Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
སྒྲོ་འདོགས་གཅོད་པའི་གདམས་ངག་རིན་ཆེན་རྒྱན་འདྲ།།
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསྒྲོ་འདོགས་གཅོད་པའི་གདམས་ངག་རིན་ཆེན་རྒྱན་འདྲ།། next

སྒྲོ་འདོགས་གཅོད་པའི་གདམས་ངག་རིན་ཆེན་རྒྱན་འདྲ།།

རྡོ་རྗེ་འཆང་སོགས་བཀའ་བརྒྱུད་བླ་མ་དང༌། །དག་པ་ཡེ་ཤེས་ཐུགས་མངའ་བའི། །འཇིག་རྟེན་མགོན་པོ་རིན་པོ་ཆེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམ་པ་རྣམས་ཀྱི་རྗེས་འབྲངས་ནས། །སེམས་ཅན་བློ་ཡི་མུན་སེལ་ཅིང༌། །དད་ལྡན་སྒྲོ་འདོགས་གཅོད་པའི་ཕྱིར། །གདམས་ངག་རིན་ཆེན་རྒྱན་འདྲ་འབྲི། །དེ་ལ་རྣམ་པ་གསུམ་ཡིན་ཏེ། །ལྟ་བ་གཏན་ལ་དབབ་པ་དང༌། །འཁྲུལ་པའི་ཕུ་ཐག་གཅོད་པ་དང༌། །རང་སེམས་སྲང་དུ་གཞུག་པའོ། །དང་པོ་ལྟ་བ་བསྟན་པ་ནི། །དཔལ་ལྡན་ནཱ་རོ་ཆེན་པོ་ཡིས། །རྒྱུ་སྡེ་རྣམས་ཀྱི་དགོངས་པ་ཡང༌། །རྣམ་པ་གསུམ་དུ་འདུས་པར་བཤད། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ལུགས་ལྟ་བ་སྟེ། །འོད་གསལ་དང་ནི་ཟུང་འཇུག་གོ །སེམས་ལ་མ་གྲུབ་མ་འགགས་གཉིས། །མ་གྲུབ་རྣམ་དག་འོད་གསལ་ལ། །མ་འགགས་ལྷུན་གྲུབ་ཟུང་འཇུག་གོ། །གང་ཟག་གི་བདག་ཏུ་འཛིན་པ་ཡི། །གཉེན་པོར་ལྟ་བ་འོད་གསལ་བསྟན། །ཆོས་ཀྱི་བདག་ཏུ་འཛིན་པ་ཡི། །གཉེན་པོར་ལྟ་བ་ཟུང་འཇུག་བསྟན། །རྣམ་རྟོག་འོད་གསལ་འདོད་ལུགས་ནི། །འཁོར་འདས་གཉིས་ཀྱི་རྩ་བ་སེམས། །སེམས་གདོད་ནས་དག་པའི་དེ་བཞིན་ཉིད། །གདོད་ནས་ཞི་ཞིང་མ་སྐྱེས་པ། །ཡེ་ནས་སྤྲོས་པའི་མཐའ་དང་བྲལ། །གདོད་ནས་དག་དང་ངོ་བོས་དག །རིགས་ཀྱིས་དག་ཅིང་ལྷུན་གྱིས་གྲུབ། །བསམ་བརྗོད་ཐ་དད་མཐའ་དང་བྲལ། །རྒྱུན་ཆད་མེད་ཅིང་འདུས་མ་བྱས། །སྐྱེ་འགག་གནས་པ་གསུམ་དང་བྲལ། །ཀུན་ལ་ཁྱབ་ཅིང་དངོས་མ་གྲུབ། །འགྲོ་འོང་མེད་ཅིང་རྒྱུན་མི་འཆད། །རང་བྱུང་བདེ་ཆེན་ཟག་པ་མེད། །དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །འདི་ལྟར་གྱི་སྣང་བ་སྣ་ཚོགས་འདི། །རང་སེམས་བག་ཆགས་འཁྲུལ་སྣང་སྟེ། །ཕྱི་རོལ་གྲུབ་པ་རྡུལ་ཙམ་མེད། །དཔེར་ན་སྐྱེས་བུ་མིག་ནད་ཀྱིས། །ནམ་མཁའི་སྐྲ་ཤད་ཇི་བཞིན་ནོ། །དེ་ཡང་ལང་ཀར་གཤེགས་པ་ལས། །ཕྱི་རོལ་དོན་ཡོད་མ་ཡིན་ཏེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །བག་ཆགས་ཀྱིས་ནི་སེམས་དཀྲུགས་པས། །སྣང་བའི་འཁྲུལ་པ་དོན་ལྟར་འབྱུང༌། །ཞེས་སོ། ཕྱི་རོལ་གྱི་སྣང་བ་རང་སྣང་ཡིན། །སེམས་ཡེ་ནས་རང་བྱུང་ཆོས་སྐུ་ཡིན། །དེ་ཡང་སཾ་བྷུ་ཊ་ལས་ནི། །རང་བྱུང་ངོ་བོ་ཉིད་འདི་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་སོ། །བརྟག་པ་གཉིས་པ་ལས། རང་དང་རང་གི་རྟོགས་པ་ལས།། སངས་རྒྱས་མ་ཡིན་སེམས་ཅན་ནི། །ཅིས་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་ལམ་སྲིན་བུ་ལ་སོགས་པ། །རྟག་ཏུ་རིན་ཆེན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གང་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་སོ་གསང་བ་འདུས་པ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་ནས། །ཆོས་བདག་མེད་པ་མཉམ་གནས་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཅེས་སོ་རྡོ་རྗེའི་གུར་ལས་ཀྱང༌།། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཐོག་མ་ཐ་མ་རྟོགས་ལས་གྲོལ། །ཅེས་སོ། །སློབ་དཔོན་བྲམ་ཟེའི་ཞལ་ནས་ཀྱང༌། །གདོད་ནས་དག་པའི་ནམ་མཁའ་རིན་ཆེན་ལ། །བལྟས་ཤིང་བལྟས་པས་མཐོང་བ་འགག་པར་འགྱུར། །ཡང༌། གདོད་ནས་སྐྱེ་མེད་ནམ་མཁའ་ཡིན་པ་ལ། །དེ་རིང་དཔལ་ལྡན་མགོན་པོ་བླ་མས་བསྟན་ཏེ་རྟོགས། །ཡང༌། སེམས་ནི་ངོ་བོ་ཉིད་ཀྱིས་དག་པས་ན། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ༌། །ཞེས་སོ། །དེ་ལྟར་དངོས་པོའི་གནས་ལུགས་སོ།།

ཉམས་ལེན་ལམ་གྱི་རིམ་པ་ནི། མ་བཅོས་རྣལ་མ་རང་སོ་ལ། །ཤེས་པ་གློད་ལ་བཅངས་ཀྱིས་ཞོག །སྣང་བ་མེད་པའི་ཆོས་ཉིད་ལ། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །བག་ཆགས་རྣམ་རྟོག་ན་བུན་བཞིན། །རང་གི་ལག་པས་རྗེས་མ་གཅོད། །དྲན་རིག་འཁྲུལ་སྣང་རྗེས་མ་གཅོད། །མཁའ་ལ་གློག་འགྱུ་རང་ལོག་ལྟར། །རང་སར་བཞག་པས་རང་སར་གྲོལ། །ཆུ་རླབས་རྙོག་མ་བཞག་ན་དྭངས། །སེམས་རང་སར་བཞག་ན་རྣམ་རྟོག་དྭངས། །དྲན་པས་ཟིན་པ་ཤིན་ཏུ་གཅེས། །རྒྱུན་ཆད་མེད་པར་གོམས་པར་བྱ། །དེ་ཡང་རྡོ་རྗེའི་གུར་ལས་ནི། །ཆོས་ཀྱི་དབྱིངས་ནི་འོད་གསལ་ལ། །གང་གིས་གོམས་པ་དེ་ལས་གཞན། །སངས་རྒྱས་སེམས་ཅན་མཉམ་པར་འགྱུར། །ཅེས་སོ། །སཾ་བྷུ་ཊ་ལས་ཀྱང༌། །རྣམ་རྟོག་མ་རིག་ཆེན་པོ་ཉིད།། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་བྱེད་པ་མེད་པར་འགྱུར། །ཞེས་སོ། །གསང་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པ་ལས། སྟོང་ཉིད་བསྒོམ་པས་གྲོལ་འགྱུར་གྱིས། །བསྒོམ་པ་ལྷག་མ་དེ་དོན་ཡིན།། ཞེས་སོ། །དོ་ཧ་ལས་ཀྱང༌། བདེ་ཆེན་གཟའ་གཏད་བྲལ་བ་ཆུ་བོ་ལྟ་བུར་བསྒོམ། །ཞེས་སོ། །ལམ་གྱི་རིམ་པའོ།།

འབྲས་བུ་སྐྱེ་བའི་རིམ་པ་ནི། ལྟ་བ་འོད་གསལ་རྟོགས་གྱུར་ནས། །ལམ་བརྩོན་འགྲུས་དྲག་པོ་མངོན་དུ་གྱུར། །ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ། །ལུས་རྒྱ་བརྩིས་གདབ་དག་དང་བྲལ། །འབྲས་བུ་ཆོས་སྐུ་རང་ས་ཟིན། །ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །འོད་གསལ་ཆེན་པོར་རོ་གཅིག་འགྱུར། །དབྱིངས་དང་ཡེ་ཤེས་དབྱེ་བ་མེད། །ཡིན་པར་རྟོགས་པ་དབང་ཐོབ་པའོ། །དབང་པོ་འབྲིང་གི་གང་ཟག་གིས། །ཚེ་འདིར་འོད་གསལ་གོམས་གྱུར་པས། །རྣམ་སྨིན་ལུས་རྒྱ་གྲོལ་བ་དང༌།། བར་དོ་སྐད་ཅིག་དང་པོ་ལ། །འོད་གསལ་གཉིས་པོ་འཕྲད་ནས་ཀྱང༌། །བདེ་ཆེན་ཆོས་སྐུར་རང་ས་ཟིན། །རང་སྣང་རྩིས་གདབ་ཀུན་ལས་འདས། །སྔོན་གྱི་སྨོན་ལམ་ཐུགས་རྗེ་ཡིས། །གཞན་སྣང་གཟུགས་སྐུ་སྣ་ཚོགས་འབྱུང༌། །དེ་ཡང་རེ་ཞིག་འབྲས་བུ་ཙམ། །དོན་དམ་པར་སྐུ་གསུམ་མཐའ་ལས་འདས། །གདོད་མ་ཉིད་ནས་བདེ་ཆེན་ཀློང༌། །ལྟ་བ་རྣམ་པར་དག་པ་འོད་གསལ་གྱི་འདོད་ལུགས་སོ། །ཡང་ལྟ་བ་དངོས་པོའི་གནས་ལུགས་ཀྱི།།

ལྷུན་གྲུབ་ཟུང་འཇུག་གི་འདོད་ལུགས་ནི། དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པ་གསུམ་ལས། སེམས་དངོས་པོའི་གནས་ལུགས་ནི། ངོ་བོ་རང་བཞིན་མཚན་ཉིད་གསུམ། །རང་བཞིན་སྟོང་པ་སྤྲོས་བྲལ་ལ། །མཚན་ཉིད་མ་འགགས་ཅིར་ཡང་སྣང༌། །ངོ་བོ་དབྱེར་མེད་ཟུང་དུ་འཇུག །དེ་ཡང་བརྟག་པ་གཉིས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སངས་ནས་ནི། །གང་རུང་དངོས་པོ་གཅིག་གྱུར་པ། །ཟུང་འཇུག་ཅེས་ནི་དེ་ལ་བཤད།། ཅེས་སོ། །འཁོར་འདས་གཉིས་མེད་ཟུང་འཇུག་སྟེ། །སྣང་སྟོང་དབྱེར་མེད་ཟུང་དུ་འཇུག །དོན་དམ་ཀུན་རྫོབ་ཟུང་དུ་འཇུག། ཐབས་དང་ཤེས་རབ་ཟུང་དུ་འཇུག །དེ་བཞིན་གཉིས་སྣང་ཐམས་ཅད་ཀུན། །གདོད་ནས་དབྱེར་མེད་ཟུང་འཇུག་སྟེ། །དཔེར་ན་སྣང་སྟོང་ཟུང་འཇུག་ནི། །སྣང་བ་ལས་གཞན་པའི་སྟོང་པ་མེད། །སྟོང་པ་ལས་གཞན་པའི་སྣང་བ་མེད། །དབྱེར་མེད་ཟུང་དུ་འཇུག་པའོ། །སྣང་བ་སྟོང་པར་འགལ་བ་དང༌། །སྟོང་ན་སྣང་བར་འགལ་སྙམ་ན། །དེ་ཡང་འགལ་འདུའི་སྐྱོན་མེད་དེ།། སྣང་བའི་རང་བཞིན་སྟོང་པ་ཉིད། །སྟོང་པའི་ངོ་བོ་སྣང་བ་ཉིད། །འགལ་འདུའི་སྐྱོན་མེད་ཟུང་འཇུག་གོ། །སྣང་བའི་ཆ་ནས་མ་བྲལ་བ། །སྟོང་པའི་ཆ་ནས་མི་ལྡན་པ། །མ་བྲལ་མི་ལྡན་ཟུང་དུ་འཇུག །མ་འགགས་ཕྱོགས་ནས་སྣང་བ་ལ། །མ་གྲུབ་ཕྱོགས་ནས་སྟོང་པ་ཉིད། །ངོ་བོ་གཅིག་ལ་ཚུལ་ཐ་དད། །སྣང་བ་གང་ཤར་ངོས་ཟིན་ཚེ། །མ་རིག་སྣང་བ་ལོག་ཆོས་ཅན། །ཡིད་ཀྱིས་ཀུན་བརྟགས་ཆོས་ཉིད་གཉིས། །ངོ་བོ་གཅིག་ལ་ཚུལ་ཐ་དད། །དེ་ཡང་བརྟག་པ་གཉིས་པ་ལས། འཁོར་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་ལོགས་སུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་སོ། །དེ་བཞིན་ཟུང་འཇུག་ཐམས་ཅད་ཀྱང༌། །འཁོར་བའི་ཕྱོགས་ནས་མ་བྲལ་བ། །མྱང་འདས་ཕྱོགས་ནས་མི་ལྡན་པ། །ངོ་བོ་གཅིག་ལ་ཚུལ་ཐ་དད། །འགལ་འདུའི་སྐྱོན་མེད་ཟུང་དུ་འཇུག །ཐབས་ཀྱི་ཕྱོགས་ནས་མ་བྲལ་བ། །ཤེས་རབ་ཕྱོགས་ནས་མི་ལྡན་པ། །ངོ་བོ་གཅིག་ལ་ཚུལ་ཐ་དད། །འགལ་འདུའི་སྐྱོན་མེད་ཟུང་དུ་འཇུག །ཀུན་རྫོབ་ཕྱོགས་ནས་མ་བྲལ་བ། །དོན་དམ་ཕྱོགས་ནས་མི་ལྡན་ཏེ། །ངོ་བོ་གཅིག་ལ་ཚུལ་ཐ་དད། །འགལ་འདུའི་སྐྱོན་མེད་ཟུང་དུ་འཇུག །དེ་བཞིན་གཉིས་སྣང་ཐམས་ཅད་ཀུན། །ངོ་བོ་དབྱེར་མེད་ཟུང་འཇུག་གོ། །དེ་ལྟར་ཟུང་འཇུག་ངོ་བོ་དེ། །གཉིས་གཅིག་ཏུ་སྟོང་པ་ལྟ་བུ་མིན། །གཅིག་གཉིས་སུ་བགོས་པ་ལྟ་བུ་མིན། །གཅིག་རེ་མོས་བྱེད་པ་ལྟ་བུ་མིན། །ཕྱོགས་གཅིག་ཡོད་ཕྱོགས་མེད་ལྟ་བུ་མིན། །སྣང་སྟོང་འདྲེས་པ་ལྟ་བུ་མིན། །སྣང་བའི་ཆ་ནས་གཞན་ན་ཡོད། །སྟོང་པའི་ཆ་ནས་གཞན་ན་མེད། །དེ་ཤེས་བརྗོད་ཡུལ་ལས་འདས་པ་སྟེ། །མཐར་ཐུག་ཟུང་འཇུག་ཅེས་བྱའོ། །དེ་ཡང་བརྟག་པ་གཉིས་པ་ལས། །རྣམ་རྟོག་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་རྟོག་པ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་སོ། །ཡང་དེ་ཉིད་ལས། ཀུན་རྫོབ་དོན་དམ་རང་བཞིན་ཅན། །བྱང་ཆུབ་ཏུ་ནི་རབ་ཏུ་བསྐྱེད། །ཅེས་སོ། །སློབ་དཔོན་བྲམ་ཟེའི་ཞལ་སྔ་ནས། གང་ཡང་གཉིས་པོ་སྦྱོར་བར་ཤེས་པ་དེས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་སོ། །ཡང་གཉིས་མེད་ཕྱག་རྒྱ་ཆེན་པོའི་གནས། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། ཆོས་ཐམས་ཅད་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོ། །ཤེས་རབ་སྙིང་པོ་ལས་ཀྱང༌། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །གནས་ལུགས་ལྟ་བའི་ཟུང་འཇུག་གོ །

ཉམས་ལེན་ལམ་གྱི་རིམ་པ་ནི། བུམ་དབང་ཐོབ་པའི་རྣལ་འབྱོར་པས། །ལམ་བསྐྱེད་རྫོགས་གཉིས་པོ་དབྱེར་མེད་སྒོམས། །སྣང་སྟོང་ཟུང་འཇུག་ཉམས་མྱོང་འཆར། །གསང་དབང་ཐོབ་པའི་རྣལ་འབྱོར་པས། །རླུང་དང་འོད་གསལ་དབྱེར་མེད་སྒོམས།། གསལ་སྟོང་ཟུང་འཇུག་ཉམས་མྱོང་འཆར། །དབང་གསུམ་པ་ཐོབ་པའི་རྣལ་འབྱོར་པས། །ལམ་ཐབས་དང་ཤེས་རབ་སྙོམས་འཇུག་སྒོམས། །བདེ་སྟོང་ཟུང་འཇུག་ཉམས་མྱོང་འཆར། །བཞི་བ་ཚིག་དབང་ཐོབ་པ་ཡིས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྒོམས། །རིག་སྟོང་ཟུང་འཇུག་ཉམས་མྱོང་འཆར། །སེམས་ཀྱི་ངོ་བོ་དང་རང་བཞིན་མཚན་ཉིད་གསུམ་ལ། མཚན་ཉིད་སྣ་ཚོགས་སྣང་སྟོང་ཡིན། །ངོ་བོ་གསལ་བས་གསལ་སྟོང་ཡིན། །རང་བཞིན་སྟོང་པས་རིག་སྟོང་ཡིན། །དབྱེར་མེད་བདེ་སྟོང་ཟུང་འཇུག་གོ །ཟུང་འཇུག་ཉམས་སུ་མྱོང་བ་ཡིས། །གཉིས་སུ་འཛིན་པ་རང་སར་གྲོལ། །རེ་དོགས་གཉིས་མེད་ཟུང་དུ་འཇུག། དགག་སྒྲུབ་གཉིས་མེད་ཟུང་དུ་འཇུག །ཡུལ་ཤེས་གཉིས་མེད་ཟུང་དུ་འཇུག །བདེ་སྡུག་གཉིས་མེད་ཟུང་དུ་འཇུག །བདག་གཞན་གཉིས་མེད་ཟུང་དུ་འཇུག །རེ་དོགས་མེད་པའི་མཐའ་དང་བྲལ། །དགག་པ་མེད་ཅིང་སྒྲུབ་པ་མེད། །ཡུལ་ཤེས་བདེ་སྡུག་གཉིས་འཛིན་བྲལ། །དེ་ཡང་སྒྱུ་མ་བདེ་མཆོག་ལས། །འདི་ལྟར་རྣལ་འབྱོར་བཅོམ་ལྡན་འདས། །སྟོང་པ་མ་ཡིན་མི་སྟོང་མིན། །ཟུང་འཇུག་བདེ་བ་ཆེན་པོ་སྟེ། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །ཞེས་གསུངས་སོ། །ལམ་ཟུང་དུ་འཇུག་པའི་རིམ་པའོ། །

འབྲས་བུ་སྐྱེ་བའི་རིམ་པ་ནི། ལྟ་སྒོམ་མངོན་དུ་གྱུར་པ་ཡིས། །འབྲས་བུ་ཟུང་དུ་འཇུག་པ་ནི། །ཆོས་སྐུ་སྤྲོས་དང་བྲལ་བ་དང༌། །གཟུགས་སྐུ་མཚན་དཔེ་འབར་བ་གཉིས། །ངོ་བོ་གཅིག་ལ་ཚུལ་ཐ་དད། །དབྱེར་མེད་ཟུང་དུ་འཇུག་པ་ཡིན། །ཤེས་བྱ་ཇི་སྙེད་མཁྱེན་པ་དང༌། །གནས་ལུགས་ཇི་ལྟར་རྟོགས་པ་གཉིས། །མ་བྲལ་མི་ལྡན་ཟུང་དུ་འཇུག །དབྱིངས་ལ་ཡེ་ཤེས་ཀྱིས་མི་གནོད། །ཡེ་ཤེས་ལ་ཡང་དབྱིངས་ཀྱིས་ཁྱབ། །འགལ་འདུའི་སྐྱོན་མེད་ཟུང་དུ་འཇུག །རང་སྣང་མཐའ་བརྒྱད་བྲལ་བ་དང༌། །གཞན་སྣང་ལྷུན་གྱིས་གྲུབ་པ་གཉིས། །ཆོས་ཅན་ཆོས་ཉིད་དབྱེར་མེད་པར། །ལྷུན་གྲུབ་ཟུང་འཇུག་ཆེན་པོ་ཡིན།། དེ་ཡང་བརྟག་པ་གཉིས་པ་ལས། །ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་སོ། །ཡང་རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་སོ། །ལས་རྒྱ་མཚོའི་རྒྱུད་ལས། །སྤྲོས་བཅས་ལ་ནི་བརྟེན་ནས་ཀྱང༌། །སྤྲོས་པ་མེད་པ་རབ་ཏུ་སྐྱེ། །མཚན་མ་གཟུགས་ཀྱི་སྐུ་ཉིད་དང༌། །ཆོས་ཀྱི་སྐུར་ནི་ཟུང་དུ་འཇུག །ཅེས་སོ། །གཞུང་བུམ་པ་ལས་ཀྱང༌། སྙིང་རྗེས་མྱ་ངན་འདས་མི་གནས། །ཤེས་རབ་ཀྱིས་ནི་འཁོར་བ་མིན།། མཐའ་གཉིས་རྣམ་པར་དོར་ནས་ཀྱང༌། །ཆོས་ཀྱི་སྐུར་ནི་ཟུང་དུ་འཇུག །ཅེས་སོ། །གསང་བ་ཤིན་ཏུ་མཐོང་བའི་རྒྱུད་ལས་ཀྱང༌། དངོས་པོར་ལྟ་བ་རབ་སྤངས་ཏེ། །སྒྱུ་མ་ལྟ་བུར་སྦྱོར་ཤེས་པའི། །སྔགས་པས་ཟུང་འཇུག་ནོར་བུ་ལྟར། །སེམས་ཅན་དོན་ལ་བླ་མེད་བྱོས། །ཞེས་སོ། །བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང༌། །གསང་སྔགས་ལྷ་ཡི་ཚུལ་གྱིས་ནི། །ལོངས་སྐུའི་དངོས་གྲུབ་བསྒྲུབས་པས་འགྲུབ། །ཆོས་ཀྱི་སྐུ་དང་རབ་གནས་ཏེ། །སྤྲུལ་སྐུ་ཕྱོགས་བཅུའི་འགྲོ་དོན་མཛད། །དེ་ལྟར་ཕྱི་རབས་རྣལ་འབྱོར་པས། །ཚུལ་དེ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འབྲས་བུ་སྐྱེ་བའི་རིམ་པའོ།། གང་ཟག་བློ་ཡི་འཇུག་ཕྱོགས་ཀྱིས། །ལྟ་བ་འོད་གསལ་ཟུང་འཇུག་གཉིས། །གང་ཟག་བློ་ཡི་རིགས་ལས་གསུངས། །སངས་རྒྱས་བསྒྲུབ་པའི་ཐེག་པར་གཅིག །མཐར་ཐུག་སངས་རྒྱས་དགོངས་པ་གཅིག །གང་ལྟར་བརྟགས་ཀྱང་འགལ་བ་མེད། །རང་རེའི་མོས་པ་ཐ་དད་ཡིན། །ལྟ་བ་གཏན་ལ་དབབ་པའོ། །

སེམས་འཁྲུལ་པའི་ཕུ་ཐག་གཅད་པ་ནི། འཁོར་འདས་གཉིས་སུ་མ་བྱུང་བའི། །དང་པོའི་སེམས་དེ་ཇི་ལྟར་གནས། །འཁྲུལ་ནས་འཁོར་བ་ཇི་ལྟར་བྱུང༌། །རྟོགས་ནས་མྱང་འདས་ཇི་ལྟར་བྱུང༌། །འཁོར་འདས་གཉིས་སུ་མ་བྱུང་བའི། །ཐོག་མའི་སེམས་ཀྱི་གནས་ལུགས་ནི། །བྱས་པ་མེད་པའི་རང་བྱུང་སྟེ། །གཉུག་མ་ལྷན་སྐྱེས་ཡེ་ཤེས་ནི། །དེ་ལ་འཁྲུལ་ལུགས་རྣམ་ལྔ་སྟེ།། གཞི་ཅི་ལས་འཁྲུལ་ན་གཉུག་མ་ལ། །རྒྱུ་གང་གིས་བྱས་ན་མ་རིག་པས། །རྐྱེན་གང་གིས་བྱས་ན་ཡིད་གཉིས་ཀྱིས། །དཔེ་ནི་རྨི་ལམ་དག་དང་འདྲ། །འབྲས་བུ་ཁམས་གསུམ་འགྲོ་དྲུག་གོ །སེམས་གཉུག་མ་ཡེ་ཤེས་རང་བྱུང་ལས། །རྒྱུ་མ་རིག་རྣམ་གཉིས་འབྱུང་ཚུལ་ནི། །སེམས་ཉིད་ཆོས་ཉིད་འདྲེས་པ་དེ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན། །དེ་ཉིད་སྣང་ལ་མ་ངེས་པས། །རང་ངོ་རང་གིས་མ་ཤེས་ཏེ། །ལྷན་ཅིག་སྐྱེས་པའི་མ་རིག་པའོ། །གསལ་བ་ངར་འཛིན་ཤེས་པ་ཡིས། །ཤེས་པ་རང་རིག་ང་རུ་བཟུང༌། །ཡུལ་རང་སྣང་དག་ལ་གཞན་དུ་བཟུང༌། །རྟོགས་བྱེད་ཤེས་རབ་དང་བྲལ་བས། །ཆོས་ཉིད་དོན་དེ་མ་རྟོགས་པས། །ཀུན་ཏུ་བརྟགས་པའི་མ་རིག་པའོ། །རྐྱེན་གང་གིས་བྱས་ན་གཉུག་མའི་ཡིད། །ཁ་ཕྱིར་བལྟས་ཡིད་ཀྱི་རྣམ་ཤེས་དེ། །ཁ་ནང་བལྟས་ཉོན་མོངས་ཅན་གྱི་ཡིད། །ཀུན་གཞི་གཉུག་མའི་ཡེ་ཤེས་དང༌། །སྒོ་ལྔའི་རྣམ་ཤེས་ཡེ་ཤེས་གཉིས།། ཡིད་གཉིས་ཀྱིས་ནི་དབྱེན་བཅུག་ནས། །འཕྲད་ཅིང་ཉེ་རུ་མ་བཅུག་གོ །ཉོན་མོངས་ཡིད་ཀྱིས་ཁ་ནང་བལྟས། །གཉུག་མ་ང་མེད་ང་རུ་བཟུང༌། །སྒོ་ལྔ་རྟོག་མེད་ཡིན་པ་ལ། །ཡིད་ཀྱི་རྣམ་ཤེས་མཚན་མར་བཟུང༌། །ཡུལ་ཤེས་གཉིས་སུ་བཟུང་བ་ཡིས། །ཆགས་སྡང་ལས་དང་ཉོན་མོངས་བསགས། །དཔེ་ནི་སྲིན་གྱི་ཁ་ཆུའམ། །རྨི་ལམ་དག་གི་ཡུལ་བཞིན་དུ། །རང་གིས་རང་ཉིད་འཆིང་བར་འགྱུར། །འབྲས་བུ་ཁམས་གསུམ་འཁོར་བ་སྟེ། །མཐར་ཐུག་ངན་སོང་རྣམ་པ་གསུམ། །མ་རིག་ཡེ་ཤེས་རྣམ་གཉིས་པོ། །ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག །ལྡོག་བྱས་ཀྱིས་ནི་ཐ་དད་དེ། །མ་རིག་འཁྲུལ་པར་སྣང་ཙ་ན།། རྟོགས་པའི་ཡེ་ཤེས་མི་གསལ་ལ། །ཡེ་ཤེས་ཉིད་དུ་རྟོགས་ཙ་ན། །མ་རིག་འཁྲུལ་པ་མི་གནས་པས། །དེ་གཉིས་ཚུལ་ནི་ཐ་དད་ཡིན། །ཡང་མ་རིག་འཁྲུལ་པ་སྣང་དུས་སུ། །ཡེ་ཤེས་གང་ཡང་སོང་བ་མེད། །ཡེ་ཤེས་ཉིད་དུ་རྟོགས་ཙ་ན། །མ་རིག་འཁྲུལ་པ་སྤངས་པ་མེད། །རྟོགས་པའི་ཡེ་ཤེས་མི་གསལ་ལ། །དེ་གཉིས་ངོ་བོ་གཅིག་པ་ཡིན། །འཁྲུལ་པ་ལྡོག་ཏུ་བཏུབ་མི་ བཏུབ། །ལྡོག་པར་ཕྱིན་ཅིང་རྟགས་བྱུང་ན། །འཁྲུལ་པ་ལྡོག་ཏུ་བཏུབ་པ་ཡིན། །ལྡོག་པར་མ་ཕྱིན་རྟགས་བྱུང་ན། །འཁྲུལ་པ་ལྡོག་ཏུ་ཅི་ལ་བཏུབ། །ཕྱི་རྟགས་ལུས་ཀྱང་འབྱུང་བ་སྙོམས། །ནང་རྟགས་མངོན་ཤེས་བྱིང་རྒོད་མེད། །གསང་རྟགས་ཤེས་པ་རྩིས་གདབ་བྲལ། །འཁྲུལ་པ་ལྡོག་པ་ལ་ཡང་ལྔ། །གཞི་གཉུག་མ་རང་ཆས་ཡོད་པ་ཡིས། །རང་གི་རྒྱུ་ཡི་ཆོས་ལྔ་དང༌། །རྐྱེན་བླ་མ་དམ་པ་ཡིན་པ་ཡིས། །མཚན་ཉིད་གསུམ་དང་ལྡན་པ་དང༌། །ཐབས་ནི་གསང་སྔགས་གདམས་ངག་སྟེ། །རིམ་གྱིས་པ་དང་ཅིག་ཆར་གཉིས། །དཔེ་ནི་རྨི་ལམ་སད་པའམ། །འཁྱགས་པ་ཆུ་རུ་ཞུ་ལྟ་བུ། །འབྲས་བུ་རང་གཞན་གཉིས་ཀྱི་དོན། །ཕུན་སུམ་ཚོགས་པའི་སྐུ་གསུམ་མོ།།

རྒྱུ་རང་གི་ཆོས་ལྔ་བསྟན་པ་ནི། །མོས་པས་བླ་མ་བསྟེན་པ་དང༌། །དད་པས་འཁོར་འབངས་ཆོས་ལ་འཇུག །ཤེས་རབ་ཀྱིས་ནི་ཆོས་དོན་གོ །དམ་ཚིག་བསླབ་པ་གསུམ་དང་ལྡན། །སྙིང་རྗེས་སེམས་ཅན་བྱང་ཆུབ་འགོད། །རྐྱེན་བླ་མ་མཚན་ཉིད་གསུམ་ལྡན་ནི། །སྒྲུབ་རྒྱུད་བྱིན་རླབས་ཆགས་པ་དང༌། །སྟོང་ཉིད་མངོན་སུམ་རྟོགས་པ་དང༌། །སྙིང་རྗེ་ཆེན་པོ་དང་ལྡན་པའོ། །ཐབས་གསང་སྔགས་ཅིག་ཆར་གདམས་ངག་ནི། །གཉུག་མ་ལྷན་ཅིག་སྐྱེས་པ་སྟེ། །ལག་པའི་གཏེར་བཞིན་ངོ་སྤྲད་པས། །ཡིད་ཆེས་ཐག་ཆོད་ནང་ནས་འཆར། །ལྷན་ཅིག་སྐྱེས་པའི་མ་རིག་པ། །ཡེ་ཤེས་ཉིད་དུ་ཐག་ཀྱང་ཆོད། །གཉིས་འཛིན་ཀུན་བརྟགས་མ་རིག་པ། །ཉམས་སུ་མྱོང་བས་རང་སར་གྲོལ། །ཡིད་གཉིས་ཕྲ་མ་ཅེར་ལ་ཐོན། །ཡུལ་ཤེས་གཉིས་མེད་བདེ་ཆེན་ཀློང༌། །དེ་ལྟར་མ་རྟོགས་གང་ཟག་ལ། །གསང་སྔགས་རིམ་གྱི་གདམས་ངག་ནི། །ལམ་བསྐྱེད་རྫོགས་རྩ་རླུང་ཐིག་ལེ་དང༌། །རྨི་ལམ་སྒྱུ་ལུས་ལ་སོགས་ལ། །བརྟེན་ནས་ཡེ་ཤེས་རིམ་གྱིས་སྐྱེ། །ངེས་ཤེས་སྐྱེས་པའི་ཐ་མ་ལ། །སེམས་ཉིད་རང་ངོ་རང་གིས་ཤེས། །མ་རིག་གཉིས་པོ་རང་སར་དག །དཔེ་ནི་རྨི་ལམ་སད་པའམ། །འཁྱགས་པ་ཆུ་རུ་ཞུ་བ་འདྲ། །འབྲས་བུ་སངས་རྒྱས་སྐུ་གསུམ་སྟེ། །རང་སྣང་ཆོས་སྐུ་སྤྲོས་བྲལ་ལ། །གཞན་སྣང་གཟུགས་སྐུ་རྣམ་གཉིས་འབྱུང༌། །དེ་ནི་སེམས་ཅན་གྲོལ་ཚུལ་ལོ། །གཞི་ཆོས་ཉིད་སྐྱེ་བ་མེད་པ་ལས། །སེམས་ཅན་འཁྲུལ་བ་ཅི་ཡིས་ལན། །མ་རིག་སྒྲིབ་པའི་གཉིད་ཀྱིས་ནོན། །རྨི་ལམ་ལྟ་བུར་འཁོར་བར་འཁྱམས། །དོན་ཆོས་ཀྱི་སྐུ་ལ་གོས་པ་མེད། །མ་རིག་པ་ཡིས་རྒྱུ་བྱས་ནས། །རྐྱེན་ལས་དང་ཉོན་མོངས་བག་ཆགས་ཀྱིས། །ཁམས་གསུམ་རྒྱུ་དྲུག་གནས་སུ་འཁོར། །འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང༌། །དེ་རྨི་ལམ་དག་དང་ཁྱད་པར་མེད། །མ་རིག་རྒྱུ་ཡི་འཁྲུལ་སྣང་དང༌། །གཉིད་ཀྱི་རྐྱེན་གྱིས་རྨི་ལམ་དང༌། །སྦྱོར་སྔགས་དག་གི་སྒྱུ་མ་གསུམ། །འདི་གསུམ་ཁྱད་པར་རྡུལ་ཙམ་མེད། །རྒྱུ་རྐྱེན་རྟེན་འབྲེལ་རྣམ་གསུམ་གྱིས།། ལོག་པའི་ཀུན་རྫོབ་འཁྲུལ་གསུམ་ཡིན། །ད་ལྟར་གྱི་ཁམས་གསུམ་འཁོར་བ་དང༌། །རྨི་ལམ་གྱི་ཁམས་གསུམ་འཁོར་བ་གཉིས། །ཁྱད་པར་རྡུལ་ཙམ་ཡོད་མ་ཡིན། །ད་ལྟར་གྱི་དགྲ་གཉེན་ཟས་ནོར་དང༌། །སྒྱུ་མའི་དགྲ་གཉེན་ཟས་ནོར་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །དེ་རིང་ལྷས་བྱིན་བསད་པ་དང༌། །རྨི་ལམ་དུ་མཆོད་སྦྱིན་བསད་པ་གཉིས། །ཁྱད་པར་ཕྲ་བ་རྡུལ་ཙམ་མེད། །དེ་རིང་དཔལ་སྦྱིན་བསད་པ་དང༌། །སྒྱུ་མས་རྒྱལ་བྱིན་བསད་པ་གཉིས། །ཁྱད་པར་མེད་དོ་སྐྱེས་བུ་ཀུན།། དེ་རིང་དགེ་བཅུ་སྤྱད་པ་དང༌། །རྨི་ལམ་དགེ་བཅུ་སྤྱད་པ་གཉིས། །དེ་གཉིས་དོན་ལ་ཁྱད་པར་མེད། །རང་གིས་སྡིག་བཅུ་སྤྱད་པ་དང༌། །སྒྱུ་མས་སྡིག་བཅུ་སྤྱད་པ་གཉིས། །ཁྱད་པར་མེད་དོ་རྣལ་འབྱོར་ཀུན། །སྣང་བ་རྨི་ལམ་སྒྱུ་མ་ལ། །དངོས་པོར་མ་འཛིན་སྐལ་ལྡན་ཀུན། །མེད་བཞིན་སྣང་བ་འཁྲུལ་སྣང་ལ། །ཆགས་པར་མ་བྱེད་སྐྱེས་བུ་ཀུན། །གཉིད་འཐུམ་སད་པས་རྨི་ལམ་སད། །སྦྱོར་སྔགས་བཤིག་པས་སྒྱུ་མ་གྲོལ། །དཔེ་དེ་བཞིན་བླ་མའི་གདམས་ངག་གིས། །རང་སེམས་ལྷང་གིས་རྟོགས་ཙ་ན། །མ་རིག་སྒྲིབ་པའི་གཉིད་ཆེན་དག །རྨི་ལམ་སྒྱུ་མ་ཞིག་པ་བཞིན། །འཁྲུལ་པའི་སྣང་བ་གཏན་པ་ཞིག། ཚེ་རབས་ཐོག་མ་མེད་པ་ནས། །དོན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང༌། །ཅི་ཡང་བྱས་པ་མེད་པར་རྟོགས། །འཁྲུལ་པའི་སྣང་བ་ཆོས་སྐུར་གྲོལ། །སྦྲུལ་གྱི་མདུད་པ་ཇི་བཞིན་ནོ། །བློ་གཉིས་འཛིན་ནམ་མཁའི་མདུད་པ་ཞིག །མུན་ལ་ཁྲི་གདུགས་ཤར་བ་བཞིན། །མ་རིག་མུན་པ་གཏན་ནས་འཚང། །དབུལ་པོ་གཏེར་དང་འཕྲད་པ་བཞིན། །རང་སེམས་སངས་རྒྱས་གཏེར་དང་ཕྲད། །ཆུ་ཕྲན་རྒྱ་མཚོར་སླེབས་པ་བཞིན། །འཁོར་འདས་གཉིས་པོ་གཅིག་ཏུ་འདྲེས། །ལྕགས་ལ་གསེར་འགྱུར་བཏབ་པ་བཞིན། །སྡུག་བསྔལ་ཟག་མེད་བདེ་བར་འཆར། །ཚོང་པ་རང་ཡུལ་སླེབས་པ་བཞིན། །ལྷུན་གྲུབ་ཆེན་པོའི་རང་ས་ཟིན།། དེ་གྲུབ་ཐོབ་བླ་མའི་བཀའ་དྲིན་ལགས། །དོན་དམ་དུ་འཁོར་འདས་མ་གྲུབ་ཀྱང༌། །རྨི་ལམ་སྒྱུ་མར་ཆོས་བྱས་ན། །རྨི་ལམ་སྒྱུ་མར་མངོན་སངས་རྒྱ། །རྨི་ལམ་སྒྱུ་མར་སྡིག་བྱས་ན། །རྨི་ལམ་སྒྱུ་མར་དམྱལ་བར་འགྲོ། །ངེས་པའི་དོན་ལ་གང་ཡང་མེད། །དེ་ལྟར་སྣང་བ་གཞི་མེད་ལ། །ངེས་མེད་དུ་སྣང་བར་རིག་པ་ལ། །སོ་སོ་ཨ་ཐང་ངེས་པ་ཅན། །སྔར་བཞིན་ཕྱིས་ཀྱང་སྣང་བ་ཅི། །འདི་བག་ཆགས་སྲེད་བྱེད་ཤེས་པ་ཡིས། །སྔ་ཕྱི་གཉིས་པོ་གཅིག་ཏུ་འདྲེས། །རིགས་འདྲ་གཅིག་ཏུ་འདྲེས་པ་ཡིས། །དེ་ལ་ཡོད་པར་དམིགས་པ་དང༌། །རྟག་པར་རྟོགས་པ་གོམས་པ་ཡིས། །དེ་ལ་སོ་སོར་བློ་ཞེན་པས། །འདྲ་བ་གཞན་འབྱུང་ནས་ནི་འཁྲུལ། །མེད་པ་ཡོད་པར་སྣང་བ་འདི། །རང་གི་ཤེས་པ་སྐད་ཅིག་མ། །སྔ་མས་དམིགས་པའི་ཡུལ་བྱས་ནས། །ཕྱི་མས་དེ་ཡི་འཛིན་མཁན་བྱས། །མེད་པ་ཡོད་སྙམ་འཛིན་པ་བྱུང༌། །འཛིན་པ་དེ་ཉིད་འཁོར་བའི་རྒྱུ། །དེས་ན་བླ་མའི་གདམས་ངག་གིས། །སྣང་སྲིད་སྒྱུ་མར་ཤེས་བྱས་ལ། །རང་སེམས་མ་འཁྲུལ་གཏན་ལ་དབབ། །དེ་ཡང་བརྟག་པ་གཉིས་པ་ལས། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བསྟེན་པ་དང༌།། བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་སོ། །སྣང་སྲིད་རྨི་ལམ་སྒྱུ་མ་ཡིན་པ་ལ། བརྟག་པ་གཉིས་པ་ལས། སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །མངོན་ཤེས་སྣང་བ་དེ་ལྟར་བརྟག །ཇི་ལྟར་རྨི་ལམ་སྒྱུ་མ་དང༌། །ཇི་ལྟར་བར་དོའི་སྲིད་ཡིན་པས། །རྟག་ཏུ་གོམས་པའི་རྣལ་འབྱོར་པས། །དཀྱིལ་འཁོར་ཉིད་དུ་དེ་བཞིན་འདོད། །ཅེས་སོ། །ཡང་དེ་ཉིད་ལས། སྤྲོས་པའི་རྨི་ལམ་ལྟར་བཅས་ན། །སྤྲོས་པ་ཉིད་ནི་སྤྲོས་མེད་བསྒོམ། །ཇི་ལྟར་རྨི་ལམ་སྒྱུ་མ་ལྟར། །དངོས་པོ་ཉིད་དུ་བརྟག་པར་བྱ། །ཞེས་སོ། ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་སོ། །ཀུན་རྫོབ་རྨི་ལམ་སྒྱུ་མ་ཡིན། །དོན་དམ་དུ་སྤྲོས་པ་དང་བྲལ་བ་ཡིན། །དེ་འཁྲུལ་པའི་ཕུ་ཐག་གཅད་པ་ཡིན།། རང་སེམས་སྲང་དུ་གཞུག་པ་ནི། ཐོག་མ་མེད་པའི་དུས་མཐའ་ནས། །གཞི་རང་ངོ་མ་ཤེས་འཁྲུལ་པ་ཡིས། །ངན་སོང་གསུམ་དུ་གཏན་ཡུལ་བྱས། །བསྐལ་པ་གྲངས་མེད་སྡུག་བསྔལ་མྱོང༌། །ལྷ་མི་ཐོབ་པ་རྒྱུན་ཆ་ཙམ། །ད་ལན་དལ་འབྱོར་ཆུད་མ་གསན། །དལ་འབྱོར་ཕུན་སུམ་ཚོགས་པའི་ལུས། །ཐོབ་པར་དཀའ་ལ་འཇིག་པར་སླ། །འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ། །འཁོར་བའི་སྡུག་བསྔལ་བཟོད་མཐའ་མེད། །བླ་མེད་བྱང་ཆུབ་མི་སྒྲུབ་པ། །ངན་སོང་གསུམ་གྱིས་མི་འཇིགས་སམ། །སྐྱེ་འཆི་གཉིས་ཀྱིས་མ་བྲེད་དམ། །འཁོར་བར་ཞེན་པ་མ་ལོག་གམ། །རང་རེ་རྒས་པ་ཆ་མེད་དམ། །གཞན་དག་འཆི་བ་མ་ཚོར་རམ། །ཐར་པའི་སྐམ་ས་མི་སྙོག་གམ། །རང་ཡུལ་བདུད་ཀྱི་བཙོན་ར་ཡིན། །གཉེན་འདུན་བདུད་ཀྱི་ཇག་པ་ཡིན། །ཟས་ནོར་བདུད་ཀྱི་ཞགས་པ་ཡིན། །ད་བདུད་ལས་ཐར་ཞིང་བདེ་འདོད་ན། །རང་ཡུལ་སྤོངས་ལ་ཆོས་ལ་སོང༌། །ཚེ་རབས་ཐོག་མ་མེད་པ་ནས། །ཕྱི་རོལ་འདོད་ཡོན་རྣམ་ལྔ་ལ། །དགའ་དགའ་སྤྲོ་སྤྲོ་བྱས་བྱས་ནས། །དུས་ད་ལྟའི་བར་དུ་འཁོར་བར་འཁྱམས། །ད་ཞེན་པ་ཐོང་ལ་སྒྲུབ་པ་གྱིས། །ལྟོ་རྒྱབ་གཉིས་ཀྱི་ཚིས་མ་བྱེད། །འབྱུང་བཞི་འདུས་པའི་ཕུང་པོ་འདི།། ཕྱི་ནས་བལྟས་པས་རུས་པའི་གཟེབ། །ནང་ནས་བལྟས་པས་མི་གཙང་སྣོད། །ཆུ་རྒྱུན་འདྲ་བ་རྣག་ཁྲག་རྫིང༌། །རྒྱུ་མ་མི་གཙང་དྲི་ཡིས་གང༌། །བཞི་བརྒྱ་རྩ་བཞི་ནད་ཀྱི་མཁར། །འདི་ལ་གློ་གཏད་མ་ཆེ་བར། །བྱ་བ་ཐོང་ལ་ཉམས་སུ་ལོངས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་བར་བྱེད་པ་བླ་མའི་གྲུ། །ཡང་དག་དགེ་བའི་བཤེས་གཉེན་ནི། །དམ་ཚིག་སྡོམ་ལ་རབ་གནས་ཤིང༌། །སྟོང་ཉིད་ཐུགས་ཆུད་ཐུགས་རྗེ་ཆེ། །ཤེས་རབ་དོན་ལ་མ་རྨོངས་པ། །དེ་འདྲའི་བླ་མ་དམ་པ་ལ། །ལུས་སེམས་ལྷག་མ་མེད་པ་ཡིས། །ཐུགས་གཏིང་ནས་མཉེས་པས་བྱིན་རླབས་འཇུག །བརྒྱུད་འཛིན་གྱི་སློབ་མ་དམ་པ་ཡང༌། །མོས་གུས་ཆེ་ལ་ཉོན་མོངས་ཆུང༌། །ཤེས་རབ་ཆེ་ལ་ཞེན་པ་ཆུང༌། །དད་པ་ཆེ་ལ་བྱ་བྱེད་ཉུང༌། །དམ་ཚིག་སྙིང་རྗེ་གཏོང་ཕོད་ལྡན། །ཚེ་འདི་ཡིད་ལ་མི་རྒྱུ་བ། །སྣོད་བཅུད་འཛོམ་པའི་རྟེན་འབྲེལ་གྱིས། །ཏིང་འཛིན་དྲོད་རྟགས་ཁམས་དགུ་འདུས། །ཁམས་འདུས་པ་གསུམ་གྱིས་དྲོད་རྟགས་འཆར། །དྲོད་རྟགས་ཉམས་མྱོང་དྭངས་པ་དང༌། །ནམ་མཁའ་སྤྲིན་དང་བྲལ་འདྲ་ཡིས། །སེམས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐར་ཐུག་བདེ་ཆེན་ཆོས་སྐུ་ཡིན། །བདེ་ཆེན་གཉུག་མའི་ཡེ་ཤེས་དེ། །བླ་མ་རིན་ཆེན་ཐུགས་དགོངས་ཡིན། །བླ་མའི་ཐུགས་དགོངས་གཉུག་མ་དེ། །རང་སེམས་དག་པའི་དཀྱིལ་འཁོར་ཡིན། །བླ་མ་སངས་རྒྱས་རང་སེམས་གསུམ། །མ་རྟོགས་དུས་ན་ཐ་དད་དེ། །རྟོགས་ན་གཅིག་ལས་གཉིས་སུ་མེད། །རང་སེམས་རིག་པའི་རྡོ་རྗེ་འདི། །ཕྱི་ནས་བལྟས་པས་འདྲ་བ་མེད། །ནང་ནས་བལྟས་པས་ཡིན་པ་མེད། །ཅི་ཡང་མ་ཡིན་པ་ཡི་དོན། །མེད་པ་མ་ཡིན་པ་ཡི་དབྱིངས། །བརྟགས་ཤིང་དཔྱད་པས་དངོས་མ་གྲུབ། །དབྱིབས་དང་ཁ་དོག་ཡུལ་ལས་འདས། །བློ་ཡིས་རེག་ན་དུག་ཏུ་འགྱུར། །དེས་ན་མ་བཅོས་རང་སར་ཞོག །སྒྲིབ་པ་བྱིང་རྒོད་ཉོན་མོངས་ཀུན། །རང་སོར་བཞག་པས་རང་སར་གྲོལ། །མཉམ་བཞག་རྗེས་ཐོབ་རྣམ་གཉིས་སོ། །དང་པོ་རབ་རིབ་སྒྱུ་མ་ཙམ། །གོམས་ཤིང་ཇེ་གསལ་ཇེ་གསལ་འོང༌། །ནན་ཏན་ཀློང་དུ་གྱུར་ཙ་ན། །མཉམ་བཞག་རྗེས་ཐོབ་དབྱེ་བ་མེད། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་རོ། །འཁྲུལ་པ་གཞི་མེད་ཉིད་དུ་རྟོགས།། སྣང་བ་ཕྱག་རྒྱ་ཆེན་པོར་འཆར། །དེ་ཡང་གོམས་ཤིང་འདྲིས་པ་ཡིས། །བརྩོན་འགྲུས་བྱ་བ་རབ་ཏུ་གཅེས། །ཡེ་སངས་རྒྱས་ཀྱི་ཆོས་ཉིད་དེ། །གློ་བུར་འཁྲུལ་པས་མ་སླད་ངང་དུ་ཞོག །རྣམ་རྟོག་སྤྲིན་བཞིན་དེངས་ནས་འགྲོ། །འཁོར་འདས་གཉིས་ཀྱི་རྩ་བ་ཡང༌། །རང་སེམས་རྟོགས་དང་མ་རྟོགས་ཡིན། །སེམས་གཉིས་འཛིན་དུ་འཁྲུལ་ན་འཁོར་བ་ཡིན། །གཉིས་མེད་དུ་རྟོགས་ན་སངས་རྒྱས་ཡིན། །ཕྱི་འཁྲུལ་པ་ལ་བལྟས་ན་ཉོན་མོངས་འཁོར་བ་ཡིན། །ནང་སེམས་ཉིད་ལ་བལྟས་ན་ཡེ་ཤེས་ཡིན། །བློ་བྱ་བྱེད་མང་ན་ཀུན་རྫོབ་ཡིན། །སེམས་རང་སོར་སྡོད་ན་དོན་དམ་ཡིན། །མཆོག་ཐུན་མོང་གི་རྩ་བ་བླ་མ་ཡིན། །རྒྱུན་ཆད་མེད་པར་གསོལ་བ་ཐོབ། །ཉམས་རྟོགས་ཀྱི་རྩ་བ་མོས་གུས་ཡིན། །ད་ལྟེམ་རྐྱང་མ་བྱེད་གདུང་བ་སྐྱེད། །མཐར་ཐུག་གི་རྩ་བ་རང་གི་སེམས། །བློ་གཉིས་སུ་མ་བཏང་དྲན་པས་བཟུང༌། །བྱང་ཆུབ་ཀྱི་རྩ་བ་ཤེས་རབ་གསུམ། །ད་སྒྱིད་ལུག་མ་བྱེད་དང་དུ་ལོངས། །སངས་རྒྱས་ཀྱི་ཞིང་ས་དད་པ་ཡིན། །མི་འགྱུར་བརྟན་པོར་གནས་པར་གྱིས། །ཐར་པའི་རྩ་བ་བརྩོན་འགྲུས་ཡིན། །ད་ལེ་ལོ་མ་བྱེད་མྱུར་དུ་སྒྲུབས། །རྣལ་འབྱོར་པ་ཡི་དགའ་བྲོད་དེ། །རི་ཁྲོད་དགོན་པར་སྐྱེ་བ་ཡིན། །བསྙེན་བཀུར་མ་ཚོལ་དཀའ་ཐུབ་གྱིས། །རྒྱུ་འབྲས་རྟེན་འབྲེལ་ཟབ་མོ་ཡང༌། །རང་སེམས་རྙོག་མ་དྭངས་པས་གསལ། །གཅིག་པུར་སྡོད་ལ་ཉམས་སུ་ལོངས། །རང་འདོད་དང་བཅས་པའི་ཆོས་བཤད་དང༌། །མངོན་ཤེས་གྲོང་ཆོག་རྟེན་འབྲེལ་གྱིས། །མི་མགོ་བསྐོར་བས་དམྱལ་བར་འགྲོ། །རང་ལ་རང་སྙིང་མི་རྗེའམ། །ད་མི་མགོ་མ་བསྐོར་ནགས་སུ་སོང༌། །བདེ་འཆམ་ཡུལ་གྱི་དགོན་པ་འདི། །སྐྱིད་ཆོས་སོས་བདེའི་གནས་ཡིན་ཀྱང༌། །ཉམས་རྟོགས་རི་ཁྲོད་ཀྱི་དགོན་པར་འཕེལ། །ད་ཤི་ཡང་རི་ཁྲོད་དགོན་པར་སྙོགས། །རང་སེམས་རྡོ་རྗེ་བསྒོམ་པ་ན། །ཕྱི་འཁྲུལ་བའི་ཡུལ་ལ་མ་བལྟ་བར། །ནང་སེམས་ཉིད་ཀྱི་ངོ་བོ་གཏན་ལ་ཕོབ། །ཡུལ་སྣང་སེམས་གཉིས་ཀྱི་ཆོ་འཕྲུལ་ལ། །གཞན་རྒྱུད་ལ་རྟོག་པ་མ་བྱེད་ཅིག །གཅིག་ལ་གཉིས་སུ་ཕྱེ་བས་འཁྲུལ། །དེས་ན་གཉུག་མ་རང་སོ་བཟུང༌། །སངས་རྒྱས་ཀྱི་དགོངས་པ་མཉམ་བཞག་ལ། །གོ་ཡུལ་གྱི་རྟོག་པ་དྲན་པས་འཇོམས། །བློས་བྱས་རྟོག་པའི་བསུ་བསྐྱེལ་དེ། །གནས་ལུགས་མི་རྟོག་མཉམ་བཞག་སྒོམས། །ལྷན་སྐྱེས་བདེ་ཆེན་གཉུག་མའི་སེམས། །རྣལ་མ་རང་སོ་གོ་མ་བཤིག །ཡེ་སངས་རྒྱས་ལ་བཅོས་ན་འཁྲུལ། །བག་ཆགས་ཀུན་རྫོབ་འཁྲུལ་སྣང་འདི། །རྣམ་དག་གཞི་མེད་ཆོས་ཉིད་ལ། །རྟོག་དཔྱོད་དགག་སྒྲུབ་འཛིན་པ་སྤོངས། །ངོ་བོ་སིང་ངེ་ཡེ་རེ་བ། །རང་བཞིན་སྤྲོས་པའི་མཐའ་དང་བྲལ། །མཚན་ཉིད་གཉིས་སུ་མེད་པ་ཡིན། །ངོ་བོ་རང་བཞིན་མཚན་ཉིད་གསུམ། །དངོས་པོ་གཤིས་ཀྱི་འདུག་ཚུལ་ཡིན། །དེ་ཡང་བརྟག་པ་གཉིས་པ་ལས། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །རང་རིག་བདག་ཉིད་དག་པ་ཉིད། །སློབ་དཔོན་བྲམ་ཟེའི་ཞལ་ནས་ཀྱང༌། རྟོགས་པའི་ཡེ་ཤེས་གཉིས་བྲལ་འདི་ལས་མ་གཏོགས་པ། སངས་རྒྱས་ཆེ་བར་འདོད་ན་རྨུག་པར་ཤེས་པར་བྱ། རང་སེམས་སྲང་དུ་བཞུགས་པའོ། །

དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །རྟ་ཆག་སྟེང་ཀའི་དགོན་པ་ན། །ཁྱེད་དལ་བར་བཞུགས་པའི་སྒོམ་ཆེན་པ། །དལ་བར་བཞུགས་པ་ཁོམ་ལགས་སམ། །དད་དང་གུས་པའི་བསམ་པ་ཡིས། །ཚོགས་གཉིས་རྫོགས་པར་བགྱིས་ལགས་སམ། །བདག་ཏུ་འཛིན་པ་ཐོངས་ལགས་སམ། །གཉིས་མེད་ཡེ་ཤེས་རྟོགས་ལགས་སམ། །བླ་མ་མཉེས་པར་མཛད་ལགས་སམ། །སེམས་ལ་འགྱོད་པ་མེད་ལགས་སམ། །རྣམ་པར་དག་པའི་ཞིང་ཁམས་ན། །ཁྱེད་དེང་སང་བདེ་བར་བཞུགས་ལགས་སམ།།


previousསྒྲོ་འདོགས་གཅོད་པའི་གདམས་ངག་རིན་ཆེན་རྒྱན་འདྲ།། next