་སློབ་དཔོན་ཨརྻ་དེ་བས་ལམ་དུ་འགྲིམ་པའི་སྲང་དུ་མ་ཧེ་དམར་ཟལ་གྱི་གཟུགས་བྱས་ནས་བཞག་པ་དང༌། བ་རྣམས་ལ་བེའུ་མ་ཧེ་འདྲ་བ་སྐྱེས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། ཕ་མ་གཉིས་པོའི་ལུས་ལ་ན་བའི་སྡུག་བསྔལ་མེད་ཅིང་དགའ་བའི་ཏིང་ངེ་འཛིན་དང་ལྡན་ཞིང་ཟླ་མཚན་གྱི་དུས་ལ་གནས་པ་དང༌། བུད་མེད་དེ་སློབ་དཔོན་ལ་ཆགས་པའི་བསམ་པའི་རང་གཟུགས་སུ་ཡོད་པ་དང༌། བར་དོའི་རྣམ་ཤེས་དེར་སྐྱེ་བའི་ལས་བསགས་པ་དང་གསུམ་ཚོགས་ཀྱི་རྟེན་འབྲེལ་འགྲིགས་པས་བུ་སློབ་དཔོན་འདྲ་བ་བཙས་པ་ཡིན། ཕ་མ་དེ་ལྟ་བུ་དང་ལྡན་ཡང་བར་དོའི་རྣམ་ཤེས་དེར་སྐྱེ་བའི་ལས་མ་བསགས་ན་དེར་མི་སྐྱེ་སྟེ། མའི་མངལ་རྡུགས་གསུངས་པ་འདི་ལ་དགོངས་པ་ཡིན། དེ་དང་འདྲ། མ་ཧེ་དམར་ཟལ་ལ་ཆགས་པའི་བསམ་པའི་རང་གཟུགས་ཡོད་པ་དང༌། བར་དོའི་ཤེས་པ་དེར་སྐྱེ་བའི་ལས་བསགས་པ་དང༌། བེའུ་མ་ཧེ་འདྲ་བ་སྐྱེས་པ་ཡིན་གསུངས།།

དེང་སང་རོ་གཅིག་རྟོགས་པ་ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་དང་རྟོགས་ཚོད་མཉམ་པ་ཡོད་ཀྱང༌། སྤྲུལ་བསྒྱུར་ལ་སོགས་པ་མི་ནུས་ཤིང༌། ཉན་ཐོས་དང་རང་སངས་རྒྱས་ས་ལྔའམ་དྲུག་པའི་རྟོགས་ཚོད་དང་མཉམ་པ་ལས་མེད་ཀྱང་སྣང་བ་དང་མི་སྣང་བ་ལ་སོགས་པ་སྤྲུལ་བསྒྱུར་མང་པོ་ནུས་པའི་རྒྱུ་མཚན་ཅི་ལགས་ཞུས་པས། འདི་བསམ་གཏན་བཞི་ཡི་ཏིང་ངེ་འཛིན་རྫོགས་མ་རྫོགས་ཡིན། ལྷག་མཐོང་རོ་གཅིག་གི་རྟོགས་པ་ཡོད་ཀྱང༌། ཞི་གནས་ཀྱི་ཏིང་ངེ་འཛིན་མ་རྫོགས་ན་དེ་རྣམས་མི་འབྱུང་སྟེ། ཉན་ཐོས་དང་རང་སངས་རྒྱས་ཞི་གནས་འཇིག་རྟེན་གྱི་ཏིང་ངེ་འཛིན་ལ་གོམས་པས་ནམ་མཁའ་སར་བསྒོམས་ནས་དཀྱིལ་ཀྲུང་བཅའ་བ་དང༌། རྩིག་པ་ནམ་མཁར་བསྒོམས་ནས་ཐོགས་པ་མེད་པའི་རྒྱུ་དེ་ཡིན་གསུངས།།

རང་བཞིན་གཅིག་ཏུ་མ་ངེས་པས། །གང་ལྟར་བརྟགས་པ་དེ་ལྟར་སྣང༌། །བྱ་བ་དང༌། གཤིས་ལ་མི་གནས་ན་བལྟས་པས་མི་འགྱུར་བྱ་བའི་རྒྱུ་མཚན་ཞིག་ཞུ་ཞུས་པས། རང་བཞིན་གཅིག་ཏུ་མ་ངེས་ཞེས་པ་ནི། ཆོས་ཐམས་ཅད་གྲུབ་པ་མེད་པ་ལ་དགོངས་ལ། གང་ལྟར་བརྟགས་པ་དེ་ལྟར་སྣང་ཞེས་པ་ནི། གྲུབ་པ་མེད་པའི་ངང་ནས་ཇི་ལྟར་བསྒྲུབས་པ་ལྟར་འབྱུང་སྟེ། དེ་ལ་འཁོར་འདས་གཉིས་ཀྱང་ཇི་ལྟར་འབྱུང་བ་ཡིན། དོན་གཉིས་པ་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས་ཆུ་ལ་མི་བྱིང་བའམ། ནམ་མཁའ་དངོས་པོར་བསྒྲུབས་ནས་ཐལ་མོ་གདབས་པས་སྒྲ་འབྱུང་བ་ནམ་མཁའ་ལ་དངོས་པོ་ནི་མེད་སྙམ་ན། ཟད་པར་གྱི་ཏིང་ངེ་འཛིན་ཐོབ་པས་དེ་ལྟར་བྱུང་བ་ཡིན། རྟེན་འབྲེལ་དེ་རྒྱུ་མེད་པ་ལ་བལྟས་པས་བྱུང་བ་མ་ཡིན། རྒྱུ་བསྒྲུབས་པས་ཏིང་ངེ་འཛིན་སྐྱེ། དེ་འདྲིས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས་ཐོབ་པར་འགྱུར་བ་ཡིན། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཇི་ལྟར་བསྒྲུབས་པ་ལྟར་འབྱུང་གསུངས།།

ལས་དང་ཉོན་མོངས་པའི་སྒྲིབ་པ་སྔོན་ལ་སྤོང་ཞིང་ཤེས་བྱའི་སྒྲིབ་པ་ཕྱི་ནས་སྤོང་བར་གསུངས་པ་ལ། རྗེ་བཙུན་ཆེན་པོས་ཤེས་བྱའི་སྒྲིབ་པ་སྔོན་ནས་སྤོང་བའི་རྒྱུ་མཚན་ཅི་ལགས་ཞུས་པས། ཤེས་པར་བྱ་བའི་ཡུལ་སངས་རྒྱས་ལ་སྒྲིབ་སྟེ། སེམས་སྟོང་པར་རྟོགས་པའི་དུས་སུ་སྤངས་པ་ཡིན། དེ་ལྟར་ཡང་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཏེ། དེ་བས་གཞན་དུ་མ་ཚོལ་ཅིག་གསུངས། འོ་ན་ལས་དང་ཉོན་མོངས་པའི་སྒྲིབ་པ་སྤོང་མི་དགོས་པ་ཡིན་ནམ་སྙམ་ན། དེ་མིན་ཞོར་ལ་སྤོང་བ་ཡིན་གསུངས།།

ཤི་འཕོས་ནས་སྡོམ་པ་གཏོང་མི་གཏོང་ལ། གཞན་གྱི་འདོད་པ་དང་ཆོས་རྗེའི་བཞེད་ལུགས་བདེ་བ་ཞིག་ཞུ་ཞུས་པས། འཆི་འཕོ་བའི་དུས་སུ་སྡོམ་པ་གཏོང་བར་འདོད་པ་ལ། འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་ནས། ཚུལ་ཁྲིམས་ལ་ཉེས་པའི་སྐྱོན་མེད་པར་བསྲུངས་ན། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་སྡོམ་པའི་ངོ་བོ་དེ་མི་གཏོང༌། བསམ་པའི་རང་གཟུགས་ཡིན་པའི་གནད་ཀས་གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལ་ཉེས་པའི་སྐྱོན་མེད་པས་ཞིང་ཁམས་རྣམ་པར་དག་པར་མེ་ཏོག་པདྨ་ལ་ཆོས་གོས་གསུམ་དང་ལྷུང་བཟེད་དང་བཅས་ཏེ་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བ་སྡོམ་པ་མ་གཏོང་བ་ཡིན་གསུངས།།

སྡོམ་པ་གསུམ་གནད་གཅིག་པའི་གནད་ཀས་སོ་སོ་ཐར་པའི་སྡོམ་པ་ལ་སྐྱོན་བྱུང་ན་གཉིས་པོ་ལ་ཡང་སྐྱོན་འབྱུང་བ་ལགས་སམ་ཞུས་པས། གཉིས་པོ་ལ་ཡང་སྐྱོན་འབྱུང་སྟེ། སོ་སོ་ཐར་པའི་སྡོམ་པ་གནོད་པ་བཞི་དང་བཅས་པ་ལས་ལོག་པ་ཡིན་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། གསང་སྔགས་རིག་པ་འཛིན་པའི་སྐབས་སུ་ཡང་སེམས་ཅན་རྣམས་ལ་གནོད་པ་སྤོང་དགོས། བྱང་སེམས་དང་སྤོང་བ་དང་དད་པ་དང་ལྡན་པའི་སེམས་སུན་ཕྱུང་བ་ན་རྩ་ལྟུང་འབྱུང་བ་ཡིན་མོད་གསུངས།།

དམ་པའི་ཆོས་འདུལ་བར། ཆང་ནི་ཉེས་པ་སུམ་ཅུ་རྩ་དྲུག་དང་ལྡན། རྩ་མཆོག་གིས་ཀྱང་བླང་བར་མི་བྱའོ་གསུངས་པ། རྫས་དེ་མི་དགེ་བ་ཡིན་ནམ་ཞུས་པས། རྫས་དེ་ཉིད་ལ་དབང་པོ་བསྒྱུར་ནུས་པའི་མཐུ་དང་ལྡན་པས་དམ་པའི་ཆོས་འདུལ་བ་དང༌། ཐེག་པ་ཆེན་པོ་གསང་སྔགས་སུ་དབང་པོ་མྱོས་པ་བཀག་པ་ཡིན། འོ་ན་ཡེ་ཤེས་ཀྱི་བདུད་རྩིར་གསུངས་པ་ཅི་ཡིན་སྙམ་ན། གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས། དབང་པོ་མྱོས་པའི་ཉེས་པའི་སྐྱོན་བཅོམ་ནས་ཏིང་ངེ་འཛིན་གསལ་བ་དང་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབ་པ་ཡིན། དེ་འདུལ་བར་བཀག་པའི་སྐབས་མེད་གསུངས།།

བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གཞི་སྤྲོས་པ་དང་བྲལ་བར་གཅིག རྒྱུད་ལ་སྐྱེ་ཚུལ་དང་བྱེད་ལས་ཀྱི་ངོས་འཛིན་ཞུས་པས། བྱམས་པ་ཤིན་ཏུ་འཇམ་པས་བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འབྱུང་བ་དང༌། བྱེད་ལས་བདེ་བ་དང་ལྡན་པར་བྱེད། སྙིང་རྗེ་རྩུབ་པ་ཡིན། བྱེད་ལས་སྡུག་བསྔལ་དང་བྲལ་བར་བྱེད། བྱང་ཆུབ་ཀྱི་སེམས་ཀྱིས་རང་གཞན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པས། གཤིས་སྤྲོས་པ་དང་བྲལ་བ་ཐུན་མོང་ཡིན། རྒྱུད་ལ་སྐྱེ་ཚུལ་གྱི་ལས་མ་འདྲེས་པར་བསགས་པས་གང་ཡིན་ཡང་ལྔ་ལྡན་གྱིས་གནད་དུ་བསྣུན་ན་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་བསྒྲུབས་པས་ཆོག་པ་ཡིན་གསུངས།།

འཕོ་བ་སྒོམ་པའི་དུས་སུ་ཏིང་ངེ་འཛིན་རྩེ་གཅིག་ཏུ་གནས་དགོས་པ་ལ་སྦྱངས་པ་ཞན་པས་རྩེ་གཅིག་ཏུ་མ་གནས་ན་དྲན་པ་ཙམ་གྱིས་འཕོ་ནུས་སམ་ཞུས་པས། སྤྱིར་འཕོ་བ་འདི་གལ་ཆེ་སྟེ། འཆི་ཁར་གསལ་བ་ལ་ད་ལྟར་གྱི་དུས་སུ་བླ་མས་གང་བསྙད་པའི་དམིགས་པའི་རིམ་པ་ལ་གནད་དུ་སོང་བ་དང༌། དམ་ཚིག་དང་ལྡན་པ་ཞིག་དགོས་ཏེ། ད་ལྟར་ཡུལ་དམན་པ་ལ་མ་ཆགས་པ་དང༌། བླ་མ་བསྒོམ་པ་གནད་དུ་སོང་བའི་གོམས་པའི་སྟོབས་ཡོད་ན་འཆི་ཀར་འཕོ་བ་སྒོམ་པ་ལ་གནད་དུ་འགྲོ་བ་ལ་ཚེགས་མེད་དེ། གོམས་པའི་སྟོབས་གང་ཆེ་བའི་ཕྱོགས་སུ་འཕོ་བས་འཆི་ཀར་འཕོ་བ་གསལ་བར་འདོད་ན་ད་ལྟའི་དུས་སུ་འབད་པ་ཆེན་པོ་དགོས་པ་ཡིན། རྩེ་གཅིག་ཏུ་མ་གནས་ན་འཕོ་མི་ནུས། ལུས་བཅོས་ཏེ་འཕོ་བ་འདི་གནད་ཟབ་པས་དུད་འགྲོ་འཆི་བ་མཐོང་ན་ཡང་ལུས་བཅོས་ཏེ་འཁྲུལ་འཁོར་སེངྒེའི་ཉལ་སྟབས་བྱས་ན་ངན་སོང་དུ་ཕུལ་ཡང་མི་སྐྱེ་བར་གསུངས།།

ཡན་ལག་བདུན་པའི་སྐབས་སུ་སྲོག་གསུམ་གཏོང་བའི་མཆོད་པ་གསུངས་པའི་སྲོག་གསུམ་པོ་གང་ལགས་ཞུས་པས། བདག་ཏུ་འཛིན་པ་འཁོར་བའི་སྲོག ཉོན་མོངས་གསུམ་པོ་སྡུག་བསྔལ་སྲོག །ཡུལ་ལ་ཞེན་པ་འཆིང་བའི་སྲོག་དང་གསུམ་ཡིན་གསུངས།།

སྨོན་པ་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བར་བྱེད་པའི་རྒྱུ། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དུ་འདུག་ལ། ཁྱད་པར་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་མཛད་པ་བཞེད་པར་འདུག་པའི་རྒྱུ་མཚན་ཅི་ལགས་ཞུས་པས། སྨོན་པ་དེ་ཉིད་འགྲུབ་པ་རྒྱུ་ཅི་དགོས་སྙམ་ན། སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་སྐུ་དེ་ཉིད་ལ་སྐྱབས་སུ་འགྲོ་བའི་རྒྱུར་འོང་བ་ཡིན་གསུངས།།

བྱམས་པའི་བསྙེན་སྒྲུབ་ལས་སྦྱོར་འདི་ལྟར་ཡིན་བྱ་བ་ཞིག་ཞུ་ཞུས་པས། བྱམས་པ་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བ་ལས། ཤེས་པ་བྱམས་ལྷང་ངེ་བ་སྐྱེ་བ་བསྙེན་པ། བྱམས་པའི་ཤུགས་ཆེན་པོའི་རྒྱུན་ལ་གོམས་པར་བྱེད་པ་སྒྲུབ་པ། ཞེ་སྡང་ལ་སོགས་པ་མི་མཐུན་པའི་ཕྱོགས་ནམ་སྐྱེས་པའི་དུས་སུ་བྱམས་པའི་ཏིང་ངེ་འཛིན་གྱིས་དབང་བྱས་པ་ལས་སྦྱོར་ཡིན་གསུངས།།

ཕྱི་ཡུལ་དང་ནང་སེམས་ཅན་ལ་ཆགས་པ་དང་བྲལ་ན། དེ་ལས་ལྡོག་པ་ཆགས་པ་མེད་པའི་ཏིང་ངེ་འཛིན་སྐྱེ་བ་བཞིན་དུ། ཇའི་རོ་ལ་ཆགས་ཞེན་དང་བྲལ་ན། བྲལ་འབྲས་ཇི་ལྟར་མཆི་བ་ལ་སོགས་བཞི་པོ་ངོས་འཛིན་ཞུས་པས། ནང་སེམས་ཅན་མི་མོ་ནུ་མ་ཅན་ལ་ཆགས་པ་དང་བྲལ་ན། ལྷའི་བུ་མོ་སྙན་གདུབ་འཁོར་ཅན་གྱིས་ཞབས་ཏོག་བྱེད། ལྷའི་བུ་མོ་ལ་ཆགས་པ་དང་བྲལ་ན། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་ཞབས་འབྲིང་དང་ཞབས་ཏོག་བྱེད། དེ་ཡང་ཆགས་པ་དང་བྲལ་ན་ཡུམ་ལྷན་ཅིག་སྐྱེས་མའི་ཡེ་ཤེས་དང་འབྲལ་བ་མེད་པར་གནས། ཇའི་རོ་ལ་ཆགས་པ་དང་བྲལ་ན། དངོས་པོ་འདྲ་བ་འདོད་པ་མེད་ཀྱང་ལག་ཏུ་འོང་བ་བྲལ་འབྲས། མ་ཆགས་པའི་ཏིང་ངེ་འཛིན་དེ་རྒྱུ་འབྲས་བསྒྲུབས་པས་རྒྱུ་མཐུན་གྱི་འབྲས་བུ། ལྷ་རྫས་ཀྱི་བདུད་རྩི་ཡོད་པ་ལ་སོགས་མཁའ་འགྲོ་མས་སྤོད་བཏབ་པ་ལ་ལོངས་སྤྱོད་པ་ལ་དབང་ན་དབང་གི་འབྲས་བུ། རྒྱུ་སོང་གི་འབྲས་བུ་བསླུ་བ་མེད་པར་འབྱུང་བ་རྣམ་སྨིན་གྱི་འབྲས་བུ་ཡིན་གསུངས།།

གསང་སྔགས་གསར་རྙིང་གི་ཁྱད་གང་ལགས་ཞུས་པས། སློབ་དཔོན་པདྨ་ཡན་ཆད་ཞེ་སྡང་འདུལ་བ་གཙོ་བོར་སྟོན་པར་མཛད་པ་རྙིང་མ། རྗེ་མར་པ་ཕྱིན་ཆད་འདོད་ཆགས་དང་གཏི་མུག་ལ་གནད་དུ་བསྣུན་ནས་འདུལ་བ་གཙོ་བོར་མཛད་པ་གསར་མ་ཡིན་གསུངས།།

ལྟ་བ་རྐྱེན་ཐུབ་ཅིག་ཡོད་ན་དབེན་པ་བསྟེན་དགོས་སམ་མི་དགོས་ཞུས་པས། སྤྱོད་ལམ་རྣམ་བཞི་ཁྱད་མེད་ཀྱང་དབེན་པ་བསྟེན་དགོས་གསུངས།།

རྗེ་ཕག་མོ་གྲུ་པ་བླ་མ་གོང་མ་གང་ནས་ཀྱང་གདམས་ངག་ཆེ་བའི་རྒྱུ་མཚན་ཅི་ཙམ་ལགས་ཞུས་པས། ཁོ་བོ་དབེན་པ་བསྟེན་ཡུན་རིང་བ་ལས་བྱུང་བ་ཡིན་གསུངས་པས་དབེན་པ་བསྟེན་པ་གལ་ཆེ་གསུངས།།

ཕྱག་རྒྱ་ཆེན་པོ་དང་ཡི་དམ་ཟུང་འཇུག་ཏུ་རྟོགས་ནས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པ་དང་ཡི་དམ་བསྒོམ་པ་གཉིས་ལ་ཁྱད་ཡོད་དམ་ཞུས་པས། ཕྱག་རྒྱ་ཆེན་པོ་ཐུན་མོང་བ་ཡིན། ཡི་དམ་གྱི་ལྷ་བསྒོམ་པ་གསང་སྔགས་ཀྱི་ཁྱད་པར་དུ་བྱས་པ་ཡིན། ལྷ་སྐུ་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན་གསུངས།།

འོག་མིན་གྱི་ངོ་སྤྲོད་ཅིག་ཞུ་ཞུས་པས། འོག་མིན་ལ་གསུམ་ཡིན་ཏེ། གཟུགས་ཁམས་ཀྱི་གནས་གཙང་མ་རིས་ཀྱི་འོག་མིན་ནི་དབང་ཕྱུག་ཆེན་པོའི་གནས་ཡོད། གཞན་འོག་མིན་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཤ་སྟག་གི་གནས་ཡོད་དེ། དབང་ཕྱུག་ཆེན་པོས་མདོ་རྒྱ་ཆེ་རོལ་པ་ཞུས་པ་དང༌། དེར་ཉན་རང་དང་མ་འདྲེས་པའི་གནས་ཤིག་ཡོད་པར་གདའ། གཉིས་པ་དཔལ་ལྡན་ནཱ་རོ་པའི་བཞེད་ཀྱིས་སྤྱི་གཙུག་ཚངས་པའི་བུ་ག་ལ་ཟེར། གསུམ་པ་རྗེ་རིན་པོ་ཆེའི་ཞལ་ནས། བབས་སམ་གནས་ལུགས་ཀྱི་འོག་མིན་གཤའ་མ་དེ། བྱང་ཆུབ་ཀྱི་སེམས་རྣམ་གཉིས་སམ། འཁོར་འདས་གཉིས། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་དེ་ལ་རྡོ་རྗེ་འཆང་ངམ་རྣམ་པར་སྣང་མཛད་ཟེར་ཏེ། དེ་སྟོན་པ་དེ་ལྟ་བུ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཟབ་མོ་དྲིས་པས། དེ་དག་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་དང༌། དུས་རྒྱུན་ཆད་མེད་པ་དང༌། གནས་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་རྟོགས་པའི་གནས་དེར་ཆོས་སྐུ་གཉིས་སུ་མེད་པ་མཉམ་པ་ཉིད་དུ་གསུངས་པ་ཡིན་གསུངས།།

སྐྱེ་འགག་སྤྲོས་པའི་མཚན་མ་ཡི། །སེམས་ཀྱི་གཤིས་ལ་བསྒྱུར་དུ་མེད། །གསུངས་པ་དེ། རྟོག་པ་ཐོལ་གྱིས་སྐྱེས་པའི་དུས་སུ་སེམས་ཀྱི་གཤིས་དེ་གར་ངོས་འཛིན་ཞུས་པས། རྟོག་པ་སྐྱེས་པ་དེ་རང་རྟག་ཆད་ཀྱིས་སྟོང་པ་ཆོས་ཀྱི་སྐུ་ཡིན་གསུངས།།

སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བ་དང༌། རྒྱུ་འབྲས་སྟོང་ཉིད་དུ་འཇུག་པ། དེ་གཉིས་སུ་མེད་པར་གནས་པར་གོ་བ་དེས་ལམ་དང་རྣལ་འབྱོར་བཞི་དང་སྦྱར་བ་ཞིག་ཞུ་ཞུས་པས། འདི་གཤིས་ཀྱི་གནས་པ་ཡིན། རྒྱུ་འབྲས་སྟོང་ཉིད་དུ་གོ་སླ་བ་ཡིན། རྟོག་པ་སྐྱེས་པ་སྟོང་པ་ཉིད་དུ་གོ་བས་ལས་མི་བསོག་པ་དང༌། སྐྱེ་བ་མི་ལེན་པའི་ཕུགས་སུ་ཡང་འདི་ཡོད་པ་ཡིན། འདི་ཉི་ཚེ་བའི་སྟོང་ཉིད་ཡིན། འདིའི་སྐབས་སུ་མཚན་ཉིད་ལྡན་པའི་བླ་མས་མ་ཟིན་ན་ནག་པོ་ཁ་འབྱམས་དུ་འགྲོ་དོགས་ཡོད་པས། སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བ་འདི་གོ་ན་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་མི་བྱེད་ཁ་མེད་ཡིན། འདི་རོ་གཅིག་གི་རྟོགས་པ་ཡིན། འདིའི་དུས་སུ་རྒྱུ་འབྲས་ལ་འཕྲིག་ཚུད་པའམ་གོ་བའི་འགོ་རྩོམ་པ་ཡིན། དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པས་སྐྱོན་འདག་ཅིང་ཡོན་ཏན་རྫོགས་ནས་ཤེས་བྱ་ཤ་མོང་གི་སུལ་བཞིན་དུ་མཁྱེན་ཅིང་དག་པ་གཉིས་ལྡན་གྱི་སངས་རྒྱས་སུ་འགྲོ་བ་ཡིན། དེ་ལྟར་བསྒོམ་རོ་གཅིག་གི་ངང་ལ་འབྱམས་གྱུར་ན། །ལྷོ་དཔལ་གྱི་རི་ལ་དར་ཆེན་འཕྱར། །དགོས་འདོད་ཀུན་མི་འདོད་བཞིན་དུ་འབྱུང༌། །གསུངས།།

ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡོད་པ་གཉིས་ཀྱིས་གཅིག་གིས་བླ་མ་དམ་པ་ལ་དངོས་པོའི་ཚོགས་བསོག་པ་དང༌། གཅིག་གིས་དབེན་པའི་གནས་སུ་ཞིང་བསམ་དངོས་གསུམ་སངས་རྒྱས་སུ་བྱས་ནས་སྐད་ཅིག་མའི་དུས་གནད་དེ་ལས་མ་ཡོལ་བར་རྟེན་འབྲེལ་བསྒྲིག་པ་གཉིས་གང་མྱུར་ཞུས་པས། དེ་ཁྱད་ཡོད། ཞིང་བསམ་དངོས་གསུམ་སངས་རྒྱས་སུ་བྱེད་པ་དེ་མྱུར། དཔེར་ན་ནམ་མཁའ་ལ་རྡོ་བསྐྱུར་བ་དང་འདྲ། ང་འབུ་སྔོན་ནུབ་གླིང་ན་ཡོད་པའི་དུས་སུ་དགེ་སྦྱོར་ལ་གནད་དུ་འགྲོ་བ་ཞིག་བྱུང་བས་འདི་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའི་དུས་སུ་རང་ཉིད་ཀྱི་གང་ལྟར་འདོད་པ་བཞིན་དུ་སྒྲུབ་ཆོག་པར་འདུག་སྙམ་པ་འོང་བར་འདུག་སྙམ་ནས་དེ་ཉིད་དུ་ཞེ་འདོད་ཅིག་བསྒྲུབས་པས་ཇི་ལྟ་བ་བཞིན་བྱུང་གསུངས།།

སྤྲོས་བྲལ་གྱི་རྟོགས་པས་མཚམས་སྦྱར་ནས་ཚེའི་དུས་བྱས་ན་རོ་གཅིག་བསྒོམ་མེད་དུ་ན་འཕོ་ནུས་སམ་མི་ནུས་ཞུས་པས། བར་དོ་དང་པོའི་འོད་གསལ་ངོས་ཟིན་ན་སྤྲོས་བྲལ་ཡིན་ན་རོ་གཅིག་དུ་ན་འཕོ། རོ་གཅིག་ཡིན་ན་སྒོམ་མེད་དུ་ན་འཕོ། དེས་ན་དེང་སང་གི་དུས་སུ་སྤྲོས་བྲལ་དེ་ཉིད་རྒྱུན་བསྲིང་བ་གལ་ཆེ། འདི་ལ་བསྒོམ་ནུས་ན་བར་དོའི་ཁྲིད་དེ་ཟབ་པ་ཡིན་གསུངས།།

སྣང་བ་རང་སེམས་སྐད་ཅིག་མའི་འཁོར་ལོ་ཡིན་པ་ལ། རྟེན་གྱི་གང་ཟག་ཅིག་གི་ཤེས་རྒྱུད་ལ་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ཇི་ལྟར་ངོས་འཛིན་ཞུས་པས། སྐད་ཅིག་མ་ཡིན་པ་ཁོ་ནས་སྐད་ཅིག་མ་རྟག་པ་མ་ཡིན་ཏེ། རྟེན་གྱི་གང་ཟག་གི་ཤེས་རྒྱུད་ལ། བཟང་རྟོག་ངན་རྟོག་གཉིས་ཡོད་དེ། དེ་ལས་གྲུབ་པའི་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས་ཡིན། བཟང་པོའི་གྲོགས་བྱེད་པ་ལྷན་ཅིག་སྐྱེས་པའི་ལྷ། ངན་པའི་གྲོགས་བྱེད་པ་ལྷན་ཅིག་སྐྱེས་པའི་འདྲེ། དེ་གཉིས་ཕན་ཚུན་མཐུན་པ་ལས་ཁ་ད་བྱེད་པའི་དུས་སུ་གཉིས་ཀ་འདྲེར་མ་སོང་བ་གལ་ཆེ། འདི་ཤིན་ཏུ་གནད་ཟབ་པས་མཐུན་པར་མ་ནུས་ནའང་ཕུགས་སུ་མ་ཞུགས་པ་ཞིག་དགོས། ངེད་རང་རྣམས་ཀྱང༌། གྲོགས་པོའི་ཡོན་བདག་གི་ལྷན་ཅིག་སྐྱེས་པའི་འདྲེར་མ་སོང་བ་ཙམ་རེ་བསྒྲུབ་པར་ཞུ། ཤིན་ཏུ་གལ་ཆེ་གལ་ཆེ་གསུངས།

རབ་འབྱམས་ཕྱོགས་བཅུར་ཞིང་ཁམས་རྒྱལ་བ་ཡི། །སྲས་ཀྱི་ཐུ་བོར་བདག་ཅག་གྱུར་ནས་ཀྱང༌། །ཟབ་ཅིང་རྒྱ་ཆེ་དམ་ཆོས་གཏེར་མཛོད་ལ། །མི་བརྗེད་གཟུངས་ཐོབ་གསང་བའི་མཛོད་འཛིན་ཤོག །དྲི་མེད་ཐེག་ཆེན་གསུང་གི་མཛོད། །མ་རིག་མུན་སེལ་བླ་མའི་གསུངས། །ཟབ་མོ་ཡི་གེར་བཀོད་པ་ལས། །བྱུང་བའི་དགེ་བ་དྲི་མེད་དེས། །བདག་སོགས་འགྲོ་བ་མ་ལུས་ཀུན། །ཐུབ་པའི་རྒྱལ་ས་ཐོབ་གྱུར་ཅིག །ནོར་འཁྲུལ་ལ་སོགས་བྱུང་གྱུར་ན། །བླ་མ་མཁའ་འགྲོས་བཟོད་པར་གསོལ།། ཞུ་ལན་བརྒྱད་ཅུ་རྩ་བཞི་གཅེས་པའི་སྙིང་པོ་མ་རིག་མུན་སེལ་ཞེས་བྱ་བ་རྫོགས་སོ།།


previousཞུ་བ་དང་ཞུས་པའི་ལན་བརྒྱད་ཅུ་རྩ་བཞི་གཅེས་པའི་སྙིང་པོ་མ་རིག་མུན་སེལ།། next