Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལེའུ་ཉི་ཤུ་རྩ་གཅིག་པ།
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལེའུ་ཉི་ཤུ་རྩ་གཅིག་པ། next

ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལེའུ་ཉི་ཤུ་རྩ་གཅིག་པ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། ཚེ་གཅིག་ལུས་གཅིག་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་བྱེད་པ་རྒྱུ་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་གསུངས་པ་ལས་རྒྱུ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་གོང་དུ་ཤེས་པར་བྱའོ། །

འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་གསུམ་སྟེ། དངོས་པོའི་གནས་ལུགས་དང༌། ལམ་གྱི་སྒོམ་ཚུལ་དང༌། འབྲས་བུ་སྐྱེ་བའི་རིམ་པའོ།།

དང་པོ་དངོས་པོའི་གནས་ལུགས་ལ་གསུམ་སྟེ། ཆོས་སྐུ་དང༌། ཡོན་ཏན་དང༌། འཕྲིན་ལས་གསུམ་ལྷུན་གྲུབ་ཏུ་ཚང་བའོ།། དེ་ལ་ལུས་དང༌། ངག་དང༌། ཡིད་ཀྱི་སྒྲིབ་པས་འཁོར་བ་འབྱུང་ལ། དེ་གསུམ་དག་ན་འཚང་རྒྱའོ། །ཆོས་རྗེ་རིན་པོ་ཆེའི་ཞལ་ནས། བྱ་སྤྱོད་རྒྱུད་དུ་ཅུང་ཞིག་བསྟན་པ་ཡང༌། །ལུས་ངག་ཇི་ལྟར་དག་པའི་རིམ་པ་ལས། །དངོས་གྲུབ་ཇི་ལྟར་འབྱུང་བའི་རིམ་པ་རྣམས། །དབང་བསྐུར་ཚུལ་གྱིས་ཇི་ལྟར་འབྱུང་བ་ལ། །གསང་བ་སྔགས་ཀྱི་དབང་བསྐུར་མེད་གྱུར་ན། །རྒྱུ་མེད་འབྲས་བུ་མཐོ་དམན་ཐ་དད་པ། །མི་འབྱུང་ངེས་ཕྱིར་སྟོན་པས་གསུངས་པས་སོ། །དབང་བཞི་ལེགས་པར་བསྐུར་བར་མེད་ངེས་ན། །སྐུ་བཞི་ཐོབ་པར་འགྱུར་བ་མི་སྲིད་པས། །ཟབ་མོ་གསང་སྔགས་མཐར་ཐུག་དབང་བཞི་ཡིས། །སྐུ་བཞི་མཐར་ཐུག་སངས་རྒྱས་ཐོབ་པའི་ཕྱིར། །རྒྱལ་སྲས་མཆོག་གི་དབང་མཆོག་ཐོབ་པར་ངེས། །ཐོབ་ནས་བྱང་ཆུབ་མཆོག་ཏུ་འཚང་ཡང་རྒྱ། །ཞེས་གསུངས་པས། གོང་དུ་རྒྱུ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་ནས་སངས་རྒྱས་པའི་དུས་སུ་དབང་མཆོག་ཐོབ་ནས་སངས་རྒྱས་པར་བསྟན་ནས།

ད་རེས་འདིར་དང་པོ་ནས་ལུས་དག་པར་བྱེད་པ་ལ་བུམ་པའི་དབང་བསྐུར་ནས། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་གསུམ་སྤངས་ནས་ལུས་ལྷར་སྒོམ་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བར་སྟོན་པ་བྱ་བའི་རྒྱུད་ཡིན། ངག་དག་པར་བྱེད་པ་ལ་གསང་བའི་དབང་བསྐུར་ནས། ངག་འཁྱལ་པ་དང་ཚིག་རྩུབ་མོ་རྫུན་དང་ཕྲ་མ་སྤངས་ནས་ལྷའི་སྙིང་པོ་བཟླས་པས། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བར་སྟོན་པ་སྤྱོད་པའི་རྒྱུད་ཡིན། སེམས་དག་པར་བྱེད་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བར་སྤངས་ནས། སེམས་སྟོང་པ་ཉིད་བསྒོམས་པས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བར་སྟོན་པ་རྣལ་འབྱོར་གྱི་རྒྱུད་ཡིན། ཀུན་གཞི་དང་རླུང་དག་པར་བྱེད་པ་ལ་དབང་བཞི་པ་བསྐུར་ནས། ཤེས་བྱའི་སྒྲིབ་པ་སྤངས་ནས་མི་སློབ་པའི་ཟུང་འཇུག་ལ་གནས་པར་བྱས་ངོ་བོ་ཉིད་ཀྱི་སྐུ་ཐོབ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱིས་སྟོན་པ་ཡིན་པས། སྦྱང་རྒྱུ་བཞི་ཡོད་པས་གཞི་བཞི། ལམ་བཞི། ཕྲིན་ལས་བཞི། རྒྱུད་བཞི། སྐུ་བཞི་ཐོབ་པ་ཡིན། དང་པོ་དབང་བཞི་མེད་པ་ལས་ཀྱི་ཕྱག་རྒྱ་ཡིན། འབྲས་བུ་སྐུ་བཞི་མི་འབྱུང་བ་ཆོས་ཀྱི་ཕྱག་རྒྱ་ཡིན། དེ་འབྱུང་བར་སངས་རྒྱས་ཀྱིས་ཀྱང་མི་ནུས་པ་དམ་ཚིག་གི་ཕྱག་རྒྱ་ཡིན། མེད་ན་མི་འབྱུང་བའི་རྒྱུ་འབྲས་སོ། །དང་པོ་དབང་བཞི་ཐོབ་པ་དེ་ལས་ཀྱི་ཕྱག་རྒྱ། འབྲས་བུ་སྐུ་བཞི་འབྱུང་བ་ཆོས་ཀྱི་ཕྱག་རྒྱ། དེ་ལ་བདུད་ཀྱིས་མཚོན་ཆའི་ཆར་ཕབ་ཀྱང་བར་དུ་མི་ཆོད་པ་དམ་ཚིག་གི་ཕྱག་རྒྱ། དང་པོ་ནས་སྟོང་པ་ཉིད་གཤིས་ཡིན་པ་དེ་ཕྱག་རྒྱ་ཆེན་པོ་ཡིན་པས། དེ་ཚེ་འདིར་ཐོབ་ནས་ལུས་ངག་ཡིད་གསུམ་དག་ནས་འཚང་རྒྱའོ། །

དེ་དང་པོ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས། (ཉམས་སུ་ཇི་ལྟར་ལེན།)(འབྲས་བུ་ཇི་ལྟར་ཐོབ་སྙམ་ན།) འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ལ་གསུམ་ཡིན་ཏེ། དངོས་པོའི་གཤའ་ལུགས་དང༌། ལམ་དང༌། འབྲས་བུ་སྐྱེ་བའི་རིམ་པ་དང་གསུམ་མོ། །དང་པོ་དངོས་པོའི་གནས་ལུགས་ལ་གསུམ་མོ། །སེམས་ཅན་ཐམས་ཅད་དང་པོ་ནས་བཤའ་མར་སངས་རྒྱས་པ་ཡིན་པས། ས་བཅུ་ཙམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཙམ་ཡང་མེད། དང་པོ་ནས་ཆོས་སྐུ་སྟོང་པ་ཉིད་གཅིག་པུ་ཡིན། གཤིས་ཀྱི་དགེ་བ་ཡོད་ཚད་ཡོན་ཏན་ཡིན། དེ་དང་པོ་ནས་སེམས་ཅན་གྱི་དོན་དུ་གང་ཕན་དུ་འགྲོ་བ་དེ་ལྷུན་གྱིས་གྲུབ་ནས་གནས་པ་དེ་ཕྲིན་ལས་ཡིན། དེ་ལྟར་ཡིན་པ་ལ་གོམས་པས་དེའི་སྣང་བ་ཤར་བ་ཡིན་ཏེ། ཚེ་གཅིག་གིས་སྒྲིབ་པ་གསུམ་སྤངས་ནས། ཆོས་སྐུ་ཡོན་ཏན་འཕྲིན་ལས་དེ་སྒྲུབ་པ་ལ་སྔགས་གསུངས་པ་ཡིན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་རིན་ཆེན་སྙིང་པོ་ལ་རྒྱུ་གསང་སྔགས་ཀྱི་སྨོན་ལམ་བཏབ་པའི་འབྲས་བུ། གསང་སྔགས་རྡོ་རྗེའི་ཐེག་པ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་འདི་གསུངས་པ་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལས། དང་པོ་ནས་དངོས་པོའི་གནས་ལུགས་བསྟན་པའི་ལེའུ་སྟེ་དང་པོའོ།།

འདིའི་ལམ་ལ་སྤྱི་དང་བྱེ་བྲག་གཉིས་སོ། །སྤྱིར་སངས་རྒྱས་ཀྱི་གསང་སྔགས་ཀྱི་རྒྱུད། ཕྱག་ན་རྡོ་རྗེ་ལ་མ་རྒྱུད་བྱེ་བ་ཕྲག་དྲུག་གསུངས། ཨིནྡྲ་བྷུ་ཏི་ལ་སོགས་པ་ཕ་རྒྱུད་བྱེ་བ་ཕྲག་བཅུ་གསུངས། གཉིས་ཀ་ལ་སངས་རྒྱས་ཀྱི་རྒྱུད་བྱེ་བ་ཕྲག་བཅུ་དྲུག་གསུངས་སོ། །རྣལ་འབྱོར་ཕ་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་བཅུ་ཡིན་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་དྲུག་ཏུ་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་ནི། །དུང་ཕྱུར་ཕྲག་ནི་གསུམ་ཡིན་ཏེ། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །འདི་དག་ཐམས་ཅད་ཐུབ་དབང་པོ། །སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །ཞེས་སོ། །

དེ་རྣམས་བསྡུས་ན་རྒྱུད་སྡེ་བཞི་ཡིན་ཏེ། བྱ་བའི་རྒྱུད་ལ་འཇམ་དཔལ་གྱི་རྒྱུད་དང༌། ལྷ་མོ་བཙུན་དའི་རྒྱུད་ལ་སོགས་པ་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་གསུམ་སྤངས་ནས་ལུས་ལྷར་བསྒོམ་པ་དང༌། ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན། གཞན་གསུམ་ཞོར་ལ་སྟོན། སྤྱོད་པའི་རྒྱུད་ལ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང༌། དམ་ཚིག་གསུམ་བཀོད་པའི་རྒྱུད་དང༌། རྟོགས་པ་བསྡུས་པའི་རྒྱུད་ལ་སོགས་པ་ངག་འཁྱལ་བ་དང་ཚིག་རྩུབ་མོ་དང་རྫུན་ཕྲ་མོ་སྤངས་ནས། བཟླས་པ་གཙོ་བོར་སྟོན་ཅིང་གཞན་གསུམ་ཞོར་ལ་སྟོན། རྣལ་འབྱོར་གྱི་རྒྱུད་ལ་དཔལ་མཆོག་དང་པོའི་རྒྱུད་དང༌། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་སོགས་པས་བརྣབ་སེམས་དང་གནོད་སེམས་དང༌། ལོག་པར་ལྟ་བ་གསུམ་སྤངས་ནས། སེམས་སློབ་པའི་ཟུང་འཇུག་གཙོ་བོར་སྟོན། གཞན་གསུམ་པོ་ཞོར་ལ་སྟོན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གཉིས། ཕ་བླ་ན་མེད་པ་དཔལ་གསང་བ་འདུས་པ་གསུངས། དེའི་སྙིང་པོ་ལྟ་བུ་སེམས་དཔའ་གསུམ་གྱིས་སྦས་པ་ཡིན། མ་བླ་ན་མེད་པའི་རྒྱུད་བདེ་མཆོག་དང༌། དུས་འཁོར། དགྱེས་རྡོར། གདན་གཞི། ནམ་མཁའ་དང་མཉམ་པ་སོགས་གསུངས་སོ། །དེ་རྣམས་ཀྱི་སྙིང་ལྟ་བུ་འདོད་ཆགས་ཆོས་ཀྱིས་སྦས་པ་ཡིན། དེ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ། སེམས་ཅན་བྱ་བ་གཅིག་ཀྱང་མེད་པར། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གཅིག་པུ་སྟོན་པ་ཡིན་ནོ། །དེ་རྣམས་གསང་སྔགས་སྤྱིའི་ལུགས་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལས། གསང་སྔགས་སྤྱི་བསྟན་པའི་ལེའུ་སྟེ་གཉིས་པའོ།།

བྱེ་བྲག་ཏུ་རྗེ་བཙུན་ཏིལླི་པ་དེ་དྲུག་པ་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་པས་གསང་སྔགས་ཀྱི་བཀའ་ཐམས་ཅད་བབས་པར་བསྟན་པ་ཡིན་པས། ཏིལླི་པའི་བརྒྱུད་པ་འདི་ཁོ་ན་འགྲུབ་ཐག་ཉེ་བ་ཡིན་ནོ། །འདིར་ཏིལླི་པའི་ལུགས་ལ་གཉིས་ཡིན་ཏེ། རྟོགས་ལམ་དབང་དང༌། སྒོམ་ལམ་མོ། རྟོགས་ལམ་དབང་ལ་གཞན་ལུགས་དང་རང་ལུགས་གཉིས་ཡིན།

གཞན་ལུགས་ལ། ལ་ལ་སྨིན་ལམ་དབང་དུ་འདོད་པ་ཡང་ཡོད། ལ་ལ་གྲོལ་ལམ་དབང་དུ་འདོད་པ་ཡང་ཡོད། དབང་ལེན་པའི་བླ་མ་དང༌། དབང་གི་དུས་དང༌། རྫས་དང༌། དབང་རྟེན་དང༌། དབང་གི་འབྲས་བུ་འདོད་ལུགས་རེ་རེ་ཡོད་དེ།

རང་ལུགས་ལ་གཉིས་ཡིན། སྡོམ་པ་གསུམ་བླང་བ་དང༌། དབང་བཞི་བསྐུར་བའོ། །ཆོས་རྗེ་རིན་པོ་ཆེ་ནི་དང་པོ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། དེ་མ་རྟོགས་པས་འཁོར་བར་འཁྱམས་པས། དེ་རྟོགས་པས་སངས་རྒྱས། དེའི་དབང་ཐོབ་པས་རྟོགས་ལམ་དབང་དུ་བཞེད་དོ། །

དེ་ལ་དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གི་དྲུང་དུ། སློབ་མ་མོས་གུས་དང་ལྡན་པ་ཞིག་གིས་བཏུགས་ནས། དང་པོ་སྡོམ་པ་གསུམ་གཙང་སིང་ངེ་བ་ཞིག་ཡིན། ཆོས་སྐུ་ནམ་མཁའ་ལྟ་བུ་དེ་ལུས་ངག་ཡིད་གསུམ་ཁྱབ་པའི་རླུང་གིས་བསྒྲིབས་པས། སྒྲིབ་པ་བཞི་བོ་དེ་སྤོང་བ་ལ་དབང་བཞི་བསྐུར་ནས། ལམ་མི་རྟོག་པ་སྒོམ་པ་དང༌། ལམ་གཏོང་ལྔ་ལྡན་དང་བཅས་པ་བསྒོམས་པས་འབྲས་བུ་སྐུ་བཞི་ཐོབ་པ་ཡིན་པས། རྒྱུ་དབང་བཞི་བསྐུར་བ་ཡིན།

དབང་གི་འབྲས་བུ་ལ་ཡང༌། ལ་ལ་བདེ་བའི་ཏིང་ངེ་འཛིན་ལ་འབྲས་བུར་བྱེད། ལ་ལ་གསལ་བ། ལ་ལ་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྲས་བུར་བྱེད། དེ་རྣམས་ཁམས་གསུམ་གྱི་འཇིག་རྟེན་གྱི་རང་གཟུགས་བསྐྱེད་པའི་དུག་ཡིན་ཏེ། རང་གི་སློབ་མས་གོ་བར་བྱ་བའི་ཕྱིར་དང༌། གཞན་གྱིས་མི་གོ་བར་བྱ་བའི་ཕྱིར་དང༌། རྒྱུད་ཐམས་ཅད་དཀྲུགས། ལུང་ཐམས་ཅད་གཅུས། མན་ངག་ཐམས་ཅད་སྦས་ནས་བསྟན་པ་ཡིན། གཞན་གྱིས་གོ་བ་མ་སྐྱེས་པ་ཡིན། དབང་ལ་དབང་རྟགས་རྩིས་སུ་ཆེ་བ་ཡིན། དབང་རྟགས་དང་པོ་ནས་སངས་རྒྱས་པ། འོད་གསལ་གསལ་བ་གཅིག་ཏུ་རྟོགས་པ་དེ་དབང་རྟགས་ཡིན། དེའི་ཟླར་མི་བསྐྱོད་པས་དབུ་བརྒྱན་པ་ཡིན།

ཁ་ཅིག་དབང་རྟེན་བུད་མེད་དང༌། དབང་གི་ཤ་ཆང་གཉིས་ཐབས་ཤེས་ཀྱི་རྫས་ལ་དགོས་སོ་ཞེས་ཕལ་ཆེར་སྨྲ་སྟེ། དབང་དང་དེ་འགལ་བ་ཡིན། དབང་ལ་ཕྱིན་ཅི་ལོག་པ་ཡིན། ཕལ་ཆེར་ངུ་འབོད་ཀྱི་དམྱལ་བར་གསུངས་པ་ཡིན། རྡོ་རྗེ་འཆང་གི་ཞལ་ནས། ཆང་ལ་ཧ་བྱས་པས་ཁ་དོག་འོ་མར་འགྱུར་ནུས་པ་དང༌། ཧོ་བྱས་པས་རོ་ཆུ་ལྟར་འགྱུར་ནུས་པ་དང༌། ཧྲཱིཿབྱས་པས་བདུད་རྩིར་སྒྱུར་ནུས་ན་ཆང་མ་ཡིན། ཇ་དང་འོ་མ་དང་འདྲ། ཤེས་པ་མི་འཁྲུལ་བས་འཐུང་དུ་བཏུབ། བཙུན་པ་ངན་ལམ་རྒྱལ་མཆོག་དབྱངས་དང༌། སློབ་དཔོན་བིརྺ་པས་ཆང་འོ་མར་བསྒྱུར་ནས་གསོལ་བ་ཡིན། དེ་ལྟར་བསྒྱུར་མ་ནུས་ན་བཏུང་དུ་མི་བཏུབ་སྟེ། སྡོམ་པ་འབྱུང་བའི་རྒྱུད་ལས། ཧ་གསུམ་ལ་སོགས་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱིས་འཐུང༌། །སྔགས་ཀྱི་དངོས་གྲུབ་མི་འབྱུང་སྟེ། །དེ་ལ་དུག་འགྱུར་ཐེ་ཚོམ་མེད། །སྔགས་པ་ཆང་གིས་རྣམ་འགྱུར་པ། །འདོད་ལ་སྐམ་ཞིང་འཁྲིག་ལ་སྲེད། །རྒོད་ཅིང་གླུ་ཡང་དེ་བཞིན་ལེན། །འཐབ་མོ་ལ་སོགས་རྣམ་པར་འཁྲུལ། །རྨོད་ཅིང་ཉམས་པར་བྱེད་ལས་ཀྱང༌། །སྡིག་པ་དམྱལ་བར་འཚོད་པར་འགྱུར། །རྣལ་འབྱོར་མ་རྣམས་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་གྱིས། །འཇིགས་པར་བྱེད་པས་རྣམ་གཙེས་ནས། །སྡིག་ཅན་དམྱལ་བར་འཚོད་པར་བྱེད། །བླ་མ་ལ་འཁུ་སྨོད་པར་བྱེད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །དངོས་གྲུབ་སྒྲུབ་པ་འབྲས་བུ་མེད། །སྔགས་པས་འདི་དག་སྤང་པར་ནི། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་དང༌། བཅོམ་ལྡན་འདས་ཀྱི་ཞལ་ནས། ང་ལ་སྟོན་པར་ལྟ་བ་རྣམས་ཀྱིས་ཆང་མི་བཙོང༌། མི་བཏུང༌། མི་བླུད་དོ་གསུངས། རྒྱལ་པོ་མཛའ་མོ་འཁོར་དང་བཅས་པ་ཆང་འཐུངས་པས་དམྱལ་བར་སྐྱེས་པ་ལ། ཐུབ་པ་འདི་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པའི་དུས་སུ་ཆང་གི་ཉེས་པ་སུམ་ཅུ་སོ་གཉིས་བརྗོད་ནས་བསྲུང་དུ་བཅུག་པས་མཐོ་རིས་སུ་སྐྱེས་པ་ཡིན་ནོ།།

ཤ་ཟ་བ་ཡང་སྤང་དགོས་ཏེ། ཐུབ་པ་འདི་བྱ་སྲེག་པའི་ཕྲུ་གུར་གྱུར་པའི་དུས་སུ་ཤ་ཟ་བ་སྤངས་པས་སངས་རྒྱས་པ་ཡིན། དཔའ་བོ་མཁའ་འགྲོ་ཡང་ཤ་བསྒྱུར་ནས་ཟ་བ་ཡིན། སློབ་དཔོན་ནག་པོ་སྤྱོད་པ་བ་ལ་འདྲེན་པའི་དགེ་སློང་ཞིག་གིས་ཀྱང་བྱ་རོག་ཏུ་སྤྲུལ་ནས་གསོལ་བ་ཡིན། དེའི་དུས་སུ་ཤ་བདུད་རྩིར་སྒྱུར་ནུས་པས་གསོལ་དུ་རུང་བ་ཡིན། དགོང་མོའི་ཚོགས་འཁོར་ཡང་བདུད་རྩིར་སྒྱུར་ནུས་ན་གསོལ་དུ་བཏུབ་ལ། དེ་མ་ནུས་ན་མི་བཏུབ། སློབ་དཔོན་ལྭ་བ་པ་ལ་རྒྱལ་པོ་ཨིནྡྲ་བྷུ་ཏིས་ཕྱི་དྲོའི་ཁ་ཟས་ བསྐུར་ནས། བར་ན་ཆུ་མོ་གངྒཱ་ཡོད་པས། རྒྱལ་པོ་ཨིནྡྲ་བྷུ་ཏིས་འདོད་ཆགས་སྤངས་པའི་བདེན་པས། ཆུ་མོ་གྱེན་ལ་ལོག་ཅིག་བྱས་པས། ཆུ་མོ་གྱེན་ལོག་ནས། དེའི་ཤུལ་ན་ཕར་ཕྱིན་ཏེ། སློབ་དཔོན་ལྭ་ཝ་པ་ལ་ཕྱི་དྲོའི་ཁ་ཟས་དྲངས་པས་གསོལ་བ་དང་བཙུན་མོ་མ་དད་དེ་ཆུ་མོ་གྱེན་ལ་ཇི་ལྟར་འགྲོ་ཞུས་པས། སློབ་དཔོན་ལྭ་ཝ་པས་ཕྱི་དྲོའི་ཁ་ཟས་མ་ཟས་པའི་བདེན་པའི་བྱིན་རླབས་ཀྱིས་ཆུ་མོ་གངྒཱ་གྱེན་ལ་ལོག་ཅིག་བྱས་པས་ཆུ་གྱེན་ལ་ལོག་པའི་ཤུལ་ན་ཚུར་ལ་ཡོང་བ་ཡིན། ཕྱག་རྒྱ་བསྟེན་པ་དང་ཕྱི་དྲོའི་ཚོགས་འཁོར་ཡང་དེ་ཙམ་ན་རན་པ་ཡིན། དེ་ལ་ཡང་བཙུན་མོ་མ་དད་པའི་ཉེས་པ་ཡོད། དེ་ལྟར་མ་གྱུར་ཕྱག་རྒྱ་བསྟེན་ན་ལྕགས་ཀྱི་ཤལ་མ་རི་ལ་འགྲད་དོ། །ཕྱི་དྲོའི་ཁ་ཟས་མ་ཐུབ་ན། དང་པོ་ཀུན་ཏུ་རྒྱུ་ཞིག་གིས་ཕྱི་དྲོའི་ཁ་ཟས་ཀྱི་ཟ་ཁྲིམས་བསྲུང༌། དུས་གཅིག་ཏུ་མ་ཐུབ་པས་ཀླུ་རུ་སྐྱེས་པ་ཡིན་ནོ། །

དེས་ན་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ། གསང་སྔགས་ཀྱི་རྩ་བ་བཅུ་བཞི་དང༌། ཡན་ལག་བརྒྱད་བསྲུང་བ་གསང་སྔགས་ཀྱི་གེགས་སེལ་ཡིན་པས། གཞན་གཉིས་གོང་དུ་བསྟན་པ་བཞིན་དུ་ཤེས་པར་བྱ་ལ།

རྩ་ལྟུང་བཅུ་བཞི་ནི། བདེ་གཤེགས་བཀའ་ལས་འདས་པ་དང༌། རྡོ་རྗེའི་སྤུན་ལ་འཁུ་བ་དང༌། བྱམས་པ་འདོར་བ་དང༌། བྱང་སེམས་འདོར་བ། བླ་མའི་རྗེས་སུ་མི་འབྲང་བར་བརྙས་པ་བྱེད་པ་དང༌། གཞན་གྱི་ཆོས་ལ་སྨོད་པ་དང༌། སེམས་ཅན་མ་སྨིན་པ་ལ་གསང་བ་བསྒྲགས་པ་དང༌། ཕུང་པོ་སངས་རྒྱས་ཀྱི་མངའ་བདག་ལ་ཐ་མལ་གྱི་སྤྱོད་པས་བརྙས་པ་དང༌། དང་པོ་ནས་དག་པ་སྟོང་པ་ཉིད་ཡིན་པ་ལ་ཐེ་ཚོམ་ཟ་བ་དང༌། བླ་མའི་དགྲ་ལ་བྱམས་པར་བྱེད་པ་དང༌། བློ་ལས་འདས་པའི་ཆོས་ལ་བཟང་ངན་དུ་རྟོག་པ་དང༌། སེམས་ཅན་ཆོས་བྱེད་འདོད་ཡོད་པའི་སེམས་སུན་འབྱིན་པ་དང༌། དབང་བཞིའི་དམ་ཚིག་མི་བསྟེན་པ་དང༌། ཤེས་རབ་ཕག་མོའི་རང་བཞིན་བུད་མེད་ལ་གནོད་པ་དང་བཅུ་བཞི་དེ་ཤོར་ན་དབང་ཤོར་བས་གེགས་ལ་རྡུགས་པ་ཡིན་ནོ། །

ད་ཡན་ལག་བརྒྱད་ནི། དམ་ཚིག་དང་མི་ལྡན་པའི་རིག་མ་བསྟེན་པ་དང༌། ཚོགས་ཀྱི་གྲལ་དུ་འཐབ་པ་དང༌། རིག་མ་མཚན་ཉིད་དང་མི་ལྡན་པ་ལ་བདུད་རྩི་རིལ་བུ་སྦྱོར་བ་དང༌། གསང་སྔགས་ཤེས་ཀྱང་སྣོད་ལྡན་ལ་མི་བཤད་པ་དང༌། དད་པ་ཅན་ཆོས་འདྲི་བ་ལ་གཞན་གྱི་གཏམ་སྨྲ་བ་དང༌། ཉན་ཐོས་ནང་དུ་ཞག་བདུན་སྡོད་པ་དང༌། གསང་སྔགས་མི་ཤེས་སེམས་མ་རྟོགས་པར་ང་གསང་སྔགས་པ་ཡིན་ཟེར་བ་དང༌། སྣོད་མ་ཡིན་པ་ལ་ཕྱིའི་ཆོས་མི་བཤད་པར་གསང་སྔགས་བཤད་པ་དང་བརྒྱད་པོ་དང༌། རྩ་བ་བཞི་ལ་ཤེས་བཞིན་ཉམས་ན་དངོས་གཞི་རྫོགས། འགྱོད་མེད་དེར་ཤེས་ཡིད་བྱེད་པ་ཡན་ལག་བདུན་པོ་རྫོགས་ན་བསྐལ་པ་མང་པོར་དམྱལ་བར་སྐྱེས་ནས་གེགས་སུ་འགྲོ་བ་ཡིན།

དེས་ན་བསླབ་པ་གསུམ་པོ་གཅིག་མ་ཐུབ་ཀྱང་གེགས་སུ་འགྲོ་བ་ཡིན་པས་གསུམ་ག་བསྲུང་བ་གལ་ཆེའོ། །བཙུན་པ་ཞིག་ལ་བུད་མེད་ལྷ་མོ་འདྲ་བ་ཞིག་གིས་རྩེ་ཤིང་བསྐོར་བས། བཙུན་པ་དེས་རང་གི་ལྕེ་ཆུང་བཅད་ནས་སྲོག་དང་བྲལ་ཡང་རང་གི་ཚུལ་ཁྲིམས་མ་ཉམས་པར་བྱས་པ་ཡིན། ཆུང་སྟེ་སློབ་དཔོན་ཆོས་མཆོག་གིས། ཤིང་སྐམ་པོ་ཞིག་ལ་ངའི་ཚུལ་ཁྲིམས་རྣམ་པར་དག་ན་ཤིང་ཁྱོད་ལ་མེ་ཏོག་འབྱུང་བར་གྱུར་ཅིག་བྱས་པས་མེ་ཏོག་བཅུ་ཡོང་བ་ལ། ལན་གཅིག་མ་བྱུང་བས་ཅིས་ལན་སྙམ་པ་ལས། ལྡེ་མིག་ཅིག་སྐོར་སྐོར་བྱས་འདུག་པ་དེས་ལན་ནམ་སྙམ་ནས་བཤགས་སྡོམ་བྱས་ཏེ། དེ་ནས་སྔར་བཞིན་བདེན་པ་བརྗོད་པས་མེ་ཏོག་བཅུ་བྱུང་ངོ༌། །

སྔགས་དང་ཚུལ་ཁྲིམས་གཅིག་པ་ཡིན་ཏེ། སྡོམ་པ་འབྱུང་བའི་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་སྔགས་འགྲུབ་པར། །སངས་རྒྱས་རྣམས་ཀྱིས་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ནི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ།། ཚུལ་ཁྲིམས་འཆལ་པ་ལ་བསྟེན་ན་བེའུ་སྦྲེལ་གཡང་ལ་འགྲོ་བར་གསུངས་པ་ཡིན་པས་གསང་སྔགས་ཀྱི་གཞི་ལ་ཚུལ་ཁྲིམས་དགོས་པ་ཡིན་ནོ། །སྔགས་འདི་རལ་གྲིའི་སོ་དང་འདྲ་བས། དབང་བསྐུར་བའི་དུས་སློབ་དཔོན་དང་སློབ་མའི་འབྲེལ་པ་བརྟག་དགོས་པར་གསུངས་ཤིང༌། སུ་དགའ་རང་དགར་ཞུགས་ན་ཕུང་སྐྱེས་བྱེད་པས་དམ་ཚིག་བསྲུང་བ་གལ་ཆེའོ། །

ཕ་རྒྱུད་དང་མ་རྒྱུད་དང་རྒྱུད་རྣམས་ཀྱི་སྙིང་པོ་དང་བཅུད་ནི་ཆོས་རྗེ་རིན་པོ་ཆེས་དབང་བཞི་བའི་བློ་འདས་དེ་ལ་བཞེད། དེ་རྟོགས་པར་བྱེད་པ་ལ་རྒྱུའི་དབང་དང༌། ལམ་གྱི་དབང་དང༌། འབྲས་བུའི་དབང་དང་གསུམ་ཡིན། རྒྱུའི་དབང་ལ་རིགས་མི་འདྲ་བ་མང་ཡང༌། དྭགས་པོ་བཀའ་བརྒྱུད་འདི་ནི་རྗེ་སྒམ་པོ་པའི་ཇོ་མོ་ལྷ་ལྔ་མ་འདིས་དབང་བསྐུར་བས་གྲོལ་བ་ཡིན། དེའི་ལུགས་སུ་བྱེད་ན། དང་པོར་ཇོ་མོའི་བསྙེན་སྒྲུབ་ཐེམས་དགོས། དེ་ནས་ལས་སྦྱོར་དབང་བསྐུར་དགོས། སློབ་མས་བླ་མར་གསོལ་བ་ལན་གསུམ་འདེབས་པ་དེ་ཆོས་ལ་འཕངས་སེམས་བྱེད་པ་དང༌། སློབ་མའི་མོས་གུས་བརྟག་པ་ཡིན། དེ་ནས་དང་པོ་ནས་བྱང་ཆུབ་ཀྱི་སེམས་ནེམ་རྐྱང་མེད་པར་བསྐྱེད་ལ། དང་པོ་བུམ་པའི་དབང་བསྐུར། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། དེ་ནས་དབང་བཞི་བ་གལ་ཆེ་བ་ཡིན་པས་ངོ་སྤྲད། དེ་ནས་བརྡའི་ཕྱག་མཚན་བཞི་གཏད། དེ་ཡེ་ཤེས་ཀྱི་ཚོགས་ཡིན། དེ་ནས་དེ་སྨིན་པར་བྱེད་པ་ལ་བསོད་ནམས་ཀྱི་ཚོགས་ལ་ལོངས་སྤྱོད། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྒྱུའི་དབང་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལས་རྒྱུའི་དབང་བསྟན་པའི་ལེའུ་སྟེ་གསུམ་པའོ།།

རྒྱུའི་དབང་བསྟན་ནས་ས་བོན་ནམ་བག་ཆགས་བཞག་པས། འབྲས་བུའི་དབང་གཤའ་མ་དེ་རྟོགས་ནས་ཡོང༌། འབྲས་བུའི་དབང་གང་ཡིན་ན། བླ་མས་སློབ་མ་ལ་དང་པོ་བུམ་པའི་དབང་བསྐུར་ནས། ཕུང་པོ་ལྷ་དང་ལྷ་མོར་ངོ་སྤྲོད་པ་ཡིན། ངོ་ཇི་ལྟར་དུ་སྤྲོད་ན། ཡ་གི་ཡང་དག་པར་རྫོགས་པའི་སངས་རྒྱས་ནས། མ་གི་འཇག་མིག་གི་སྲིན་བུ་ཡན་ཆད་སངས་རྒྱས་པ་གཅིག་ཡིན། ས་དང་པོ་ནས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཙམ་ཡང་མིན། སངས་གཤའ་མར་རྒྱས་རྒྱས་པ་ཞིག་ཡིན།

དེ་ཡང་ཇི་ལྟར་འབྱུང་བ་བཞི་ལྷ་མོ་བཞིར་སངས་རྒྱས་པ་ཡིན། སེམས་ཅན་གྱི་དོན་དུ་ལུས་འབྱུང་བ་བཞི་ལས་མ་གྲུབ་པ་མེད། སྲ་ཞིང་བརྟན་པའི་རིགས་ཐམས་ཅད་སའི་ཁམས་ཡིན། ས་སངས་རྒྱས་སྤྱན་མར་དང་པོ་ནས་སངས་རྒྱས་རྒྱས་པ་ཡིན། ལུས་ལ་བརླན་ཞིང་གཤེར་བ་ཐམས་ཅད་ཆུའི་ཁམས་ཡིན། ཆུ་མ་མ་ཀིར་དང་པོ་ནས་སངས་རྒྱས་རྒྱས་པ་ཡིན། ཚ་ཞིང་དྲོ་བའི་རིགས་ཐམས་ཅད་མེའི་ཁམས་ཡིན། མེ་གོས་དཀར་མོར་དང་པོ་ནས་སངས་རྒྱས་རྒྱས་པ་ཡིན། གཡོ་བའི་རིགས་ཐམས་ཅད་འབྱུང་བ་རླུང་གི་ཁམས་ཡིན། རླུང་དམ་ཚིག་སྒྲོལ་མར་དང་པོ་ནས་སངས་རྒྱས་རྒྱས་པ་ཡིན། དེ་རྣམས་ཐམས་ཅད་ནམ་མཁའ་སྟོང་པ། སེམས་སེམས་མེད་པ་ཡིན། ནམ་མཁའ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་དང་པོ་ནས་སངས་རྒྱས་རྒྱས་པ་ཡིན། ས་དང་པོ་ནས་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་མིན། གཤའ་མར་སངས་རྒྱས་རྒྱས་པ་ཡིན། ཕྱི་ལྟར་དུ་འབྱུང་བ་ལྔ་ལྷ་མོ་ལྔར་སངས་རྒྱས་རྒྱས་པ་ཡིན་ནོ། །

ནང་ལྟར་དུ་གནས་ཉི་ཤུ་རྩ་བཞི་དང་དཀྱིལ་འཁོར་གྱི་འཁོར་ལོ། དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པ་ལུས་ལ་ཚང་ནས་ཡོད་པ་ཡིན།

དེའི་ནང་ན་བཅོམ་ལྡན་འདས་ཡབ་ཡུམ་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་པོ་ནས་ལྷུན་གྲུབ་ཏུ་གནས་ཀྱིན་ཡོད་པ་ཡིན། རྒྱུད་རྣམས་ཀྱི་ནང་ནས། དཔའ་བོ་འདི་དག་ཐམས་ཅད་ཀྱིས། །རྒྱུ་དང་མི་རྒྱུའི་འགྲོ་ལ་ཁྱབ། །དེ་བཞིན་རྣལ་འབྱོར་མ་རྣམས་ཀྱིས། །རྒྱུ་དང་མི་རྒྱུའི་འགྲོ་ལ་ཁྱབ། །ཅེས་གསུངས་པས། ཡང་དག་པའི་ཏིང་ངེ་འཛིན་དེ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡིན། དེ་བློ་ལས་འདས་པ་དེ་ཡུམ་ཡིན། དེ་ཉིད་དབྱེར་མེད་དུ་གནས་པས་ཡབ་ཡུམ་དབྱེར་མེད་དུ་དབུས་སུ་ཡོང་བ་ཡིན། ཞེ་སྡང་གི་རྟོག་པ་སྐྱེས་པ་ལམ་དུ་སོང་བ་དེ་ཡབ་ཡིན། དེ་སྟོང་པ་ཉིད་དུ་རྟོགས་པ་དེ་ཡུམ་ཡིན། དེ་གཉིས་དབྱེར་མེད་དུ་གནས་པ་དེ་ཡབ་ཡུམ་དབྱེར་མེད་པ་ཡིན། དེ་དཀྱིལ་འཁོར་གྱི་ཤར་དུ་བཞུགས་པ་གཤིས་ཡིན། སེར་སྣའི་རྟོག་པ་སྐྱེས་པ་ལམ་དུ་སོང་བ་དེ་ཡབ་ཡིན། དེ་སྟོང་པ་ཉིད་དུ་རྟོགས་པ་དེ་ཡུམ་ཡིན། དེ་གཉིས་མེད་དུ་གནས་པས་ལྷོ་ཕྱོགས་སུ་ཡབ་ཡུམ་དབྱེར་མེད་ཡོང་བ་ཡིན། འདོད་ཆགས་ཀྱི་རྟོག་པ་སྐྱེས་པ་དེ་ཡབ་ཡིན། དེ་སྟོང་པ་ཉིད་རྟོགས་པ་སྐྱེས་པ་དེ་ཡུམ་ཡིན། དེ་གཉིས་དབྱེར་མེད་དུ་རྟོགས་པ་དེ་ཡབ་ཡུམ་དབྱེར་མེད་དུ་ཡོང་བ་ཡིན། དེ་ནུབ་ཕྱོགས་སུ་ཡོང་བ་ཡིན། ཕྲག་དོག་གི་རྟོག་པ་སྐྱེས་པ་དེ་ཡབ་ཡིན། དེ་ལམ་དུ་གཏང་ནས་སྟོང་པར་རྟོགས་པ་དེ་ཡུམ་ཡིན། དེ་གཉིས་དབྱེར་མེད་དུ་འབྱུང་བས་ཡབ་ཡུམ་དབྱེར་མེད་དུ་འབྱུང་བ་ཡིན། དེ་བྱང་ཕྱོགས་སུ་འོང་བ་ཡིན། གང་ལ་གནས་པ་དེ་དཀྱིལ་འཁོར་གྱི་གཙོ་བོར་འབྱུང༌། གཞན་རྣམས་དེའི་འཁོར་དུ་འབྱུང་ངོ༌། །ཕུང་པོ་ལྔ་སངས་རྒྱས་རིགས་ལྔ་ཡིན་ནོ། །

སྐྱེ་མཆེད་བྱང་ཆུབ་སེམས་དཔའ་དྲུག་ནི། མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། །རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། སྣའི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ལྕེ་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག རེག་བྱའི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ཕྲག་དོག་རྡོ་རྗེ། སྐྱེ་མཆེད་དབང་ཕྱུག་རྡོ་རྗེའོ། །སྐྱེ་མཆེད་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ།

བྱང་ཆུབ་སེམས་དཔའི་སྲས་བཞི་ནི། མིག་གི་དབང་པོ་སྟོང་པར་རྟོགས་པ་བྱང་ཆུབ་སེམས་དཔའ་བྱམས་པ། རྣ་བའི་དབང་པོ་སྟོང་པར་རྟོགས་པ་བྱང་ཆུབ་སེམས་དཔའ་སྒྲིབ་སེལ། སྣའི་དབང་པོ་སྟོང་པར་རྟོགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ལྕེའི་དབང་པོ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་བཞིའོ། །

གཟུགས་སྟོང་པར་རྟོགས་པས་གཟུགས་རྡོ་རྗེ་མ། སྒྲ་སྟོང་པར་རྟོགས་པས་སྒྲ་རྡོ་རྗེ་མ། དྲི་སྟོང་པར་རྟོགས་པས་དྲི་རྡོ་རྗེ་མ། རོ་སྟོང་པར་རྟོགས་པས་རོ་རྡོ་རྗེ་མ། རེག་བྱ་སྟོང་པར་རྟོགས་པས་རེག་བྱ་རྡོ་རྗེ་མའོ། །

རྟག་པར་ལྟ་བ་གནས་སུ་དག་པ་ལྷ་མོ་ལྕགས་ཀྱུ་མ་ཤར་སྒོ་མའོ། །ཆད་པར་ལྟ་བ་གནས་སུ་དག་པ་ལྷ་མོ་ཞགས་པ་མ་ལྷོ་སྒོ་མའོ། །བདག་ཏུ་ལྟ་བ་གནས་སུ་དག་པ་ལྷ་མོ་ལྕགས་སྒྲོགས་མ་ནུབ་སྒོ་མའོ། །མཚན་མར་ལྟ་བ་གནས་སུ་དག་པ་ལྷ་མོ་དྲིལ་བུ་མ་བྱང་སྒོ་མའོ། །

གསང་བ་ལྟར་དུ་ལུས་ཀྱི་སྒོ་བཞི་ནས་མི་གཙང་བ་འཛག་པས། ཁྭ་གདོང་མ། ཁྱི་གདོང་མ། འུག་གདོང་མ། ཕག་གདོང་མ་དང་བཞི་པོ་དེ་ཤར་བྱང་ནུབ་ལྷོ་སྒོ་མར་འོང་བ་ཡིན།

ཆོས་ཐམས་ཅད་ལ་ཡངས་པ་རེ་རེ་ཡོད་པ་དང༌། ཐོས་པ་རེ་རེ་ཡོད་པའི་བརྡར་མཚམས་མའི་གཤིན་རྗེ་ཕོ་ཉ་མ་དང༌། གཤིན་རྗེ་སྲེག་མ་དང༌། གཤིན་རྗེ་མཆེ་བ་མ་དང༌། གཤིན་རྗེ་འཇོམས་མ་རྣམས་ཤར་ལྷོ་དང༌། ལྷོ་ནུབ་དང༌། ནུབ་བྱང་དང༌། བྱང་ཤར་ལ་སོགས་སུ་འོང་བ་ཡིན། དཀྱིལ་འཁོར་རྒྱས་པ་དང་བསྡུས་པ་སྣང་སྟོང་དབྱེར་མེད་དུ་གནས་པའི་སངས་རྒྱས་བསྡུས་པ་ཡིན། དོན་གཅིག་པ་ཡིན། དེ་ལྟར་རྟོགས་ན་བུམ་དབང་ཐོབ་པ་ཡིན། ཕྲིན་ལས་བཞི་ལ་དབང༌། གྲུབ་ཆེན་བརྒྱད་ལ་དབང༌། བྱ་བའི་རྒྱུད་མན་ཆད་ལ་དབང༌། དེ་ལྟར་ངོ་སྤྲོད་པས་ངེས་ཤེས་ཀྱིས་དེ་དབང་ཐོབ་པ་ཡིན། བརྟན་པ་ཐོབ་པ་ལ་ཚེགས་མེད། ལྷ་ཡིན་པ་ལ་ཡིན་པར་ངོ་སྤྲད་པས། དང་པོ་ནས་ལྷ་ཡིན་པས་བརྟན་པ་ཐོབ་པ་ཡིན་མོད་གསུངས། དེ་ཉོན་མོངས་པ་ལྔ་དག་ནས་ཡེ་ཤེས་ལྔ་སྐྱེ་བ་ཡིན་ནོ། །བུམ་དབང་ངོ༌། །

དེ་ནས་གསང་བའི་དབང་བསྐུར་བར་བྱ་སྟེ། ཁམས་བྱང་ཆུབ་སེམས་གསང་བས་གང་བའོ། །ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལུས་ལ་རྒྱས་པའི་དུས་སུ་དགའ་བ་དང་མཆོག་དགའ་གཙོ་བོར་སྐྱེ།

ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་དགའ་བྲལ་གྱི་དགའ་བ་གཙོ་བོར་སྐྱེ། དེ་གསུམ་གྱི་ཉམས་པ་སློང་བ་ཡིན། དབང་གི་འབྲས་བུ་ཡིན། རྒྱ་གར་ན་མཆོག་དགའི་དུས་སུ་དབང་བཞི་པར་ངོ་སྤྲད་ནས་སྒོམ་པས་རྟོགས་ལྡན་ཉུང་ཞིང་གྲུབ་ཐོབ་མང་བ་ཡིན་ལ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་པོ་རྣམས། ལ་ལ་གང་གི་གྲུབ་ཐོབ་ཡིན། ལུང་ལུང་གཅིག་གྲུབ་ཐོབ་ཡིན། རྟོགས་པའི་གྲུབ་ཐོབ་བྲམ་ཟེ་ཆེན་པོ་ས་ར་ཧ་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཡིན། དབང་གསུམ་པ་མན་ཆད་ཉོན་མོངས་པ་དང་བཅས་པ་ཡིན། དེས་འཁོར་བ་བསྐྱེད་པའི་དུག་ཡིན། དེ་ལྟར་ཡང༌། དང་པོ་དགའ་བ་འགྲོ་བའི་གཟུགས། །དགའ་བྲལ་དགའ་བ་འགྲོ་བའི་གཟུགས། །གསུམ་པ་སྐྱེས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་གསུངས།

དབང་བཞི་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་བློ་དང་བྲལ་བ། སེམས་དང་བྲལ་བ། ཉམས་གསུམ་གྱི་དྲི་མས་མ་གོས་པ་དེ་རྟོགས་ན་དབང་བཞི་བ་ཡིན། སངས་རྒྱས་ཡིན། དང་པོ་ནས་ཆོས་ཀྱི་སྐུའི་གནས་ལུགས་ཡིན་པས། དེ་རྟོགས་ནས་དབང་བཞི་བ་ཐོབ་པ་ཡིན། རྟོགས་ལམ་དབང་དུ་ཆོས་རྗེས་བཞེད།

རྟོགས་ལམ་ཡིན་པའི་གོ་བ་ནི། རང་ཉིད་དང་པོ་ནས་སངས་རྒྱས་ཡིན་པ་ལ། དེ་མ་རྟོགས་ནས་རྟོགས་པར་བྱེད་པ་དབང་ཡིན། དབང་གི་དེ་ཉིད་ཤེས་པར་བྱ།

རྟོགས་ནས་གོམས་པར་བྱེད་པ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཡིན། དེ་གཉིས་དང་པོ་ནས་བསྐྱེད་རྫོགས་ཟུང་འཇུག་གཅིག་ཏུ་གནས་པར་སྒོམ་པ་ཡིན། བསྐྱེད་རིམ་རང་ཉིད་དང་པོ་ནས་ལྷ་དེ་སྟོང་པ་གཅིག་པུ་ཡིན། དེ་སྒྲིབ་པ་གསུམ་དང་བྲལ་བར་དང་པོ་ནས་གནས་པ་ལ། དེ་མ་ཡེངས་པར་རྣམ་པར་འགྱུར་བ་གསུམ་དང་སྐད་ཅིག་ཀྱང་མ་འབྲལ་བར་བྱ།

ཀུན་བཏགས་ཀྱི་སྤྲོས་པས་སྟོང་པས་ཁྱད་པར་དུ་བྱེད་པ་གལ་ཆེ། ཀུན་བཏགས་སྤྲོས་པ་དག་པ་དེ་དཔལ་ཧེ་རུ་ཀ་ཡིན། དེ་ལས་མ་ཡེངས་པ་དེ་སྔགས་ཡིན། སྔགས་དེ་ལྷའི་མིང་མ་བརྗེད་པར་བྱེད་པའི་ཕྱིར་འདྲེན་པ་ཡིན། དང་པོ་ནས་དག་པའི་ཟུང་འཇུག་ཏུ་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་ཡིན། སྙིང་པོ་རྡོ་རྗེ་བཟླས་པ་གཤའ་མ་དེ་ཡིན།

གོང་དུ་བསྟན་པ་བཞིན་དུ་ལུས་འདི་དང་པོ་ནས་དཀྱིལ་འཁོར་དུ་གྲུབ་ནས་ཡོད། དེ་ལ་གྲུ་བཞི་བ་སྒོ་བཞི་པ་རྡོ་རྗེ་མེ་རི་དང་བཅས་པ། གནས་ཉི་ཤུ་རྩ་བཞི་དང༌། དུར་ཁྲོད་བརྒྱད་དང༌། ཤིང་ཆེན་པོ་བརྒྱད། མེ་བརྒྱད། ཆུ་བརྒྱད། ཕྱོགས་སྐྱོང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་བརྒྱད། མཆོད་རྟེན་བརྒྱད། སྤྲིན་བརྒྱད། ཞིང་དང་ཉེ་བའི་ཞིང༌། འདུས་དང་ཉེ་བའི་འདུས་དང༌། ས་འོག་ས་སྟེང་མཁའ་སྤྱོད་ལ་སོགས་པ་དང་པོ་ནས་ལུས་ལ་གྲུབ་ནས་ཡོད།

དཀྱིལ་འཁོར་ཆེན་པོ་དེའི་དབུས་ན་བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་དང༌། བདེ་ཆེན་གྱི་མཁའ་འགྲོ་མ་བཞི་དང༌། ཐུགས་གསུང་སྐུའི་འཁོར་ལོ་དང༌། སྒོ་བ་དང་སྒོ་མཚམས་མ་དང་བཅས་པ་དང༌། དང་པོ་ནས་ལུས་ལ་གྲུབ་ནས་དག་པ་བཞི་ལ་རོལ་ཞིང་བཞུགས་ཡོད་པ་ཡིན།

བདེ་བ་ཆེན་པོ་མར་ལ་མི་ཉམས་པའི་བརྡར་ཧ་ཧོ་ཧཱུྂ་ཧཱུྂ་ཧཱུྂ་ཞེས་སྒྲོག་པ། ཧཱུྃ་གཅིག་ཡར་ལ་ལྡོག་པར་བྱེད། ཧཱུྂ་གཉིས་པས་བཀྲམ་པས་ཞིང་སྐྱོང་ཚིམ། ཧཱུྃ་གསུམ་པས་ལྷན་སྐྱེས་ངང་དུ་འཇུག དེ་ལས་རྡོ་རྗེ་འཛིན་པ་འབྱུང༌། སྲིད་པ་གསུམ་ཟིལ་གྱིས་གནོན་པ་ཡི་གེ་ཧཱུྂ། སྲིད་པ་གསུམ་རྟོག་མེད་ངང་དུ་འཇུག་པ་ཧཱུྂ་ཡིན། ཐམས་ཅད་རྟོག་མེད་དུ་གནས་པས། ཐམས་ཅད་སངས་རྒྱས་ཀྱི་ཞིང་དང་སངས་རྒྱས་ཉིད་ཡིན་པ་དེ་དཔལ་ཁྲག་འཐུང་བཅོམ་ལྡན་འདས་བདེ་མཆོག་བཞེད།

དེ་ཐམས་ཅད་རང་གི་ལུས་ལ་གྲུབ་ནས་ཡོད་པས། དེ་ལྟར་རྣལ་འབྱོར་པས་མ་ཡེངས་པར་ཉམས་སུ་བླངས་པར་གྱུར་ན་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔ་དང༌། ཐུན་མོང་གི་དངོས་གྲུབ་གྲུབ་ཆེན་བརྒྱད་ལ་སོགས་པ་ཐམས་ཅད་རང་གིས་ཐོབ། དེ་ཐིག་ལེས་གྲུབ་པར་བྱེད་པ་ཡིན། དགྱེས་པ་རྡོ་རྗེ་ནས། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོར་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱར་རྣམ་པར་གྲགས། །དེ་མེད་པ་ལས་བདེ་མི་འབྱུང༌། །ལྷ་ཡི་རྣལ་འབྱོར་ལས་བདེ་འབྱུང༌། །ཞེས་གསུངས་པས། འདི་ལ་འདི་གནད་ཆེ་བ་ཡིན། ལྷ་བདེ་བ་ལ་གནས་པས་བདེ་མཆོག་གི་རྒྱུ་མཚན་ཡང་དེ་ཡིན། རང་གི་བདེ་བ་མ་ཉམས་པ་ལས་ལྷན་སྐྱེས་ཀྱི་དགའ་བ་ཡོང༌། དེ་ལ་བདེ་མཆོག་ཡོང་བ་ཡིན།

དེས་ན་དང་པོ་ནས་རང་ཉིད་དཀྱིལ་འཁོར་རྟོགས་པ་དང་བྲལ་བ་དེ་མ་ཡེངས་པར་བསྒོམ་པ་དེ་བསྐྱེད་པའི་རིམ་པ་ཡིན། རྫོགས་པའི་རིམ་པ་ནི་བསྐྱེད་རིམ་ལ་སོགས་པའི་ཆོས་ཐམས་ཅད་དང་པོ་ནས་མ་སྐྱེས་པ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་བློ་ལས་འདས་པ་གཅིག་པུ་ཡིན།

གོང་གི་ལྷ་དེ་ཡང་མ་སྐྱེས་པས་བསྐྱེད་རྫོགས་དང་པོ་ནས་ཟུང་འཇུག་ཏུ་གནས་པ་ཡིན། ལྷ་ཉིད་སྟོང་པ་ཉིད་ཡིན་པ་དེ་རྫོགས་རིམ། སྟོང་པ་ཉིད་ལྷ་ཡིན་པའི་ཡེ་ཤེས་དེ་བསྐྱེད་རིམ། དེ་གཉིས་གཅིག་པར་གནས་པ་དེ་ཟུང་འཇུག་ཡིན། སྟོང་པས་སྟོང་པ། སྟོང་པས་ཁྱད་པར་དུ་བྱེད་པ་དེ་གཉིས་སུ་མེད་པར་གཅིག་པ་ཡིན།

དེ་ལྟར་དང་པོ་ནས་ཡིན་པས་དབྱེར་མེད་པར་ཉམས་སུ་བླངས། དེ་ལྟར་རྟག་ཏུ་མཉམ་པར་བཞག་པས་ལུས་ངག་ཡིད་གསུམ་དང་བྲལ་ནས། འཁོར་བ་གཏིང་མཐའ་མེད་པ་འདི་མ་སྟོངས་བར་དུ། ཡོན་ཏན་དང་ཕྲིན་ལས་གཏིང་ཐུག་པ་མེད་པར་བྱུང་ནས། འགྲོ་བ་ཐམས་ཅད་སངས་རྒྱས་ལ་འགོད་པ་ཡིན། དེ་རང་དབང་མེད་པར་འབྱུང་བའི་རྒྱུ་འབྲས་ཡིན། འཛམ་བུའི་གླིང་དང་སའི་སྟེང་ཐམས་ཅད་དུ་འདི་འདྲའི་ཆོས་དང་དབང་གཞན་དུ་སྩལ་དུ་མེད་པ་ཡིན། ཐོག་མཐའ་བར་གསུམ་དུ་འཁྲུལ་པ་མེད་པའི་དབང་ལུགས་དང༌། ཆོས་བསྐྱེད་རྫོགས་ཟུང་འཇུག་འདི་ཐུབ་པའི་རྒྱུད་དང་སྡེ་སྣོད་རྣམས་དང་མཐུན་པ་འདི་ཆོས་རྗེ་གཅིག་པུའི་དྲིན་ཡིན་གསུངས།

དབང་དང་བསྐྱེད་རྫོགས་གཉིས་གཅིག་ཏུ་འཁྱེར་བའི་ལམ་དང༌། དེའི་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་དང༌། ཇི་སྙེད་པ་མཁྱེན་པའི་ཤེས་རབ་དེ་ཇི་ལྟ་བ་མཁྱེན་པའི་ཤེས་རབ་ཏུ་གཅིག་(དེ་ལ་སོགས་པའི་ཆོས་ཡོད་ཚད་མགོན་པོ་འབྲི་གུང་པ་མིན་པ་སུའི་དྲིན་ཀྱང་མེད།) སེམས་ཉིད་འོད་གསལ་ཆེན་པོ་ལས་དེ་བས་ལྷག་པའི་དབང་དང་ཆོས་གང་དུ་འཚོལ། གཞན་ནས་བཙལ་ས་གཅིག་ཀྱང་མེད། རྟོགས་ལམ་དབང་བཞི་པ་དེ་རང་གིས་མངོན་སུམ་བྱས་ཟིན་ནས། གཞན་དུ་དབང་སུ་ལ་ཞུ། དེའི་ཆོས་བསྐྱེད་རྫོགས་གཉིས་དབྱེར་མེད་དུ་དང་པོ་ནས་གཅིག་པར་བསྟན་པ་དེ་འཁྲུལ་པ་མེད་པས་ཤེས་རབ། མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཤེས། དེ་རིན་པོ་ཆེའི་རྒྱ་མཚོ་ལ་ལོངས་སྤྱོད་པ་བཞག་ན། ནོར་བུ་འཆིང་བུའི་གང་ཟག་ལ་དབང་བསྐུར་དང་སྔགས་རྣམས་ག་ལ་སྲིད་གསུངས། འཁོར་བར་འཁྱམས་པའི་གཏི་མུག་ཅན། སྔགས་མེད་ཀྱང་ཡིན་དུ་རེ་བའི་གང་ཟག སངས་རྒྱས་ཀྱི་ལྟ་སྤྱོད་དང་འགལ་བ་དེ་ལ་དབང་དང་སྔགས་ཇི་ལྟར་རྙེད། ཕྲུ་བ་ནས་སངས་རྒྱས་ཆོས་མེད་པར། བཟའ་བཏུང་ཇི་ལྟར་འཆུ།

ཆོས་རྗེ་རིན་པོ་ཆེའི་བྱིན་བརླབས་ཀྱིས་སྤྱིར་སའི་སྟེང༌། སྒོས་འཛམ་བུ་གླིང་དུ་དབང་དང་སྔགས། དེ་མ་འཁྲུལ་བར་སྟོན་པའི་ཚིག་དང་ཡི་གེ་མ་འཁྲུལ་བ་དང༌། མདོ་སྡེ་དང་རྒྱུད་འབུམ་མ་ལུས་པའི་ཁུངས་འབྲི་གུང་པར་བརྒྱུད་པ་ལས། རྩད་གཞན་ནས་བཙལ་བའི་ས་གཅིག་ཀྱང་མེད། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དང༌། སྣང་བ་དཀར་དམར་སྣ་ཚོགས་པ་ཐམས་ཅད་ཟུང་འཇུག་འོད་གསལ་ཆེན་པོར་རྟོགས། དེ་རྟོགས་ན་དབང་དང་པོ་ནས་ཐོབ་ཐོབ་པ་ཡིན། བསྐྱེད་རྫོགས་ཟུང་དུ་ཆུད་ནས་དབྱེར་མེད་གཅིག་ཏུ་དང་པོ་ནས་གནས་པའི་སངས་རྒྱས་ཡིན་པར་རྟོགས་པ་དེ་ལ་དབང་ཐོབ་པ་ཟེར་བ་ཡིན། དེའི་བླ་མ་ལ་བླ་མ་ཟེར་བ་ཡིན། དེའི་མཁན་པོ་ལ་མཁན་པོ་ཟེར་བ་ཡིན། དེའི་སློབ་དཔོན་ལ་སློབ་དཔོན་ཟེར་བ་ཡིན། དེའི་བརྒྱུད་པ་ལ་སངས་རྒྱས་ཀྱི་བརྒྱུད་པ་ཟེར་བ་ཡིན་ནོ།། ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལས། རྟོགས་ལམ་དབང་བཞི་བསྟན་པའི་ལེའུ་སྟེ་བཞི་པའོ།།

དང་པོ་ནས་སངས་རྒྱས་ཡིན་པ་ལ། དེ་རྟོགས་པར་བྱེད་པའི་དབང་བསྐུར་ནས། དེ་ནས་བསྐྱེད་རྫོགས་གཅིག་པར་བསྒོམ་པ་དེ་ལམ་ཡིན་ནོ། །དེ་ལ་དྲུག་རྟག་ཆད་ལོག་ལྟའི་གེགས་སེལ་བ་ཡི་གེ་མའི་བསྐོར་བ་དང་གཅིག མ་རིག་པའི་གེགས་སེལ་བ་ཚོགས་ཆོས་ཀྱི་ཆོས་བསྐོར་དང་གཉིས། ལྟ་བའི་གེགས་སེལ་བ་དོན་ཁྲིད་ཀྱི་ཆོས་སྐོར་དང་གསུམ། ཉམས་མྱོང་གི་གེགས་སེལ་བ་ཟབ་ཆོས་ཀྱི་སྐོར་དང་བཞི། ཉམས་གསུམ་གྱི་གེགས་སེལ་བ་ལས་ཆོས་ཀྱི་ཆོས་སྐོར་དང་ལྔ། ནད་ཀྱི་གེགས་སེལ་བ་དམིགས་པས་ནད་གསོ་བའི་ཆོས་སྐོར་དང་དྲུག་གོ།

དང་པོ་སྟོང་པ་དང་མིག་ཡོར་ལྟ་བུའི་རྒྱུ་འབྲས་ཟུང་འཇུག་དེ། དོན་འོད་གསལ་བློ་འདས་གཅིག་ཏུ་གནས་པ་ལ། དེ་མ་རྟོགས་པར་མིག་ཡོར་ལྟ་བུའི་དངོས་པོ་འདི་རྣམས་རྟག་རྟག་པོ་ཞིག་ཡིན་སྙམ་ན། འོད་གསལ་དེ་མ་རྟོགས་པས་དེ་སེལ་བ་ལ་ཡི་གེ་མའི་ཆོས་སྐོར་གྱིས། ཆོས་སྐུ་སྟོང་པ་འོད་གསལ་གཅིག་པུ་ཡིན་པ་ལ། གཟུགས་སྐུ་གཉིས་ནས་དངོས་པོ་ཡོད་ཚད་མི་རྟག་པར་སྟོན་པ་དང༌། ཆོས་ཐམས་ཅད་མི་རྟག་པ་མིག་ཡོར་ལྟར་བསྟན་པས་དེས་རྟག་པར་ལྟ་བའི་གེགས་སེལ་ནས་མི་རྟག་པར་གོ་བའི་བོགས་ཐོན་ཏེ། ཡང་སྟོང་པ་གཅིག་པུ་གོ།

ཆད་པར་ལྟ་བའི་གེགས་ལ་རྡུགས་ནས་ཟུང་འཇུག་ཏུ་འཁྱེར་མ་ཤེས་ན། གེགས་དེ་སེལ་བ་ལ་རྒྱུ་འབྲས་ཀྱི་ཆོས་བསྟན་ཏེ། རྒྱུ་འབྲས་ཆར་བཞིན་ནམ། ཆུ་བོའི་རྒྱུན་བཞིན་འབབ་པས་ཉོན་མོངས་པའི་འདྲེས་སྤུ་ཙམ་ཡང་མ་སོང་བར་བྱས་ནས། ངེས་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནས། དབང་བཞི་པ་མི་སློབ་པའི་ཟུང་འཇུག་མན་ཆད། སྟོང་ཉིད་རྒྱུ་འབྲས་གཅིག་པུར་བསྟན་པས། སྟོང་ཉིད་རྒྱུ་འབྲས་གོ་བའི་བོགས་ཐོན་ནས་ཆོས་སྒོར་ཞུགས་པ། ཐུབ་པ་འདི་ཚངས་པར་སྐྱེས་པའི་དུས་སུ་ཤར་ལུས་འཕགས་ཀྱི་རྒྱལ་པོ་བཏུལ་བ་ཡིན། གཙུག་ཕུད་དུ་གྱུར་པའི་དུས་སུ་ལོག་པའི་རྒྱལ་པོ་བཏུལ་བ་ཡིན། ཐུབ་པར་གྱུར་བའི་དུས་སུ་མུ་སྟེགས་རྫོགས་བྱེད་ཀྱི་འཁོར་རྣམས་སྐྱབས་འགྲོ་ཁས་བླངས་པས་བསྙེན་པར་རྫོགས་པ་ཡིན། མུ་སྟེགས་མ་ཁོལ་གསུང་རབ་མཐོང་བས་ནང་པར་ཚུད་ནས་སློབ་དཔོན་རྟ་དབྱངས་བྱུང་བ་ཡིན། དཔལ་ནཱ་རོ་པ་མུ་སྟེགས་པར་གྱུར་བའི་དུས་སུ། ནང་པའི་བན་ཆུང་ཞིག་གི་ཤུལ་ནས་ཆོས་སྤྱོད་ཆུང་ངུ་ཞིག་རྙེད་པས། དེ་བལྟས་པས་དེ་ལ་དད་ནས་ནང་པར་གྱུར་ནས་སངས་རྒྱས་པ་ཡིན། དེ་ནི་ཡི་གེ་མའི་ཆོས་སྐོར་རྣམས་ལོག་པར་ལྟ་བའི་གེགས་སེལ་བ་ལ་སོགས་སོ། །ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལས། ཡི་གེ་མའི་ཆོས་སྐོར་དགོས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།།

དེ་ནས་རྟག་ཆད་ཀྱི་གེགས་སེལ་ནས། ལས་རྒྱུ་འབྲས་གོ་ཡང་ཕྱག་རྒྱ་བཞི་གསུམ་བཅུ་གཉིས་མ་གོ་བས། རྒྱུ་འབྲས་ཕྲ་མོ་རྣམས་ཁྱད་དུ་བསད་ནས། སེམས་རྟོགས་ནས་སྐྱེ་བ་མི་ལེན་སྙམ་པ་ལ་སོགས་པའི་གེགས་འབྱུང༌། གེགས་དེ་སེལ་བ་ལ་ཚོགས་ཆོས་ཀྱི་ཆོས་སྐོར་དགོས་སོ། །བླ་མ་རིན་པོ་ཆེའི་ཚོགས་ཆོས་ལ་བསམ་གྱིས་མི་ཁྱབ་ཀྱང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་དང༌། ཕྱག་རྒྱ་བཞི་གསུམ་བཅུ་གཉིས་དང༌། བསམ་པའི་རང་གཟུགས་གཉིས་དང༌། གྲུབ་མཐའ་ཆེན་མོ་དང༌། གནང་བ་ཡེ་གནང་དང༌། བཀག་པ་ཡེ་བཀག་དང༌། བཅས་པ་འཕྲལ་བཅས་དང༌། བཅས་པ་དང་རང་བཞིན་རྒྱུ་འབྲས་སུ་གཅིག་པ་དང༌། སྡིག་པ་དང་ལྟུང་བ་རྒྱུ་འབྲས་སུ་གཅིག་པ་དང༌། བསྙེན་སྒྲུབ་ལས་སྦྱོར་གསུམ་དང༌། ས་བོན་བག་ཆགས་མ་དང༌། གསུམ་ཚོགས་ཀྱི་རྟེན་འབྲེལ་དང༌། མ་སྐྱེས་པ་ལ་སྟོང་ཉིད་ཀྱིས་ཁྱད་པར་བྱས་པ་ལ་སོགས་གྲུབ་མཐའ་ལྔ་བཅུ་པོ་ལུས་ངག་ཡིད་གསུམ་དག་པར་བྱེད་པ་ཡིན་ནོ།།

དེ་ལ་དང་པོ་གཤིས་ཆེན་མོ་ནི། དང་པོ་སངས་རྒྱས་མ་བྱོན་པའི་གོང་ནས་རྟོག་མེད་ནམ་མཁའ་གཅིག་ཏུ་གནས་པ་གཤིས་ཡིན། ནམ་མཁས་ནམ་མཁའ་བཟུང་བ་ཡིན། ཉོན་མོངས་པ་གསུམ་དུ་བཟུང་ཚད་མི་དགེ་བ་གཤིས་ཡིན། ཉོན་མོངས་པ་གསུམ་མེད་པར་བཟུང་ཚད་དགེ་བ་གཤིས་ཡིན།

སངས་རྒྱས་བྱོན་ནས་གཤིས་ལ་ཡོད་པ་རྣམས་མཁྱེན་ནས། ཉོན་མོངས་གསུམ་གྱི་མི་དགེ་བ་བཅུ་དང་པོ་སྤོང་དགོས། བཅས་པ་མི་འབྲལ་བར་བརྟགས་པ་ཡིན།

དེ་ནས་ཉོན་མོངས་པ་གསུམ་མེད་པའི་དགེ་བ་བཅུ་དང་རང་བཞིན་གྱིས་རྣམ་པར་དག་པ་དེ་གཉིས། སེམས་ཅན་གྱི་དོན་དུ་ཟུང་དུ་འཇུག་པར་བཅས་པ་དེ་སྒྲུབ་པ་ལ་མིང་མདོ་སྡེ་བཏགས།

གཤིས་ལ་ནམ་མཁའ་སྟོང་པ་དགེ་བར་འཛིན་པ་དང༌། མི་དགེ་བར་འཛིན་པ་དང༌། གཉིས་ཀ་མེད་པར་རྟོག་མེད་ནམ་མཁའ་གཅིག་པུར་འཇོག་པ་མིང་མངོན་པར་བཏགས།

གཤིས་ཀྱི་ཉོན་མོངས་པ་གསུམ་མེད་པའི་དགེ་བ་དེ་ལ་ཟབ་མི་ཟབ་གཉིས་སུ་གནང༌། ཉོན་མོངས་དང་འདྲེས་པ་དེ་མི་ཟབ། མ་འདྲེས་དཀར་པོ་ཟང་ཡག་དེ་ཟབ་པ་ཡིན།

དགེ་བ་དཀར་པོ་གཅིག་པུ་དེ་ལ་ཡང༌། རང་དོན་དུ་བྱེད་པ་ཟབ་པ་མིན་པས། སངས་རྒྱས་ཀྱང་རང་དོན་སྤངས་ནས་གཞན་དོན་བྱེད་པར་བཅས་པ་ཡིན། གཞན་དོན་རང་ལ་ཡང༌། སེམས་ལ་གནད་དུ་བསྣུན་པ་མི་ཟབ། ལུས་ལ་གནད་དུ་བསྣུན་པ་ཟབ་པས་འཁྲུལ་འཁོར་འཆོས་པ་བཅས་པ་ཡིན། དེ་བཅས་པ་འཕྲལ་བཅས་ཡིན་ནོ། །

དེ་ལྟར་དུ་སྟོང་པ་ཉིད་ཀྱི་ངང་ནས་དངོས་པོ་ཐམས་ཅད་མི་རྟག་པས། ཉོན་མོངས་པ་གསུམ་སྤངས་ནས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་འོད་གསལ་གཅིག་པོ་དེ་སྒོམ་པའི་འཁྲུལ་འཁོར་བཅས་ནས་བསྒོམས་པས་ཕྱི་རྟེན་འབྲེལ་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་དོན་རྒྱ་ཆེན་པོ་འགྲུབ། དེ་སྣང་བ་རང་གི་སེམས་ཡིན།

ནང་རྟེན་འབྲེལ་བྱང་ཆུབ་ཀྱི་སེམས་ལས་གཞན་པའི་གཉེན་པོ་མི་བསྟེན་པར་ཁ་ཡན་དུ་བཏང་བས། རྟེན་འབྲེལ་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་བག་ཆགས་ཡོད་ཚད་ལྡན། དེ་ལ་ས་བོན་བག་ཆགས་མི་ཟེར་བ་ཡིན།

གསང་བ་རྟེན་འབྲེལ་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པ་དེའི་སྐུར་འགྲུབ། དེ་ལ་བསམ་པའི་རང་གཟུགས་ཟེར་བ་ཡིན།

སྐྱེ་བ་སྔ་མ་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་རྒྱུ་ཡོད་པ་རྣམས་ཚེ་འདིར་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་འཁྲུལ་འཁོར་དང༌། མོས་གུས་ཀྱི་རྐྱེན་གྱིས་སད་པར་བྱས་པས་རྟོག་པ་གཞན་གཅིག་ཀྱང་མེད་པའི་དུས་སུ། བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་རྒྱུ་རྐྱེན་གཉིས་དང་བར་ན་སེལ་མེད་པ་གསུམ་ཚོགས་པའི་དུས་སུ་སངས་རྒྱས་ཀྱི་སྐུ་བཞི་གྲུབ་སྟེ། དེ་ལ་གསུམ་ཚོགས་ཀྱི་རྟེན་འབྲེལ་ཟེར་བ་ཡིན། དེ་རྣམས་སངས་རྒྱས་མ་བྱོན་པའི་དུས་ནས་གནང་བས། གནང་བ་ཡེ་གནང་ཡིན།

དེ་རྣམས་ཀྱི་རྒྱུ་ལ་སངས་རྒྱས་གཅིག་པུ་འབྱུང་བ་དེ་ལས་ཀྱི་ཕྱག་རྒྱ། དེ་ལ་ལུས་ངག་ཡིད་གསུམ་དག་ནས་སྐུ་བཞི་འབྱུང་བ་དེ་ཆོས་ཀྱི་ཕྱག་རྒྱ། དེ་ལ་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་ཕྲག་སུམ་ཅུ་སོ་དྲུག་གིས་མཚོན་ཆའི་ཆར་ཕབ་ཀྱང་བར་མ་ཆོད། མུ་སྟེགས་པ་དང་ལྷས་བྱིན་གྱིས་གནོད་པ་དུ་མ་སྐྱེལ་ཡང་བར་དུ་མ་ཆོད་པ་དེ་དམ་ཚིག་གི་ཕྱག་རྒྱ། གདོད་མ་ནས་མི་སློབ་པའི་ཟུང་འཇུག་འོད་གསལ་ཆེན་པོ་དེ་ཕྱག་རྒྱ་ཆེན་པོ་ཡིན། དེ་ལ་ཕྱག་རྒྱ་བཞི་ཟེར་བ་ཡིན།

དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་སེལ་ཚུད། ཕྱི་རྟེན་འབྲེལ་འཁོར་བའི་སྣང་བ་འཆར། ནང་རྟེན་འབྲེལ་ཉོན་མོངས་པའི་བསམ་པའི་བག་ཆགས་ཡོད་ཚད་ལངས་ནས་འོང༌། གསང་བ་རྟེན་འབྲེལ་འཁོར་བའི་ལུས་སུ་འགྲུབ། དེ་ལ་སྐད་ཅིག་མ་བསམ་པའི་རང་གཟུགས་ཟེར་བ་ཡིན།

འཆི་ཁར་དེས་མཚམས་སྦྱར་ནས་ཤི་བས། སྐྱེ་བ་ཕྱི་མ་གང་གིས་མཚམས་སྦྱར་བ་དེའི་ལུས་སུ་འགྲུབ་པ་ཡིན། དེ་ལ་ལུས་འཕོས་པ་བསམ་པའི་རང་གཟུགས་ཟེར་བ་ཡིན། དེས་ན་དུས་གསུམ་གྱི་སངས་རྒྱས་བྱོན་ཚད་དེ་སྤོང་བས་བཀག་པ་ཡེ་བཀག་ཟེར་བ་ཡིན།

རྒྱུ་ཉོན་མོངས་པ་གསུམ་གྱིས་ལས་བྱེད་པས། འབྲས་བུ་ངན་སོང་གསུམ་དུ་ལྟུང་བས། སྡིག་ལྟུང་རྒྱུ་འབྲས་གཅིག་པ་ཡིན། དེས་ན་རྒྱུ་ཉོན་མོངས་པ་གསུམ་སྤངས་པས། དེའི་རང་བཞིན་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། དགེ་སྦྱོང་གི་འབྲས་བུ་བཞི་དང༌། མཐར་སྐུ་བཞི་ཅིས་ཀྱང་ཐོབ་པས། བཅས་པ་དང་རང་བཞིན་འབྲས་བུ་གཅིག་པ་ཡིན་ནོ། །བཅས་པ་སྲོག་ལ་བབ་ཀྱང་བསྲུང་ངོ༌། །དེ་ལ་བཅས་པ་དང་རང་བཞིན་རྒྱུ་འབྲས་སུ་གཅིག་པ་ཟེར་བ་ཡིན་ནོ།།

དེ་ལྟར་དུ་ལུས་ཀྱི་འཁྲུལ་འཁོར་གསུམ་བྱས་ནས། ཉོན་མོངས་པ་གསུམ་སྤངས་ནས། དགེ་བ་ཉོན་མོངས་པ་གསུམ་མེད་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་བཅས་པ་དེ་ཉམས་སུ་བླངས་པས། ལུས་དང་ངག་དང་ཡིད་ཀྱི་རྟོག་པ་དག་ནས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག་ཏུ་གྱུར། ངག་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་པར་འགྱུར། ཡིད་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པར་གྱུར་ནས་སྐུ་རྣམ་པ་བཞི་འགྲུབ་བོ། །

དེ་ལྟར་སེམས་སྟོང་པ་ལ་མི་དགེ་བའི་རྟོག་པ་ཡང་མེད། དགེ་བའི་རྟོག་པ་ཡང་མེད་པར་ཆོད་པའི་དུས་སུ། ཆོས་སྐུ་ཡོན་ཏན་ཕྲིན་ལས་དང་བཅས་པ་འགྲུབ་བོ། །དེ་མ་སྐྱེས་པ་ལ་སྟོང་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །

དེ་ལྟར་ཚོགས་ཀྱི་གདོད་མ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་རྒྱུ་འབྲས་སུ་གོ་བའི་བོགས་མ་ཐོན་པར་གེགས་སེལ་ལ་རྡུགས་པ། འབྲིང་པོ་སོ་ག་ཡམ། རྟོགས་ལྡན་མི་ཉག་སྒོམ་རིན་སམ། དམར་པ་ཤེས་རབ་ཡེ་ཤེས་སམ། དཔལ་ཐག་མ་བ་ལ་སོགས་པ་ལ་ལ་བཅས་པ་ལ་ཨ་འཐས། ལ་ལ་སྟོང་ཉིད་ལ་ཨ་འཐས་པ་རྣམས་ཆོས་རྗེ་བྱོན་ནས། དཔལ་ཕག་མོ་གྲུ་པས་སྟོང་ཉིད་རྒྱུ་འབྲས་ཟུང་འཇུག་ཏུ་གསུངས་པས་མ་རིག་པའི་གེགས་སེལ་བ་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། མ་རིག་པའི་གེགས་སེལ་བ་ལ་ཚོགས་ཆོས་བསྟན་པའི་ལེའུ་སྟེ་དྲུག་པའོ།།

དེ་ལྟར་གོ་ཡང་སེམས་གནས་སུ་མ་བཏུབ་ན་གོ་བའི་གེགས་ལ་རྡུགས་ནས། སྒོམ་པའི་ཉམས་མྱོང་དང་གྲུབ་རྟགས་མི་ཐོན་པས།

གེགས་དེ་སེལ་བར་བྱེད་པ་ལ་དོན་ཁྲིད་ཀྱི་ཆོས་སྐོར་རྣམས་སྒོམ་དགོས་པས། ཆོས་རྗེ་རིན་པོ་ཆེའི་ཁྲིད་ཀྱི་རིམ་པའི་ལུགས་ལ། དབང་པོ་རབ་ཀྱི་གང་ཟག་གིས། བླ་མ་རྟོགས་པ་དང་ལྡན་པ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འདྲེས་པ་ཞིག་བཙལ། དབང་པོ་རབ་དེས་མོས་གུས་ཙམ་ལས་རང་གིས་མཆོག་ཐུན་མོང་གཉིས་ཀ་ཐོབ་པ་ཡང་ཡོད། དབང་པོ་འབྲིང་གི་གང་ཟག་གིས། མཎྜལ་དང་ཡི་གེ་བརྒྱ་པར་རབ་ཟླ་བ་གསུམ། འབྲིང་ཟླ་བ་གཅིག ཐ་མས་ཀྱང་ཟླ་བ་ཕྱེད་ཙམ་བྱས་ཏེ།

སྡིག་པ་དག་པའི་མཚན་མ། སྐྱུགས་པ་དང༌། འཁྲུ་བ་དང༌། གོས་དཀར་པོ་གོན་པ་དང༌། ལུས་ལ་ཁྲག་མང་པོ་འབྱུང་བ་དང༌། རིའི་རྒྱལ་པོ་རི་རབ་ཀྱི་ཁར་ཕྱིན་ནས། ལུས་ལ་ཉི་མའི་དཀྱིལ་འཁོར་ཤར་བ་དང༌། ནམ་མཁའ་ལ་སྐས་བཙུགས་ནས་འགྲོ་བ་ལ་སོགས་པ་དུ་མ་འབྱུང་ངོ༌། །

དེའི་རྗེས་ལ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྒོམ་པ་ལ་སོགས་པ་གལ་ཆེ། དེའི་རྗེས་ལ་རྗེ་སྒམ་པོ་པ་ཡན་ཆད་དུ་ལྷན་ཅིག་སྐྱེས་སྦྱོར་ཏེ། ཨ་རོ་མའམ། ཐུན་འཇོག་གམ་གང་རུང་ཞིག་གི་ཁྲིད་བཏབ་ནས་སེམས་གནས་སུ་འཇུག དེའི་རྗེས་ལ་སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྡུ་ན་ལྔ་པོ་འདིར་མ་འདུས་པ་མེད་དེ། ལྔ་པོ་འདི་ཉམས་སུ་བླངས་པས་སྐྱོན་འདག་ཅིང་ཡོན་ཏན་སྐྱེ་བ་ལ་ཚེགས་མེད་པས་དང་པོར་ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེ་བ་བྱེད་དགོས།

ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་སྐྱེས་པར་ཐབས་ལམ་ཟབ་མོའི་གདམས་ངག་བསྒོམ་ན། གཅིག་ཏུ་ཉམས་མཐུག་པོས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་སྒྲིབ། གཉིས་སུ་རྩ་རླུང་ཐིག་ལེ་ལ་གནད་དུ་སོང་བས་ཁམས་རྒྱས་ནས། འཁོར་འདས་ཀྱི་བག་ཆགས་དང་ས་བོན་ལུས་ལ་ཡོད་པས། དེ་སད་པས་ཉོན་མོངས་པའི་སྟོབས་འཕེལ་བས། དེའི་དུས་སུ་གདམས་ངག་མེད་ན་དེ་ལས་སྐྱེས་པའི་བདུད་འཇུག་སྟེ། ཉོན་མོངས་པ་མཐའ་དག་རྒྱས་ནས། ཚངས་པར་སྤྱོད་པ་ལ་བར་ཆད་སྣ་ཚོགས་པ་འབྱུང༌། ཤི་ནས་ངན་སོང་གསུམ་དུ་སྐྱེ། དེས་ན་གདམས་ངག་དང་སྣོད་དང་ལྡན་པ་གལ་ཆེ། སྣོད་དང་མ་ལྡན་ན་ལྷར་སྐྱེ་བ་ཉམས་པ་ཡིན་པས། ཉམས་མཐུག་པོ་སོང་ནས་ལྷར་སྐྱེ་སྟེ་དེ་ཡང་འཁོར་བ་ལས་མི་འདའ། དེས་ན་སྣོད་དང་ལྡན་པ་གལ་ཆེ།

སྣོད་ལ་གཉིས་ཏེ། དངུལ་ཆུའི་སྣོད་ལྟ་བུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེ་ལས་སྐྱེས་པའི་ཐབས་ལམ་སྒོམ་པ་ཞིག་དགོས། གསེར་སྣོད་ལྟ་བུའི་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཉམས་ཀྱི་དྲི་མ་དང་བྲལ་བ། ཡུལ་དང་ཡུལ་འཛིན་གཉིས་སུ་མེད་པར་རྟོགས་ནས། མི་རྟོག་པར་འདྲེས་པ་ཞིག་དགོས། རྣམ་རྟོག་ཆོས་སྐུར་རྟོགས་ཀྱང༌། ཡེ་ཤེས་དེ་མི་རྟོག་པར་མ་གྱུར་ན་ཡོན་ཏན་སྐྱེ་བར་མི་ནུས་པས། ཡོན་ཏན་ཕུན་སུམ་ཚོགས་པ་སྐྱེ་བར་བྱེད་པ་ལ་རྟོག་པ་ཞི་ནས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ཞིག་དགོས་པས།

དང་པོར་ཕྱག་རྒྱ་ཆེན་པོའི་ཁྲིད་གདབ་པར་བྱ་སྟེ། དང་པོ་ལུས་ཀྱི་འཁྲུལ་འཁོར་ལེགས་པར་བཅའ། (དང་པོ་ཆོས་རྗེ་རིན་པོ་ཆེ་མགོན་པོ་ཕག་མོ་གྲུ་པ་ལ་ཕྱག་རྒྱ་ཆེན་པོ་ཞུ་བའི་དུས་སུ་གཞན་ཚོ་གཅིག་ཀྱང་འདུག་པས་རིན་པོ་ཆེའི་ཞལ་ནས། སྔོན་ལ་ཁོང་ཚོའི་ཁྲིད་གདབ་བོ། །དགེ་བསྙེན་རང་ཕ་ཚད་དུ་སྡོད་ཅིག་གསུང་ནས་གཞན་རྣམས་ལ་ཁྲིད་གཏབ། དེ་ནས་ཆོས་རྗེ་གཅིག་པུ་ལ་ལུས་ཀྱི་འཁྲུལ་འཁོར་ལེགས་པར་ཆོས་གསུངས་ནས་བཅས་པ་དང༌། དེ་གནད་དུ་མ་སོང་བ་འདྲ། རིན་པོ་ཆེ་ཆོས་ཁྲི་དཀར་པོ་ལ་དགུར་སྟེགས་སུ་མཛད་འདུག་པས། བཞེངས་ནས་བྱོན། ཕྱག་ན་སྦ་རྒྱུག་འདུག་པ་དེ་སྐྱུར་ནས་བྱོན། ཕྱག་གཡོན་པའི་སྟེང་དུ་གཡས་པ་ཞོག མཐེ་བོང་གཉིས་ཕྱིར་ཁུག་རྩ་གནད་ཅིག་ཡོད་པ་ཡིན་གསུངས། དེ་ནས་སིང་སིང་བས་ཕུལ་བའི་རལ་གུ་དྲོ་བོ་ཞིག་ཡོད་པ་དེའི་གོང་བ་ནས་ཐེན་ནས། སྐེད་པ་དགྱེ་ལོགས་ཐོང་གསུངས། འཁྲུལ་འཁོར་ལེགས་པོ་ཡང་དག་པ་ཞིག་བཅོས་ནས། ཨོཾ་ཨཱཿཧཱུྃ། ཅེས་ལན་གསུམ་གསུངས། དེ་ནས་ཁྱོད་ལ་སྒོམ་ཆེན་བཟང་པོ་ཞིག་འོང༌། སྒོམ་ཆེན་བཟང་པོ་ཡང་དག་པ་ཞིག་འོང༌། སྒོམ་ཆེན་ཙམ་ལས་བཟང་བ་ཞིག་འོང༌། དེ་ལ་ཁོ་བོ་དགའ་བ་ཡིན་མོད་གསུང་ནས་འཁྲུལ་འཁོར་དེ་ལ་ཡང་དག་པ་ཞིག་གཟིགས་སོ།།) ཐེག་པ་ཆེན་པོ་སྔགས་ལུས་གཙོ་བོར་སྟོན་པས། ལུས་གནད་ཆེ་བས་དགོངས་པར་འདུག

ཕྱག་རྒྱ་ཆེན་པོ་འདེབས་པའི་སྐབས་སུ་ང་རང་གི་ཨ་མའི་གདམས་ངག་དེ་ལས་ལྷག་པ་མ་བྱུང༌། (ཆོས་རྗེ་དང་པོ་བྱིས་པ་ཆུང་ངུའི་དུས་སུ་ཁྱིམ་མཚེས་མོ་ཞིག་གི་བུ་ཤི་བས། མ་དེ་ངུས་པས། ཆོས་རྗེའི་ཡུམ་གྱིས་དེ་ལ་ཞལ་ཏ་མཛད་དེ་ཁྱོད་རང་བུ་ཡིད་ལ་མ་བྱེད་དང་མྱ་ངན་མི་སྐྱེ་ཟེར་གྱིན་འདུག་པས། དེ་ལས་ཟབ་པ་མི་འདུག ཕྱིས་དཔལ་ཕག་མོ་གྲུ་པ་ལ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གཞི་དེ་ལས་ལྷག་པ་མ་བྱུང་གསུངས།) སྔོན་འགྲོ་བྱང་ཆུབ་ཀྱི་སེམས་དང༌། ཡི་དམ་གྱི་ལྷ་དང༌། བླ་མ་བསྒོམ་པ་དང༌། དངོས་གཞི་ཡིད་ལ་མི་བྱེད་པ་དང༌། རྗེས་བསྔོ་བ་བྱེད་པ་དང་ལྔ་པོ་ཁོ་ན་བསྒོམ་པ་ཡིན།

ཅིག་ཅར་བའི་གང་ཟག་གིས་སྒོམ་མེད་དུ་འགྲོ་བ་ཡང་ཡོད། ཐོད་རྒལ་བའི་གང་ཟག་གིས་རང་གི་སེམས་སྟོང་པར་རྟོགས་ནས། རེས་རང་གི་སེམས་ཆོས་སྐུར་གོ །རེས་སྒོམ་མེད་པ་ཙུག་ཏུ་འགྲོ། རེས་གཞན་མ་ཉམས་པ་འོང༌། རིམ་གྱིས་པ་ལ་ཕྱག་རྒྱ་ཆེན་པོ་བཏབ་ནས་བསྒོམས་པས་རྣལ་འབྱོར་བཞི་རིམ་པས་སྐྱེ་བས་རིམ་གྱིས་པ་ཡིན་པས།

ཡི་གེ་བརྒྱ་པའི་རྗེས་ལ་ཕྱག་རྒྱ་ཆེན་པོའི་ཁྲིད་འདི་ལྟར་གདབ་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་བརྟན་པ། བརྟན་པ་བོགས་དབྱུང་བ་དང་གསུམ་ལས།

མ་སྐྱེས་པ་བསྐྱེད་པའི་ཚུལ་ལུགས་མང་ཡང༌། གསང་སྔགས་ཉམས་སུ་བླང་བའི་ཚུལ་དང༌། ལུས་ཀྱི་འཁྲུལ་འཁོར། ངག་གི་འཁྲུལ་འཁོར། ཡིད་ཀྱི་འཁྲུལ་འཁོར་རྣམ་པ་གསུམ་ལ་བརྟེན་ནས་ཉམས་སུ་བླངས་ནས་མྱུར་དུ་སྐྱེ་བ་ལ་ཚེགས་མི་འདུག

དེ་ཡང་དང་པོ་ཁོ་ནར་དབེན་པའི་གནས་སུ་མཚམས་དམ་པར་བཅད་ནས། སྟན་བདེ་བ་ལ་ལུས་བསམ་གཏན་གྱི་དཀྱིལ་ཀྲུང་དུ་བྱས་ནས། བདག་ལ་གནོད་པར་བྱེད་པའི་གེགས། སྡང་བར་བྱེད་པའི་དགྲ། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་མ་རྒན་རྣམས་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོ་སྐྱེད་ཅིག གདུང་བའི་ཤུགས་གཅད་དུ་མེད་པའི་སྟོབས་ཀྱིས། ལུས་ཀྱི་འཁྲུལ་འཁོར་སྨིན་ཁྲག་བསྡུས་ནས་མཆི་མ་ལུག་པའི་ཚུལ་དུ་བྱ།

ངག་གི་འཁྲུལ་འཁོར་བདག་ལ་གནོད་པར་བྱེད་པ་འདི་སྙིང་རེ་རྗེ། བདག་ལ་གནོད་པར་བྱེད་པ་འདི་སྙིང་རེ་རྗེ་ཞེས་ཕྲེང་བ་ལ་གྲངས་སུ་བཟུང་ཞིང༌། རྒྱུན་ཆད་མེད་པར་ཤེས་པ་ལ་སྔགས་སུ་བགྲངས་ནས་ཕྲེང་བ་ལ་དྲངས་པས་བརྒྱ་རྩ་བརྒྱད་ཙམ་སོང་བ་དང༌།

ཡིད་ཀྱི་འཁྲུལ་འཁོར་ནི། གོང་གི་སྙིང་རྗེའི་ཤུགས་དེ་རྒྱུན་མ་ཆད་པར་བྱས་ལ་བདག་ལ་གནོད་པར་བྱེད་པ་འདི་སྙིང་རེ་རྗེ་ན་རྒྱུ་མཚན་འདི་རྣམས་ཀྱིས་སྙིང་རྗེ་སྟེ། ཚེ་ཐོག་མ་མེད་པ་ནས་ཨ་མ་ཡིན་པ་དང༌། ཨ་མ་འདི་ལས་ངན་པའི་དབང་དུ་སོང་བས། ཤེས་པ་ལ་རང་དབང་མ་ཐོབ་པས་སྨྱོན་པ་དང་འདྲ་བས། སྤྱིར་སེམས་ཅན་ཐམས་ཅད་ལ་གནོད་པ་མི་སྐྱེལ་དབང་མེད། སྒོས་རང་ཉིད་ལ་གནོད་པ་མི་བྱ་དབང་མེད་པ་དང༌། ཨ་མ་འདིས་རང་གཞན་ལ་གནོད་པ་བྱས་པའི་འབྲས་བུ་སེམས་ཅན་དམྱལ་བར་འགྲོ་བ་དང༌། དེའི་སྡུག་བསྔལ་དྲན་པར་བྱ་བ་དང༌། ཨ་མ་སྡུག་བསྔལ་དེ་ལྟ་བུས་མནར་བ་ལ་སྐྱབས་དང་རེ་ས་བུ་རང་ཉིད་ལས་མེད་པ་དེ་རིམ་པ་བཞིན་དུ་ཤེས་པ་ལ་གང་གནད་པ་རྒྱུ་མཚན་ཞིབ་པར་བསམ་པས། སྔ་མའི་སྙིང་རྗེ་བ་ལས་ཤིན་ཏུ་སྙིང་རྗེ་བའི་བོགས་ཐོན་ནས་ཡོང༌། དེའི་རྒྱུ་སྔ་མ་བཞིན་དུ་འདྲ་ཡང་རྒྱུ་མཚན་དྲན་པར་བྱ་བ་དང༌། སྙིང་རྗེ་དྲན་པར་བྱ་བ་རྣམ་པ་གཉིས་ལ་མ་ཡེངས་པར་ཕྲི་ལི་ལི་ཉམས་སུ་བླངས་པས། ཤེས་པ་རང་དབང་མེད་པའི་སྙིང་རྗེ་ཆེན་པོ་སྐྱེ་སྟེ། ངུ་སྙིང་འདོད་པ་དང༌། མཆི་མ་འཆོར་བ་དང༌། ལུས་ཚུགས་མི་ཐུབ་པ་རྣམས་འབྱུང་སྟེ། འདི་ནི་ཡིད་ཀྱི་འཁྲུལ་འཁོར་ཞེས་བྱའོ།།

དེ་ལྟར་འཁྲུལ་འཁོར་གསུམ་གྱིས་བསྐྱེད་པའི་འབྲས་བུ། གནོད་པར་བྱེད་པ་ལ་ཚེགས་མེད་པའི་སྙིང་རྗེ་ཆེན་པོ་རང་དབང་མེད་པར་སྐྱེས་པ་དེ་རྒྱུན་ཆད་མེད་པར་བསྐྱང་བར་བྱ་སྟེ། དགྲ་དང་བགེགས་ལ་ཞེ་སྡང་བ་དང༌། གནོད་པ་སྐྱེལ་བ་ལ་སོགས་པ་སྙིང་རྗེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་སྤང༌། མཐུན་པའི་རྐྱེན་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་གནོད་པ་སྐྱེལ་བ་རྣམས་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོས་མ་བཟོད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། གནོད་བྱེད་ཀྱིས་གཙོ་བྱས་པའི་དོན་དུ་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་དུ་དབུ་དང་ལུས་དཔག་ཏུ་མེད་པ་བཏང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་གནོད་བྱེད་རྣམས་སྨིན་ཅིང་གྲོལ་བར་མཛད་ནས་སངས་རྒྱས་པའི་སྐྱེས་རབས་རྣམས་དྲན་པར་བྱ་བ་དང༌། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འདིའི་གསང་སྔགས་རྡོ་རྗེ་ཐེག་པ་འདི་ཡང་གནོད་པར་བྱེད་པ་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོ་སྐྱེས་པའི་ལག་རྗེས་ཡིན་པར་གསུངས་པ་དང༌། བླ་མ་རིན་པོ་ཆེའི་ཕྱག་ལེན་མཐའ་དག་ཀྱང་འདི་འབའ་ཞིག་ཡིན་པར་འདུག་པ་དང༌། སྐུ་གསུང་ཐུགས་ལ་བདོ་བ་རྣམས་ལ་ཡང་དངོས་དང་རྒྱུད་པའི་སྒོ་ནས་ཕན་དཔག་ཏུ་མེད་པ་འདོགས་པ་དང༌། ཁ་ཟས་ངན་པས་དཀྲོངས་པར་བྱས་པ་རྣམས་ཀྱི་མིང་བྱང་བཟུང་ཞིང་ཀཾ་ཀ་ནིའི་གཟུངས་ཆོག་མཛད་ཅིང་བྱང་བུ་འཁྲུ་བ་དང༌། འདི་ངན་སོང་དུ་མ་སོང་བ་ཁོ་བོའི་གཉེར་ཁ་ཡིན་གསུངས་པ་མཐའ་དག་དྲན་པར་བྱ་བ་དང༌། ཡུལ་དམན་པ་གསུམ་གཅེས་པར་བཟུང་བའི་བཀའ་སྩལ་པ་དཔག་ཏུ་མེད་པ་གསུངས། གཞན་དག་ཀྱང་བྱེད་དུ་བཅུག་པ་དྲན་པར་བྱ་ཞིང༌། སྔ་མའི་སྙིང་རྗེའི་ཉམས་དེ་བརྟན་པར་རྒྱུན་མ་ཆད་པར་བྱ། དེ་སྐྱེས་པ་བརྟན་པར་བྱེད་པའི་ཐབས་སོ། །

དེ་ལྟར་གནོད་པར་བྱེད་པ་ལ་སྙིང་རྗེ་ཚད་མེད་པ་སྐྱེས་པའི་སྟོབས་ཀྱིས། རང་ལ་ལྟོས་པ་མེད་པར་བདེ་བ་དང་སྐྱིད་པ་ཐམས་ཅད་གནོད་བྱེད་ལ་གཏོང་ཞིང༌། གནོད་བྱེད་ཀྱི་སྡུག་བསྔལ་གྱི་ཁུར་བདག་གིས་ཁུར་བའི་བློ་སྐྱེས་པའི་དུས་སུ་གོང་དུ་བོགས་འདོན་པར་བྱ་སྟེ། གནོད་བྱེད་ལ་སྒོམ་པར་བྱེད་པའི་ཚུལ་ལུགས་དེ་ཁོ་ན་བཞིན་དུ་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཡང་དེ་ཁོ་ན་བཞིན་དུ་བསྒོམ། སྙིང་རྗེ་ཇི་ལྟ་བ་བཞིན་དུ་སྐྱེས་པའི་དུས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་སྟེ། དེ་ཡང་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང༌། ཡི་དམ་གྱི་ལྷ་དང༌། ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཀོན་མཆོག་གསུམ་དང་ཆོས་སྐྱོང་བའི་སྲུང་མ་རྣམས་གཟུ་དང་དཔང་དུ་བཞག་སྟེ། བདག་གིས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་སྒྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་དམ་བཅས་ནས། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་དང༌། སྡོམ་པའི་ཚུལ་ཁྲིམས་རྣམ་པ་གསུམ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཇི་ལྟར་བླངས་ཤིང་དམ་བཅས་པ་རྣམས་ཁའི་འོག་ཏུ་ལུས་ཆུད་པར་བྱས་ལ། ཞེ་ཐག་པ་རུས་པའི་གཏིང་ནས་རང་ལ་ལྟོས་འཁྲིས་མེད་པར་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པ་ནི་བརྟན་པ་གོང་ནས་གོང་དུ་བོགས་འདོན་པར་བྱེད་པ་སྟེ། དེ་ལྟར་བྱང་ཆུབ་སེམས་མ་སྐྱེས་པ་བསྐྱེད་པར་བྱེད་པ། སྐྱེས་པ་བརྟན་པར་བྱེད་པ། བརྟན་པ་བོགས་འདོན་པར་བྱེད་པ་གསུམ་གྱིས་གདམས་ངག་དང་རྗེས་སུ་བསྟན་པ་གསུམ་གྱིས་ཉམས་སུ་བླང་ངོ༌། །དེ་ལྟར་བླ་མ་དམ་པའི་བཀའ་སྩལ་དང༌། རང་གི་ཉམས་སུ་མྱོང་བ་དང༌། གཞན་ལ་བསྟན་པས་ཕན་པ་དང་བདེ་བ་དཔག་ཏུ་མེད་པ་འབྱུང༌།

དེ་ཡང་གནོད་བྱེད་ལ་སྙིང་རྗེ་ཆེན་པོ་མ་སྐྱེས་ན། ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་སྐྱེས་པ་སྐད་བྱས་ཀྱང་རང་གི་ནད་དང་སྡུག་བསྔལ་མི་སོལ་བར་འདུག་པ་རང་གི་མྱོང་བས་གྲུབ། གནོད་བྱེད་གཅིག་པུ་ལ་སྙིང་རྗེ་སྐྱེས་ནས་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་མ་སྐྱེས་ན་ཉི་ཚེ་བ་ཕྱོགས་གཅིག་པའི་སྙིང་རྗེ་དེས་ན་ཚ་སོས་ཀྱང་ལྡོག་པ་ཡིན། རྟོགས་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ལས་མི་ཐོབ།

བྱམས་པ་དང་སྙིང་རྗེ་དེ་བྱང་ཆུབ་ཀྱི་སེམས་སུ་འགྱུུར་དགོས། དེ་མ་འགྱུར་ན་སངས་རྒྱས་མི་ཐོབ། ཆོས་འདིའི་ལུགས་ཀྱིས་བྱང་ཆུབ་ཀྱི་སེམས་གཅིག་པུ་དགོས་པ་ཡིན།

ཆོས་འདི་ཟབ་ལ་རྒྱ་ཆེ་བའི་གདམས་ངག་ཡིན་པས་འདི་ཉམས་སུ་བླངས་པས་རང་གི་ཡང་མཛེ་ནད་ཀྱི་སྣ་དྲངས་པའི་ན་ཚ་དང་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་སོས་པ་ཡིན། དཔེར་ན་བསྐལ་པར་གནས་པའི་མུན་པ་དེའི་གཉེན་པོ་ཉི་མའི་དཀྱིལ་འཁོར་གྱིས་མ་ལུས་པར་སེལ་བར་བྱེད་པ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲུབ་ཐབས་དང༌། ཉམས་ལེན་ཐམས་ཅད་དང༌། ཕྲིན་ལས་ཐམས་ཅད་ཀྱི་འགག་དང་ཉ་ག་དང༌། ཁྱད་པར་དུ་ཆེ་བའི་ཆོས་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་བླ་མ་དམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང༌། དེ་དག་གོང་དུ་བསྟན་པ་ལྟར་རང་གིས་ཉམས་སུ་མྱོང་དགོས། ཉམས་སུ་མྱོང་བར་ཚིག་གི་རྗེས་སུ་འབྲངས་ནས། དོན་སྤྱི་རྐྱང་པ་ཙམ་གྱི་ཡིག་ནག་བཀླགས་པས་རང་གཞན་ཀུན་ལ་མི་ཕན།

བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འབྲངས་པའི་བྱ་བ་ནི། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཆེ་ཆུང་གང་བསགས་ཀྱང་ཇི་ལྟར་བསགས་པའི་འབྲས་བུ་འབྱུང་བས། དེ་གཉིས་ལ་འབད་པ་གལ་ཆེ། བྱང་ཆུབ་ཀྱི་སེམས་འདི་དངུལ་སྣོད་ལྟ་བུ་ཡིན་པས། ཚོགས་གཉིས་བྱང་ཆུབ་ཀྱི་སེམས་ལས་མ་སྐྱེས་པ་ཞིག་མེད་དོ། །

གཉིས་པ་གསང་སྔགས་རྡོ་རྗེ་ཐེག་པ་འདི་བྱ་བའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བཞིའོ།།

གདུལ་བྱ་མཐོ་དམན་གྱི་དབང་གིས་གསུངས་པ་རྣམས་ཐམས་ཅད་བསྐྱེད་རིམ་དང་རྫོགས་རིམ་གཉིས་སུ་གསུངས་པ་ཡིན། དང་པོ་བསྐྱེད་རིམ་པའི་གདམས་ངག་ནི། བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཞིག་དགོས་པ་ཡིན། དེ་མིན་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ལྷ་བསྒོམ་ན་བརྟན་པ་ཐོབ་ཀྱང་ལོག་པར་འགྲོ། བི་ཀྲ་མ་ལ་ཤཱི་ལའི་གཉེར་པ་འཇིགས་བྱེད་ཆེན་པོའི་གྲུབ་པ་ཐོབ་ཀྱང༌། ཏིལ་གྱི་ཕུབ་མ་སེལ་པོ་གང་བསྡུས་པས་ལུས་ལྷ། སེམས་ཡི་དྭགས་སུ་སྐྱེས་པ་ཡིན། དེས་བོད་ཕུང་བར་བྱེད་དུ་ཡོང་བ་ལ། ཇོ་བོ་རྗེས་སྙེ་ཐང་ནས་རྒྱ་གར་དུ་བཟློག་པ་ཡིན། བི་ཀྲ་མ་ལ་ཤཱི་ལའི་མཁན་པོས་ཏིལ་གྱི་ཕུབ་མ་སེལ་པོ་གང་དགེ་འདུན་ལ་མ་དྲིས་པར་ཁྱེར་བས། གྲ་མའི་གསེབ་ཅིག་ཏུ་ཡི་དྭགས་སུ་སྐྱེས་པ་ཡིན། ནང་ལུས་ལ་འདོད་ཆགས་ཀྱང་ལོག་པར་འགྲོ་སྟེ། རྒྱལ་པོ་ཨིནྡྲ་བྷུ་ཏིས། འདོད་ཆགས་ཀྱིས་སྲིང་ལྷ་ལྕམ་ལེགས་སྨིན་ཀ་ར་ཚ་བ་འདྲེན་དུ་བྱུང་བས། འདོད་ཆགས་ཀྱིས་ཕྱག་སྟོང་བཟེད་པས། སྲིང་མོས་ཀྱང་འདོད་ཆགས་ཀྱིས་ཕྱག་སྟོང་དུ་ཟས་སྣ་རེ་རེ་དྲངས་པས། སློབ་དཔོན་ཛ་ལན་དྷ་ར་པས་ནམ་མཁའ་ལ་བྱོན་ནས་འདོད་ཆགས་ཀྱི་རྗེས་སུ་འབྲངས་ནས་འདི་ཙམ་བྱེད་དམ་ཞེས་བཀའ་བཀྱོན་པ་ཡིན་པས། ལྷ་འདོད་ཆགས་སྐྱེས་ན་ཡི་དྭགས་ཡིན། །ལྷ་ཞེ་སྡང་སྐྱེས་ན་དམྱལ་བ་ཡིན། །ལྷ་གཏི་མུག་སྐྱེས་ན་དུད་འགྲོ་ཡིན། །ལྷ་དུག་ཏུ་སོང་ན་མི་ལེགས་པས། །དེ་བས་ལྷ་ལ་བྱ་ར་གཅེས། །ཞེས་དང༌། །དེས་ན་ལྷ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ། རྣམ་པ་གསལ་བ། རྒྱན་གྱི་རྣམ་དག་དྲན་པ། རང་ཉིད་ལྷའི་ང་རྒྱལ་བརྟན་པས་རྡོ་རྗེའི་བཟླས་པ་ལ་སོགས་པ་མིང་ཡིན་པས་མ་བརྗེད་པར་དྲངས་ནས། སྔོན་གྱི་ལས་ལས་གྱུར་པ་ཐ་མལ་པའི་ལུས་ངག་ཡིད་གསུམ་ཡང་འདག་ནས། དེ་ལ་བརྟེན་པའི་ན་ཚ་སྡུག་བསྔལ་སྨོས་ཅི་དགོས། འདི་ཡང་བླ་མའི་མོས་གུས་ཀྱིས་འགྲུབ་པ་ཡིན་ཏེ། བསྐྱེད་པའི་རིམ་པའོ། །

གསུམ་པ་རྫོགས་པའི་རིམ་པ་གདམས་ངག་ལ་མཚན་མ་ཅན་དང༌། མཚན་མ་མེད་པ་གཉིས་ཡིན། མཚན་མ་ཅན་གྱི་རྫོགས་རིམ་ནི། སྤྱི་བོའི་གཙུག་ནས་རྐང་མཐིལ་གྱི་བར་གྱི་རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། རྩའི་གནད་གསུམ་དང༌། བཞི་དང༌། ཉི་ཤུ་རྩ་བཞི་ལ་སོགས་པའི་གཙོ་བོ་སུམ་ཅུ་སོ་གཉིས་ཀྱི་ཕྱི་ནང་གསང་བའི་རྟེན་འབྲེལ་གྱིས། གང་ལ་ཇི་ལྟར་འབྱུང་བའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང༌། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་དང་གནས་པའི་གཞི་དང༌། འཇིག་པའི་རྐྱེན་དང༌། བདེ་སྡུག་དང༌། ཟག་བཅས་ཀྱིས་མངོན་ཤེས་དང༌། ཟག་པ་མེད་པའི་མངོན་ཤེས་དང་འདི་ལས་འདིའི་མངོན་ཤེས་འབྱུང་བ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་འདུག་ལུགས་མངོན་དུ་གྱུར་པའི་མངོན་ཤེས་རྣམས། རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །དཔལ་ལྡན་ཕག་མོ་གྲུ་པ་ཡིས། །མཚན་ལྡན་བླ་མ་རྡོ་རྗེ་འཛིན། །ཕྱི་ནང་གསང་བ་མཐར་ཐུག་གི།། རྟེན་འབྲེལ་ཇི་ལྟར་འབྱུང་བ་དང༌། །རང་ཉིད་བྱིན་གྱིས་བརླབ་པ་ཡིན། །རང་བྱུང་ཡེ་ཤེས་སྐྱེ་བའི་གནད། །རིན་ཆེན་བླ་མ་སྒོམ་པའི་ཐབས། །ཁ་ལྟ་ཅན་གྱིས་མ་གོ་ཞིང༌། །སྟོང་ཉམས་བསྒོམས་པས་རྟོགས་པ་མེད། །དེ་ཡང་བླ་མའི་ཞལ་སྔ་ནས།། རོ་གཅིག་ངང་ལ་འབྱམས་གྱུར་ན། །རྒྱུ་འབྲས་མ་ལུས་མངོན་དུ་འགྱུར། །ཞེས་གསུངས་སོ། །

བཞི་པ་ཕྱག་རྒྱ་ཆེན་པོ་སྒོམ་པ་ནི། ཤོར་ས་བཞི་དང་གོལ་ས་གསུམ་དུ་མ་སོང་བ། ཉམས་བདེ་བ་དང༌། གསལ་བ། མི་རྟོག་པ་གསུམ་དུ་མ་སོང་བ། དོན་དམ་པ་བློ་ལས་འདས་པ། སྟོང་པ་ཉིད་རྟོགས་མི་རྟོགས་གཉིས་ཀ་ལས་འདས་པ། བཟང་ངན་གཉིས་ཀ་ཡིད་ལ་མི་བྱེད་པ་དེས་བདུད་དང་ཉོན་མོངས་པ་ཐམས་ཅད་འཇོམས་པ་ཡིན། བློས་བྱས་པའི་ཉམས་དང་མྱོང་བ་དང་བྲལ་བའི་དང་པོ་ནས་ལྷན་ཅིག་ཏུ་ཡོད་པའི་མི་རྟོག་པ་དེ་སྒོམ་པས། དཔེར་ན་དངུལ་དཀར་གྱི་མེ་ལོང་གཡའ་དང་བྲལ་ན་གཟུགས་བརྙན་གསལ་བ་བཞིན་དུ། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས། ལམ་དུ་འཁོར་འདས་ཀུན་གྱི་བདེ་སྐྱིད་དང༌། ས་དང་ལམ་གྱི་ཡོན་ཏན་མ་ལུས་པ་ཐམས་ཅད་འབྱུང་བ་ཡིན་ནོ། །

ལྔ་པ་དགེ་བའི་རྩ་བ་བསྔོ་བ་བྱེད་པ་ནི། འཁོར་བ་མཐའ་མེད་དུ་ལུས་དཔག་མེད་བླངས་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ནི་བསྔོ་བ་ཕྱིན་ཅི་ལོག་བྱས་པས། དམིགས་པ་ཅན་གྱི་བསྔོ་བ་རེ་རེ་ལ་ལུས་རེ་རེ། དེ་ལ་སྡུག་བསྔལ་རེ་རེ་འབྱུང་བ་ཡིན། དམིགས་པ་མེད་པའི་བསྔོ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པས། ཆོས་སྐུ་ཡོན་ཏན་ཕྲིན་ལས་དང་བཅས་པ་དེ་ཐོབ་པ་ཡིན་པས། ལུས་ངག་ཡིད་གསུམ་སྐད་ཅིག་ཀྱང་མ་དལ་བར་དགེ་བ་ལ་བཀོལ། དགེ་བ་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བྱེད་དགོས། དགེ་བ་དེ་དག་གང་ཡིན་ན་ཞིང་རྣམ་པར་དག་པ་ལ། བསམ་པ་བྱང་ཆུབ་ཀྱི་སེམས་གཉིས་གཅིག་ཏུ་འདྲེས་པའི་དམིགས་པ་མེད་པའི་སྟོང་པ་ཡིན་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ་བ་དང༌། སྡུག་བསྔལ་དང་བྲལ་བར་བྱ་བ་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་གཅིག་པུས་ཟིན་པར་བྱེད་པ་ཡིན།

དེ་ནི་བསྔོ་བ་བྱེད་པའི་དུས་སུ་གང་བསྔོ་ན་དངོས་པོ་རྣམ་པར་དག་པ་དེ་བསྔོ་བ་ཡིན། བདག་གིས་དགེ་བ་བྱས་པ་དང༌། བྱེད་པ་དང༌། བྱེད་པར་འགྱུར་བ་དང༌། འཁོར་བའི་སེམས་ཅན་རྣམས་ཀྱིས་དགེ་བ་བྱེད་པ་ཡང་གཅིག་ཏུ་སེམས་ཅན་རྣམས་བདག་གི་སྐྱེ་བ་སྔོན་མ་རྣམས་ཀྱི་ཕ་མ་ཡིན། ཕ་མས་བུ་ལ་བློས་བཏང་པས། བདག་རང་བུ་དབང་བ་ཡིན། གཉིས་སུ་ན་འགྲོ་བ་རིགས་དྲུག་གི་དགེ་བ་ཡོད་ཚད་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བ་ཡིན་པས། སངས་རྒྱས་ཀྱི་བྱིན་རླབས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བསྔོས་པས་རང་དབང་བ་ཡིན།

འཁོར་བའི་དགེ་བ་ཡང་བསྔོ་བར་བྱེད་དགོས། འགྲོ་བ་རིགས་དྲུག་གིས་དགེ་བ་སྔར་བྱས་པ་དང༌། ད་གདོང་བྱེད་པར་འགྱུར་བ་དང༌། ད་ལྟ་བྱེད་པ་དང༌། སངས་རྒྱས་ཀྱིས་སེམས་དང་པོ་བསྐྱེད་པ་ནས། ཐ་མ་འཁོར་བ་མ་སྟོངས་ཀྱི་བར་གྱི་སངས་རྒྱས་ཀྱི་ཆོས་སྐུ་ཡོན་ཏན་དང་ཕྲིན་ལས་རྒྱུན་མི་ཆད་པ་རྣམས་ནི་སེམས་ཅན་གྱི་དོན་དུ་སྤྱད་པས་རང་དབང་བ། འདས་པའི་སངས་རྒྱས་ཡོད་ཚད་དང༌། མ་བྱོན་པའི་སངས་རྒྱས་ཡོད་ཚད་དང༌། ད་ལྟར་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཚད་ཀྱི་ཆོས་སྐུ་ཡོན་ཏན་ཕྲིན་ལས་འཁོར་བ་མ་སྟོངས་བར་དུ་འབྱུང་བ་རྣམས་དང༌། སངས་རྒྱས་འབྱུང་བ་རྣམས་དང༌། སངས་རྒྱས་དེ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པའི་དགེ་བ་དང༌། རང་སངས་རྒྱས་སུ་ལུང་སྟོན་པ་དེ་དག་གི་དགེ་བ་དང༌། ཉན་ཐོས་ཀྱི་དགེ་བ་དང༌། སློབ་པའི་ཟག་པ་དང་བཅས་པ་དང༌། མི་སློབ་པའི་ཟག་པ་མེད་པའི་དགེ་བ་ཅི་ཡོད་པ་དང༌། སོ་སོའི་སྐྱེ་བོས་སངས་རྒྱས་ལ་དགེ་བའི་རྩ་བ་སྐྱེད་པ་དང༌།

སངས་རྒྱས་ཀྱི་འཁོར་བཞི་ནི། དགེ་སློང་ཕ་མ་གཉིས་དང༌། དགེ་བསྙེན་ཕ་མ་གཉིས་ལ་སོགས་པའི་འཁོར་རྣམས་དང༌། སངས་རྒྱས་རྣམས་ཀྱིས་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་དང༌། ཚུལ་ཁྲིམས་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་དང༌། སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྐྱེད་པ་དང༌། དེ་དག་ཐམས་ཅད་དང་པོ་ནས་སྟོང་ཉིད་རྟོགས་པ་མེད་པ་ཞིག་ཡིན། དེ་སངས་རྒྱས་ཀྱི་ཐུགས་ཡིན་པས་དང་པོ་ནས་རང་ཆས་སུ་ཡོད་པའི་དགེ་བ་ཡིན་པས། དེ་གཅིག་པུ་ལ་རྗེས་སུ་ཡི་རང་བར་བྱས་ནས། སེམས་ཅན་ཐམས་ཅད་ཀྱིས་རྟོགས་མེད། དེ་ཐོབ་པར་བསྔོ་བ་བྱེད་པ་ཡིན།

རང་ཡང་ཞིང་ཞིང་གིས་སྟོང་སྟེ་ཞིང་ལ་མི་རྟོག བསམ་པ་བསམ་པས་སྟོང་སྟེ་བསམ་པ་ལ་མི་རྟོག དངོས་པོ་དངོས་པོས་སྟོང་སྟེ་དངོས་པོ་ལ་མི་རྟོག་པར་དེ་དག་ཐམས་ཅད་སྟོང་པ་མི་རྟོག་ཐམས་ཅད་བློ་ལས་འདས་པ་ལ་བཞག་ནས། རྒྱལ་སྲས་རྡོ་རྗེ་རྒྱལ་མཚན་གྱིས་ཇི་ལྟར་བསྔོས་པ་བཞིན། བརྒྱད་སྟོང་པར་ཡོངས་སུ་བསྔོ་བའི་ལེའུ་ནས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བར་བྱེད་དགོས་པ་ཡིན་ནོ། །

དེར་ཇི་ལྟར་བསྔོས་པའི་ལད་མོ་ཇི་ལྟར་བཟླ་སྙམ་ན། བྱང་ཆུབ་སེམས་དཔའ་བྱམས་པས་རབ་འབྱོར་ལ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་དངོས་པོ་འདི་མཆོག་ཅེས་བྱའོ། དམ་པ་ཞེས་བྱའོ། །གཙོ་བོ་རབ་བོ། མཆོག་རབ། གྱ་ནོམ་པ། བླ་མ། བླ་ན་མེད་པ། གོང་ན་མེད་པ་ཞེས་བྱའོ། །སྨྲས་པ་དང་རབ་འབྱོར་གྱིས་བྱམས་པ་ལ། བྱམས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཐམས་ཅད་དུ། དཔག་ཏུ་མེད་པ་ནས་ཡང་དཔག་ཏུ་མེད་པ། གྲངས་མེད་པའི་ཡང་གྲངས་མེད་པ། བསམ་གྱིས་མི་ཁྱབ་པའི་ཡང་བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པའི་ཡང་གཞལ་དུ་མེད་པ། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་འདས་པའི་དུས་དཔག་ཏུ་མེད་པ། གྲངས་མེད་པ། བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པའི་ཡང་གཞལ་དུ་མེད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལམ་ཆད་པ། འཇུག་པ་ཆད་པ། སྤྲོས་པ་ཆད་པ། སྲིད་པར་འདྲེན་པ་ཆད་པ་སྟེ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དང༌། དེའི་དམ་པའི་ཆོས་མ་ནུབ་པའི་བར། དེ་དག་གི་བར་གྱི་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས་གཟིགས་པའི་ཕུང་པོ་དང༌། ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པའི་རྩ་བ་ཅི་ཡོད་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང༌། མངོན་པར་ཤེས་པ་དྲུག་གི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། ཕན་པར་བཞེད་པ་གང་ཡིན་པ་དང༌། བྱམས་པ་ཆེན་པོ་གང་ཡིན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་གྲངས་མེད་དཔག་ཏུ་མེད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་གང་ཡིན་པ་དང༌། ཆོས་ཐམས་ཅད་ལ་དབང་ཕྱུག་གི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། ཟིལ་གྱིས་མི་གནོན་པ་དཔག་ཏུ་མེད་པ་དང༌། ཐམས་ཅད་ཟིལ་གྱིས་གནོན་པའི་རྫུ་འཕྲུལ་གྱི་མཆོག་མངོན་པར་འདུ་བྱེད་པ་དང༌། སྟོབས་ཀྱི་ནང་ནས་དེ་བཞིན་གཤེགས་པའི་སྟོབས་ཡང་དག་པ་ཇི་ལྟ་བར་སྒྲིབ་པ་མེད་ཅིང་མ་ཆགས་པ་དང༌། མ་ཐོས་པ་དང༌། མ་མཉམ་པ་དང་མཉམ་པ་དཔག་ཏུ་མེད་པ་ཇི་བཞིན་ཡོད་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་དང༌། སྟོབས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། མི་འཇིགས་པ་བཞི་མཆོག་ཏུ་ལེགས་པར་རྫོགས་པར་ཁོང་དུ་ཆུད་པ་གང་པ་ཡིན་པ་དང༌། ཆོས་ཐམས་ཅད་དོན་དམ་པར་མངོན་པར་བསྒྲུབས་པས་ཆོས་ཁོང་དུ་ཆུད་པ་གང་ཡིན་པ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ཆོས་ཀྱི་སྒྲོན་མེ་ཐོགས་པ་དང༌། ཆོས་ཀྱི་རྔ་བརྡུང་བ་དང༌། ཆོས་ཀྱི་དུང་འབུད་པ་དང༌། ཆོས་ཀྱི་ཆར་འབེབས་པ་དང༌། ཆོས་ཀྱི་མཆོད་སྦྱིན་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པ་དང༌། སྟོབས་དང༌། ཆོས་བསྟན་པ་དེ་དག་དང༌། དེ་ལྟར་མདོར་བསྡུ་ན་སངས་རྒྱས་ཀྱི་ཆོས་རྣམས་སམ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་གི་དགེ་བའི་རྩ་བ་ཅི་ཡོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་ཅི་ཡོད་པ་དང༌། གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་ཅན། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལུང་བསྟན་པ་དེ་དག་དགེ་བའི་རྩ་བ་ཅི་ཡོད་པ་དང༌། ཉན་ཐོས་ཀྱི་ཐེག་པའི་གང་ཟག་རྣམས་ཀྱི་དགེ་བའི་རྩ་བ་ཅི་ཡོད་པ་དང༌། སློབ་པའི་ཟག་པ་དང་བཅས་པའི་དགེ་བའི་རྩ་བ་ཅི་ཡོད་པ་དང༌། མི་སློབ་པའི་ཟག་པ་མེད་པའི་དགེ་བའི་རྩ་བ་ཅི་ཡོད་པ་དང༌། མདོར་བསྡུས་ན་སངས་རྒྱས་ཀྱི་འཁོར་དགེ་སློང་ཕ་མ་གཉིས་དང༌། དགེ་བསྙེན་ཕ་མ་གཉིས་དང༌། འཁོར་བཞི་པོའི་དགེ་བ་དང༌། སོ་སོའི་སྐྱེ་བོས་ཆོས་དེ་ལ་དགེ་བའི་རྩ་བ་བསྐྱེད་པ་དང༌། སངས་རྒྱས་དེ་དག་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་གང་དག་དང༌། དུད་འགྲོའི་སྐྱེ་གནས་སུ་སོང་བའི་དགེ་བའི་རྩ་བ་རྣམས་དང༌། སངས་རྒྱས་མྱ་ངན་ལས་མ་འདས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་དང༌། མྱ་ངན་ལས་འདས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་དང༌། སངས་རྒྱས་ལ་བརྟེན་པ་དང༌། ཆོས་ལ་བརྟེན་པ་དང༌། དགེ་འདུན་ལ་བརྟེན་ནས་དགེ་བའི་རྩ་བ་བསྐྱེད་པ་དང༌། འདས་པའི་སངས་རྒྱས་ལ་སོགས་པ་དེ་རྣམས་དང༌། མ་འོངས་པའི་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱི་དགེ་བ་དང༌། ད་ལྟར་གྱི་སངས་རྒྱས་ལ་སོགས་པ་དེ་རྣམས་མ་ལུས་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་སོགས་པ་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་མ་ལུས་པར་གཅིག་ཏུ་བསྡུས་ཏེ་བསྡོམས་ཤིང་གཞལ་ནས། དེའི་རྗེས་སུ་ཡི་རང་བའི་མཆོག་དམ་པ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་མ་ལུས་པའི་ཆེད་དུ་བསྔོའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡུད་པར་གྱུར་ཅིག ཟེར་བ་དེ་ལ་གཞན་གང་ཟག་བྱང་ཆུབ་སེམས་དཔའ་རྣམས་དང༌། དངོས་པོ་གང་ཡིན་པ་དེ་དག་དང༌། རྣམ་པ་གང་ཡིན་པ་དེ་དག་དང༌། རྣམ་པ་གང་དང༌། དམིགས་པ་གང་གི་རྗེས་སུ་ཡི་རང་ཞིང༌། དང་པོ་སྔོན་ལ་སེམས་བསྐྱེད་པའི་དངོས་པོ་དེ་དག་དང༌། དམིགས་པ་དེ་དག་དང༌། རྣམ་པ་དེ་དག་མཚན་མར་བྱས་པ་བཞིན་དུ་ཕྱིས་ནས་མཚན་མར་མི་དམིགས་སམ་བྱས་པས། བྱང་ཆུབ་སེམས་དཔའ་བྱམས་པ་ན་རེ། རབ་འབྱོར་དངོས་པོ་དེ་དག་དང༌། དམིགས་པ་དེ་དག་དང༌། མཚན་མར་བྱེད་པ་དེ་བཞིན་དུ། ཕྱིས་ནས་མི་དམིགས་སོ་གསུངས་སོ། །རབ་འབྱོར་གྱིས་བྱམས་པ་ལ། དངོས་པོ་དེ་ཡང་མེད་པ་ལ། དམིགས་པ་དེ་ཡང་མེད་པ་ལ་དམིགས་པར་བྱེད་ན་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་དམིགས་ཀྱང༌། གང་འདོད་ཀྱང༌། འདོད་ཆགས་དེ་མེད་པའི་དངོས་པོ་ཡིན་ཏེ། འདོད་པ་དེ་མི་རྟག་པ་ལ་རྟག་པ། སྡུག་བསྔལ་བ་ལ་བདེ་བ། བདག་མེད་པ་ལ་བདག མི་སྡུག་པ་ལ་སྡུག་པར་ལྟ་ཞིང་ཀུན་ཏུ་བརྟགས་ནས། འདུ་ཤེས་ཕྱིན་ཅི་ལོག་པ་དང༌། སེམས་དང་ལྟ་བ་ཕྱིན་ཅི་ལོག་པར་འབྱུང་གསུངས་སོ། །མྱ་ངན་ལས་འདས་པ་ལ་ཡང་དམིགས་ན། དེ་ཉིད་དེའི་དམིགས་པ་ཆེན་པོ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དམིགས་པའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དོན་ཆེན་པོ་བྱེད་པའོ་ཞེས་མི་གསུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། བསྔོ་བ་དེ་བཞིན་དུག་དང་བཅས་པ། ཟུག་རྔུ་དང་བཅས་པ་སྟེ། དཔེར་ན་ཁ་ཟས་བཟང་པོ་དུག་ཅན་ཞིག་ཡོད་པ། ཁ་དོག་དང་དྲི་དང་རོ་བཟང་པོ་ཞིག་ཡོད་ན་ཡང༌། དུག་ཡོད་པ་ཡིན་པས་མཁས་པ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱ་སྟེ། ལོངས་སྤྱོད་པ་མ་ཡིན་ནོ། །སྐྱེས་བུ་བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་བའི་རང་བཞིན་ཅན་དེས་ནི་ཡོངས་སུ་ལོངས་སྤྱོད་པར་སེམས་ཏེ། ཟས་དེ་ཟོས་ནས་རོ་མྱངས་ཏེ་ཞུ་བའི་ཚེ། དེ་ལ་སྡུག་བསྔལ་སྨིན་པར་འགྱུར་ཏེ་དེ་ཤི་བ་བཞིན་དུ། རབ་འབྱོར། འདི་ལ་ཁ་ཅིག་ལོག་པར་རིག་ནས་འདི་ལྟར་སྟོན་ཏེ། རིགས་ཀྱི་བུ་ཚུར་ཤོག འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་དང༌། སེམས་དང་པོ་བསྐྱེད་པ་ནས་བསྟན་པ་མ་ལུས་ཀྱི་བར་གྱི་དགེ་བ་བསྐྱེད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ན། དེ་ལྟར་བསྔོ་བ་ཡང་མཚན་མའི་ཚུལ་གྱིས་བསྔོ་བས་སྤངས་པར་འགྱུར་རོ་ཟེར་བས། དཔེར་ན་དེའི་ཟས་དུག་ཅན་བཞིན་ནོ། །དམིགས་པའི་འདུ་ཤེས་ཅན་ལ་ཡང་ཡོངས་སུ་བསྔོ་བ་མེད་དོ། །བསྔོ་བའི་དྲན་པ་དང་བྲལ་བའམ། ཁོང་དུ་མ་ཆུད་ནས་ཡིད་ལ་མི་བྱེད་ན། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན་ནོ། །ལོག་པར་བསྔོས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པ་མ་ཡིན་ནོ། ལོག་པར་བསྔོས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན་ནོ་གསུངས། དེ་ནས་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་འོ་གསུངས་པས་དེ་ཇི་ཙམ་གྱིས་རྗེས་སུ་ཡི་རང་བའི་མཆོག་ཏུ་འགྱུར་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། རབ་འབྱོར། བྱང་ཆུབ་སེམས་དཔའི་ཐེག་པ་ཅན། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་གྱི་ཆོས་རྣམས་མི་འཛིན། རློམ་སེམས་སུ་མི་བྱེད། མི་དམིགས། མི་རྟོག རྣམ་པར་མི་རྟོག་པར་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྗེས་སུ་ཡི་རང་བར་བྱེད་དོ། །དེའི་ངང་གཅིག་པོར་བསྔོ་བར་བྱེད་པ་དེ་ཡོད་པའི་དགེ་བའི་རྩ་བ། ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་གཅིག་ཏུ་བསྡུས་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་མི་དམིགས་པར་ བསྔོའོ། །ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་རྣམས་ལ་ནི་བྱེ་བྲག་མེད་ཅིང་ཐ་དད་དུ་བྱ་བ་མི་དམིགས་སོ་གསུངས། དེ་ལྟར་དུ་བསྔོ་བའི་བྱང་ཆུབ་སེམས་དཔའ་རྣམས་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར། སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་བསྔོ་བ་བླ་ན་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡོངས་སུ་བསྔོ་བ་ལ་འཇུག་མི་ནུས་སོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ། རབ་འབྱོར། ཁྱོད་སྟོན་པའི་བྱ་བ་བྱས་པ་ལེགས་སོ་ལེགས་སོ། །ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པའི་ཕྱིར། ཡོངས་སུ་བསྔོ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་བསྔོ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཉིད་གང་ཡོད་པ་དེ་བཞིན་དུ་ བདག་གིས་ཀྱང་ཡོངས་སུ་བསྔོའོ་སྙམ་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཅིག་གིས། དགེ་བ་བཅུ་ལམ་ལ་དམིགས་པས་བསོད་ནམས་ཀྱི་ལམ་ལ་བཀོད་པ་དེ་བསོད་ནམས་ཆེའམ། དེ་ཆེ་མོད། དེ་བས་མི་དམིགས་པའི་བསྔོ་བ་འདིའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ལ་སོགས་ཀུན་ལ་འགྲེའོ། །རབ་འབྱོར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འགྲེའོ། །དགེ་བ་བཅུ་ལ་བཀོད་པའི་བསོད་ནམས་ལྟ་ཞོག་ཅིག བསམ་གཏན་བཞི་ལ་བཀོད་པ་དེ་བསོད་ནམས་ཆེའམ། དེས་མི་དམིགས་པའི་བསྔོ་བའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །གཟུགས་མེད་པ་བཞི་ལ་དེ་བས་བསྔོ་བ་ཆེ། མངོན་པར་ཤེས་པ་ལ་བཀོད་ན་དེ་བས་བསྔོ་བ་ཆེ། རང་སངས་རྒྱས་ལ་བཀོད་ན་དེ་བས་ བསྔོ་བ་ཆེ། རྒྱུན་དུ་ཞུགས་པ་ལ་བཀོད་ན་དེ་བས་བསྔོ་བ་ཆེ། ཕྱིར་འོངས་པ་ལ་བཀོད་ན་དེ་བས་བསྔོ་བ་ཆེ། ཕྱིར་མི་འོང་བ་ལ་བཀོད་ན་དེ་བས་བསྔོ་བ་ཆེ། དགྲ་བཅོམ་པ་ལ་བཀོད་ན་དེ་བས་བསྔོ་བ་ཆེ། རང་སངས་རྒྱས་ལ་བཀོད་ན་དེ་བས་བསྔོ་བ་ཆེ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་ནས། ཞུགས་པ་དེ་རྣམས་ཀྱིས་ཀྱང༌། སེམས་ཅན་ཇི་སྙེད་ཡོད་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རེ་རེས་སེམས་ཅན་ཐམས་ཅད་ལ་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ན་བའི་གསོ་སྨན་དང༌། ཡོ་བྱད་དང༌། བདེ་བར་སྦྱོར་བ་ཐམས་ཅད་དག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དམིགས་པས་བྱིན་ནས་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ༌། །བདེ་བར་གཤེགས་པ་མང་ངོ༌། །ཚད་མ་མཆིས་སོ། །གྲངས་བཟུང་བར་བླ་མ་ཡིན་ནོ། །གཟུགས་ཅན་ཞིག་ལགས་ན་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་མི་ཤོང་ངོ་ཞུས་པས། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བའི་ཆོས་ཀྱི་དབྱིངས་ཀྱི་བསྔོ་བ་འདིས་ཡོངས་སུ་བསྔོ་བར་བྱེད་ན། སྔ་མ་དེས་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང༌། བརྒྱ་སྟོང་གི་ཆར་ཡང༌། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། གྲངས་སུ་ཡང་བགྲང་བར་ཡང༌། དཔེར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔ་མ་དེས་ནི་དམིགས་པའི་འདུ་ཤེས་ཀྱིས་བྱིན་པའོ། །ཕྱི་མ་ནི་དམིགས་པ་མེད་པས་སོ་གསུངས། དེ་ནས་རྒྱལ་ཆེན་རིགས་བཞིའི་ལྷ་ནས། འོག་མིན་གྱི་ལྷ་མན་ཆད་ཀྱི་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་དང་གདུགས་སོགས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ནས། བཀུར་སྟི་ལ་སོགས་པ་བྱས་ཏེ། ཀྱེ་མ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཀྱི་ཡོངས་སུ་བསྔོ་བ་འདི་ནི་ བསྔོ་བ་ཆེན་པོ་ལགས་ཏེ། དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔའི་བསྔོ་བ་དེ་དག་གིས་སྦྱིན་པ་ལ་སོགས་པའི་བསྔོ་བ་དེ་དག་ཟིལ་གྱིས་མནན་པ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བའི་སླད་དུ། འདི་ནི་བསྔོ་བ་ཆེན་པོ་ལགས་སོ་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་ལྷའི་བུ་དག སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་རེ་རེ་ལ་གོས་དང་ཟས་དང་མལ་ཆ་དང༌། ན་བའི་གསོས་སྨན་དང་ཡོ་བྱད་བདེ་བ་གང་དགོས་པ་ཐམས་ཅད་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན་ན་བསོད་ནམས་གྲངས་མེད་བསྐྱེད་དམ། དེ་བས་ཀྱང་དམིགས་པ་མེད་པའི་བསྔོ་བའི་བརྒྱའི་ཆར་ཡང་ལ་སོགས་འགྲེའོ། །དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཚུལ་ཁྲིམས་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དེ་དག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དམིགས་པའི་འདུ་ཤེས་ཀྱི་ཚུལ་ཁྲིམས་བསྲུང་བ་བསོད་ནམས་ཆེ་སྟེ། དེ་བས་ཀྱང་བསྔོ་བ་ཆེའོ། །ཚུལ་ཁྲིམས་ཀྱི་བསོད་ནམས་ལྟ་ཞོག་གིས། རབ་འབྱོར་དེའི་སྟེང་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རེ་རེ་ལ་བཅོས་ཤིང་བརྡེག་ཀྱང་དམིགས་པས་བཟོད་པ་བསྒོམ་པ་དེ། བྱང་ཆུབ་སེམས་དཔའི་རེ་རེས་ཀྱང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བར་སྒོམ་པ་དེ་བས་ཀྱང་བསྔོ་བ་ཆེའོ། །བཟོད་པ་སྒོམ་པ་ལྟ་ཞོག་གིས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དེ་དག་ཡིད་མ་བསད་པར་གཉིད་དང་རྨུག་པས་ཟིལ་གྱིས་མ་ནོན་པར་དམིགས་པའི་འདུ་ཤེས་ཀྱིས་བརྩོན་འགྲུས་བརྩམས་ན་དེ་བསོད་ནམས་ཆེ་སྟེ། དེ་བས་ཀྱང་དམིགས་པ་མེད་པའི་བསྔོ་བའི་བརྒྱའི་ཆར་ལ་སོགས་མི་འགྲོའོ།། བརྩོན་འགྲུས་ཡང་དག་པར་བླངས་ཏེ་གནས་པ་ལྟ་ཞོག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་ཞུགས་ནས། དམིགས་པའི་འདུ་ཤེས་ཀྱིས་བསམ་གཏན་བཞི་བ་ལ་མཉམ་པར་བཞག་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐབས་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པས། བདག་དང་འཁོར་བའི་སེམས་ཅན་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང་ཉན་ཐོས་ལ་སོགས་པའི་སངས་རྒྱས་ཀྱི་བྱིན་གྱིས་རླབས་ལས་གྲུབ་ཚད་ཀྱིས་འདས་མ་འོངས་ད་ལྟར་བཞུགས་ཚད་ཀྱི་དགེ་བ་དང༌། དང་པོ་ནས་འཁོར་འདས་ཐམས་ཅད་སྟོང་པ་ཉིད་གཅིག་ཏུ་མ་རྟོགས་པར་གནས་པ་ལ་རྗེས་སུ་ཡི་རང་བར་བྱས་ནས། དམིགས་པ་མེད་པས་སེམས་ཅད་ཐམས་ཅད་བློ་འདས་གཅིག་ཏུ་འཇོག་ཅིང་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་འདི་ལ། བྱང་ཆུབ་སེམས་དཔའི་དམིགས་པ་ཅན་གྱི་བསམ་གཏན་ལས་བྱུང་བའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མའི་དམིགས་པའི་བསྔོ་བ་དེས་བརྒྱའི་ཆར་ཡང༌། སྟོང་གི་ཆར་ཡང༌། བྱེ་བའི་ཆར་ཡང༌། བྱེ་བ་བརྒྱའི་ཆར་ཡང༌། བྱེ་བ་སྟོང་གི་ཆར་ཡང༌། བྱེ་བ་བརྒྱ་སྟོང་གི་ཆར་ཡང༌། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། གྲངས་སུ་ཡང་མི་ནུས། བགྲང་བར་ཡང་མི་ནུས། དཔེར་ཡང་མི་འགྲོ། རྒྱུར་ཡང་མི་བཟོད་གསུངས། འདི་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་བཤད་པར་མི་བྱ། བསྟན་པར་མི་བྱའོ། །སངས་རྒྱས་གཟུགས་ཀྱི་སྐུ་ལ་དགའ་བ་ཙམ་དང༌། དད་པ་ཙམ་དང༌། མོས་པ་ཙམ་ཡོད་པ་དེ་མེད་པར་འགྱུར་རོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མདུན་དུ་འདི་བསྟན་པར་བྱའོ་གསུངས། དེ་ལྟར་བསྔོ་བ་དེ་ལ་མངོན་པར་མི་ཆགས་སོ། །སེམས་ཀྱང་སེམས་སུ་མི་ཤེས། ཆོས་ཀྱང་ཆོས་སུ་མི་ཤེས། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་པ་ཡིན་ནོ་གསུངས་པས། དེ་ལྟར་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས། བདག་དང་འཁོར་འདས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཐུགས་དེ་བཞིན་ཉིད་ཡོད་པའི་དགེ་བའི་རྩ་བ་འདིས། བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་འཚང་རྒྱ་བར་གྱུར་ཅིག་སྙམ་པ་དེར་སེམས་བསྐྱེད་པར་བྱེད་པ་ཡིན། དེ་ནས་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྔོ་བ་ལ་ཡང་མ་ཆགས་པར་སྟོང་ཉིད་ཀྱི་ངང་དུ་བཞག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་དུ་བྱའོ། བསྔོ་བ་འདི་བརྒྱད་སྟོང་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པའི་ཡོངས་སུ་བསྔོ་བའི་ལེའུ་དང༌། སངས་རྒྱས་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པ་ཕལ་ཆེན་ནས་གསུངས་པའོ།།

དེ་ལྟར་ཕྱག་རྒྱ་ཆེན་པོ་སྐྱེ་བར་བྱེད་པ་ལྔ་ལྡན་དགོས་པ་ཡིན། བྱང་ཆུབ་ཀྱི་སེམས་དང་གཅིག ཡི་དམ་གྱི་ལྷ་བསྒོམ་པ་དང་གཉིས། བླ་མ་སྙིང་གི་དཀྱིལ་དུ་བསྒོམ་པ་དང་གསུམ། ཕྱག་རྒྱ་ཆེན་པོ་སྐྱེ་བའི་ཐབས་སམ་སྔོན་འགྲོ་ཡིན། ཡིད་ལ་གང་ཡང་མི་བྱེད་པ་དེ་དངོས་གཞི་ཡིན། བདག་དང་འཁོར་འདས་ཐམས་ཅད་ཀྱིས་དགེ་བ་བྱས་ཚད་ཡིད་ལ་མི་བྱེད་པར་འཇུག་པར་བྱེད་པའི་ཕྱིར་ན་མཇུག་བསྔོ་བ་ཡིན་ནོ།།

དང་པོ་ལྔ་ལྡན་ལན་གསུམ་དུ་འདེབས་པ་དེ་བླ་མ་ལ་བྱིན་རླབས་ཡོད་ན་སློབ་མའི་མོས་གུས་ལ་རག་ལས་པ་ཡིན། མོས་གུས་གྲོགས་པོ་ལ་རག་ལས་པ་ཡིན་པས། གྲོགས་མོས་གུས་ཆེ་བ་དང་འགྲོགས་དགོས་པ་ཡིན། མོས་གུས་མེད་པ་དང་འགྲོགས་ན་རང་གི་མོས་གུས་ཡང་འཆོར་བ་ཡིན། (དཔེར་ན་ཆོས་རྗེ་རིན་པོ་ཆེ་ནས། དཔལ་ཕག་མོ་གྲུ་པ་ལ་སངས་རྒྱས་ཀྱི་འདུ་ཤེས་ཡོད་པ་ལ་བྲང་ཆུང་རྡོ་རྗེ་གོང་ཁར་བྱོན་པས། འབྲོ་ལྡོག་སྨ་ར་ན་རེ། བླ་མ་རིན་པོ་ཆེ་འདི་ཅི་འདྲའི་མི་ཆོས་མཁས་པ་ཞིག་འདུག ཕར་འགྲོ་བ་ལ་སྐྱེལ་མ། ཚུར་ཡོང་བ་ལ་བསུ་བ། དགེ་སློང་བཞི་ལ་ཕྱག་ལེན། དགེ་ཚུལ་བཞི་ལ་ལྡང་བར་བྱེད་པ་སོགས་ཇི་འདྲ་བའི་མི་ཆོས་མཁས་པ་ཞིག་འདུག་ཟེར། ཆོས་རྗེ་སྙམ་ན་ཡང་བླ་མ་རིན་པོ་ཆེ་ནས་འདི་ཡང་མི་ཆོས་བྱེད་པ་ཞིག་འདུག་སྙམ་ནས་མོས་པ་ལོག་པས། མཚན་ཉིད་ཀྱི་གྲྭ་བར་ཤེས་རབ་ཆེ་བྱ་བ་ཞིག་དགོས་པ་ཡིན། ཕྱག་རྒྱ་བའི་གྲྭ་བར་མོས་གུས་ཆེ་བ་ཞིག་དགོས་པ་ཡིན་སྙམ་ནས། བླ་མ་དགེ་འདུན་མཐོང་ཚད་ཕྱག་དྲུག་དྲུག་འཚལ་བས་དེའི་སྔ་དགོང་དུ་ཕྱག་འཚལ་བ་སྐེད་པ་གཉེན་པར་ཡོད་པ་ལ། མོས་པ་ལོག་ནས་སྐེད་པ་གྱོང་བ་རྒྱུག་པ་བཅུག་པ་འདྲ་བ་བྱུང༌། དེ་ལྟར་བྱུང་ཡང་ཕྱག་བཙལ་བས། དགེ་འདུན་ཀུན་གྱིས་ཇི་འདྲའི་གསར་པ་མོས་གུས་ཆེ་བ་ཞིག་འདུག་ཟེར་བས། ང་བདག་མོས་གུས་ལོག་པ་ཞིག་ཡིན་ཏེ་སྙམ་པ་བྱུང་གསུངས། གྲོགས་མོས་གུས་ཡོད་པ་དང་འགྲོགས་ན་རང་ལ་ཡང་མོས་གུས་སྐྱེ། དེ་ལ་རྟོགས་པ་སྐྱེ་སྟེ། དཔེར་ན། ཆོས་རྗེ་མོས་གུས་ལོག་ནས་བཞུགས་པས། ཆོས་རྗེའི་སྤྱིལ་པོའི་འོག་ན་ཡར་ལ་སིང་སྒོམ་བྱ་བའི་སྒོ་སྲུང་བ་མི་མང་པོས་དམའ་འབེབས་བྱེད་པ་དེ་བྱུང་བས། འདི་ལ་ད་རེས་ངོ་ཞིག་བསྲུང་དགོས་སྙམ་ནས། སྒོ་བ་ངའི་སྤྱིལ་པོར་ཇ་སུན་ཞིག་ལ་གཤེགས་བྱས་པས་ཁོང་ན་རེ་གསར་པ་འདྲ། ཇ་རང་ཡང་ཅི་འདྲ་ཡོད་དམ་ཟེར་ནས་ཁྲོས་སེ་བྱུང༌། ཆོས་རྗེ་ཚར་ཐུལ་ཞིག་དང༌། གཡང་ཤུན་ཞིག་དང་གཉིས་ཁོ་ལ་བཏིང༌། ཁོང་ཇ་གར་མོ་བྱུང་ནས་སྔར་སླ་མོ་འཐུངས་པ་དེ་སྐྱུགས་ནས། དེ་ནས་གར་བ་དེ་འཐུངས་པ་ཞིག་ཡོད་པས། ཆོས་རྗེས་ཀྱང་ཇ་བག་ཡོད་པ་དེ་གར་བ་ཞིག་བྱས་ནས་དྲངས་པས། ཁོས་ཀྱང་སྔར་སླ་མོ་འཐུངས་པ་རྣམས་སྐྱུགས་ནས་ཆོས་རྗེའི་ཇ་དེ་གསོལ་ལོ། ཆོས་རྗེས་ཁོ་ལ་ངོ་བསྲུངས་ཏེ། ཁྱེད་བླ་མ་རས་པའི་སློབ་མར་ཡང་འདུག ཆོས་རྗེ་སྒམ་པོ་པ་ལ་ཡང་སླེབ་ནས་འདུག བླ་མ་རིན་པོ་ཆེའི་ཡང་ཉེ་གནས་སུ་འདུག་པས། ག་ལེ་ན་ཕར་ལ་ཆོས་འདྲ་བ་ཡང་ཞུ་དགོས་བྱས་པས། གསར་པ་བློ་རྣོན་པོ་བྱུང་ན། ཆོས་མང་པོ་ཡོད་ཟེར་རོ། ཁོས་ཆོས་གཅིག་མི་ཤེས། ངོ་བསྲུང་བྱས་པ་ཡིན་གསུངས། དེ་ནས་ཆོས་རྗེ་སྒམ་པོ་པས་ཆོས་གོས་ཉི་ཟེར་ལ་ཁེལ་ཟེར་བ་དེ་བདེན་མི་བདེན་གསུངས་པས། ཁོ་ན་རེ། དེ་བདེན་པ་ཡིན། དེ་བས་ཀྱང་བླ་མ་རིན་པོ་ཆེ་འདི་པས་ཁེལ་བ་དེ་ངས་ཀྱང་མཐོང་བ་ཡིན་ཟེར་རོ།། ཁོ་རྫུན་ཆེ་བར་གྲགས་ཀྱང༌། དེ་ལ་བརྟེན་ནས་མོས་གུས་ལ་སོར་ཆུད་རྒྱུ་ཞིག་བྱུང༌། དེ་ནས་ཟངས་གཞོང་ཞིག་ཡོད་དེ་རིན་པོ་ཆེ་པ་ལ་འབུལ་དགོས་སྙམ་ཡང་ང་རང་ལ་དགོས་སྙམ། ཡང་ཕུལ་བ་འཐད་སྙམ་ནས་སེ་བའི་མེ་ཏོག་གིས་བཀང་ནས་ཕུལ་ཏེ་ཁར་སང་ང་ལ་མོས་གུས་ལ་ལྟེམ་རྐྱང་ཞིག་བྱུང་བ། སིང་སྒོམ་གྱི་གསུང་ཞིག་ལ་བརྟེན་ནས་སོར་ཆུད་རྒྱུ་ཞིག་བྱུང་བས་ད་མི་ལྡོག་པར་བྱིན་གྱིས་བརླབ་ཏུ་གསོལ་བྱས་པས། སིང་སྒོམ་གྱི་ཁ་ལ་གཏད་ཅི་ཡོད། མེ་ཏོག་རྟ་རྒྱབ་ཁ་ན་གཏོར་ལ་ཟངས་གཞོང་སྒོམ་པ་རང་ལ་གཏོར་གཞོང་དགོས་པས་བཟུང་གསུངས། མངོན་མཁྱེན་འདུག་སྙམ་ནས་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་སོ། །)དེས་ན་གྲོགས་མོས་གུས་ཅན་དང་འགྲོགས་དགོས་པ་ཡིན།

ཕྱག་རྒྱ་ཆེན་པོའི་ཁྲིད་གཉིས་བཏབ། ཉམས་གསུམ་པ་འདེབས་པའི་དུས་སུ། སྒྲིམས་པ་ཡང་ཞི་གནས་ཡིན། གློད་པ་ཡང་ཞི་གནས་ཡིན། དང་པོ་ཆོས་རྗེས། དཔལ་ཕག་མོ་གྲུ་པའི་སྤྱན་སྔར་བྱོན་པའི་དུས་སུ་ཁྱོད་ཀྱིས་ཅི་སྒོམ་གསུངས། ཕྱག་རྒྱ་ཆེན་པོ་སྒོམ་ཞུས་པས། གང་གི་ལུགས་ཡིན་གསུངས། བྲམ་ཟེ་ས་ར་ཧའི་ལུགས་ཡིན་ཞུས་པས། ཇི་ལྟར་སྒོམ་གསུངས། རྗེ་རིན་པོ་ཆེའི་ཕྱག་རྒྱ་ཆེན་པོ་དང་འདྲ་བས་ཆེ། གློད་ནས་འཇོག་པ་ཡིན་ཞུས་པས། ངའི་ཕྱག་རྒྱ་ཆེན་པོ་ནི་གློད་པ་མིན་གསུང་ནས་བཀའ་བཀྱོན་བྱོན་ནོ། །ཕྱིས་བློ་གྲོས་འཇུག་པ་ནས། འཛིན་པར་རབ་ཡངས་གློད་པའི་ཐབས་བཅས་ནས། །བདེ་ཆེན་རྒྱལ་བའི་ཐང་ལ་ཕྱིན་པར་ཐེ་ཚོམ་མེད། །ཅེས་གསུངས་འདུག་པས། རིན་པོ་ཆེ་པ་ཡང་གློད་པར་འདུག་པ་ལ། ང་སློབ་མར་ཨེ་ཆོད་ལྟ་བར་འདུག་སྙམ་པ་བྱུང་གསུངས། ཕྱིས་གོ་བ་གློད་པ་ཐབས་སུ་འདུག ཕྱག་རྒྱ་ཆེན་པོ་དེ་ལས་འདས་པར་འདུག ཉམས་ལྟ་བཞི་པ་ལ་ལྔ་ལྡན་རྟོགས་པའི་ཕྲེང་བ་འདི་མི་སྒོམ་པར་ཞུ། བླ་མ་རིན་པོ་ཆེ་སྐུ་དྲིན་ཆེ་བས་ཡུག་པ་རེ་སྒོམ་པར་ཞུ་ཞུས་པས། རིན་པོ་ཆེའི་ཞལ་ནས་བྱང་ཆུབ་ཀྱི་སེམས། ཡི་དམ་གྱི་ལྷ། བླ་མ་དམ་པ། ཕྱག་རྒྱ་ཆེན་པོ། དགེ་བའི་རྩ་བ་བསྔོ་བར་བྱེད་པ་དང་ལྔ་པོ་འདི་ད་ནས་བཟུང་ནས་སངས་མ་རྒྱས་ཚེ་གཏན་ནས་མ་བྲལ་ཞིག་གསུང་ནས་བཀའ་རྒྱ་བྱོན་པ་ཡིན།

ཆོས་རྗེའི་ཞལ་ནས། ལྔ་ལྡན་མ་བསྒོམ་ན་ཁམས་ལ་དེ་བཏང་ནས་འདུག་ངས་ལྔ་ལྡན་འདི་ལས་ཟབ་ཆོས་ཐམས་ཅད་རྙེད་གསུངས། དེ་ནས་ཉམས་ལྟ་ལྔ་པ་དང༌། དྲུག་པ་དང༌། བདུན་པ་བཏང་ནས། བོགས་འདོན་གྱི་སྐབས་སུ་རྗེ་བཙུན་མི་ལ་ཡན་ཆད་དུ། ཕྱག་རྒྱ་ངོ་སྤྲོད་པ་གཉིས་ཡོད་ལས། རྗེ་སྒམ་པོ་པ་ནས་ཕྱག་རྒྱས་ངོ་སྤྲོད་པ་མི་མཛད་པར། ལས་ཀྱི་ངོ་སྤྲོད་པ་འདི་མཛད་པ་ཡིན། དང་པོ་རྗེ་ཏིལླི་པས་ཀྱང་སྨད་ཚོང་མའི་གཡོག་པོ་ལོ་བཅུ་གཉིས་བྱས་ནས་རྟོགས་པ་བསྐྱངས། དཔལ་ནཱ་རོ་པས་ཀྱང་ལོ་བཅུ་གཉིས་སུ་དཀའ་ཆེན་བཅུ་གཉིས་སྦྱངས་པས་རྟོགས་པ་སྐྱེས་པ་ཡིན། རྗེས་མར་པས་ཀྱང་རྒྱ་གར་དུ་ལན་བཞི་བྱོན་ནས་དཀའ་བ་སྤྱད་པས་རྟོགས་པ་སྐྱེས་པ་ཡིན། རྗེ་བཙུན་མི་ལས་རྗེ་མར་པའི་སྐུ་མཁར་དགུ་ཐོག་གིས་རྟོགས་པ་སྐྱེས་པ་ཡིན། ཆོས་རྗེ་སྒམ་པོ་པ་ནས་ལས་བྱེད་པ་འདི་ངོ་སྤྲད་པ་ཡིན། དཔལ་ཕག་མོ་གྲུ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོ་སྐྱང་ཆུང་ལ་ཁར་ལ་གསོ་བའི་དུས་སུ་ཡོང་བ་དེ་ཡིན་གསུངས། ཆོས་རྗེ་ཕག་མོ་གྲུར་བྲག་རྐོ་དུས་རྟོགས་ལྡན་དང་གྲུབ་ཐོབ་མང་པོ་བྱོན་པ་ཡིན། བླ་མ་རིན་པོ་ཆེའི་ཞལ་ནས། ལུས་ངལ་བའི་དུས་སུ་སེམས་ཀྱི་རྒྱུ་འགྲུལ་ཆད་པས། དེའི་དུས་སུ་རྟོགས་པ་སྐྱེ་བ་ཡིན་གསུངས་པས། བླ་མའི་ཞབས་ཏོག་དམིགས་སུ་གང་འགྲོ་བའི་ས་རྡོ་ཟླ་བ་ཕྱེད་སྐྱོལ་གསུངས། བོགས་ཐོན་ནས་ངོ་སྤྲོད་པའི་དུས་སུ། སེམས་ཀྱི་གསང༌། ཏིལླི་པའི་ཆོས་དྲུག་གིས་ངོ་སྤྲོད་པ་ཡིན་གསུངས། ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལ། ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ལེའུ་སྟེ་བདུན་པའོ།།

མི་རྟོག་པའི་རྟོགས་པ་དེ་ངོ་སྤྲད་ན། དེ་ངོ་འཕྲོད་ཀྱང༌། བྱང་ཆུབ་ཀྱི་སེམས་གཉིས་དང་མ་འབྲེལ་ན་རང་གཤེད་རང་ལ་འཁོར་ནས། དམན་པར་འགྲོ་བས། དངུལ་གྱི་སྣོད་དང་འདྲ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དགོས། དེ་སྙིང་རྗེ་ལ་བརྟེན་ནས་སྐྱེ། དེ་བྱམས་པ་ལ་བརྟེན་ནས་སྐྱེ། དེ་ཁྲེལ་གདོང་ལ་བརྟེན་ནས་སྐྱེ།

དང་པོ་ཁྲེལ་གདོང་ལ་བརྟེན་པ་ནི། ཕ་མས་ཕན་བཏགས་པ་བསམ། དེས་བྱམས་པ་སྐྱེ་བས་བྱམས་པ་ཞག་ལྔ་སྒོམས། དེ་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཞག་དྲུག་སྒོམས། དེ་ནས་བྱང་ཆུབ་ཀྱི་སེམས་ཞག་བཞི་སྒོམས། དེ་ལྟར་ཞག་བཅོ་ལྔའི་བར་དུ་བརྩོན་འགྲུས་ཆེན་པོས་བསྒོམ་པར་བྱའོ། །

དེ་གསུམ་སྒོམ་པའི་རྒྱུ་མཚན་ནི། དང་པོ་རྟོགས་པ་སྐྱེ་བའི་ཐབས་སུ་འགྲོ་ལ། སངས་རྒྱས་ནས་ཕྲིན་ལས་སུ་གྲུབ་པས་སེམས་གསུམ་ངོ་ཤེས་པར་བྱ་དགོས། དང་པོ་བསམ་པ་ནི་མར་སེམས་ཅན་གྱི་ཁམས་རྒྱུད་ལ་འཚོལ་དགོས་པ་ཡིན། ཡར་སངས་རྒྱས་ལ་བཙལ་བས་མི་རྙེད། མས་བུ་བྱམས་པའམ། བུས་མ་ལ་བྱམས་པ་ཡིན་པས། དེ་ཀ་ལ་སེམས་མ་ཡེངས་པར་བསྒོམས་པས། བྱམས་པ་ལ་བསྙེན་པ་ཐེམས་པའི་དུས་སུ་ལས་སྦྱོར་གང་ལ་སྒྱུར་ཀྱང་འགྲུབ་པ་ཡིན། དཔེར་ན་བཅོམ་ལྡན་འདས་འདི་དང་པོ་དགེ་སློང་ཡེ་ཤེས་རྒྱལ་པོར་གྱུར་པའི་དུས་སུ། རྒྱལ་པོ་ཞིག་གི་བླ་མཆོད་བྱས་ནས་མི་དམིགས་པ་བསྒོམས་པས། བླ་མཆོད་ཟླ་བོ་རྣམས་ཁྲོས་པས། མཚོན་ཆའི་ཆར་ཕབ་པ་ལ་དགེ་སློང་ཡེ་ཤེས་རྒྱལ་པོས་བྱམས་པའི་ཏིང་ངེ་འཛིན་ལ་བཞག་པས་མེ་ཏོག་གི་ཆར་དུ་བབ་པ་ཡིན། བཅོམ་ལྡན་འདས་ལ་བདུད་ཀྱིས་མཚོན་ཆའི་ཆར་ཕབ་པས། བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག ནོར་བུ་ལེན་པའི་དུས་སུ་སྦྲུལ་གདུག་པའི་མགོ་ལ་ཞབས་བཞག་ཀྱང་མགོ་སྙལ་ནས་གནོད་པ་མེད་པ་ཡིན། དྲང་སྲོང་ཕུར་བུ་གསུམ་པས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ལོ་བཅུ་གཅིག་ཆར་ཆད་པ་ལ་བྱམས་པའི་བདེན་པ་བརྗོད་པས་ཆར་བབ་པ་ཡིན། བད་ས་ལའི་རྒྱལ་པོ་ཤར་བས་གཙོ་མོ་སྔོ་སངས་མ་ལ་མདའ་རྒྱབ་པས། བཙུན་མོས་འཁོར་རྣམས་ལ། ཕུ་ནུ་མོ་དག་རྒྱལ་པོ་གདུག་པ་ཅན་ཁྲོས་སོ། །བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅིག་བྱས་ནས་བྱམས་པ་བསྒོམས་པས་མདའ་རྒྱལ་པོ་རང་གི་དཔུང་པའི་ཁར་ལོག་པ་ཡིན། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་མ་ཡིན་དང་འཁྲུག་པ་རྒྱབ་པས་ཕམ་པ་ལ། བྱམས་པ་སྐྱེས་པས་རྒྱལ་བ་ཡིན། བྱམས་པས་གང་ཡང་འགྲུབ་པས་བྱམས་པ་ཁོ་ན་བསྒོམ། དེ་ནས་སྙིང་རྗེ་ཆེན་པོའི་ཤུགས་དང་ལྡན་པ་ཞིག་དགོས། དེ་ཡོད་ན་དེའི་ལུས་སུ་འགྱུར་བས། བག་ཆགས་ཀྱི་ས་བོན་ཐམས་ཅད་གནས་འགྱུར་ཏེ། ཐུགས་རྗེ་ཆེན་པོའི་སྐུར་འགྱུར་བ་ཡིན། དེས་ལྷ་དང་བདུད་ཐམས་ཅད་ཀྱང་དབང་དུ་འདུས་ནས་ཞབས་ཏོག་པར་འགྱུར་བས་སྙིང་རྗེ་བསྒོམ། དེ་མས་བུ་ལ་སྙིང་རྗེའམ། བུས་མ་ལ་སྙིང་རྗེ་བ་དེ་ཡིན། (ཆོས་རྗེ་རིན་པོ་ཆེའི་མཛེ་ནད་ཀྱང་སྙིང་རྗེས་སོས་པ་ཡིན།) མངོན་པར་ཤེས་པ་དང་སངས་རྒྱས་ཀྱང་སྙིང་རྗེ་ལ་བརྟེན་ནས་འབྱུང་བ་ཡིན། བཅོམ་ལྡན་འདས་འདི་དམྱལ་བ་ནས་ཐོན་པ་ཡང་སྙིང་རྗེས་ཐོན་ནས། གནས་སྐབས་ཀྱི་བདེ་སྐྱིད་དང༌། མཐར་སངས་རྒྱས་པ་ཡང་སྙིང་རྗེས་སངས་རྒྱས་པ་ཡིན། སློབ་དཔོན་ཐོགས་མེད་ཀྱང་སྙིང་རྗེས་གྲུབ་པ་ཐོབ་ནས་མགོན་པོ་བྱམས་པའི་ཞལ་མཐོང་བ་ཡིན་པས། བྱམས་པ་དེ་སྙིང་རྗེ་བསྒྱུར་ལ། སྙིང་རྗེ་ལ་རྩེ་གཅིག་ཏུ་བསྒོམ་གསུངས།

དེ་ནས་སངས་རྒྱས་ཐོབ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སངས་རྒྱས་པ་ཡིན་པས། སྙིང་རྗེ་བྱང་ཆུབ་ཀྱི་སེམས་སུ་བསྒྱུར་ལ། བྱང་ཆུབ་ཀྱི་སེམས་གཅིག་པུ་བསྒོམ། དང་པོ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་དུས་སུ་ཡང་ཉན་ཐོས་ཀྱི་བྱང་ཆུབ་མེད་དེ། ཉན་ཐོས་མྱ་ངན་ལས་མི་འདའ། རང་སངས་རྒྱས་ཀྱི་བྱང་ཆུབ་མེད་དེ། རང་སངས་རྒྱས་མྱ་ངན་ལས་མི་འདའ། བྱང་ཆུབ་སེམས་དཔའི་བྱང་ཆུབ་གཅིག་པུ་ཡིན་པས། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག་གསུངས། གཞན་ཡང་བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཞིག་གིས། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་ལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞུས་པས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱ་གསུངས། དེ་ལ་ཡིད་མ་ཆེས་ནས། རིགས་གསུམ་མགོན་པོའི་པྲ་ཕབ་ནས། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞུས་པས་ཀྱང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུངས། ཇོ་བོ་རྗེས་རྡོ་རྗེ་གདན་ལ་སྐོར་བ་མཛད་ཀྱིན་ བཞུགས་པའི་དུས་སུ། ནམ་མཁའ་ནས་གཟུགས་མེད་པའི་སྐད་ཅིག་གིས། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞུས་ནས་འདྲི་ཡིན་འདུག་པ་ལ། ཕྱོགས་གཅིག་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུང་གིན་འདུག་གོ །ཡང་ལྡེར་ཚོ་ཆེ་བ་ཞིག་གིས་འདྲི་ཡིན་འདུག་པ་ལ། ཆེ་བ་དེས་ན་རེ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུང་གིན་འདུག་གོ །

དཔལ་ལྡན་དྭགས་པོ་བཀའ་བརྒྱུད་འདིའི་ཆིག་བརྒྱུད་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་གཅིག་ཏུ་ཚུད་པ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་འདི་ནི་དོན་དམ་པའི་བཅུད་ལྷུག་པ་ལྟ་བུ་ཡིན་པས། བྱང་ཆུབ་ཀྱི་སེམས་གཅིག་པུ་བསྒོམ་མོ། །དེ་རྣམས་སྔོན་འགྲོ་དང་པོའོ། །དེའི་འོག་ཏུ་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཞེས་ཀྱང་བྱ། མཉམ་གཞག་གི་ཕྱག་རྒྱ་ཞེས་ཀྱང་བྱ། ལུས་རྡོ་རྗེ་དཀྱིལ་ཀྲུང་བྱ། ལག་པ་མཉམ་གཞག་གི་ཕྱག་རྒྱ་ལ་སོགས་བསམ་གཏན་གྱི་ཡན་ལག་བདུན་ལེགས་པར་བཅས་ལ། དང་པོ་སེམས་བསྐྱེད་ལྷ་བསྒོམ། བླ་མ་བསྒོམ་ལ། དངོས་གཞི་འདིའི་དུས་སུ་བསྒོམ་ན་དམ་ཚིག་ཉམས་པས། ཅི་ཡང་མི་བསྒོམ། རྟོག་པ་དང་མི་རྟོག་པ་གཉིས་ཀ་མི་བསྒོམ་པར་ཞག་བཅོ་ལྔ་རང་སོར་བཞག འདིས་རྩ་རླུང་གི་གནད་ལ་གོ་བ་སྐྱེ་བ་ཡིན་གསུང༌། འདི་ཆོས་རྗེ་མཁན་པོ་ངུར་སྨྲིག་པའི་ཁྲིད་མཚན་མ་མཛད་པ་ཡིན་གསུངས། ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩིའི་དཔུང་པ་ལས། ནཱ་རོ་ཆོས་དྲུག་གི་སྔོན་འགྲོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།

དེ་ནས་ནཱ་རོ་ཆོས་དྲུག་གི་དངོས་གཞི་རྣམས་བསྟན་པར་བྱ་སྟེ། དང་པོ་གཏུམ་མོ་སྒོམ་པའི་སྐབས་སུ་གཤིས་ཀྱིས་གནད་དུ་སོང་ན་རྣམ་རྟོག་རྒྱུན་ཆད་པའི་གཤིས་ཤིག་ཡོད་དེ། དེ་ལ་གཏུམ་མོ་ཟེར་བ་ཡིན། དེ་ལ་གསུམ་སྟེ། རྩ་གཏུམ་མོ། རླུང་གཏུམ་མོ། བདེ་བ་གཏུམ་མོ་བྱ་བ་དང་གསུམ་ཡོད་དེ། དེ་གསུམ་སུམ་ཆ་རེ་རེ་ཡིན། དེ་གསུམ་གཅིག་ཏུ་འདུས་པའི་དུས་སུ་གང་འདོད་དེ་བསྒྲུབ་པས། དེ་སྒོམ་པ་ལ་གཏུམ་མོ་སྒོམ་པ་ཟེར་བ་ཡིན།

དང་པོ་དཔལ་ལྡན་ནཱ་རོ་པ་དང༌། སློབ་དཔོན་བིརྺ་པས་དཀྱིལ་ཀྲུང་གི་འཁྲུལ་འཁོར་མཛད་པ་ཡིན། དེ་ལ་གནད་དུ་སོང་ནས་ཕྱག་རྒྱ་ཆེན་པོའི་གཏུམ་མོ་སྐྱེ་མགྱོགས་པས། ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཟེར་བ་ཡིན། དྲོད་སྐྱེ་བར་བག་བུལ་ན་ཙོག་པུའི་འཁྲུལ་འཁོར་དྲོད་སྐྱེ་བ་མགྱོགས་ཏེ། ཕྱག་རྒྱ་ཆེན་པོ་སྐྱེ་བར་བག་བུལ་གསུངས།

རྗེ་བཙུན་མི་ལས་གཞུང་དུ་ལོ་གསུམ། ཡུལ་དུ་ལོ་གསུམ་སྟེ་ལོ་དྲུག་གི་བར་དུ་དཀྱིལ་ཀྲུང་མཛད་ནས་བསྒོམས་པས་ལྟེ་བའི་འོག་ཏུ་དྲོད་མཐེབ་གང་བ་ཞིག་ལས་མ་བྱུང༌། ཕྱིས་ཡབ་ཀྱི་ཡུལ་དུ་བྱོན་པས་ཉེ་དུ་འབྲེལ་བ་གང་ཡང་མི་འདུག ཞིང་ལ་འཇག་སྐྱས་འཆོལ། ཁང་ཐོག་ཏུ་རྩ་སྐྱེས་ནས་ཤིན་ཏུ་ཉམས་མི་དགའ་བར་འདུག་པ་ལ། ཡུལ་ལ་ཞེན་པ་བཅད་པའི་ཕྱིར་ཐོག་ཁ་དེར་ཞག་གསུམ་བཞུགས། དེ་ནས་གྲོང་ལྟག་གི་དགོན་པ་ཞིག་ཏུ་ཟླ་བ་དྲུག་གི་བར་དུ་གཏུམ་མོ་བསྒོམས་པས་ཀྱང་དྲོད་མ་བྱུང་བས།

ལ་ཕྱི་གངས་ལ་བྱོན་ནས་བསྒོམས་པས། ནུབ་གཅིག་གི་རྨི་ལམ་ན་འཁྲུལ་འཁོར་འདི་ལྟར་གྱིས་ལ་སྒོམས་དང་དྲོད་ཆེན་པོ་འོང་གསུང་ནས་སྐུ་ལུས་ལ་སྐུ་མཉེ་བྱས། ཙོག་པུའི་འཁྲུལ་འཁོར་འདི་བསྟན་ནས། མནལ་སད་པ་དང་ཐུན་གཅིག་སྒོམ་པ་རང་གིས་དྲོད་འུར་གྱིས་སྐྱེས་པ་ཡིན་པས། མཁའ་འགྲོས་བསྟན་པའི་འཁྲུལ་འཁོར་ཞེས་ཀྱང་བྱ། ལ་ཕྱི་གངས་ཀྱི་འཁྲུལ་འཁོར་ཞེས་ཀྱང་བྱ། ཙོག་པུའི་འཁྲུལ་འཁོར་ཞེས་བྱ་བ་འདི་ལ་གནད་རེ་རེ་ཡོད་པ་ཡིན་པས། ཐབས་ལམ་ཚིགས་བཅད་མ་ནས་བྱུང་བ་བཞིན་དུ་བྱེད། དེས་རྩ་གཏུམ་མོ་ལ་གནད་དུ་འགྲོ་བ་ཡིན།

གནད་དེར་སེམས་ཀྱི་དམིགས་པ་གསུམ་གང་གསལ་གསལ་བསྒོམ། རླུང་གི་མན་ངག་སྟེང་རླུང་འདི་མི་སྒོམ། དེར་དམིགས་པས་རླུང་དེ་ཟིན་ནས་ཡོང་བས། འཁྲུལ་འཁོར་འདི་དང་དམིགས་པ་འདི་ལ་མ་ཚད་དགུ་ཚད་པ་ཞིག་ཡོད་པ་ཡིན།

ཁྱད་པར་དུ་རྡོ་རྗེ་བསྡམ་པའི་ཕྱག་རྒྱ་ལྟེ་བའི་འོག་ཏུ་མནན་པར་བྱ་སྟེ། དེའི་དགོས་པ་ནི་རྩ་དབུ་མའི་ཁ་དེ་ཉ་མོའི་ཁ་ལྟར་ཕྱེ་ནས་འོང་སྟེ། དེར་རླུང་ཐམས་ཅད་རང་ཤུགས་ཀྱིས་ཆུད་པས་བདེ་དྲོད་ཆེན་པོ་འབྱུང་ངོ༌། །དེ་ནས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །དེའི་ཡོན་ཏན་གྱིས། ཕྱི་ཡུལ་ལ་འདོད་ཆགས་ཀྱི་ཞེན་པ་ལྡོག་སྟེ། ཕྱིའི་སྙོམས་འཇུག་ཐ་མལ་པའི་ཞེན་པ་དེས་བཅུ་དྲུག་ཆར་ཡང་མི་ཕོད་པའི་ཤུགས་ཆེན་པོ་འབྱུང་སྟེ། ནང་གི་སྙོམས་འཇུག་བྱ་བ་ཡིན་གསུངས། དེ་ལ་བརྟེན་ནས་ཡོན་ཏན་མཐའ་དག་བསྐྱེད་པའི་གཞི་ཡིན་པས། དམ་ཚིག་ཏུ་ཐིག་ལེ་མི་ཉམས་པ་དང་བརྩོན་འགྲུས་ཆེན་པོ་བྱའོ། །ཆོས་རྗེ་དང་པོ་དམིགས་པ་མི་སྒོམ་པར་ཙོག་པུའི་འཁྲུལ་འཁོར་འདི་ལ་ཞག་ལྔ་བསྒོམ་དུ་འཇུག་པ་ཡང་མཛད། །དེའི་འོག་ཏུ་དམིགས་པ་བསྒོམ་པར་བྱ་སྟེ།

དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ། ཡི་དམ་ལྷའི་ལྟེ་བའི་འོག་སོར་བཞིའི་ཐད་སོར་དམིགས་པ་དང་པོ་ལ་ཤེས་པ་གཏད་ལ་ཁབ་མིག་ཏུ་སྐུད་པ་འཇུག་པ་བཞིན་དུ་མ་ཡེངས་པར་ཟླ་བ་ཕྱེད་བསྒོམ་པར་བྱ། དེའི་འོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་སྔར་དང་འདྲ་བར་བསྒོམ།

དམིགས་པ་དང་པོ་དེ་སོང་ནས་དམིགས་པ་གཉིས་པ་ལ་ཤེས་པ་གཏད་དེ། ཟླ་བ་ཕྱེད་དུ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་སྔར་དང་འདྲ།

དམིགས་པ་གསུམ་པ་ལ་ཤེས་པ་གཏད་དེ། ཁབ་མིག་ཏུ་སྐུད་པ་འཇུག་པ་བཞིན་དུ་མ་ཡེངས་པར་ཞག་བཅོ་ལྔའི་བར་དུ་བསྒོམ་པར་བྱའོ། །སེམས་བསྐྱེད་པ་ལ་སོགས་པ་སྔར་དང་འདྲ། དམིགས་པ་གསུམ་པ་གང་གསལ་ལ་ཞག་བཅོ་ལྔའི་བར་བསྒོམ།

དེ་ནས་རྩ་ཁ་འབྱེད་པའི་འཁྲུལ་འཁོར་བསྟན་པར་བྱ་སྟེ། སྔར་གྱི་ཙོག་པུའི་འཁྲུལ་འཁོར་མ་ཞིག་པར་བྱས་ལ། རླུང་མནན་པར་བཤད་ནས་འདུག་སྟེ། རླུང་མནན་ན་སྐྱོན་སྐྱེད་པས། རླུང་མི་མནན་པར་དམིགས་པ་གསུམ་གང་རུང་ལ་ཤེས་པ་གཏད་དེ། དེ་མ་གཏད་ན་རྩ་ཕྲན་ཆད་ནས་སྐྱོན་བསྐྱེད་གསུངས། དམིགས་མེད་ལ་གཏད་པས་རླུང་ནང་དུ་གནས། རླུང་གིས་ཁོག་པ་གང་ཙ་ན་རོ་སྟོད་མི་འགུལ་བར། རྐེད་པ་རྫ་མཁན་གྱི་འཁོར་ལོ་བཞིན་དུ་མི་དྲག་མི་ཞན་པར་བསྐོར་བར་གསུངས་ཏེ། བླ་མ་རིན་པོ་ཆེས་དྲག་པོར་སྐོར་གསུངས། མང་དྲགས་ན་གྲམས་སུ་འགྲོ། ཉུང་ན་ནང་དུ་མི་ཚུད་པས་ཚོད་དང་སྦྱར་གསུངས།

འདི་བྱེད་པའི་དུས་ཚོད་ནི། ཉོན་མོངས་པ་བསྐྱེད་པའི་དུས་དང༌། རྣམ་པར་ཤེས་པ་མང་བ་དང་དྲོད་མ་སྐྱེས་པ་དང༌། བདེ་བ་ཤས་ཆུང་བའི་དུས་སུ་བྱ་གསུངས།

འཁྲུལ་འཁོར་བྱས་པའི་དགོས་པ་ནི་ཉོན་མོངས་པ་ཞི། རྟོག་པ་ཉུང༌། དྲོད་སྐྱེ། བདེ་བ་རྒྱས་པ་དང་རྩ་མིང་ཅན་དང་རྩ་མིང་མེད་ཐམས་ཅད་ཁ་བྱེ་ནས་རྩ་མདུད་གྲོལ། རྩ་ནང་དུ་རླུང་ཞུགས་པས་སྔོན་ལ་དྲོད་སྐྱེ། དེ་ནས་རླུང་གིས་བྱང་ཆུབ་ཀྱི་སེམས་དྲངས་ནས་བདེ་བས་ཅིག་ཅར་དུ་ལུས་སེམས་ཐམས་ཅད་ལ་ཁྱབ་པའོ། །

སྡོད་པ་དང་བསྐོར་བ་གང་ལ་ཡང་འཁྲུལ་འཁོར་ལེགས་པ་གལ་ཆེ། རོ་སྟོད་དགུ་དྲགས་ན་རླུང་སྟོད་དུ་འཚངས་ནས་ནང་དུ་འགྲོ། དགྱེ་དྲགས་ན་རླུང་ཆད་ནས་དྲོད་མི་སྐྱེ། རྐེད་པ་མདའ་བཞིན་དུ་དྲང་པ་གལ་ཆེ། དེས་རྩ་དྲང་པོར་སྲོང་པས་རླུང་རང་ཤུགས་ཀྱིས་འཇུག དེས་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་རང་ཤུགས་ཀྱིས་རྒྱས། འཁྲུལ་འཁོར་དང་དཀྲུག་འཁོར་འདི་ལ་གོ་རིམ་ལ་ངེས་པ་མེད་པས། ནམ་དགོས་དགོས་བྱ་བར་གསུངས་སོ། །

སྤྱིར་གེགས་སེལ་དང་བོགས་འདོན་པ་གང་ལ་ཡང༌། མོས་གུས་ཅན་ལ་བླ་མ་བསྒོམ་པ་གལ་ཆེ། དེ་ལ་བརྟེན་ནས་དྲོད་མྱུར་དུ་སྐྱེ་བ་ཡིན། མོས་གུས་ཆུང་བ་དང་ཡིད་ཆེས་དཀའ་བའི་གང་ཟག་རྣམས་ལ་དམིགས་པའི་རིམ་པ་མང་པོ་སྟོན་པ་ནི། དྲོད་དང་ཏིང་ངེ་འཛིན་བསྐྱེད་པར་བྱེད་པའི་རིམ་པ་ཡིན།

སྤྱིར་ལུས་ཀྱི་འཁྲུལ་འཁོར། སེམས་ཀྱི་དམིགས་པ། རླུང་གི་མན་ངག་གསུམ་ལ་བརྟེན་ནས་གནད་དུ་ཚུད་པར་བྱ་བ་དང༌། བླ་མ་དམ་པའི་མོས་གུས་ཀྱིས་དབང་བྱས་ན། གཉིས་པོ་དེ་འཛོམས་ན་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་འགྲིགས་ནས་མྱུར་དུ་དངོས་གྲུབ་འབྱུང་གསུངས།

འབྱུང་ལུགས་ནི་གནད་དུ་ཚུད་པ་ན་ཕྱིའི་རྟེན་འབྲེལ་ལུས་ལ་དྲོད་སྐྱེ། ནང་གི་རྟེན་འབྲེལ་རྣམ་པར་རྟོག་པའི་རླུང་ཞི། གསང་བ་རྟེན་འབྲེལ་རླུང་དབུ་མར་ཚུད། དེ་གསུམ་འགྲོ་ལྡོག་གཅིག་ཏུ་ཡོང་སྟེ། དེ་གསུམ་གཅིག་བྱུང་ཡང་ཐམས་ཅད་ཡོད། དེ་རྣམས་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །

བདེ་བ་རྒྱས་ནས་ཐིག་ལེ་འཆོར་བ་འདྲ་ན་གཞུ་གུ་ཐུང་ཁོང་དུ་བསམ། དེའི་ནང་དུ་བླ་མ་བསྒོམ་པར་བྱའོ། །བདེ་བ་ཤས་ཆུང་ན་གསང་བ་རྡོ་རྗེའི་རྩ་བར་བླ་མ་ལ་དམིགས་པ་གཏད་པར་བྱའོ། །དྲོད་ཆུང་ན་ལྟེ་བ་མན་ཆད་ཀྱི་ཁོག་སྨད་མེས་གང་བར་བསྒོམ་ལ། འགལ་མེའི་འཁོར་ལོ་བཞིན་དུ་འབར་བར་བསམ་ཞིང༌། དམིགས་པ་མེ་ལ་གཏད་ལ་སྐེད་པ་སྐོར་བར་བྱའོ། །

དེ་ནས་ཐོན་ཆོས་བསྟན་པ་ནི། དེ་ལྟར་བརྩོན་འགྲུས་ཀྱི་ཤུགས་ཆེན་པོས་བསྒོམས་པས། དེས་སྐྱོ་ཞིང་དུབ་པ་དང༌། ཚར་བཅད་པ་དང་གཅིག རྗེས་སུ་བཟུང་བ་དང་གཉིས། རང་སོར་བཞག་པ་དང་གསུམ་གྱིས་ཉམས་སུ་བླང་བར་བྱའོ། །

དེ་ལ་ཚར་བཅད་པ་ནི། རང་དགེ་སྦྱོར་ལ་སྐྱོ་ཞིང༌། སྒོམ་སྙིང་མི་འདོད་པ་དང་དགེ་སྦྱོར་ལ་མི་འགྲོ་ན། དང་པོར་ཡི་མུག་བསྒོམ་སྟེ། ནམ་འཆི་ཆ་མེད། འཆི་བ་ལ་དམ་པའི་ཆོས་མིན་པ་ཅིས་ཀྱང་མི་ཕན། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཁྱོད་ཀྱིས་སྤྱོད་པ་འདིས་ཡོང་ངམ་བྱས་ལ། རང་གི་ལག་པ་ནས་རང་གིས་བཟུང་ལ་ཕྱིར་དོན་ནས། ཁྱོད་ཟ་བར་མི་དབང༌། གོན་པར་མི་དབང་བྱ། ཡང་སྐབས་སུ་འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་བསམ་པར་བྱའོ། །

རྗེས་སུ་བཟུང་བ་ནི། ཤེས་པ་གསོས་གདབ་པར་བྱ་སྟེ། སྒོམ་སྙིང་འདོད། སྒོམ་པ་ལ་བློ་འགྲོ་བའི་དུས་སུ། ཁྱོད་ཟ་བར་དབང༌། གོན་པར་དབང་བྱས་ལ་ཁ་ཟས་ཕུན་སུམ་ཚོགས་པ་ཟ་བ་དང༌། ལུས་ལ་སྐུ་མཉེ་བྱ་བ་དང༌། སྤྱོད་ལམ་ཅི་བདེར་བསྡད་པར་བྱས་ལ། ལུས་སེམས་ངལ་གསོ་བར་བྱའོ། །དཔེར་ན་དཔལ་རྒ་ལོས་དང་པོ་རྒྱ་གར་དུ་བྱོན་ནས། གསེར་མང་པོ་ཡོད་པ་རྩ་བའི་བླ་མ་ཨ་བྷྱ་ཀ་ར་ལ་ཕུལ་ནས། རླུང་བུམ་པ་ཅན་བཏབ། ལུ་ཧ་ཞོ་སྐྱལ་ལྟར་སྐྲངས་ནས་བླ་མ་ལ་ཞུས་པས། ཁྱེད་བོད་པའི་སྒོམ་པ་ཡིན་ཟེར་ནས་སྒོམ་པ་མི་ཡོང་བར་འདུག ཁྱོད་ཀྱང་མི་སྒོམ་པར་ཡོད། དེ་ཙ་ན་ཁྱེད་རང་གི་གསེར་འདི་ཚོ་སྐུར་ལ་བཏང་སྙོམས་པ་ཡིན་ཏེ། ད་ཁྱོད་སྒོམ་པར་འདུག་པས་གསེར་འདི་ཚོའི་ཕྱེད་ཁྱོད་རང་གྱིས་ལ་ཟོ། ཕྱེད་ངས་བྱ་ཟེར་ནས་རླུང་བུམ་པ་ཅན་སྒོམ་དུ་བཅུག་ནས་བསྒོམས་པས། སྒོམ་སྙིང་མི་འདོད། སྒོམ་པ་ལ་བློ་མི་འགྲོ་བའི་དུས་སུ་རང་ཟས་མི་ཟ། གོས་མི་གོན། ཁྱོད་མི་སྒོམ་པར་འདུག་པ་བྱའོ། །སྒོམ་པ་ལ་བློ་འགྲོ་བའི་དུས་སུ། ཟ་བར་དབང༌། གོན་པར་དབང་བྱས་ཀྱིན། ལྷོ་བལ་ན་ཚུར་ལ་བྱོན་ནས་ར་ཤ་བུབས་རེ་ཙམ་གསོལ། གོས་དྲོ་དགུ་གོན་གསུངས་སོ། །

རང་སོར་བཞག་པ་ནི། གཉིས་པོ་དེའི་ཚུལ་གྱིས་ཉམས་སུ་བླངས་པས་དགེ་སྦྱོར་རྒྱུན་ཆད་མེད་པ་བྱུང་ན་དེའི་ངང་ལ་གནས་པར་བྱའོ། །

དེ་ལྟར་ཉམས་སུ་བླངས་པས་དུས་ཚོད་རྣམ་པ་གསུམ་འབྱུང་སྟེ། སྡུག་བསྔལ་གྱི་དུས་དང༌། བདེ་བའི་དུས་དང༌། ཡོན་ཏན་གྱི་དུས་དང་གསུམ་འབྱུང་ངོ༌། །

དང་པོ་སྡུག་བསྔལ་གྱི་དུས་ནི། ལས་ཀྱི་བག་ཆགས་སད་པས་ཕྱི་དབུལ་ཞིང་འཕོངས་པ་དང་སེམས་གཡེངས་པ་འབྱུང༌། ནང་ནི་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྒྱས་པས། ཕྱིའི་ཡུལ་ལ་ཆགས་ཤིང་ཞེན་པ་འཕེལ་བས། དེའི་དུས་སུ་སྡོམ་པ་མ་ཤོར་བར་སྙིང་རུས་ཆེན་པོ་བྱ་བ་དང༌། བླ་མ་དང་ཡི་དམ་ལ་གསོལ་བ་གདབ། དཀོན་མཆོག་གསུམ་ལ་གསོལ་བ་གདབ། བཅུ་ཆོས་སུམ་ཆོས་ལ་གནད་དུ་བསྣུན་པར་བྱའོ། །

དེས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དུ་གྱུར་ནས། ཕྱིའི་སྡུག་བསྔལ་ཐམས་ཅད་ཞི་བ་དང༌། ནང་ཡུལ་ལ་ཆགས་པ་དང་ཞེན་པ་ཐམས་ཅད་ལོག་ནས། རྒྱུན་ཆད་མེད་པར་བདེ་སྟོང་གི་ངང་ལ་གནས་སོ། །

དེས་ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེ་བ་དང༌། མངོན་པར་ཤེས་པ་རྒྱ་ཆེན་པོ་དང༌། དོན་དམ་པ་དང་ཀུན་རྫོབ་མཐའ་དག་ལ་ཤེས་རབ་སྐྱེ་བ་དང༌། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་མཁའ་འགྲོས་དངོས་གྲུབ་སྟེར་བ་དང༌། སངས་རྒྱས་དཔག་ཏུ་མེད་པ་ལས་ཆོས་ཉན་པ་དང༌། སེམས་ཅན་དཔག་ཏུ་མེད་པ་སྨིན་པར་ནུས་སོ། །བརྩོན་འགྲུས་ཅན་དེ་ཚེ་འདི་ལ་སངས་རྒྱས་པར་འགྱུར་རོ། །གཏུམ་མོའི་ཐོན་ཆོས་ཀྱི་རྣམ་པར་བཞག་པའོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། གནད་ཟབ་པས་རྟོག་པ་གཅོད་པ་གཏུམ་མོ་བསྒོམ་པའི་ལེའུ་སྟེ་དགུ་པའོ།།

དེ་ནས་འོད་གསལ་བསྟན་པ་ནི། དང་པོ་ནས་འོད་གསལ་གཅིག་པུ་ཡིན་པས། དེ་འཛིན་ཐབས་བསྟན་པ་ནི། འོད་གསལ་ནི་སེམས་དང་པོ་ནས་མེད་པར་རྟོག་མེད་ལྷུན་གྱིས་གྲུབ་པ་དེ་ལ་འོད་གསལ་ཟེར་བ་ཡིན། འཛིན་པ་བློའི་འོད་གསལ་དེ་འོད་གསལ་མིན། སྒོམ་ཆེན་པ་གཅིག་ན་རེ་ཆོས་རྗེ་ལ། ངས་འོད་གསལ་ཟིན་ཟེར། ཅི་འདྲ་ཞིག་ཟིན་བྱས་པས་རྨི་ལམ་ན་ཐམས་ཅད་མཆོད་རྟེན་དུ་དཀར་དུམ་མེ་འདུག་ཟེར། འོད་གསལ་མཆོད་རྟེན་མ། གསུང་ནས་བཀའ་བཀྱོན་བྱོན། འོད་གསལ་གཤའ་མ་དེ་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་འོད་གསལ་བ་དེ་ཡིན། འཁོར་འདས་ཐམས་ཅད་དེ་ལ་གནས་པ་རང་ བཞིན་གྱི་འོད་གསལ། སེམས་ཅན་གྱིས་དེ་རྟོགས་པ་དེ་རྟོགས་པའི་འོད་གསལ་ཡིན། དེ་རྨི་ལམ་དུ་འདྲོངས་པ་དེ་རྨི་ལམ་གྱི་འོད་གསལ་ཡིན། དེའི་ངང་ལ་ཤི་ན་འོད་གསལ་གྱི་འཕོ་བ་ཡིན། དེ་བར་དོར་འབྱུང་བ་དེ་བར་དོའི་འོད་གསལ་ཡིན། སྒྲིབ་པ་གསུམ་སྤངས་ནས་དེ་མཐར་ཕྱིན་པ་དེ་མཐར་ཐུག་གི་འོད་གསལ་ཡིན། འོད་གསལ་དེ་རྨི་ལམ་དུ་ཟིན་པར་འདོད་ན་བླ་མ་ལ་མོས་གུས་བྱ། མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པས་མཆོད། ལུས་དང་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ། སྙིང་ཐག་པ་རུས་པའི་གཏིང་ནས་མོས་གུས་ཀྱི་ཤུགས་བསྐྱེད། མཎྜལ་འབུལ་ཞིང༌། བླ་མ་རིན་པོ་ཆེ། བདག་ལ་འོད་གསལ་ཟིན་པར་མཛད་དུ་གསོལ། བྱས་ལ་གསོལ་བ་གདབ། སྒོམ་པའི་གནས་ཆུ་སྒྲ་ཆེ་བ་དང༌། རིག་པ་དྭངས་པ་དང༌། གྲང་བ་ལ་སོགས་པ་གཉིད་སྲབ་པར་སྒོམ་པ་ཡིན། ཉིན་པར་དགེ་སྦྱོར་གྱི་ཤུགས་མེད་ན་མཚན་མོ་འོད་གསལ་མི་ཟིན་པས། འདུ་འཛི་གཡེང་བའི་སྤྲོས་པ་ཐམས་ཅད་བཅད་ནས་དགེ་སྦྱོར་ལ་མཉམ་པར་གཞག་པར་བྱའོ། །དེ་ཡང་ཉིན་པར་དང་སྲོད་དང་གུང་ལ་གཏུམ་མོ་བསྒོམས་ནས་འོད་གསལ་ཟིན་ཏེ། དཔའ་བོ་ལ་དཔུང་ཡོད་པ་དང་འདྲ་བ་ཡིན། ནམ་ཐོ་རངས་ཀྱི་དུས་སུ་དགེ་སྦྱོར་གྱི་དུས་ཡིན་པ་དང༌། ལུས་སེམས་ཐམས་ཅད་ངལ་གསོ། གཉིད་དུ་འགྲོ་བའི་དུས་ཚོད་ཅིག་འོང༌། དེའི་དུས་སུ་དུས་ལ་བབ་པ་ཡིན། བླ་མ་ལ་གསོལ་བ་གདབ། བྱང་ཆུབ་ཏུ་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ། ཁོང་པའི་ནང་སྟོང་གཙང་ངེ་ཞིག་ཏུ་བསྒོམ། དེ་ནས་ལྟེ་བའི་འོག་ཏུ་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཁ་དོག་དམར་བ་རེག་བྱ་ཚ་བ་འོད་ཀྱིས་གང་བ་ཞིག་བསྒོམ། དེའི་སྟེང་དུ་བླ་མ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན། ལྷན་ཅིག་སྐྱེས་པའི་ངོ་བོ། རྒྱན་དང་ཆ་ལུགས་དང་བཅས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། འོད་ཀྱི་ཕུང་པོའི་རང་བཞིན་དུ་བསམ་ལ་རྩེ་གཅིག་ཏུ་བསྒོམ། ཕྱིའི་སྣང་བ་འགགས། གཉིད་མཐུག་པོར་མ་སོང་བའི་བར་དེར་རྣམ་པར་མི་རྟོག་པ་འཕྲིན་ལས་གྱིས་འགྲོ་བ་ཡིན། དེ་དུས་སྔར་གྱི་དྲན་པ་དང་འདུན་པས་

མཚམས་སྦྱར་ལ། ཁབ་མིག་ཏུ་སྐུད་པ་འཇུག་པ་བཞིན་དུ་བླ་མ་འོད་དང་བཅས་པ་ལ་སེམས་གཏད་པར་བྱའོ། །

འོད་གསལ་ཟིན་ན་གཏི་མུག་གི་གཉིད་རྨུགས་པ་མུན་པ་བཞིན་དུ་འགྲོ་བ་དེ། རྣམ་པར་མི་རྟོག་པའི་རང་བཞིན་དུ་འགྱུར་རོ། །ཉམས་ཀྱི་འོད་གསལ་ཉི་མ་འཆར་ཁའི་མུན་པ་བཞིན་དྭངས་ནས་ཤེས་པ་གསལ་བ་དྭངས་པ་བདེ་བ། མཐར་མི་རྟོག་པར་འགྱུར། གཉིད་སད་པ་དང་མ་སད་པ་ཁྱད་མེད་པ་ཞིག་འོང༌། གཉིད་ལོག་སད་པར་མི་བྱའོ། །ཞེས་གསུངས་སོ། །གཉིད་དུ་མ་སོང་སྙམ་ན་སད་རྒྱུ་ཞིག་ཡོད། སད་པ་ཡིན་སྙམ་ན་ཉེ་འཁོར་གྱི་བྱ་བ་གང་ལ་ཡང་མི་སྒྲིབ་པ་དང༌། གཉིད་ལོག་པ་དང་མ་ལོག་པ་ལ་ཁྱད་པར་མེད་པ་དེ་གཉིད་ཀྱི་ཉམས་དང་རྟོགས་པའི་འོད་གསལ་ཟིན་པའོ། །འོད་གསལ་གྱི་རིམ་པ་དང་པོའོ། །

འོད་གསལ་གྱི་དམིགས་པ་གཉིས་པ་འདི་ནད་འདོན་དུ་ཡང་འགྲོ། སྐྱོན་མཐའ་དག་སེལ་ནས་ཡོན་ཏན་བསྐྱེད། དང་པོ་མི་ཟིན་ན་སྦྱོར་བ་སྔར་བཞིན་བྱས་ལ། བླ་མ་སྙིང་གི་དབུས་སུ་སྔར་བཞིན་བསམ་པར་བྱ། དྲན་པ་དང་འདུན་པ་དྲག་པོས་མཚམས་སྦྱར་ཏེ། སྐུའི་འོད་ལ་མཉམ་པར་གཞག་པར་བྱའོ། །རིམ་པ་གཉིས་པའོ།།

ཡང་འོད་གསལ་དེ་གང་གིས་ཀྱང་མ་ཟིན། རྣམ་པར་རྟོག་པ་རགས་པའི་དུས་སུ་ཅིས་ཀྱང་འོད་གསལ་ཟིན་པར་བྱ་སྙམ་པའི་འདུན་པ་དྲག་པོ་བཏང༌། བླ་མ་ཉིད་ཀྱི་སྐུ་ལས་འོད་གསལ་བྱུང་བས། འོད་ཀྱི་ཁོང་པ་གང་བར་བསམ། དྲན་པ་དང་འདུན་པ་མ་ཤོར་བར་ཕར་སྟོང་པ་ལ་མཉམ་པར་བཞག་པར་བྱའོ། །དེས་ཅིས་ཀྱང་ཟིན་ནས་འོང་སྟེ། ཁྲིད་ཀྱི་རིམ་པ་གསུམ་པའོ། །

ཐོན་ཆོས་བརྒྱད་ནི་མ་ཟིན་པའི་རྒྱུ་བཞི་སྟེ་བརྒྱད་དོ། །ཟིན་པའི་རྒྱུ་བཞི་བརྒྱད་དོ། །མ་ཟིན་པའི་རྐྱེན་ནི་བླ་མ་ལ་མོས་གུས་མེད་པ་དང༌། དམ་ཚིག་ཉམས་པ་དང༌། བརྩོན་འགྲུས་ཞན་པ་དང༌། གདམས་ངག་མེད་པས་འོད་གསལ་མ་ཟིན་པའོ། །དང་པོ་ནི་བླ་མ་ཆོས་སྐུར་མ་མཐོང་བ་ལ་ཟེར། དམ་ཚིག་ནི་སྤྱིར་ཐམས་ཅད་ཡིན་ཡང༌། བྱེ་བྲག་ཏུ་ཁམས་བྱང་ཆུབ་ཀྱི་སེམས་ལུས་ལ་མི་གནས་པའོ། །བརྩོན་འགྲུས་ཞན་པ་ནི་དགེ་སྦྱོར་གྱི་ཕུ་ཐག་མེད་པའོ། །གདམས་ངག་མེད་པ་ནི་ལུས་ཀྱི་འཁྲུལ་འཁོར་མ་ཤེས་པ་དང༌། དམིགས་པའི་གནད་མ་ཤེས་པའོ། །སྦྱོར་བའི་དུས་སུ་ཚོད་མ་ཤེས་པའོ།།

དང་པོ་ནི། གཉིད་མཐུག་ན་ཙོག་པུར་བཟུང་བར་བྱ། སྲབ་ན་སེང་གེའི་ཉལ་སྟབས་ཀྱིས་བཟུང་བར་བྱ། འགྲོ་ན་མིག་གཉའ་ཤིང་གང་ཙམ་དུ་ལྟ་ཞིང་བཟུང་བར་བྱ། གཉིས་པ་ནི་གཉིད་སྲབ་ན་ལྟེ་བར་གཟུང་བར་བྱ། གཉིད་མཐུག་ན་སྙིང་གར་བཟུང་བར་བྱའོ། །

གསུམ་པ་སྦྱོར་བའི་དུས་ཚོད་ནི། རྣམ་པར་རྟོག་པ་འགགས་ནས་གཉིད་ཀྱི་ཁམས་འདས་པའི་དུས་སུ་འདུན་པ་དང་འོད་ཀྱི་དམིགས་པ་ལ་མཉམ་པར་གཞག་པར་བྱའོ། །བག་ཆགས་ཀྱི་ས་བོན་ཐམས་ཅད་འདག་པར་བྱེད་པ་གཉིད་འོད་གསལ་དུ་འཇུག་པའི་གདམས་ངག ཐོན་ཆོས་ཀྱི་རྣམ་པར་བཞག་པའོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། དང་པོ་ནས་འོད་གསལ་ཡིན་པ་དེ་གཉིད་ཀྱི་དུས་སུ་འཛིན་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།།

རྨི་ལམ་གྱི་སྐབས་སུ། དང་པོ་ནས་རྨི་ལམ་ཡིན་པ་ལ་ཡིན་པར་ཤེས་པར་བྱེད་པས། དེའི་ཐབས་བསྟན་པ་ནི། གཞན་འོད་གསལ་དང་འདྲ། མཎྜལ་སྐྱོན་མེད་པ་ཞིག་ཕྱིས་ལ་འབུལ་ཏེ། མདུན་གྱི་ནམ་མཁའ་ལ་བླ་མ་དང་དཀོན་མཆོག་ཡི་དམ་ལྷ་ཚོགས་རྣམས་སྤྱན་དྲངས་ལ་མཎྜལ་དེ་འབུལ། བདག་ལ་རྨི་ལམ་མང་པོ་རྨི་བར་མཛད་དུ་གསོལ། རྨི་ལམ་དུ་ཧེ་རུ་ཀ་དཔག་ཏུ་མེད་པའི་ཞལ་མཐོང་བར་མཛད་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་མཐོང་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ནས། ཅི་བྱེད་ཀྱང་རྨི་ལམ་ཡིན་སྙམ་དུ་བསམ་མོ། །དེ་ལྟར་གསོལ་བ་བཏབ་པས་སྣ་ཚོགས་སུ་བསྒྱུར་ནས། རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་ཞིག་ཟླ་བ་ཕྱེད་ན་འབྱུང༌།

དེའི་ཁྲིད་ལན་གཉིས་གདབ། ལན་གསུམ་པ་ལ་ཐོན་ཆོས་ནི། དེ་ལྟར་སྦྱངས་པས་ལུས་སྟག་ཏུ་བསྒྱུར་བ་དང༌། བྱ་རོག་ཏུ་བསྒྱུར་ནུས་པ་དང༌། ནམ་མཁའ་ལ་དཀྱིལ་ཀྲུང་བཅའ་བ་དང༌། དགའ་ལྡན་དུ་སངས་རྒྱས་བྱམས་པའི་ཞལ་བལྟ་བ་དང༌། བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་བལྟ་བ་དང༌། དེ་ལ་སོགས་པ་གང་དུ་བསམ་པ་བཏང་ཡང་འགྲུབ་བོ། །ཕྱི་རོལ་ཏུ་ཡང་དེའི་སྒྲ་འོང་སྟེ། (དཔེར་ན་ཆོས་རྗེ་རིན་པོ་ཆེའམ། རྣལ་འབྱོར་ཆོས་གཡུང་ངམ། ཤངས་པ་རྨོག་ཅོག་པའམ། དཔལ་ཆེན་ཆོས་ཡེ་ལྟ་བུ་འབྱུང་ངོ༌། །ཆོས་རྗེ་རིན་པོ་ཆེས་འབྲི་གུང་གཟིམས་སྤྱིལ་དུ་མནལ་དུ་སོང་དུས་ན། གཡག་རུ་ཐང་ན་མར་ཚོང་པ་མང་པོས་ཅི་ཟེར་གསན་པ་བྱུང་གསུངས།)

རྣལ་འབྱོར་ཆོས་གཡུང་གིས་ཀྱང་ལུས་སྣ་ཚོགས་སུ་བསྒྱུར་ནུས་པས། དྭགས་པོའི་གངས་གཅིག་གིས་འདབ་ན་འདྲེའི་ཤ་སྟུན་ཞིག་ཡོད་པས་དེའི་ནང་དུ་ཞུགས་ནས་བསྡད་པས། འདི་རྨི་ལམ་དུ་འདུག་སྙམ་ནས་བསྡད་པས། ལག་པ་དེ་ཕྱལ་གྱིས་ཡལ་ནས་སོང༌། དེའི་ནངས་པར་གངས་དེ་ལ་མི་མ་ཡིན་དེས་རྟ་ཁྱེར་ན་རྟའི་རྗེས་ཡོང༌། མི་ཁྱེར་ན་མིའི་རྗེས་ཡོང་བས། དེའི་ནུབ་མོ་ལག་པ་སྟོང་པ་ཞིག་རྗེས་འདུག་པས། རྗེ་དྭགས་པོ་རིན་པོ་ཆེ་ལ། མདང་གངས་ཕ་གི་ལ་ལག་པ་སྟོང་པ་ཞིག་གི་རྗེས་འདུག་ཞུས་པས། ཆོས་གཡུང་གིས་ཀུ་རེ་ཀྱལ་ཁ་ཅིག་བྱས་པ་ཡིན་ཏེ་འོང༌། གཞན་དེ་འདྲ་ནུས་པ་མི་ཡོང་གསུངས། ཁོང་རྨི་ལམ་གྱི་ཉམས་མྱོང་ཆེ་བས་ཁོང་གི་གྲྭ་ས་ན་ཆོས་རྗེ་ཕ་ཚན་ཞིག་ཡོད་པས། དེ་ལ་ཆོས་རྗེ་ཇ་ཞོ་དོ་བཅོལ་ནས་ཡོད་པས། དེ་ལེན་དུ་བྱོན་པས། ཕ་ཚན་དེ་ན་རེ། ཁྱོད་རང་དགའ་རུ་ཚོར་བར་གྱིས། ངས་ཇ་དེ་བླ་མ་འདི་ལ་སྐོལ་ནས་དྲངས་ཡོད་ཟེར་བས། ཆོས་རྗེའི་ཐུགས་ལ་ང་ལ་ནོར་དེ་ལས་མེད་པ་ལ་དགོངས་ནས་མ་མཉེས་པ་ཞིག་བྱུང་གསུངས། དེ་ཙ་ན་སོང་བ་དེས་ཕན་པ་འདྲ། ཁོང་གི་བྱིན་རླབས་འཇུག་རྒྱུ་ཞིག་བྱུང་གསུང༌། ཕྱིས་ཁོང་ཅན་དུ་བྱོན་པས། ཆོས་དྲུག་ཅིག་དཔེ་ལས་བཤད་ཀྱིན་འདུག་པས། ཁོང་རང་གི་ཡི་གེ་མི་མཐོང༌། སློབ་མ་རྣམས་ཀྱིས་ཡི་གེ་ཀློག་པ་མི་འདུག་པས། ཆོས་རྗེས་ཀློག་འཛིན་མཛད་པས། ཆོས་དྲུག་གི་ཉམས་མྱོང་སྟོན་མི་ཕོད་པ་རྣམས་སྟོན་གྱིས་འདུག་པས། འདི་འདྲ་བ་ཚོགས་སུ་བསྟན་པ་ཅི་ཡིན་ཞུས་པས། ཁོང་ན་རེ། ཧེ། སློབ་དཔོན་ལྷ་རྗེའི་ཞལ་ནས། བག་མི་དད་ཙམ་ལ་ཆོས་གཤའ་མར་སྟོན་གསུངས། དེ་ཆོས་རྗེ་ལ་ཡང་ཤིན་ཏུ་ཕན་པར་བྱུང་གསུངས། ཨེ་ཆུང་སྒོམ་ཕུག་ཏུ་ཡང་ཁོང་གི་བྱིན་རླབས་དེ་བྱུང༌། འབྲི་གུང་དུ་ཡང་ཁོང་གི་བྱིན་རླབས་དེ་ནུབ་གསུམ་དུ་བྱུང༌། ཕྱིས་ཇེ་ཆུང་ཇེ་ཆུང་སོང་གསུངས། ཤངས་པ་རྨོག་ཅོག་པ་ཡང་རྨི་ལམ་གྱི་གྲུབ་ཐོབ་ཡིན། རྨི་ལམ་དུ་ལུས་སྣ་ཚོགས་སུ་བསྒྱུར་ནུས་པ་བྱུང་ཡང་བྱ་ཁྱུང་དུ་བསྒྱུར་མ་ཤེས་ནས། རྣལ་འབྱོར་ཆོས་གཡུང་ལ་ཞུས་པས། དང་པོ་ང་ལ་ཡང་དེ་འདྲ་བྱུང་བས། ངས་དྭགས་པོ་བྲག་ལྷ་སར་ཕྱིན་ནས། མཆོད་ཁང་ན་རྣམ་པར་སྣང་མཛད་ཀྱི་དབུ་ཐོག་ན་བྱ་ཁྱུང་ཞིག་འདུག་པ་དེ་ལ་བལྟས་ཀྱིན་བསྒོམ། ཡང་མི་གསལ་བ་དང་དེ་བལྟས་ཀྱིན་བསྒོམས་པས། དེ་ནས་ཞག་གཅིག་ན་བྱ་ཁྱུང་དུ་བསྒྱུར་ཤེས་པར་བྱུང༌། ཁྱོ་རང་ཡང་དེ་ཙུག་གྱིས་དང་ཟེར་བས། དེ་ལྟར་བྱས་པས་བྱ་ཁྱུང་དུ་བསྒྱུར་ཤེས་པར་བྱུང་ངོ༌། །ཤངས་པས་སྒམ་པོར་བྱོན་པའི་དུས་སུ་བྱ་རོག་ཏུ་བསྒྱུར་ནས་སྒམ་པོའི་རི་རྩེ་ལ་བྱོན། དེ་ནས་གླིང་དུ་བྱོན་པ་ཡིན་ནོ། །དཔལ་ཆེན་ཆོས་ཡེའི་ཞལ་ནས། སྲབ་མོའི་བྲག་དེ་གནས་བྱིན་རླབས་ཅན་ཞིག་འདུག ངས་དེར་ཟླ་བ་གཅིག་སྒོམ་པས་ཞག་ཉི་ཤུ་རྩ་དགུ་རྨི་ལམ་ཟིན་གསུངས། རྣལ་འབྱོར་པའི་ཉམས་མྱོང་གིས་གནས་ཕར་ལ་བྱིན་གྱིས་རླབས་དགོས་པ་ཡིན། གཉན་པ་མི་གཉན་པར་བསྒྱུར་དགོས། མི་གཉན་པ་གཉན་པར་བསྒྱུར་དགོས། གནས་ཀྱིས་ཚུར་ལ་བྱིན་གྱིས་བརླབ་ན་རྣལ་འབྱོར་པ་འབྲིང་ཡིན་གསུངས། རྨི་ལམ་དེ་ལྟར་བསྒོམ་པར་བྱའོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་འདུད་རྩི་དཔུང་པ་ལས། ཨ་འཐས་ཀྱི་འཁྲུལ་པ་འཇིག་པ་རྨི་ལམ་བསྒོམ་པའི་ལེའུ་སྟེ་བཅུ་གཅིག་པའོ།།

དེ་ནས་ཐ་མལ་གྱི་ལུས་ལ་ཞེན་ནས་གེགས་ལ་རྡུགས་ན། དང་པོ་ནས་སྒྱུ་མའི་ལུས་ཡིན་པས་དེ་བསྒོམ། སྒྱུ་ལུས་སྒོམ་པའི་སྒོམ་ཆེན་པས། རྣམ་པར་སྨིན་པའི་སྒྱུ་ལུས་མ་འབྱོངས་ན་ཡི་དམ་ལྷའི་སྒྱུ་ལུས་མི་འབྱོངས། གཞི་མེད་པ་ལ་རི་མོ་འབྲིར་མི་བཏུབ་པ་དང་འདྲ་གསུངས་པས།

དང་པོ་རྣམ་པར་སྨིན་པའི་སྒྱུ་ལུས་སྦྱང་བར་འདོད་པའི་གང་ཟག་གིས་དབེན་པའི་གནས་སུ་མཚམས་དམ་པར་བཅད་ལ་སྦྱང་བར་བྱ་སྟེ། ཤིང་ཁྲུ་གང་བ་གཅིག་ལ་མེ་ལོང་དྲི་མ་མེད་པ་ཞིག་བཏགས་པ་རང་གི་མདུན་དུ་གཟུགས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་རྣམ་པར་སྨིན་པའི་སྒྱུ་ལུས་སྦྱང་སྙམ་དུ་བསམ། བླ་མ་ཡི་དམ་ཇོ་བོ་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། ཐ་མལ་པའི་ལུས་ངག་ཡིད་གསུམ་དུ་འཛིན་པའི་དྲི་མ་དག་ཏུ་གསོལ། རྣམ་པར་སྨིན་པའི་སྒྱུ་ལུས་མྱུར་དུ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་དྲག་ཏུ་གདབ། དེ་ནས་རང་གི་གཟུགས་བརྙན་མེ་ལོང་ནང་དུ་འཆར་བཅུག་ལ། དེ་ལ་བསྟོད་པ་སྣ་ཚོགས་པ་བྱས་ལ་དགའ་བ་འདུག་གམ་མི་འདུག་བལྟ། དེ་ལ་དགའ་བ་མེད། དེ་ལ་དགའ་བ་མེད་ན་དེ་རང་བསྟིམ་ལ་རང་ལ་བསྟོད་ར་བཏང་བ་དགའ་བ་འདུག་གམ་མི་འདུག་བལྟ། སྨད་ར་བཏང་ལ་མི་དགའ་བ་འདུག་གམ་མི་འདུག་བལྟ། དེ་མི་འདུག་ན་རྣམ་པར་སྨིན་པའི་སྒྱུ་ལུས་འབྱོངས་པ་ཡིན་པས། དགའ་མི་དགའ་འདུག་ན་མ་འབྱོངས་པ་ཡིན་ནོ། (དང་པོ་ཆོས་རྗེ་གཞན་ཞིག་ན་རེ། ངས་སྒྱུ་ལུས་འབྱོངས་ལགས་ཟེར་བས། ཆོས་རྗེའི་ཞལ་ནས། སྒྱུ་ལུས་འབྱོངས་པ་དག་དགའ་སྟེ། ཁྱོད་ལ་བུད་མེད་ཀྱི་སྐུར་པ་ཡོད་པ་འདྲ་ན་བྱས་པས། ཁོ་དེ་ལ་མ་དགའ་བར། སུ་ན་རེ་དེ་སྐད་ཟེར་ནས་གདའ། རྡོག་རྡེབ་བྱས་པས། ཁྱོད་ལ་དེ་སྐད་ཟེར་མཁན་སུ་ཡང་མི་འདུག ཁྱོད་ན་རེ་ངས་སྒྱུ་ལུས་འབྱོངས་ཟེར་བས། འབྱོངས་སམ་མ་འབྱོངས་བལྟས་པ་ཡིན་གསུངས་སོ། །) དེ་ལྟར་དགའ་མི་དགའ་བྱུང་ན་མ་འབྱོངས་པས་ད་རུང་སྦྱང༌། དགའ་མི་དགའ་གང་ཡང་མེད་ན་རྣམ་པར་སྨིན་པའི་སྒྱུ་ལུས་འབྱོངས་པ་ཡིན་ནོ། །རིམ་པ་དང་པོའོ། །

དེ་འབྱོངས་ནས་ཡི་དམ་ལྷའི་སྒྱུ་ལུས་འབྱོངས་པར་འདོད་པས། ཡི་དམ་ལྷའི་དྲུང་དུ་མཆོད་པ་བཤམས། མཚམས་དམ་དུ་བཅད་ལ་འདུ་འཛིའི་གཡེང་བ་སྤངས་ཏེ། བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ། དེ་ནས་ལྔ་ལྡན་གཤའ་མ་ཞིག་དང་པོར་བསྒོམ། མདུན་དུ་ཡི་དམ་གྱི་ཐང་སྐུ་བཤམས། མཆོད་པ་ཕུལ། གསོལ་བ་གདབ་ལ་རྩེ་གཅིག་ཏུ་བསྒོམ། མི་གསལ་ན་མེ་ལོང་གི་ལྷ་ལ་བལྟ། ཡང་གསལ་ཙ་ན་ཡི་དམ་དུ་བསྒོམ། དེ་ནས་ཡི་དམ་ལྷ་ལ་བརྟན་པ་ཐོབ་ནས་ལས་སྦྱོར་གང་ལ་བྱས་ཀྱང་འགྲུབ་པ་ཡིན་ཏེ། དཔེར་ན་དཔལ་ཆེན་པོ་རྒ་ལོས་བླ་མ་ཨ་བྷྱ་དང་རྩ་མི་གཉིས་ལ། ང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་འགྲོ་ཞུས་པས། མ་འགྲོ་བར་ཆད་ཡོང་གསུངས་པས། ང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་འཇུག་པ་ཡིན་པས་འགྲོ་བར་ཞུ་ཞུས་པས། ཁྱོད་ཅི་ནས་ཀྱང་འགྲོ་ན། བསིལ་བའི་ཚལ་ན་ཤིང་ཆེན་པོ་བརྒྱད་ཡོད། དེའི་གཙོ་བོ་དེའི་རྩ་ན་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་ནག་པོ་ཞིག་ཡོད། དེ་ལ་སྔས་གཏོད། དབང་ཕྱུག་ཆེན་པོའི་རྟེན་ཞིག་ཀྱང་ཡོད། དེ་ལ་གཞུག་གཏོད་ལ། ཤིང་སྡོང་ལ་རྒྱབ་གཏོད་ལ་སྡོད། གཉག་ཤད་ཅིག་ལ་ཨ་བརྒྱ་རྩ་བརྒྱད་ཡོད་པ་ཞིག་བྲིས་ནས། འདི་སྔས་སུ་ཆུག་ལ་ཉོལ་གསུངས།

དེས་བྱོན་ནས་དེ་ལྟར་བྱས་ཏེ། སྲོད་ལ་ཡི་དམ་ལྷ་ལ་རྩེ་གཅིག་ཏུ་བསྒོམས་ནས་བཞུགས་པ་ལས། ནམ་གུང་ཙ་ན་ཤིང་དེ་ཙག་ཙག་ཟེར་བས་སྦྲུལ་ཆེན་པོ་ཞིག་ཐོན་ནས། དེ་ཕྲ་མོ་ཞིག་ཏུ་སོང་ནས་ཕར་རྒྱུག་བྱས་པས་གར་སོང་ཆ་མེད་པར་སོང༌། དེ་ནས་ཐོ་རངས་མནལ་དུ་སོང་ནས་སད་པ་དང༌། སྔས་ན་ཀ་པ་ལི་བདུད་རྩིས་བཀང་ནས་འདུག་པ་དེ་གསོལ་ནས་བཞུགས། ཆོས་རྗེའི་ཞལ་ནས། དེ་ནུབ་ཀྱང་བསྐྱེད་རིམ་ལ་བརྟན་པ་བག་ཙམ་མ་ཐོབ་པ་ཡིན། བརྟན་པ་ཐོབ་ན་ཤིང་དེ་ལ་སྦྲུལ་དེ་ཀེ་རེ་འཛེག་པ་བཞིན་དུ་དེ་ལས་སུ་རུང་བ་ཡིན། ནངས་པར་བླ་མ་ཨ་བྷྱ་དང༌། རྩ་མི་གཉིས་ཀས་ལྟར་བྱོན་པས་གྲུབ་པ་ཐོབ་ནས་འདུག་པས། གཉིས་ཀས་བཀུར་བྱས་ནས་བྱོན། ཁྲོམ་ཆེན་པོ་འདུས། ཟངས་གླིང་ན་ཕར་གྲགས་པས་ཀུ་ཐིག་གིས་སོང་ངོ༌། །དེ་ཡང་ཡི་དམ་ལྷ་ལ་རྩེ་གཉིས་མེད་པར་རྩེ་གཅིག་པ་ལས་བྱུང་བ་ཡིན། ཞོགས་པ་རྡོ་རྗེའམ། གཤིན་རེ་ཐུལ་བ་ལྟ་བུ་ཞིག་དགོས་པ་ཡིན། བསྐྱེད་རིམ་ལ་རྩེ་གཅིག་ཏུ་བསྒོམས་པས་དེ་ལ་དུབ་པའི་དུས་སུ་ཕྱག་རྒྱ་ཆེན་པོར་ངོ་བོ་ཉིད་ཀྱིས་འཇུག དེའི་དུས་སུ་ཟུང་འཇུག་གཤའ་མ་ཞིག་ཡིན་པས། དེ་ལ་དུས་ཀྱི་སྣ་རྩེར་ཟེར་བ་ཡིན། དེ་མ་ཤེས་ན་དུས་ཀྱི་སྣ་རྩེ་མ་ཤེས་པ་ཡིན། རྗེ་བཙུན་མི་ལའི་ཞལ་ནས། དུས་ཀྱི་སྣ་རྩེར་བྱིན་རླབས་མ་ལྡན་ན། །ཕྱི་དང་ནང་གི་སྤྱོད་པས་དགོས་པ་ཆུང༌། །ཞེས་གསུངས།

དེས་ན་ཡི་དམ་ལྷའི་སྒྱུ་ལུས་ཀྱི་དགོས་པ་ཡི་དམ་ལྷ་རྩེ་གཅིག་ཏུ་བསྒོམ། དེ་ནས་མདུན་གྱི་ཐང་སྐུ་ལ་བལྟས་ལ། གསལ་བདོ་བའི་དུས་སུ་རང་ལ་བསྟིམ་ལ། རང་གི་ལུས་ཡི་དམ་གྱི་ལྷ་ཁ་མདོག་ཕྱག་མཚན། སྐྱེ་མཆེད་རྒྱན་ཆ་ལུགས་ལ་སོགས་པ་མ་ཚང་བ་མེད་པ་ཤིན་ཏུ་གསལ་བར་བསྒོམ། གདན་ཤིན་ཏུ་གསལ་བ་གལ་ཆེ། དེ་ནས་མི་གསལ་བའི་དུས་སུ་སྐུ་གཟུགས་ལ་བལྟ། དེ་གསལ་བའི་དུས་སུ་ཡི་དམ་གྱི་ལྷ་སྒོམ་ཞིང༌། དེ་ཁོ་ན་བཞིན་དུ་རྒྱུན་ཆད་མེད་པར་ཉམས་སུ་བླང་བར་བྱས་པས། རང་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པའི་ངེས་ཤེས་སྐྱེ། དེ་སྐྱེས་པའི་དུས་སུ་ཡི་དམ་ལྷའི་སྒྱུ་ལུས་འབྱོངས་པ་ཡིན་པས། རྒྱུན་ཆད་མེད་པར་ཉམས་སུ་བླངས་པར་བྱའོ། །རིམ་པ་གཉིས་པའོ།།

སྐུའི་རྣམ་པར་འགྱུར་བ་ནི། གདོད་མ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སངས་རྒྱས་ཡིན་པ་ལ་ཡིན་པར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་པར། བླ་མ་སངས་རྒྱས་ཀྱིས་ངོ་སྤྲད་པས་ཐ་མལ་གྱི་ལུས་ལ་ཞེན་པ་ལོག་ནས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ཐམས་ཅད་གདོད་མ་ནས་སངས་རྒྱས་ཡིན་པའི་ངེས་ཤེས་སྐྱེས་པའི་དུས་སུ་དེ་ལ་གོམས་པར་བྱེད་དགོས། རྒྱུན་ཆད་མེད་པར་ཉམས་སུ་ལེན་པར་བྱེད་པ་ལ་དམ་ཚིག་ཏུ་མི་དགེ་བ་བཅུ་སྤང་ཞིང་ཐ་མལ་གྱི་ལུས་ངག་ཡིད་གསུམ་དུ་སྐད་ཅིག་ཙམ་རེ་སོང་ན་ཡང༌། ཕུང་པོ་སངས་རྒྱས་ལྔ་བདག་ལ་བརྙས་ཤིང་རྩ་ལྟུང་འབྱུང་བར་གསུངས་པས། རྡོ་རྗེ་འཆང་གི་དམ་ཚིག་ཉམས་ན་དངོས་གྲུབ་མི་འབྱུང་བར། དེས་ན་ཐ་མལ་གྱི་ལུས་ངག་ཡིད་གསུམ་དུ་སྐད་ཅིག་ཙམ་ཡང་མ་སོང་བར། འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཅི་བྱེད་ཐམས་ཅད་སྐུའི་རྣམ་པར་འགྱུར་བ་འབའ་ཞིག་གིས་ཉམས་སུ་བླང་བར་བྱའོ། །

དེ་ལྟར་ཉམས་སུ་བླངས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས། སྒྱུ་མ་རྟེན་འབྲེལ་དུ་ཤེས། རྟེན་འབྲེལ་སྐད་ཅིག་མ་ཤེས། སྐད་ཅིག་མ་རྐྱེན་ལས་སྐྱེས་པར་ཤེས། རྐྱེན་མ་སྐྱེས་པར་ཤེས། མ་སྐྱེས་པ་སྟོང་པར་ཤེས། དེ་ནས་སྐྱེས་པ་དང་མ་སྐྱེས་པ་ཟུང་འཇུག་ཏུ་ཤེས། དེས་དང་པོ་ནས་མི་སློབ་པའི་ཟུང་འཇུག་ཏུ་གནས་པར་ཤེས། དེའི་བརྡར་ལྷ་ཡང་དང་པོ་ནས་ཟུང་འཇུག་ཏུ་ཤེས། དེའི་རྒྱུན་གོམས་པར་བྱས་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་ཏེ། ལུས་རགས་པར་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་དག་ནས། ཕྲ་བ་བག་ལ་ཉལ་བ་རྣམས་མངོན་དུ་གྱུར་ཏེ། དེ་ཡེ་ཤེས་སུ་གྱུར་ནས། ཡེ་ཤེས་དེ་ཆོས་ཐམས་ཅད་སྟོང་པ་གཅིག་པུ་མཉམ་པ་ཉིད་ཐུགས་སུ་ཆུད་དེ། སོ་སོར་འཛིན་པ་སྒོམ་ཡང་མི་སྐྱེའོ། །

དེའི་ཡོན་ཏན་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་ལུས་ཀྱི་བཀོད་པ་དཔག་ཏུ་མེད་པ་སྟོན་ནུས་ཏེ། དཔེར་ན་རྗེ་བཙུན་སྤྱན་རས་གཟིགས་སམ། འཇམ་དཔལ་ལྟ་བུའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པས་ཕྱོགས་བཅུའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་པ་དེ་སྙེད་ཀྱི་མདུན་དུ་སྤྱན་རས་གཟིགས་རེ་རེ་བྱོན་ནས། དེ་འཁོར་གྱི་གཙོ་བོར་གྱུར་ནས་འགྲོ་བ་སྨིན་པ་དང་གྲོལ་བར་བྱེད་པ་ལྟ་བུ་འབྱུང༌། དེ་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡི་དམ་ལྷའི་སྒྱུ་ལུས་གོམས་པར་བྱེད་པ་ནི་ཤིན་ཏུ་གསལ་བ་གལ་ཆེ་སྟེ།

དེ་གསལ་བར་བྱེད་ཐབས་ནི། ཁམས་བྱང་ཆུབ་ཀྱི་སེམས་མ་ཉམས་པར་བསྲུང་བ་དང༌། གཞན་ཡང་དམ་ཚིག་གི་རྫས། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་ལྟ་བུ་སྒོམ་པ་ཡིན་ན་ཕྲེང་བ་དཀར་པོ་ཚགས་བྱ། སྐུ་མདོག་མི་གསལ་བའི་དུས་སུ་དེ་ལ་ བལྟས་ནས་སྒོམ་པ་ནི་ཁ་དོག་མི་གསལ་བ་གསལ་བར་བྱེད་པའི་མན་ངག་གོ །དེ་དམ་ཚིག་རྫས་ཡིན་པས་སྦ་བར་བྱའོ། །བདེ་མཆོག་ཡིན་ན་དཔའ་བོ་དཔའ་མོའི་རུས་རྒྱན་གོན་དུ་བཅུག་ནས་དེ་ལ་བལྟ། ཡི་དམ་ལྷའི་སྐུ་གཟུགས་བལྟས་པས་མི་གསལ་བ་གསལ་བར་འགྱུར་རོ། །

དུས་ཚོད་ནི། ནངས་པར་སྔ་དྲོའི་དུས་སུ་ཁ་ནུབ་བྱང་མཚམས་སུ་བལྟས་ནས་བསྒོམ་པ་གསལ། ཕྱེད་ཀྱི་དུས་སུ་ཁ་བྱང་དུ་བལྟས་ནས་བསྒོམ་པ་དང༌། དགོང་མོའི་དུས་སུ་ཁ་ཤར་དུ་བལྟས་ནས་བསྒོམ་པ་ནི་ལྷག་པར་གསལ་བའི་གནད་ཡིན། དེ་ཉམས་སུ་ལེན་པ་ནི་སྐུའི་རྣམ་པར་འགྱུར་བ་ལུས་དག་པར་བྱེད་པའི་རིམ་པ་གསུམ་པའོ། །

དེ་ནས་ངག་གི་རྣམ་པར་འགྱུར་བ་ནི་སྤྱིར་ངག་གི་དོན་ཚིག་སྨྲ་བ་ཉུང་བར་བྱ་ཞིང་ངག་བདེན་པའི་ཚིག་ཏུ་སྨྲ་བ་དང༌། ཡི་དམ་ལྷའི་སྙིང་པོ་བགྲངས་པ་དང༌། ངག་ཅི་སྨྲ་ཐམས་ཅད་སངས་རྒྱས་ཀྱི་གསུང་གི་རྣམ་པར་སྨྲ་བར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་ངག་གི་ཉེས་པ་བཞི་དག་ནས། ངག་བདེན་པའི་ཚིག་འགྲུབ་པར་འགྱུར་ཏེ།

ཆུ་བོ་ཁྱོད་གྱེན་ལ་ལོག་བྱས་པས་གྱེན་དུ་ལོག་པ་སློབ་དཔོན་ལྭ་བ་པ་དང༌། རྒྱལ་པོ་ཨིནྡྲ་བྷོ་དྷི་ལྟ་བུ་སྟེ། དེ་ལོག་པས་ངག་གིས་ཅི་སྨྲས་འགྲུབ་པར་འགྱུར་རོ། །ངག་དག་པའི་རིམ་པ་སྟེ་རིམ་པ་བཞི་པའོ། །

དེ་ནས་གཉིད་ཀྱི་རྣམ་པར་འགྱུར་བ་ནི། ཉིན་པར་དགེ་སྦྱོར་གྱི་ཤུགས་མེད་ན་ནུབ་མོ་རྨི་ལམ་མི་ཟིན་པས། ཉིན་པར་དགེ་སྦྱོར་གྱི་ཤུགས་བསྐྱེད་པ་གལ་ཆེ། ཡང་ཉིན་པར་སྒྱུ་ལུས་སྒོམ་པས་མཚན་མོ་རྨི་ལམ་ལ་གནད་དུ་འགྲོ་བ་དང༌། ཉིན་པར་དང་སྲོད་དགུང་ལ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །དེ་ཡང་ཉིན་པར་གྱི་དུས་སུ་འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་བཞིར་ཅི་སྣང་བ་ཐམས་ཅད་རྨི་ལམ་ཡིན་པར་འདུག་སྙམ་དུ་རྨི་ལམ་དུ་ཤེས་པར་བྱ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ཡིན། རྨི་ལམ་ལ་རང་བཞིན་མེད་པ་ཡིན། རྨི་ལམ་དུ་ལྔ་ལྡན་བསྒོམ་པར་བྱ་སྙམ་པའི་དྲན་པ་དང་འདུན་པ་དྲག་པོས་དཀྲི་བར་བྱ་ཞིང༌། དགེ་སྦྱོར་ཅི་བྱེད་ཀྱང་མངོན་དུ་དྲན་པར་བྱའོ། །གཞན་ཡང་འཆི་བ་དང་མི་རྟག་པ་བསམ་པ་དང༌། སྐྱོ་ཤས་ཆེན་པོ་བསྐྱེད་པར་བྱ་ཞིང༌། འདུ་འཛིའི་གཡེང་བ་ཐམས་ཅད་སྤངས་ལ། དེ་ལྟར་རྒྱུན་ཆད་མེད་པས་མི་ཟིན་ཁ་མེད་ཡིན། འཛིན་པའི་དུས་ནི། གཉིད་དུ་མ་སོང་བའི་དུས་སུ། བླ་མ་ཡི་དམ་ཇོ་བོ་དཀོན་མཆོག་གསུམ་ལ་ཅིས་ཀྱང་རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ཅིང་མོས་གུས་ཀྱི་ཤུགས་བསྐྱེད་ལ།

དེ་ནས་ལམ་དུ་བཏང་བ་ནི། བདག་གི་གཏི་མུག་གཉིད་དང་རྨུགས་པ་འདིས། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཉིད་དང་རྨུགས་པ་ཐམས་ཅད་དག་པར་གྱུར་ཅིག་སྙམ་དུ་བརྣག་པར་བྱ་བ་དང༌། དེ་ནས་བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཅིས་ཀྱང་རྨི་ལམ་ཟིན་པར་བྱ་སྙམ་པའི་དྲན་པ་དང་འདུན་པ་དྲག་པོས་སེམས་བསྐྱེད་པ་ལ་སོགས་བྱའོ། །དེ་ནས་ལྔ་ལྡན་ལ་རྨི་ལམ་དུ་བོགས་ཅི་ཐོན་བྱའོ། །དེ་ལྟར་བྱས་པས། བར་དེར་ཤེས་པ་དྭངས་པ་ཞིག་འོང༌། དེ་ནས་ལྟེ་བའི་འོག་ཏུ་བླ་མ་བསྒོམ་པར་བྱ་ཞིང༌། རྨི་ལམ་ཟིན་པའི་འདུན་པ་དང་ཕྱག་རྒྱ་ཆེན་པོ་གཉིས་ཟུང་འཇུག་ཏུ་སྒོམ་པ་ལ་འདུན་པ་གཏད་པར་བྱའོ། །

ཟིན་པའི་རྟགས་ནི་ཤེས་པ་གསལ་བ་དང་དྭངས་པ་དང༌། མི་རྟོག་པའི་ངང་དུ་ཕྲིལ་གྱིས་འགྲོ། ཡང་ན་ཤེས་པ་ཟང་ཟིང་གི་རྣམ་པ་ཅན་དེ་འོང༌། དེའི་དུས་སུ་རྨི་ལམ་ལ་གནད་དུ་འགྲོ་བ་ཡིན་པས། འདི་ཐམས་ཅད་རྨི་ལམ་ཡིན་པར་འདུག་སྙམ་པའི་དྲན་པས་ཟིན་པར་བྱས་ལ། ཉིན་པར་དགེ་སྦྱོར་ཇི་ལྟར་བྱེད་པ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་ལ་རྨི་ལམ་དུ་ཤེས་ཤིང་དགེ་སྦྱོར་ཉམས་སུ་མྱོང་ན་རྨི་ལམ་ཟིན་པས། དེ་ལ་གོམས་པར་བྱ་ཞིང་རིམ་གྱིས་ཇི་ལྟར་འདོད་པ་བཞིན་ཉམས་སུ་བླང་བར་བྱའོ། །

མ་ཟིན་ན་སྙིང་གར་དམིགས་པ་གཏོད་པ་ལ་སོགས་པ་འོད་གསལ་གྱི་དམིགས་པ་ཇི་ལྟ་བ་བཞིན་དུ་བྱའོ། །རྨི་ལམ་ལ་ཉིན་པར་གྱི་དུས་སུ་དྲན་པ་དང་འདུན་པ་ལ་སྦྱོར་བ་གལ་ཆེ་བས་གཅིག་ཀྱང་མ་ཤོར་བར་གྱིས་གསུངས།

མ་ཟིན་པའི་སྐྱོན་མོས་གུས་ཆུང་བ་དང༌། དམ་ཚིག་ཉམས་པ་དང༌། དགེ་སྦྱོར་གྱི་ཕུགས་མེད་པ་དང༌། གྲིབ་ཅན་ལ་བརྟེན་ཅིང་འགྲོགས་པ་དང༌། དྲན་འདུན་གོམས་པ་ཤས་ཆུང་བས་ལན་པ་ཡིན། བག་ཆགས་ཀྱི་ས་བོན་འདག་པར་བྱེད་པ་ལ་གཉིད་འོད་གསལ་དུ་འཇུག་པ་འདི་དགོས་ཏེ། བག་ཆགས་ཀྱི་ས་བོན་མ་དག་ན་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་མི་སྤོངས་པས། འདི་ཐེག་པ་དམན་པ་ལས་ཁྱད་པར་འཕགས་པ་ཡིན་པས། འཕགས་པ་དགྲ་བཅོམ་པ་རྣམས་ལ་ཡང་འདི་མེད་པ་ཡིན་གསུངས།

འདི་ལ་གོམས་པར་བྱས་པས་རང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་དུ་ཤེས། རྨི་ལམ་བག་ཆགས་སུ་ཤེས། བག་ཆགས་གདོད་མ་ནས་མ་སྐྱེས་པར་ཤེས། མ་སྐྱེས་པ་སྟོང་པས་ཁྱད་པར་བྱས་པས། དེས་གློ་བུར་གྱི་དྲི་མ་དག་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་གསུམ་པོ་འདི་ཉམས་སུ་བླངས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐོབ་པར་འགྱུར་གསུངས། དེ་སྒྱུ་ལུས་དག་པའི་ཡོན་ཏན་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། དང་པོ་ནས་རྨི་ལམ་དང་རྨི་ལམ་ཡིན་པ་ལ་ཡིན་པར་ཤེས་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།།

དེ་རྣམས་ཀྱིས་དཔལ་ཕག་མོ་གྲུ་པ་ཡན་ཆད་དེ་ལྟར་སློབ་མ་ཁྲིད་ནས་སངས་རྒྱས་སྒྲུབ་པ་ཡིན་ནོ། །རང་བརྩོན་འགྲུས་ཆུང་བས་དེ་རྣམས་ཀྱིས་སངས་རྒྱས་མ་ཐོབ་ན། དེ་ནི་ལུས་ལྟ་བུ་ལ་གེགས་སེལ་དང་བོགས་འདོན་སྙིང་ལྟ་བུ་ཆོས་རྗེ་རིན་པོ་ཆེས་མཛད་པ་ཡིན་ནོ། །གེགས་སེལ་དུ་ཆོས་དྲུག་གསར་མ་མཛད་པ་ཡིན། (དེའི་རྒྱུ་མཚན། དང་པོ་ཆོས་རྗེའི་ཡུམ་སྔ་བར་གྲོངས་ནས། དགུང་ལོ་བཅུ་གསུམ་ཙམ་ལོན་ཙ་ན་ལྕམ་སྲིང་མོ་ཆུང་བ་ཞིག་ཡོད་པས་དེ་ཁུར་གྱིན་ཀློག་ལ་འབྱོན་དགོས་པ་ལས། གཞུག་ན་དེ་ཡང་གྲོངས་ནས། ཕྱིས་ཚོགས་པ་སྐྱོང་བའི་དུས་སུ་ཡང༌། དེ་རྨི་ལམ་དུ་བྱུང་ཙ་ན་ཚོགས་པ་དེར་ཉེས་པ་ཆེན་པོ་རེ་ཡོང་བ་ཞིག་ཡོད། གཉིས་པ་ཕྱིས་བླ་མ་ངད་ཕུ་བ་གྲོངས་ནས། ཁོང་གི་སློབ་མ་མང་པོ་ཡར་ལ་བྱུང་བས། ཁོང་བླ་མ་བཟང་དྲགས་པས་ཁོང་གི་སློབ་མ་རྣམས་ལ་སྨོན་ལམ་བཏབ་པས་དཀའ་བར་བྱུང༌། ཕྱིས་རྨི་ལམ་ན་སྲོད་ཅིག་ལ་ཆོས་རྗེ་ལ་ཞིང་ཞིག་འདུག་པས། སྙེ་མ་རྡོག་གསུམ་གསུམ་ཙམ་ལས་མེད་པ་ཞིག་གི་ཉ་ར་མཛད་ཀྱིན་འདུག་པ་ཞིག་རྨིས། ཐོ་རངས་ལྕམ་སྲིང་མོ་དེ་རྨི་ལམ་དུ་བྱུང་ནས། དེ་ནས་ཆོས་དྲུག་གསར་མའི་རྨི་ལམ་འདི་བསྒོམས་པས། དེ་ནས་ཉེས་པ་མ་བྱུང་ངོ༌། །གསུམ་པ་གཅིག་ཁྲིད་ཅིག་མཛད་པས། བླ་མ་ངད་ཕུ་བའི་སློབ་མ་ཞིག་ན་རེ། ངེད་རང་གི་བླ་མ་ངད་ཕུ་བ་དང་ཆོས་རྗེ་གཉིས་སྒྲིགས་ནས་སྙིང་གར་སྒོམ་མམ། སྟེང་འོག་ཏུ་སྒོམ་ཟེར་བས། དེ་ནས་ཆོས་རྗེས་ཚོགས་སུ་ཆོས་སྐད་གཏོང་དུ་བཅུག་ནས། དགེ་འདུན་རྣམས་ལ། ད་ནང་བག་ཤེས་རབ་གྲགས་ཀྱི་སློབ་མ་ཞིག་ན་རེ། ང་དང་བག་ཤེས་རབ་གྲགས་གཉིས་བསྒྲིགས་ནས་བསྒོམ་མམ། རྩིགས་ནས་བསྒོམ་ཟེར། དེ་ང་སྐྱུག་བྲོ། ཁོས་ཅི་ཤེས། ཁོ་ངའི་སློབ་མ་ཡིན། ཁོས་ཅི་ཡང་མི་ཤེས་པས། ང་རང་བསྒོམ་གསུང་ནས། ཆོས་རྗེ་རང་བསྒོམ་དུ་བཅུག་པས། རྨི་ལམ་ན་ཞིང་སྙེ་མ་མཐོ་རེ་ཙམ་པའི་གཉེར་བྱེད་པ་རྨིས་སོ། །དེ་ནས་དགེ་སྦྱོར་གྱི་གེགས་དེས་སོལ་བ་དང༌། བོགས་ཆེན་པོ་བྱུང་ངོ༌། །)

དེ་ནས་ཆོས་རྗེའི་ཞལ་ནས། བླ་མ་རིན་པོ་ཆེ་ལ་རྨི་ལམ་དང་བར་དོ་འདྲ་བ་ཡིན་པས་བར་དོའི་ཁྲིད་འདི་སྦྱོངས་གསུང་ནས། ཆོས་དྲུག་གསར་མ་འདི་ཁོང་པའི་སྙིང་དང་འདྲ་བས། ཟླ་བ་ཕྱེད་ཀྱིས་གྲུབ་པ་ཐོབ་པ་ཡིན་པས་འདི་ཚགས་གྱིས་ལ་བསྒོམ། ད་གཟོད་སྟོན་དགོས་པའི་དུས་ཤིག་ཡོད་དེ་ཙམ་སྟོན། འདི་ལ་བྱོན་ན་ཆོས་དྲུག་རྙིང་མ་དང་འདྲ། ཆོས་དྲུག་གསར་མ་འདི། ཁོང་པའི་སྙིང་དང་འདྲ་བས། རྙིང་མ་བཞག་ནས་འདི་སྒོམ་པར་ཡོང་བས་ཁྱོད་ལ་གཏད་པ་ཡིན། ཁ་ཆེམས་རླུང་ལ་འཇོག་པ་ཡིན་པས་འདི་བསྒོམ།

དང་པོ་ནས་སེམས་ཅན་སངས་རྒྱས་ཡིན་པ་ལ་གེགས་དམ་པོས་བསྡམས་ནས་མ་རྟོགས་པ་ཡིན་པས། དེ་རྟོགས་པར་བྱེད་པ་ལ་ཆོས་སྒོ་ཕྱེ་ནས། དང་པོ་ཡི་གེ་བརྒྱ་པས་སྡིག་སྒྲིབ་ཆེན་པོའི་གེགས་སེལ། དེ་ནས་ཕྱག་རྒྱ་ཆེན་པོ་བཏབ་ནས་ལུས་ཀྱི་འཁྲུལ་འཁོར་དང་ལྔ་ལྡན་སྒོམ་དུ་འཇུག ཉམས་ལྟ་ལན་བདུན་བྱས་ཏེ་འཁྲུལ་འཁོར་ལོག་པ་དང༌། རྣམ་རྟོག་རྒོད་པའི་གེགས་སེལ། དེ་ནས་བོགས་འདོན་བྱས་ནས་རྣམ་རྟོག་ཕྲ་མོའི་གེགས་བསལ་ནས། གེགས་དང་བྲལ་བ་དང་ཕྱག་རྒྱ་ཆེན་པོ་སྐྱེ། དེ་བྱུང་ཡང་ངོ་མ་ཤེས་པ་དེ་རྩེ་གཅིག་ཡིན། བླ་མའི་གསུང་གིས་ངོ་མ་ཤེས་པའི་གེགས་དེ་བསལ་ནས། ད་ལྟ་ཁྱོད་རང་ལ་སྐྱེས་པ་དེ་ཕྱག་རྒྱ་ཆེན་པོ་ཡིན་བྱས་ནས་ངོ་སྤྲད་པས། མ་རྟོགས་པའི་གེགས་དེས་བསལ་ནས་སེམས་རྟོག་མེད་དེ་རྟོགས་ནས་ཡོང༌། དེ་སྤྲོས་བྲལ་ཡིན། དེ་ནས་རྣམ་པར་རྟོག་པའི་གེགས་ལ་རྡུགས་པས། གེགས་དེ་བསལ་བ་ལ་གཏུམ་མོ་བསྒོམ་སྟེ། འོད་གསལ་གྱིས་སྟོང་པར་བོགས་འདོན། དེ་ནས་རླུང་སེམས་ནང་དུ་གནས་པས་འདོད་ཆགས་ཀྱི་གེགས་ལྡང་སྟེ། དེ་སེལ་བ་ལ་གསུམ་ཁྲིད་བསྒོམ། དེ་ཐོན་ཆོས་ཀྱིས་འོད་གསལ་དུ་བསྒྱུར། དེའི་དུས་སུ་སེམས་སྤྲོས་བྲལ་དུ་རྟོགས་ཀྱང་ལུས་དང་སྣང་བ་ཨ་འཐས་སུ་ཆགས་པའི་གེགས་འབྱུང༌། གེགས་དེ་སེལ་བར་བྱེད་པ་རྨི་ལམ་གྱི་ཁྲིད་བསྒོམ། དེ་འོད་གསལ་གྱི་སྟོང་པར་བོགས་འདོན། སྣང་བ་རྨི་ལམ་དུ་བལྟ་ཤེས་ཀྱང༌། ད་རུང་ལུས་ཐ་མལ་པའི་ལུས་ལ་ཞེན་པའི་གེགས་བྱུང༌། དེ་བསལ་བར་བྱེད་པ་ལ་སྒྱུ་ལུས་བསྒོམ། དེ་འོད་གསལ་གྱི་སྟོང་པར་བོགས་འདོན། འོད་གསལ་དེ་གཉིད་མ་ལོག་པར་ཡོད་ཀྱང་གཉིད་ཀྱི་གེགས་ལ་རྡུགས་ནས་རྨི་ལམ་དུ་མི་འདྲོངས་པས། གེགས་དེ་སེལ་བ་ལ་འོད་གསལ་གྱི་ཁྲིད་བསྒོམ། དེ་ལྟར་བསྒོམས་ཀྱང་ཚེ་འདིར་སངས་རྒྱས་མ་ཐོབ་ན་འཆི་ཁར་ལུས་འཕོས་པས་བསམ་པའི་རང་གཟུགས་དག་ནས་སངས་རྒྱས་ཐོབ་དགོས་པས་འཕོ་བ་སྦྱོང༌། དེ་འོད་གསལ་ལ་འཕོ། དེ་ཡང་འཕོ་བ་གནད་དུ་མ་སོང་ན་བར་དོར་འོད་གསལ་འཛིན་དགོས་པས་ད་ལྟ་བར་དོ་སྦྱང༌། དེ་འོད་གསལ་དུ་བསྒྱུར། དེ་ལྟར་གང་ལ་གང་དགོས་ཀྱི་དུས་སུ་སྒོམ་པ་ཡིན། སེམས་མི་གནས་པ་གནས་པར་འདོད་ན་བསམ་གཏན་ཐུན་འཇོག་མ་བསྒོམ། དེ་འོད་གསལ་དུ་བསྒྱུར། ལོངས་སྤྱོད་ཆེ་བར་འདོད་ནས་བསོད་སྙོམས་ཀྱི་ཁྲིད་བསྒོམ། དེ་འོད་གསལ་དུ་བསྒྱུར། བདེ་བ་བསྐྱེད་པར་འདོད་ན་ཐིག་ལེའི་ཁྲིད་བསྒོམ། དེ་འོད་གསལ་དུ་བསྒྱུར། བསྐྱེད་རིམ་ལ་བརྟན་པ་ཐོབ་པར་འདོད་ན་བསྐྱེད་རིམ་བཟླས་པ་སྦྱོར་བའི་ཁྲིད་བསྒོམ། དེ་འོད་གསལ་དུ་བསྒྱུར། རྟག་ཏུ་བླ་མའི་ཞལ་མཐོང་བར་འདོད་ན་འཁོར་ལོ་བཞིའི་བླ་མའི་ཁྲིད་བསྒོམ། དེ་འོད་གསལ་དུ་བསྒྱུར། ཆོས་དྲུག་གསར་རྙིང་གིས་གེགས་ཐམས་ཅད་སེལ་དགོས་པར་བསམ་མོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། དོན་གྱི་ཁྲིད་ཀྱི་གེགས་སེལ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།

གེགས་རྣམས་བསལ་ནས་ཡོན་ཏན་བོགས་འདོན་པ་ལ་ཟབ་ཆོས་རྣམས་དགོས་པ་ཡིན་པས། རྩེ་གཅིག་ནས་སྒོམ་མེད་མན་ཆད་ལ་ཆོས་དྲུག་སྤྱིའི་ཆིངས་སུ་བསྟན་པ་ཞིག་ཡོད་ན་ཡང༌། དང་པོ་སྤྲོས་བྲལ་གྱི་དུས་སུ་རྗེས་ཤེས་ཨ་འཐས་པའི་གེགས་ཡོད་པས་དེ་སེལ་བ་དང༌། སྐྱོན་ཡོན་ཏན་དུ་བསྒྱུར་ན་བཅུ་ཆོས་བསྒོམ།

དེ་ནས་རླུང་སེམས་ནང་དུ་གནས་པས་འདོད་ཆགས་སྐྱེ་བའི་གེགས་ཡོང༌། དེ་སེལ་བ་དང་གསང་སྔགས་ཀྱིས་སྐྱོན་ཡོན་ཏན་དུ་སྒྱུར་ན་སུམ་ཆོས་བསྒོམ།

རོ་གཅིག་དང་པོའི་བག་ཆགས་ཀྱི་ས་བོན་རྣམས་གནས་པ་མེད་པར་ལངས་ཡོང་བས། གེགས་དེ་སེལ་བ་དང་སྒྱུར་བ་ལ་མཁས་ཤིང་འབྲས་བུ་སྐྱོན་མེད་ཐོབ་པར་འདོད་ན་འཁོར་ལོ་མ་བསྒོམ། དེས་འཚང་རྒྱའོ། །དེས་སངས་མ་རྒྱས་ན། བག་ཆགས་ཀྱི་ས་བོན་མ་ལྷོངས་པས་མི་འདག་པའི་གེགས་ཡིན། གེགས་དེ་སེལ་བ་ལ་རོ་གཅིག་བར་པ་ལ་བག་ཆགས་ཀྱི་ས་བོན་དག་པར་བྱས་ནས་རིགས་ལྔའི་གྲུབ་པ་ཐོབ་པར་འདོད་ན་འཁོར་ལོ་ལྔ་མ་བསྒོམ། ཀུན་རྫོབ་དོན་དམ་གྱི་གཤིས་ཀྱི་གནས་ལུགས་རྟོགས་པར་བྱས་ནས་འཚང་རྒྱ་བར་འདོད་ན་གཤིས་ངོ་སྤྲོད་བསྒོམ། བཟང་ངན་དུས་ཀྱི་མཚམས་འབྱེད་ན་རླུང་ལྟས་བརྟག་པའི་རྩ་བ་ཅན་བསྒོམ། དབང་པོ་ལྔ་ཡིས་ཕྱག་རྒྱ་ཆེན་པོ་ངོས་འཛིན་དུས་ལྭ་ཝ་པའི་ཚིག་བསྡུས་བསྒོམ། དགེ་སྡིག་གི་མཚམས་འབྱེད་ན་ལུང་མ་བསྟན་ངོས་འཛིན་བསྒོམ། ཕྲིན་ལས་བཞི་ལ་དབང་ཐོབ་པར་འདོད་ན་འཁོར་ལོ་བཞིའི་དེ་ཉིད་བསྒོམ། གསང་སྔགས་ཀྱི་མཐིལ་གོ་བས་ཤེས་བྱའི་སྒྲིབ་པ་དག་པར་འདོད་ན་རྩ་རླུང་མ་བསྒོམ། ཆོས་རྣམས་གང་ཟག་གཅིག་ཏུ་འཁྱེར་ཤེས་པར་འདོད་ན་ཆོས་དྲུག་སྤྱིའི་ཆིངས་བསྒོམ། དེ་རྣམས་ཀྱིས་འབྲས་བུ་སོ་སོར་ཐོབ་བོ། །ཐེག་པ་ཆེན་པོའི་ཚུལ། གེགས་སེལ་བདུད་རྩི་དཔུང་པ་ལས། ཟབ་ཆོས་དགོས་པར་བསྟན་པའི་ལེའི་སྟེ་བཅུ་བཞི་པའོ།།

དེ་ལྟར་ཟབ་ཆོས་རྣམས་བསྒོམས་པས། སྟོང་པ་ཉིད་ལ་རྒྱུ་འབྲས་གནས་ས་མ་རྙེད་པར། ལངས་རྩིས་བྱེད་པ་ལས། དེ་ལུས་གསུམ་ལ་སོགས་གསུམ་ལ་ཡོང་བས། དེའི་གེགས་ལ་རྡུགས་(ཐུག་པའམ་ཐོགས་པ་)ན། གེགས་དེ་སེལ་བ་དང་ཡོན་ཏན་བོགས་འདོན་པ་ལ། ལས་ཆོས་རྣམས་དགོས་པས་བར་ཆད་ཐམས་ཅད་དང་པོ་མ་བྱུང་བ་ནས་སྲུང་དགོས་པས། རང་གཅིག་པུའི་བར་ཆད་བསལ་བས་ཆོག་ན་སྐུ་གསུང་ཐུགས་ཀྱི་སྲུང་འཁོར་བསྒོམ། རང་འཁོར་དང་བཅས་པ་སྲུང་དགོས་ན་བསྲུང་འཁོར་ཞལ་གདམས་མ་དང༌། གཏུམ་མོ་སུམ་བརྩེགས་དང༌། བདེ་མཆོག་གི་སྲུང་འཁོར་བསྒོམ། མི་ནད་ཅན་གྱི་གེགས་ལ་རྡུགས་ན་དབང་བསྡུད་བསྒོམ། ལྟས་བཟང་ངན་གྱི་གེགས་ལ་རྡུགས་ན་ཉམས་གསུམ་གྱི་གདམས་ངག་བསྒོམ། གདོན་དྲག་པོའི་གེགས་ལ་རྡུགས་ན་ཀླུ་ཆེན་བརྒྱད་ཀྱི་གདམས་ངག་བསྒོམ། མཁའ་འགྲོ་མའི་རྒྱས་ཐེབས་པའམ། འདྲེས་འཁྲིད་པ་ལྟ་བུའི་གེགས་ལ་རྡུགས་ན་ཨ་གཅིག་པད་དཀར་གྱི་གདམས་ངག་བསྒོམ། ལྷན་ཅིག་སྐྱེས་པའི་ལྷ་འདྲེའི་གེགས་བྱུང་ན་གསེར་ཆོས་ཀྱི་གདམས་ངག་བསྒོམ། དཀོར་ཟས་ཀྱི་གེགས་ལ་རྡུགས་ན་ཁ་ཟས་ཀྱི་རྣལ་འབྱོར་བསྒོམ། བདེ་བ་ཤས་ཆུང་བའི་གེགས་ལ་རྡུགས་ན་ལྷན་སྐྱེས་སྙོམས་འཇུག་བསྒོམ། འཆི་རྟགས་ཐམས་ཅད་ཟློག་ན་ཀུ་སཱ་ལིའི་ཚོགས་གསོག་བསྒོམ། ཅིས་ཀྱང་མི་ཟློག་པའི་འཆི་རྟགས་ལས་ཀྱི་གེགས་ལ་རྡུགས་ན་རྟ་རྟོད་ཕུར་ལ་གནོན་པའི་གདམས་ངག་བསྒོམ། བསམ་པའི་དོན་མ་གྲུབ་པའི་གེགས་ལ་རྡུགས་ན་དོན་གྲུབ་ལུགས་གསུམ་གྱི་གདམས་ངག་སྒོམ། བདེ་སྐྱིད་འབྱུང་ལུགས་འཁྲུལ་བའི་གེགས་ལ་རྡུགས་ན་གཡོན་པ་ཀུན་སྤྱོད་བསྒོམ། གདོད་མ་ནས་ལྷ་ཡིན་པ་ངོ་མ་ཤེས་པའི་གེགས་ལ་རྡུགས་ན་གསང་སྔགས་བཙན་ཐབས་སུ་ངོ་སྤྲོད་པ་བསྒོམ། སངས་རྒྱས་དང་བླ་མའི་སྐུའི་དགྲ་ལ་རྡུགས་ན་སྦྱོར་གྲོལ་གྱི་གདམས་ངག་བསྒོམ། བདེ་བ་སྐྱེར་མ་འདོད་ན་སྟེང་སྒོ་རྦ་རླབས་ཀྱི་གདམས་ངག་བསྒོམ། དེས་ཀྱང་མ་སྐྱེས་ན་འོག་སྒོ་སྙོམས་འཇུག་གི་གདམས་ངག་བསྒོམ། དེས་ཀྱང་མ་སྐྱེས་ན་གཏུམ་མོ་ཙཎྜ་ལིའི་གདམས་ངག་བསྒོམ། བདེ་བ་དང་ཉམས་མྱོང་གསང་མི་ཐུབ་པའི་གེགས་ལ་རྡུགས་ན་སྲོག་རྟ་རྔ་ཙམ་ཞིག་འཚོ་ཤེས་པའི་གདམས་ངག་སྒོམ། བདེ་བ་མི་ཐུབ་པའི་གེགས་བྱུང་ན་སྲོག་བྱའི་སྒོ་ང་ཙམ་ཞིག་ཟ་ཤེས་པའི་གདམས་ངག་བསྒོམ། བདེ་སྟོང་འབྱེད་མི་ཤེས་པའི་གེགས་བྱུང་ན་དེའི་དུས་སུ་ཞག་ཉ་མིག་ཙམ་ཞིག་ཉབ་ཤེས་པའི་གདམས་ངག་བསྒོམ། མཁའ་འགྲོ་མའི་བར་ཆད་ཀྱི་གེགས་བྱུང་ན་མཁའ་འགྲོའི་སྲོག་འཚོའི་གདམས་ངག་བསྒོམ། ལྟས་ངན་གྱི་རླུང་གི་གེགས་ལ་རྡུགས་ན་ནུ་མ་བཅུད་ལ་འབོར་བའི་གདམས་ངག་བསྒོམ། ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་གེགས་ལ་རྡུགས་ན་བཅུད་པ་གསུམ་གྱི་འཁྲུལ་འཁོར་བསྒོམ་མོ། །ལས་ཆོས་ཀྱི་ཆོས་སྐོར་གྱིས་ལྟས་ངན་གྱི་གེགས་སེལ་དགོས། ལྟས་བཟང་པོ་བོགས་འདོན་དགོས་སོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། ལས་ཆོས་དགོས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།

དེས་ཀྱང་མ་ཐུབ་པར་སྐྱེ་བ་སྔ་མའི་ལས་ངན་རྣམས། སྟོང་པར་བསྒོམས་པས་ལྷོངས་ནས་ནད་དུ་ལངས་ན། ན་ཚའི་གེགས་ལ་རྡུགས་ནས་འགྲོ་བས་དེ་སེལ་བ་ལ། རྟེན་འབྲེལ་དང༌། འཁྲུལ་འཁོར་དང༌། དམིགས་པ་གསུམ་གྱིས་སེལ་དགོས། དམིགས་པས་མི་ཟིན་པ་དང་ཆོས་མེད་པ་ལ་རྟེན་འབྲེལ་དང་འཁྲུལ་འཁོར་གྱིས་གེགས་སེལ་བ་ཡིན། སློབ་དཔོན་རྩི་ལུང་པ་དང་སློབ་དཔོན་རྩག་གཉིས་ཀ་ཆོས་རྗེའི་རྟེན་འབྲེལ་གྱི་ནད་ཀྱིས་གེགས་བསལ་བ་ཡིན། ནད་ངོས་མ་ཟིན་པའི་གེགས་བྱུང་ན་དཀྱིལ་ཀྲུང་དང་ནད་བརྒྱ་སྨན་གཅིག་གིས་སོས་པ་ཡིན་པས་དེ་བསྒོམ།

སྤྱིར་ནད་ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ་རྐྱེན་གཉིས། གནས་པར་བྱེད་པའི་གཞི། འཇིག་པར་བྱེད་པའི་བཅོས་དང་གསུམ་ཡིན་ནོ། །དང་པོ་འབྱུང་བར་བྱེད་པའི་རྒྱུ་ནི། སྔོན་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་གྱི་རྒྱུ་ནི་རང་ལ་སྨིན་པ་ཡིན། དེ་ལྡང་བའི་རྐྱེན་ནི་ཉོན་མོངས་པ་ཡིན་ཏེ། དེ་ཡང་འདོད་ཆགས་ལས་གྲང་ནད་ལྡང༌། གདོན་མོ་གདོན་གནོད། ཞེ་སྡང་ལས་རླུང་ངམ་ཚད་པའི་ནད་ལྡང༌། གདོན་ཕོ་གདོན་གནོད། གཏི་མུག་ལས་བད་ཀན་ལྡང༌། མཛེའི་རིགས་རྣམས་ལྡང༌། གདོན་ས་བདག་གནོད། ང་རྒྱལ་ལས་མཁྲིས་པའི་ནད་ལྡང༌། གདོན་ཀླུ་བདུད་གནོད། ཕྲག་དོག་ལས་འདུས་པའི་ནད་ལྡང༌། ནད་ཆ་མཉམ་པར་འདུས་པ་སྐྱེ། གདོན་ཀླུ་བཙན་གནོད།

གནས་པའི་གཞི་ཡང༌། ཉོན་མོངས་པ་གནས་པ་དེ་ཙམ་དུ་གནས་སོ། །འཇིག་པའི་བཅོས་ནི་དགེ་བ་ཡིན། ཉོན་མོངས་པ་ལྔ་གཏིང་ནས་སྤངས་ནས་ཚོགས་བསགས་པས་ནད་ཐམས་ཅད་སོས་པ་ཡིན། ཉོན་མོངས་པ་རྒྱུན་མ་ཆད་ན་དམིགས་པ་སྒོམ་ལོ་བྱས་ཀྱང་ནད་སོས་པ་མི་སྲིད། རྟེན་འབྲེལ་གྱིས་ནད་སོས་ཏེ་བོགས་མི་ཡོང༌། དམིགས་པས་ནད་གསོས་པས། དེ་ཐབས་སུ་སོང་ནས་རྟོགས་པ་ལ་བོགས་ཡོང་བ་ཡིན་གསུངས་པས། དམིགས་པས་ནད་གསོ་བ་གནད་ཆེ་བ་ཡིན། དང་པོ་རང་ལ་ནད་གང་བྱུང་ཡང་ཙབ་ཙུབ་མང་པོ་མི་བྱ་བར་དམིགས་པ་ལ་འབད་པ་གལ་ཆེ། ནད་སོས་ན་ཡང་དམིགས་པས་སོས། མ་སོས་ན་ཡང་དམིགས་པས་མ་སོས། འཆི་བའི་དུས་ལ་བབ་ན་སངས་རྒྱས་སྟོང་གིས་ཀྱང་མི་ལྷོགས། རྐྱེན་དང་བར་ཆད་ཡིན་ན་དམིགས་པས་མི་སོས་པ་གང་ཡང་མེད། སྨན་གྱིས་ནད་སོས་ཏེ་གདོན་མི་སོས། སྔགས་དང་རིམ་འགྲོས་གདོན་སོས་ཏེ་ནད་མི་སོས། སྨན་དང་སྔགས་ཀྱིས་མ་སོས་པ་དམིགས་པས་སོས་པ་ཡོད། དམིགས་པས་མ་སོས་པ་སྨན་དང་སྔགས་ཀྱིས་སོས་པ་མེད།

དམིགས་པས་ནད་དང་གདོན་གཉིས་ཀ་སོས་པས། དམིགས་པ་རང་ལ་བློ་ལིངས་ཀྱིས་བཀལ་ལ། བཟང་དྲུག་ཐུན་གཅིག་བླ་མ་དཀོན་མཆོག་ལ་འབུལ། ནད་སོས་པའི་རྟེན་འབྲེལ་ཡིན། དེ་ནས་བླ་མ་སངས་རྒྱས་སྨན་གྱི་བླར་བསམ་ལ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། མཆོད་པ་དཔག་ཏུ་མེད་པས་མཆོད། ལུས་ལོངས་སྤྱོད་ཐམས་ཅད་འབུལ། བདག་གི་ནད་འདི་སོས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སྙིང་ཐག་པ་ནས་གསོལ་བ་གདབ། གསོལ་འདེབས་ཀྱི་གཏོར་མ་བཞི་ཡང་བཤམས་ལ་གསོལ་བ་དྲག་པོ་གདབ།

དེ་ནས་དམིགས་པ་བསྒོམ་པར་བྱ་སྟེ། དང་པོ་ལམ་གཏོང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལུས་ཡི་དམ་གྱི་ལྷར་བསྒོམ་པ་དང༌། བླ་མ་བསྒོམ་པ། སྟོང་ར་བསྒོམ་པ་དང་བཞི་པོ་འདི་ནད་ཐམས་ཅད་ལ་སྔོན་ལ་བསྒོམ་དགོས། དེ་ནས་དམིགས་པ་བསྒོམ་པ་ཡིན། དང་པོ་དེད་དཔོན་མཛའ་བོའི་བུ་མོས་ལམ་གཏོང་གཅིག་པུས་ཀྱང་དམྱལ་བའི་ནད་ཀྱང་སོས་པ་ཡིན། (ཆོས་རྗེས་ནི་སྙིང་རྗེ་དང་བྱང་ཆུབ་སེམས་གཅིག་པུས་ཀྱང་མཛེ་ནད་ཀྱང་སོས་པ་ཡིན།) འདམ་པ་ཡ་པོས་ལུས་ཡི་དམ་གྱི་ལྷར་བསྒོམས་པས་ནད་སོས་པས་ཡིན། རྩ་ཐུ་འབག་པས་བླ་མ་སྒོམ་པ་གཅིག་པུས་མཛེ་ནད་ཀྱང་སོས་པ་ཡིན། དུག་ནད་སྟོང་ར་གཅིག་པུས་ཀྱང་སོས་པ་ཡིན། ཅིག་ཅར་དུ་སོས་པར་འདོད་ན་དེ་རྣམས་སྔོན་དུ་སོང་ནས་ལོར་ན་བ་ལ་སྟོང་ར་ཉི་ཤུ་རྩ་གཅིག་བསྒོམ། ཟླ་ནད་ལ་ཞག་ བདུན་ཙམ་བསྒོམ། ནད་གློ་བུར་དུ་བྱུང་ན་ཐུན་རེ་བསྒོམ། སྟོང་ར་གང་ཡིན་སྙམ་ན་ལམ་དུ་བཏང༌། བྱང་ཆུབ་ཏུ་སེམས་ བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ། བླ་མ་གསང་གནས་སུ་བསྒོམ། དེའི་ཁོང་པའི་ནང་གི་རྒྱུ་ལྟོ་ཉལ་ཉིལ་ནས། ནང་རོལ་ལ་སོགས་གང་ཡང་མེད་པ། ཕྲུ་མ་ཕུས་བཏབ་པ་འདྲ་བའི་གཙང་སིང་ངེ་བ་ཞིག་ཏུ་བསྒོམ། དེ་ལྟར་བསྒོམས་པས་ནད་ཐམས་ཅད་གཏན་ནས་མེད་པ་གཅིག་ཏུ་ཧྲིལ་གྱིས་འདུས་ནས་ཡོང༌། དེ་ཡང་སྨད་དུ་འདུས་ནས་ཡོང་སྟེ། ནད་གར་འདུས་སར་སྔར་བས་ནར་ཡོང༌། དེ་ནས་ནད་ཕྱིར་འདོན་པ་ནི། ན་ས་དེར་བླ་མའི་སྐུ་ཚོན་གང་བ་ཞིག་བསམ། དེ་ལས་ཡེ་ཤེས་ཀྱི་མེ་སྦ་ལྕག་ཙམ་བྱུང་ནས་འོག་ན་མར་འབར་བར་བསམ་ཞིང༌། དམིགས་པ་མེའི་རྩེ་མོ་ལ་གཏད་པས་སོས་པ་ལ་ཚེགས་མེད་དོ།། དེས་ནད་ཐམས་ཅད་ཕན་ནོ། །ནད་བརྒྱ་སྨན་གཅིག་གིས་སོས་པའི་དམིགས་པ་ཡིན་ནོ། །

ནད་རེ་རེ་ལ་དམིགས་པ་རེ་རེ། དམིགས་པ་ནི་སྒོམ་ཆེན་པ་ལ་དང་པོ་རླུང་ལོག་ནས་ཡོང་བ་ཡིན་པས་རླུང་ལོག་གི་དམིགས་པ་ནི། རླུང་ལོག་ཡོང་བའི་རྒྱུ་དང༌། བྱུང་བའི་རྟགས་དང༌། དེ་སེལ་བའི་དམིགས་པའོ།།

དང་པོ་ཡོང་བའི་རྒྱུ་ནི། སྒོམ་ཆེན་པའི་ཏིང་ངེ་འཛིན་ནི་གནད་དུ་སོང་བས་སྔོན་གྱི་ལས་ངན་རྣམས་ལྷོངས་ནས་རླུང་ལོག་ཡོང་བ་ཡིན་ཏེ། ཨ་མོ་གྷ་པ་ཤའི་རྒྱུད་ལས། གང་ཚེ་དངོས་གྲུབ་འབྱུང་བའི་ཚེ། །དེ་ཚེ་ལས་ཀྱང་ལྡོག་པར་འགྱུར། །ཞེས་གསུངས།

ཉེ་བའི་རྐྱེན་ནི་དམིགས་པ་མཐོས་པ་དང༌། འཁྲུལ་འཁོར་མ་ལེགས་པ་སྟེ་རོ་སྟོད་དགུར་བ་དང༌། ཤེས་པ་སྒྲིམས་ཐལ་བ་དང༌། རྣམ་རྟོག་མགོ་མ་ནོན་པ་དང༌། གྱེན་དྲག་པོ་ལ་ཕྱིན་པ་ལ་སོགས་པ་ལས་ཡོང་བ་ཡིན་ནོ། །

བྱུང་བའི་རྟགས་ནི། ཤེས་པ་མི་གནས། ཁ་སྐོམ། འགྲོ་སྙིང་འདོད། སེམས་འཕྲོ། སྙིང་སྲབ། སྙིང་མི་དགའ། ཟུར་ར་རགས། དགེ་སྦྱོར་མེད་པ་ལ་ཀླུ་དང་བསེན་མོའི་ཆོ་འཕྲུལ་རྨི། དགེ་སྦྱོར་ཡོད་པ་ལ་སངས་རྒྱས་ཀྱི་ཞལ་མཐོང༌། རེས་འདྲེ་མཐོང་ཉམས་མཐོ་དམན་སྣ་ཚོགས་པ་ཡོང་ངོ༌། །

དེ་རྣམས་བྱུང་ན་རླུང་ལོག་པ་ཡིན་པས། དབེན་པའི་གནས་སུ་འབོལ་བའི་གདན་གདིང༌། རྐང་པ་དཀྱིལ་ཀྲུང་ལྷོད་པར་བྱ། ལག་པ་བརླའི་སྟེང་དུ་ལག་མཐིལ་མར་བསྟན་པ་ཅི་བདེར་བཞག རྐེད་པ་དྲང་པོར་སྲོངས། རོ་སྟོད་དགྱེ་བར་བྱ། མིག་ཕྱེ་ བ་དང་ཙུམ་པ་དམིགས་པ་གནད་དུ་གང་འགྲོ་བྱ། དམིགས་པ་ལྟེ་བའི་འོག་ཏུ་བླ་མའི་སྐུ་ཁྱུད་གང་བ་ཞིག་བསམ། དེ་ལས་མེ་གླ་བའི་རིལ་མ་ཙམ་ཞིག་བྱུང་ནས་ས་འོག་ན་མར་སོང་བར་བསམ། དམིགས་པ་ཡར་མི་ལྡོག ཤེས་པ་མི་གསལ་རྐང་པ་ལ་མར་མ་བྱུགས་པར་ཤད་ཤད་བྱ། དེ་ནས་དྲན་པ་རྙེད་ནས་དམིགས་པ་བསྒོམ། མེའི་རྩེ་མོ་ལ་ཤེས་པ་གཏོད་པ་གལ་ཆེ་བ་ཡིན། མལ་ས་སྔས་མཐོ་བ། བྱིན་གཞོལ་བ་ལ། ཐང་ཆད་པ་དང་ཕྱི་གན་དུ་ཉལ་ལ་བསྒོམ། ལག་པ་བརླ་རྩ་ན་མར་བརྐྱང༌། རྐང་པ་བརྐྱང༌། རྐེད་པ་མན་ཆད་ལ་སྐུ་མཉེ་བྱུག ཟས་བཅུད་ཆེ་བར་བཟའ། ས་འོག་འདོམ་གསུམ་ཙམ་ནས་བྱུང་བའི་རྡོ་སྲབ་མཐུག་རན་པས་དུག་བྱ་གྲང་བའི་བཅས་སྤང༌། དེས་སོས་སོ།།

དམུ་ཆུའམ་གེགས་ལ་རྡུགས་ན་དེའི་དམིགས་པས་གེགས་བསལ་བར་བྱ་སྟེ། དང་པོ་དམུ་ཆུ་བྱུང་བའི་རྒྱུ་དང༌། བརྟག་པའི་ཐབས་དང༌། དེ་སེལ་བའི་བཅོས་དང༌། རྗེས་བཅད་པ་དང་བཞི་ཡིན།

དང་པོ་རིང་བའི་རྒྱུ་སྔར་དང་འདྲ། ཉེ་བའི་རྒྱུ་འཁྱགས་ཆེས་པ་དང༌། བརླན་ལ་ཡུན་རིང་བསྡད་པ་དང༌། ས་བདག་གི་གདོན་གནོད་པ་དང༌། ཆུ་དུས་སུ་མ་བཙགས་པར་བསྡམས་པ་དང༌། ཆུ་ལྷག་མ་ལུས་པ་དང༌། རླུང་གནད་དུ་མ་ཚུད་པ་དང༌། སྒོམ་ཆེན་པའི་དབང་དུ་བྱས་ན་བདེ་བ་ཉམས་ཀྱིས་དོགས་ནས་འདྲེན་པའི་མཐར་བསྲུང་བའི་འཁྲུལ་འཁོར་འདི་བྱས་པས་ལན་གཅིག་ལྡོག་པ་ལྟར་འོང་སྟེ། རླུང་གྱེན་ལ་ལོག་ནས་དྲི་ཆེན་དྲི་ཆུ་རྣམས་རིམ་ཆགས་ནས། ལོ་གསུམ་ན་ཚུར་གསལ་བ་འདོད་ཀྱིས་ཡོང་བ་ཡིན། རྗེ་རིན་པོ་ཆེ་ཉིད་ལ་ཡང་ལོ་གསུམ་ན་ཚུར་གསལ་བ་ལས་མ་ཚོར། སྐུ་ཁམས་ཨེན་ཅིག་འཕར་ནས་འདུག་པ་ཉེ་གནས་སྒོམ་གསལ་བྱ་བའི་མི་དབང་པོ་ཤིན་ཏུ་རྣོ་བ་ཞིག་ཡོད་པས། འདིར་ཆུ་འདུག རླུང་གསང་ཐམས་ཅད་འཕར་ནས་འདུག་ཟེར། དེ་ནས་སྐུ་ཇེ་སྙུང་ཇེ་སྙུང་ལ་ཟླ་བ་དགུ་རུ་སྙུང་ནས། གྲོངས་སམ་སྙམ་པ་ལ་ཐུག་པའི་དུས་སུ། དཔལ་ཕག་མོ་གྲུ་པས་གསུངས་པ་ཡིན་ནམ། ལྷའི་བུས་གསུངས་པ་ཡིན་ནམ། ཆོས་རྗེའི་ཞལ་ནས། བླ་མ་རིན་པོ་ཆེ་ལ་སོགས་པའི་ཉེ་གནས་རྣམས་ལ། ད་ནང་ཐོ་རངས་ཀྱི་ནམ་མཁའི་སྒྲ་དེ་ཐོས་སམ་གསུངས། མ་ཐོས་ཞུས་པས་ཚིགས་སུ་བཅད་པ་འདི་བྱོན་ཏེ། ལྷག་མ་རླུང་གི་སྦྱོར་བ་ཡིས། །སྐྲན་དང་དམུ་ཆུ་འབྱང་བར་འགྱུར། །རྡོ་རྗེ་སྲིན་པོའི་འཁྲུལ་འཁོར་གྱིས། །ཉེས་པ་ཐམས་ཅད་དབྱུང་བར་བྱ། །ཞེས་པ་འདི་གསེར་ཁང་གི་ནམ་མཁའ་ལ་གྲགས་ནས། དེ་ཐོས་སམ་བྱས་པ་ཡིན། འོ་ནའང་ང་རང་གི་ཡིད་ལ་བྱུང་བ་ཡིན་སྲིད་གསུངས། འོ་དེ་རྣམས་ཀྱི་དོན་ཤེས་སམ་གསུངས། མ་ཤེས་ཞུས་པས། དེ་ལ་འདི་ལྟར་བྱེད་པ་ཡིན་གསུངས་ནས། དེའི་ཉིན་མོ་ནས་གཟིམ་མལ་གྱི་སྔས་ལེགས་པར་གཏོད་ནས་འཁྲུལ་འཁོར་འདི་མཛད་པས་ཆབ་ཐོན་པ་ལ་ཚེགས་མ་བྱུང༌། དེ་ཉིན་རང་ལ་བྲེ་ལྔ་ཙམ་ཐོན། དེ་ནས་ཚེགས་མེད་པར་ཞག་ལྔས་སོས་པ་ཡིན་གསུངས།

གཉིས་པ་བརྟག་པའི་ཐབས་ལ། མགོ་ན་ནས་ཟས་མི་འཇུ། སྐོམ་འཐུངས་ཀྱང་འཆག་རྒྱུ་མེད། རྐང་པའི་བོལ་གོང་དང་ལྕེའི་འོག་དང་དམིགས་ཕུགས་དང་བཅུ་དྲུག་མདོ་ལ་སོགས་པའི་རླུང་གསང་རྣམས་སྐྲངས། ལུས་ཟུངས་ཆུང་ངོ༌། །

གསུམ་པ་འདོན་པའི་ཐབས་ནི། སྟན་དཔའུ་དཀར་པོ་བྱ། མལ་སྔས་མཐོ་བ། བྱིན་གཞོལ་བར་བྱ། རྐང་པ་མར་ཤར་གྱིས་བརྐྱང་ལ་དེ་ནས་ཅུང་ཟད་བསྐུམ། རྟིང་པ་གཉིས་ཕྱིར་འགྱེལ་བ་ལ་མཐེབ་མོའི་རྩེ་མོ་སྤྲད་པ་ཙམ་བྱ། ལག་པ་གཉིས་ཀྱིས་འཕོངས་ཚོས་ནས་ཡར་འཐེན་པ་ཙམ་བྱ། དེ་ནས་རླུང་མནན་གྱིན་འཐེན་པས། སྦུ་བ་འདྲ་ཚོ་གཅིག་མར་ལ་ཡོང༌། དེ་ནས་ཆུ་འཆག་པའི་འཁྲུལ་འཁོར་བྱས་ལ་དེ་ནས་ལམ་དུ་བཏང༌། སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ། ལྟེ་བའི་འོག་ཏུ་བླ་མ་དམ་པའི་སྐུ་ཚོན་གང་བ་ཞིག་བསྒོམ། དེ་ལས་ཡེ་ཤེས་ཀྱི་མེ་ཐུར་དུ་འབར་བས། ཆུ་ལམ་ལ་ཐོན་ན་རྩ་ཕྲ་བས་ཆད་འགྲོ། ཐིག་ལེ་ཡང་ཉམས་འགྲོ་བས་མེ་དེ་ལ་འབར་བར་མི་བསམ། བཤང་ལམ་ན་མར་མེ་འབར་བར་བསམ་ན་ཆུ་དུས་གཅིག་ལ་ཐོན་ནས་འགྲོ་བས་མེ་དེ་ལ་འབར་བར་མི་བསམ། མེ་ཆུ་ལམ་དང་བཤང་ལམ་གཉིས་ཀྱི་བར། བག་ཆུ་ལམ་ལ་ཉེ་ཙམ་ན་མར་འབར་བར་བསམས་ནས། འདོམ་སུམ་ཅུ་རྩ་ལྔ་ན་མར་སོང་བར་བསམ། དེའི་དུས་སུ་འོག་རླུང་བཤང་ལམ་ལ་ཕུལ་ཙམ་བྱའོ། །དམིགས་པ་མེའི་རྩེ་མོ་ལ་གཏད་ལ་བསྒོམ། དེ་ལྟར་བསྒོམས་པས་ཆུ་མར་ལ་ཐོན་ནས་ཡོང༌། ཧ་ཅང་འབྱངས་དྲགས་ན་འཆི་དོགས་ཡོད་པས། འོག་རླུང་དལ་བར་འཇམ་མོར་ཐེན་པས་འབྱངས་པ་འཆད་དོ། །

བཞི་པ་རྗེས་བཅད་པ་ནི། ཟླ་བ་གཅིག་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བསྒོམ། དེས་ཡར་ལྷན་དུ་འགྲོ། དམིགས་པ་དེ་ཉིད་ཟླ་བ་རེ་ཙམ་དུ་སྲིངས་ལ་བསྒོམ། དམིགས་པ་ཡུན་ཐུང་ན་རྩ་མིག་ཏུ་ཆུའི་ལྷག་མ་ལུས་ནས། རྩ་རུལ་ནས་ནད་ལྡོག་པ་ཡིན། བླ་མ་མལ་ཞིག་ཀྱང་དམིགས་པ་ཡུན་ཐུང་བས་ལན་པ་ཡིན་གསུངས་པས་ཆུ་ཟད་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེའོ། །རྩ་སྟོང་པར་ཡོད་པས་སེམས་གསུམ་གྱི་རླུང་བཅུག་པས་ཡོན་ཏན་བོགས་ཐོན་ནས་ཡོང་བ་ཡིན་ནོ། །དེ་ལྟར་སྒོམ་དུས་ཟས་དང་ཁར་ཅི་བྱུང་བཏང་ངོ༌། །དམུ་ཆུའི་གེགས་སེལ་ལོ། །

དེ་ནས་དུག་གི་གེགས་དབྱུང་ན། དང་པོ་ལམ་དུ་བཏང༌། སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་སྟོང་པར་བསྒོམ། དུག་བྱུང་ནས་ཡུན་རིང་དུ་ལོན་ན་སྟོང་ར་ཡུན་རིང་དུ་བསྒོམ། བྱུང་མ་ཐག་ཡིན་ན་ཡུན་ཐུང་བས་ཆོག སྟོང་ར་ཕྲུ་མ་ཕུས་བཏབ་པ་བཞིན་དུ་བརྩོན་འགྲུས་དྲག་པོས་བསྒོམས་པས། སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ན་ཡོད་པའི་དུག་ཐམས་ཅད་ཐོན་ནས་སྨད་དུ་འདུས་ཡོང༌། གར་འདུས་པའི་སར་སྔར་བས་ན་ཡོང་བས་ན། དེར་བླ་མའི་སྐུ་ཚོན་གང་བ་ཞིག་བསམ། དེ་ནས་ཕྱིར་འདོན་ཏེ། འདི་ལ་མར་བཤལ་བ་དང་སྐྱུག་པ་གཉིས་ལས། སྐྱུག་པ་འདི་ནད་པ་ལ་གཟན་པར་འདུག་གསུངས། བཤལ་བ་ལ་པདྨ་དཀར་པོ་ཁ་ཕྱིར་བསྟན་པ་ཞིག་བསམ། དེ་ལ་ཤེས་པ་མ་ཡེངས་པར་གཏད། ཡང་ན་གཞུ་གུ་ཐུང་ན་མར་མེ་འབར་བར་བསམ། ས་འོག་དཔག་ཏུ་མེད་པ་ནས་མར་སོང་བར་བསམ། རླུང་ཅུང་ཟད་མནན་པས་བཤལ་ནས་མ་ཐོན་ན་ཆུ་སྐོལ་ལ་ཐར་ནུ་བ་གཏང་བས་ཐོན་པ་ལ་ཚེགས་མེད་དོ། །ཡང་རྨོངས་པ་ངོ་མཚར་སྐྱེད་པར་འདོད་ན། མདུན་དུ་རིན་པོ་ཆེའི་སྣོད་བཞག་ལ། སྐེ་དེངས་དེངས་པ་སྐྱུག་པའི་འཁྲུལ་འཁོར་བྱས་པས་དུག་ཐམས་ཅད་སྔོ་ལྗང་ཁྱུག་ཁྱུག་པ་སྐྱུག སྣོད་ལ་ཁད་ཁད་འབྱར་ནས་མི་ཁོག་པ་ཡོང༌། དེ་ནས་རྗེས་བཅད་པ་ནི་ལྟེ་བའི་འོག་ཏུ་བླ་མ་བསྒོམས་ནས། དེ་ལས་ཡེ་ཤེས་ཀྱི་མེ་སྦ་ལྕག་ཙམ་ཞིག་ཐུར་དུ་འབར་ཏེ། བཤང་ལམ་ནས་ས་འོག་ན་མར་ལ་འདོམ་སུམ་ཅུ་ཙམ་ན་མར་ལ་སོང་བར་བསམ་ཞིང་དམིགས་པ་མེའི་རྩེ་མོ་ལ་གཏད་པ་བསྒོམ། དེ་ནས་ཞག་འགའ་ཧཱུྃ་མཐིང་ནག་མགོ་ཐུར་དུ་བསྟན་པ་ཞིག་བསྒོམ། དེ་ལས་མེ་ཐུར་དུ་འབར་བར་བསམ་པས་དུག་གི་རིགས་ཐམས་ཅད་སོས་ནས་ཡོང་གསུངས་སོ། །དུག་གི་གེགས་སེལ་ལོ། །

ཡང་སྐྱེ་བ་སྔོན་མའི་ལས་ངན་རྣམས་དགེ་སྦྱོར་བྱས་པས་ལྷོངས་ནས། སྟོང་པ་ལ་གནས་ས་མ་རྙེད་པར་ལངས་ནས་མཛེ་ལ་སོགས་པར་ལྡང་བས་མཛེའི་གེགས་ལ་རྡུགས་ཉེན་ཡོད་པས། མཛེ་བྱུང་ན་སྟོང་ཉིད་སྙིང་རྗེ་མཛེ་འུར་འདེད་བསྒོམ། དེ་ལ་ལུས་ཀྱི་འཁྲུལ་འཁོར། སེམས་ཀྱི་འཁྲུལ་འཁོར། ངག་གི་འཁྲུལ་འཁོར་གསུམ་གྱིས་ཉམས་སུ་བླང་ངོ༌། །

དང་པོ་ལུས་ཀྱི་འཁྲུལ་འཁོར་ནི། ལུས་དཀྱིལ་ཀྲུང་བྱ། སྨིན་ཕྲག་བསྡུས་ནས་མཆི་མ་ལྷུག་པ་བཞིན་དུ་བྱ། སེམས་ཀྱི་འཁྲུལ་འཁོར་འདུ་ཤེས་པ་རྣམ་པ་ལྔའི་སྒོ་ནས་སྙིང་རྗེ་བསྒོམ། དང་པོ་མའི་དྲིན་དྲན་པར་བྱ། དེ་ནས་བདག་ལ་གནོད་པར་བྱེད་པའི་འདྲེ་འདི་བདག་གི་མ་ཡིན་པས་སྙིང་རེ་རྗེ། མ་འདིས་བུའི་དོན་དུ་ལས་ངན་པ་བྱས་པའི་སེམས་འཁྲུལ་ནས་གཞན་ལ་གནོད་པ་མི་སྐྱེལ་དབང་མེད་པས་འདི་སྙིང་རེ་རྗེ་སྙམ་དུ་བསམ། གཞན་ལ་གནོད་པ་བསྐྱལ་བའི་འབྲས་བུ་ངན་སོང་དུ་སྐྱེ་སྟེ་སྙིང་རེ་རྗེ་ངན་སོང་དུ་ལན་གཅིག་སྐྱེས་པས་མི་ཆོག་སྟེ། འཁོར་བ་མཐའ་མེད་དུ་འཁྱམ་དགོས་པས་སྙིང་རེ་རྗེ། འཁོར་བ་མཐའ་མེད་དུ་འཁྱམས་པའི་དུས་སུ་རེ་ས་བུ་རང་ཉིད་མིན་པ་མེད་སྙིང་རེ་རྗེ་སྙམ་དུ་བསམ།

ངག་གི་འཁྲུལ་འཁོར། བདག་ལ་གནོད་པར་བྱེད་པ་འདི་སྙིང་རེ་རྗེ་སྙིང་རེ་རྗེ་ཞེས་ཕྲེང་བ་ལ་བགྲངས་པ་སྟོང་སྟོང་ཙམ་དང༌། སེམས་ལ་ཚུགས་པ་མེད་པར་བསྒོམ། སེམས་ལ་ཚུགས་པ་མེད་པའི་སྙིང་རྗེ་དེ་སྐྱེས་ན་ནད་བཟློག གནོད་བྱེད་ལ་སྙིང་རྗེ་མ་སྐྱེས་ན་ནད་མི་སོས་པ་ཡིན། གནོད་བྱེད་ལ་སྙིང་རྗེ་སྐྱེས་པས་ནད་སོས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེས་པས་ནད་མི་ལྡོག་པ་ཡིན། དེ་ནས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལྔ་ལྡན་བསྒོམ་སྙམ་དུ་བསམ་ནས། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པས་མཛེ་སོས་པ་ལ་ཚེགས་མེད། དམིགས་པ་སྙིང་རྗེ་གཅིག་པུ་ཡིན་པས་ཅིས་ཀྱང་མ་ཡེངས་པ་ཞིག་དགོས། མཛེ་འུར་འདེད་དུ་ལྷའི་སྒྲ་བཙུན་རྒོད་ཀྱིས་བཏང་བ་ཡིན་གསུངས། ཆོས་རྗེ་ལ་མཛེའི་གེགས་སེལ་བ་དང་སངས་རྒྱས་སུ་བོགས་ཐོན་པ་ཡིན་གསུངས།

ཡང་མིད་དཀྱུས་(བད་ཀན་གྲེ་ཐོགས་)ཀྱི་གེགས་ལ་རྡུགས་ན་གེགས་དེ་སེལ་དགོས་པས། མིད་དཀྱུས་བྱུང་བའི་རྒྱུ་ཕོ་བའི་མེ་དྲོད་ཤི་བས་མ་ཞུ་བ་དང༌། ནོར་གྱི་ཞེན་པ་ཆེ་བས་ཡོང་བའོ། །

དེ་བཅོས་པའི་ཐབས་བསོད་ནམས་ཀྱི་ཚོགས་བསགས། ལུས་དཀྱིལ་ཀྲུང་བཅའ། ལམ་དུ་བཏང༌། བྱང་ཆུབ་ཏུ་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ། སྟོང་ར་བསྒོམས་ནས་གསང་གནས་སུ་མེ་བུ་ཆུང་གི་ཁུ་ཚུར་ཙམ་ཞིག་ལ་ཤེས་པ་གཏད་ལ་བསྒོམ། དམིགས་པ་མི་གསལ་ཀྱང་ཤེས་པ་དེར་རྩེ་གཅིག་ཏུ་གཏད་པས་དྲོད་སྐྱེ། དེས་ཟས་འཇུ། ཟས་མ་ཞུ་བའི་རླངས་པ་དྲི་མ་ཆུང་དུ་འགྲོ། དེས་དང་ཁ་ཕྱེའོ། །རྗེས་ལ་ཟླ་བ་གཅིག་ཙམ་དུ་ཟས་དྲོད་བཅོས་སུ་བཏོང༌། ཡང་ལུགས་གཅིག་ལ། གཞུ་གུ་ཐུང་དུ་ཧཱུཾ་དམར་པོ་མགོ་ཐུར་དུ་བསྟན་པ་ཞིག་བསྒོམ། དེ་ལས་མེ་ཐུར་དུ་འབར་བས་ས་འོག་ན་མར་ནར་གྱིས་སོང་བར་བསམ་ཞིང་མེའི་རྩེ་མོ་ལ་ཤེས་པ་གཏད་ལ་བསྒོམ། ཡང་ན་གསང་གནས་སུ་བླ་མའི་སྐུ་ཚོན་གང་བ་ཞིག་བསམ། དེའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་ཞིག་བྱུང་ནས། དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་བསམ། དེས་མིད་དཀྱུས་ཀྱི་གེགས་སེལ།

སྣ་ཁྲག་འཆོར་བའི་གེགས་ལ་རྡུགས་ན་ལུས་དཀྱིལ་ཀྲུང་བྱ། ལམ་གཏོང་ལ་སོགས་བཞི་བྱ། སྣ་བུག་གཡས་ནས་བྱུང་ན་ལག་པ་གཡོན་ས་ལ་བཙུགས། ལག་པ་གཡས་པ་པུས་མོ་ལ་བཀབ། ཨོག་མ་དཔུང་པ་གཡས་པ་ལ་དགབ་བོ། །གཡོན་ནས་བྱུང་ན་གཡོན་དུ་དེ་བཞིན་བྱའོ། །དམིགས་པ་བཤང་ལམ་དུ་ཧཱུྃ་མཐིང་ནག་མགོ་ཐུར་ལ་བསྟན་པ་ཞིག་བསམ་མོ། །དེ་ལས་མེ་ཐུར་ལ་འབར་བར་བསམས་ལ་རླུང་བཟུང༌། ཁྲག་ཁོང་པར་བཏོང༌། དེས་ཀྱང་མ་སེལ་ན་གན་རྐྱལ་དུ་ཉལ་ལ་མགོ་ཐུར་ལ་བསྟན་ལ་ཁྲག་ཁོང་པར་བཏོང༌། དེས་ཁྲག་རང་གནས་སྙགས་ནས་སོས།

དྲི་ཆུ་བསྡམས་པའི་གེགས་བྱུང་ན་ལམ་པ་ཀའི་འཁྲུལ་འཁོར་གྱིས་བསལ་བར་བྱ་སྟེ། འདི་ནི། ཁར་དགའ་བཟའ་གྲུབ་པའི་རྒྱལ་མོ་བྱ་བ། གྲུབ་ཐོབ་མ་ཞིག་དགོན་པ་ནས་ཟས་མང་པོ་ཁྱེར་ནས། ལམ་ཁ་ཞིག་ཏུ་མི་ལ་འདོད་ཚད་བྱིན་པས་ཟས་དེ་ཉུང་དུ་མི་འགྲོ་བར་དེ་ཀ་ཙམ་རེ་ལོག་ནས་ནང་དུ་ཁྱེར་བ་ཞིག་འདུག་པས། དེ་ལ་འཁྲུལ་འཁོར་འདི་ཞུས་པ་ཡིན་གསུངས། ཕོ་བ་རྒྱུ་མ་སྒྲིལ་ནས་ན་ན། ལུས་ཙོག་པུར་བསྡད་ལ་རྐང་པ་ཅུང་ཟད་བསྒྲད། འཕོངས་ས་ལ་མ་རེག་པར་བྱ། ལག་པ་གཉིས་བརླའི་ཟུར་ན་མར་ལ་བཙུགས། ཁ་གནམ་དུ་གདངས། མགོ་ཐུར་དུ་དལ་བུས་དགུག་ཅིང༌། རླུང་ཐུར་དུ་དུལ་བུས་མནན། ངག་ཏུ་ཨུ་ཞེས་བརྗོད་ཅིང་བཤང་ལྕི་བཙིར་བ་བཞིན་དུ་བྱ། དེས་ཆུ་འགགས་པ་དང་དྲི་མ་འགགས་པ་ལ་སོགས་པ་གང་ཡིན་ཡང་སོས་པ་ལ་ཚེགས་མི་འདུག་གསུངས།

གག་པའི་གེགས་ལ་རྡུགས་ན་སྙིང་ལ་འབབ་ཉེན་ཡོད་པས། དང་པོ་སྙིང་གི་དཀྱིལ་དུ་བླ་མ་བསྒོམ། དེ་ནས་སྙིང་གི་བླ་མ་ལ་མེ་འབར་ནས། སྐེའི་གག་པ་བསྲེགས་པར་བསྒོམ། དེ་ནས་མེའི་རྩེ་མོར་གུག་ནས་བཤང་ལམ་ན་མར་འབར་བར་བསམ། དེ་སྒོམ་ན་རླུང་གྱེན་ལ་ལོགས་ནས་སྲོག་འདོར་དོགས་ཡོད་གསུངས།

ཡང་ལྷོག་པ་བྱུང་ན་སྙིང་གི་དཀྱིལ་དུ་བླ་མ་བསྒོམ། བླ་མ་ལས་མེ་འབར་ནས། ལྷོག་པ་བྱུང་བའི་རྩེ་མོ་ལ་འབར་བར་བསམ། དེ་ནས་མེ་ལྕེ་ཐུར་དུ་ས་འོག་ན་མར་འབར་བར་བསམ། མགོ་ལ་ལྷོག་པ་བྱུང་ན་དམིགས་པ་སྐེ་མན་ཆད་དུ་བསྒོམ། གཟེར་གྱི་གེགས་ལ་རྡུགས་ན་ན་ས་དེར་བླ་མའི་སྐུ་མཐེ་བོང་ཙམ་ཞིག་བསམ། གཟེར་འཕོས་ནས་ན་ན། གང་ན་ས་དེར་བླ་མའི་སྐུ་བསྒོམ། སྤྲག་སྤྲིག་ལས་མེད་པའི་དུས་སུ། བླ་མའི་སྐུ་སྤྲིན་ཡལ་བ་ལྟར་བསམས་པས་ཅིས་ཀྱང་སོས་ཡོང་ངོ༌། །

ཚད་པའི་ནད་ཀྱི་གེགས་ལ་རྡུགས་ན་ལྟེ་བའི་འོག་ཏུ་ཐིག་ལེ་ཟླ་ཉ་འདྲ་བ་ཞིག་བསྒོམ། ཡང་ན་ལྟེ་བར་བླ་མ་བསྒོམ། བླ་མ་དེ་ལས་དགུན་ལོ་གསར་ནང་གི་ཆུ་འདྲ་བའི་འཁྱགས་རུམ་ཆིལ་ཆིལ་བ་ཞིག་བསྒོམ།

སྟོད་ན་བ་དང་གློ་ཆམ་གྱི་གེགས་ལ་རྡུགས་ན་སྲིན་པོའི་ཞལ་སྟོང་ཧ་རེ་བསྒོམ། དེར་པདྨ་འདབ་མ་བརྒྱད་པ་ཁ་བུབ་ཏུ་བལྟས་པ་གདུགས་ལྟ་བུ་ཞིག་བསྒོམ།

སྐྲན་གྱི་གེགས་ལ་རྡུགས་ན་གང་ན་ས་དེར་མེ་མཐེ་བོང་ཙམ་ཞིག་བསམ་ལ། ཨོཾ་མེ་མེ་ས་ཧཱུྃ། སྤྲེ་ཏེ་ས་མ་ཡ་ཀུ་ཀ་ར་ཙ་ཡ་སྭཱ་ཧཱ། ཞེས་བཟླས་ནས་བཟའ་བཏུང་ཐམས་ཅད་ལ་བཏབ། ཡང་ན་སྐྲན་གྱི་དཀྱིལ་དུ་བླ་མ་བསྒོམ་ཞིང་དེ་ལས་མེ་མཆེད་པས་སྐྲན་ཚིག་པར་བསམ། ཡང་སྐྲན་གྱི་དཀྱིལ་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ། ན་ཚ་ཆེར་སོང་ན། དམིགས་པ་གཞན་བསྒོམ། ཕྱག་རྒྱ་ཆེན་པོ་བསྒོམ། དམིགས་པ་བཏུད་དྲགས་ན་སྐྲན་བརྡོལ་ནས་འཆི་དོགས་ཡོད་པས་དམིགས་པ་གཞན་བསྒོམ་པ་དེ་ཡུལ་བཙལ་བ་བྱ་བ་ཡིན། སྲིད་བཅད་པ་ནི་རིམ་འགྲོ་བྱ་གསུངས།

འཁྲུ་བའི་གེགས་ལ་རྡུགས་ན། ཚ་འཁྲུ་ལ་སྤུ་མཚམས་ཟླ་བ་ལྟ་བུའི་ཐིག་ལེ་ཤིན་ཏུ་གསལ་བ་བསྒོམ། གྲང་འཁྲུ་ལ་སྤུ་མཚམས་ཟོ་བ་ཞབས་རྡོལ་བ་ལྟ་བུ་ཞིག་ཏུ་བསྒོམ།

འབྲས་ཀྱི་གེགས་ལ་རྡུགས་ན། འབྲས་ཀྱི་དཀྱིལ་དུ་བླ་མའི་སྐུ་ཉུང་འབྲུ་ཙམ་ཞིག་ལས་མེ་མཆེད་ནས་ནད་ཀྱི་དངོས་པོ་ཚིག་པར་བསམ། དམིགས་པ་གང་ན་བ་ངོས་ཀྱི་རྐང་མཐིལ་དུ་པདྨ་དཀར་པོ་ཤར་མ་ཐག་འདྲ་བ་ཞིག་བསམ་མོ། །ཡང་ན་འབྲས་ཀྱི་སྟེང་དུ་མེ་ཉུང་འབྲུ་ཙམ་ཞིག་བསམ། དེས་ཁ་སོས། ཁར་བསྒོམས་པས་གཏིང་སོས་ཡོང་ངོ༌། །

མཁྲིས་པའི་གེགས་ལ་རྡུགས་ན་སྟོང་ར་ཞག་བདུན་བསྒོམ། དེ་ནས་ཁོང་པའི་ནང་ན་མར་གངས་ཆུ་གྲང་མོ་འདྲ་བའི་ཆུ་བོའི་རྒྱུན་ཅིག་རྟག་ཏུ་འབབ་པར་བསམ་མོ། །

བད་ཀན་གྱི་གེགས་ལ་རྡུགས་ན་སྟོང་ར་ཞག་བདུན་བསྒོམ། དེའི་ནང་ན་མར་རྩ་གསུམ་ཤར་རེ་ཡོད་པར་བསམ། ནད་ཀྱི་དངོས་པོ་ཨ་གཅིག་ཏུ་བསམ་མོ། །

རྒྱུ་གཟེར་དང་གཟེར་ཐུང་གི་གེགས་ལ་རྡུགས་ན། རྩ་དབུ་མ་དང་གཡས་གཡོན་གཉིས་གསལ་གདབ། འདིའི་ཡར་སྣ་ཚངས་བུག་གི་ནང་སྣ་བུག་གཉིས་ཟུག་པ། མར་སྣ་རྡོ་རྗེ་ནོར་བུ་ལ་ཟུག་པ་ཕྱི་དཀར་ནང་དམར་བ། སྦོམ་ཕྲ་མདའ་སྨུག་ཙམ་ཞིག་བསྒོམ། དེས་ཁྲག་གི་འཁྲུ་ཞིག་ཡོང་ངོ༌། །

མཆིན་དྲི་ཁ་སྐོར་ན་བའི་གེགས་ལ་རྡུགས་ན་དེ་ཉིད་སྟོང་པར་བསམས་པའི་ནང་དུ་བླ་མའི་སྐུ་ཚོན་གང་བ་ཞིག་བསམ་མོ། །གློ་ན་བའི་གེགས་ལ་རྡུགས་ན་ལྟེ་བར་བླ་མ་ལ་སེམས་རྩེ་གཅིག་ཏུ་བསྒོམ་མོ། །

སྐྲངས་ལོ་ན་བའི་གེགས་ལ་རྡུགས་ན། ན་ས་དེར་མེ་ལྕགས་སྲེག་པ་འདྲ་བ་ཞིག་ཆེར་འབར་བར་བསམ་མོ། །

སྣ་གཞི་འོན་པའི་གེགས་ལ་རྡུགས་ན་སྣ་བའི་བུ་གར་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ། ཨི་བུའམ་གློ་ན་བའི་གེགས་རྡུགས་ན་ལྟེ་བའམ་གསང་གནས་སུ་བླ་མ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་རླུང་བག་རེ་བཟུང་ངོ༌། །ཟས་ཟོས་ཚད་མ་ཞུ་བའི་གེགས་ལ་རྡུགས་ན། ལུས་དཀྱིལ་ཀྲུང་བྱས་ལ་ལག་པ་གཉིས་པུས་མོ་ལ་བསླན། ལྟེ་བའི་འོག་ཏུ་མེ་སོར་གཅིག་ཙམ་ཞིག་བསྒོམ་ལ་དཀྲུག་འཁོར་བྱའོ། །

རྣ་བ་ན་བའི་གེགས་ལ་རྡུགས་ན། རྣ་བ་ན་བ་ཕར་ལ་མེ་མདུང་དམར་པོ་ཞིག་ན་ར་ར་ཕྱིར་འབར་བར་བསམ་མོ། །

དྲི་མ་དང་ཆུ་བསྡམས་ན། དྲི་ཆུ་འདི་མ་ཤོར་བར་བྱ་སྙམ་དུ་བསམ། ཡང་ན་མཚན་མའི་ཁར་ཉུང་དཀར་ལྟ་བུའི་འོད་ཅིག་བསམ། དབུགས་ཁུང་དུ་ཡང་འོད་དཀར་པོ་ནས་ཙམ་ཞིག་བསམ་མོ། །

མགོ་ན་བའི་གེགས་ལ་རྡུགས་ན། ལྟེ་བའི་འོག་ཏུ་སིང་ངེ་བ་ཞིག་བསམ། དེའི་ནང་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་འོད་ཟེར་དང་བཅས་པ་ཞིག་བསམ། ཚོན་གང་བ་དེ་ལ་ཕུར་ཚུགས་སུ་བསྒོམ་ན་ཅིག་ཆར་བདེའོ། །

རྨའི་གེགས་ལ་རྡུགས་ན་རྨའི་ཁར་ཨ་དཀར་པོ་འོད་ཟེར་དང་བཅས་པ་ཞིག་བསམ། དེ་གཏིང་སོས། གཏིང་དུ་བསྒོམས་པས་ཁ་སོས་སོ། །ཡང་ན་བླ་མ་བསྒོམ། ཡང་ན་འོད་ཟེར་ནས་ཙམ་ཞིག་བསྒོམས་པས། སྣ་ཁྲག་ཐོན་ནས་སོས་སོ། །སྤྱིར་དཔུང་པ་ནས་ལག་ངར་གྱི་ནད་རྣམས་སོར་མོ་ན་མར་སོང་བར་བསམ་མོ། །སྟོད་ཀྱི་ནད་རྣམས་ལྟེ་བ་ན་མར་སོང་བར་བསམ་མོ།། སྨད་ཀྱི་ནད་རྣམས་སྲིན་ཞལ་ན་མར་སོང་བར་བསམ་མོ། །ལར་དམིགས་པ་ཐམས་ཅད་སྒོམ་པའི་དུས་སུ་རྟོགས་པ་གཞན་གྱིས་བར་དུ་མ་ཆོད་པར། འབད་པ་དྲག་པོས་ཉིན་མཚན་ཁ་སྦྱར་དུ་བསྒོམ་ན་ནད་ཀྱི་རིགས་རྒྱུ་ཉོན་མོངས་པ་མི་དགེ་བ་དང་དམིགས་པ་གཉིས་ལྷན་དུ་མི་གནས་པ་ཡིན་པས། ནད་བསྡད་ས་མེད་པར་མྱུར་དུ་འཚོའོ། །

དེ་ནས་དམིགས་པ་ལ་ལྟེམ་རྐྱང་མ་ཞུགས་པར་བྱའོ། །ལྟེམ་རྐྱང་བྱུང་ན་ནད་ཀྱང་མཐོ་དམན་ཅན་དུ་འོང་བས་འཕྲོ་བཅད་པའམ། ཐེ་ཚོམ་གྱིས་བཞག་ན་འཆི་བ་ཡིན། བསྒོམས་ནས་ནད་སོས་པ་དང་བོགས་ཐོན་པ་གཉིས་ཀ་ཡོང༌། སྤྱིར་ནད་རབ་འབྲིང་མཐའ་མ་གསུམ་ལས། ནད་རབ་ལ་དམིགས་པ་སྒོམ་པས་ནད་དྲག་ཏུ་ཡང་མ་སོང༌། ཐུར་ཡང་མ་སོང་ནས་ནད་མ་སློངས་པ་ཡིན། དེའི་དུས་སུ་ནད་འདི་དམིགས་པས་མི་སོས་པར་འདུག་སྙམ་ནས་དམིགས་པ་འཇོག་ཉེན་ཡོད་པས། དེའི་དུས་སུ་དམིགས་པ་ལ་འབུང་དགོས་པ་ཡིན་ནོ། །ཡང་མཛེ་ནད་དྲག་པོ་ལ་གཉེན་པོ་སྟོབས་བསྐྱེད་ནས་བསྒོམས་པས། དམིགས་པས་ནད་ཟིལ་གྱིས་མནན་ནས་གར་སོང་ཆ་མེད་པར་ནད་ལས་གྲོལ་ནས་འགྲོའོ། །

ནད་འབྲིང་ལ་དམིགས་པ་བསྒོམ་པས་ལྷོངས་ནས་ནར་འགྲོ། དེའི་དུས་སུ་དམིགས་པས་མི་ཕན་པར་འདུག་སྙམ་ནས་འཇོག་ཉེན་ཡོད། དེ་ནར་སོང་བ་དེ་དམིགས་པས་ནད་དེའི་དུས་སུ་ནན་ཏན་ཆེར་བསྒོམས་པས་ནད་ཅིག་ཅར་དུ་འཚོའོ། །

ནད་ཐ་མ་ལ་དམིགས་པ་བསྟན་ཙམ་གྱིས་སོས་པར་འགྱུར་རོ། །ལར་ནད་གང་ཡིན་ཡང་ཐེངས་གཅིག་སོས་པ་དང་འཕྲོ་མི་བཅད་དེ། འཕྲོ་བཅད་ན་ནད་ལྡོག་པའི་རིགས་མང་ངོ༌། །ནད་སོས་ཀྱང་ཕྱག་རྒྱ་ཆེན་པོ་དང་དམིགས་པ་ཟུང་འཇུག་ཏུ་བསྒོམ། བསོད་ནམས་ཀྱི་བསགས་པ་ཆུང་བའི་རིགས་ལ་ལར་ནད་དྲག་པོ་བྱུང་བའི་དུས་སུ་དམིགས་པ་གཅིག་པུ་བཏུད་དྲགས་ན། ཁྱི་ཕུག་ཏུ་བདས་པ་དང་འདྲ་བས་འཆི་དོགས་ཡོད་དོ། །

འདི་ལ་ཡུལ་འཚོལ་བ་དང་སྲིད་གཅོད་པ་གཉིས་གལ་ཆེའོ། །སྲིད་གཅོད་པ་ནི་བསོད་ནམས་ཀྱི་ཚོགས་གསོག་པ་ལ་འབད་དོ།། ཡུལ་བཙལ་བ་ནི། དམིགས་པ་ཅུང་ཟད་གློད་ནས། ཕྱག་རྒྱ་ཆེན་པོ་བསྒོམས་པས། འདུས་མ་བྱས་ཀྱི་རང་ས་འཚོལ་ནས་ཟུང་འཇུག་ཏུ་བོགས་ཡོང་བ་ཡིན་ནོ། །གག་པ་དང་ལྷོག་པའི་དམིགས་པ་ལ། ཡུལ་ཟུང་བ་ཞེས་བྱ་སྟེ། སྙིང་གི་དཀྱིལ་དུ་བླ་མ་བསྒོམ། དེས་ནད་མི་འཕེལ་བ་ཡིན་གསུངས། ཚད་པ་རི་ཐང་མཚམས་སུ་སླེབ་ནས་ཁ་ཟས་དྲོད་ཅན་དང་བཅུད་ཅན་རྣམས་དང༌། རི་ཐང་མཚམས་ནི་ནད་སོས་ནས་དང་ཁ་བྱེ་སྟེ། ནུབ་མོ་གཉིད་མ་ཟིན་ན་རི་ཐང་མཚམས་སུ་སླེབ་པ་ཡིན་ནོ།། འདིས་ནི་དམིགས་པ་ཐམས་ཅད་ཀྱི་སྒྲོག་འགྲེའོ། །གེགས་སེལ་བ་ཡིན་པས། གེགས་སེལ་ནས་ཟུང་འཇུག་ནམ་མཁའ་ལྟ་ བུར་འཆར་རོ། །དེས་ན་གེགས་སེལ་ཞེས་བྱའོ། །རྟེན་འབྲེལ་གྱིས་ནད་སོས་པའི་གནད་རྣམས་བླ་མའི་ཞལ་ལ་འདྲིའོ། །དམིགས་པས་ནད་སེལ་བའི་གེགས་སེལ་ལོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། དམིགས་པ་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།

དང་པོ་གཞི་ཡང་མ་བཅོས་པ་མི་སློབ་པའི་ཟུང་འཇུག་ཡིན། འབྲས་བུ་ཡང་མ་བཅོས་པ་མི་སློབ་པའི་ཟུང་འཇུག་ཡིན་ཏེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། རྒྱུ་གཅིག་ལམ་གཅིག་འབྲས་བུ་གཅིག །ཐ་དད་འཛིན་པས་འཁོར་བར་འཁྱམས། །གསུངས།

དེ་འཁྲུལ་འཁོར་ལོག་པས་རྩ་རླུང་འཁྲུལ། དེས་གེགས་རྣམས་འབྱུང་བས། དེས་སངས་རྒྱས་མ་སྟེར་བས། དང་པོ་རྟག་ཆད་ཀྱི་ལྟ་བའི་གེགས་ཡན་ཆད་ནས། ཐ་མ་ཤེས་བྱའི་སྒྲིབ་པ་གང་ལ་གང་དགོས་པ་དེ་སྒོམ་པ་ཡིན།

དེ་དང་ཕྱག་རྒྱ་ཆེན་པོ་བསྲེ་བ་ལ་སློབ་པའི་ཟུང་འཇུག་ཟེར་བ་ཡིན། རྟག་ཏུ་གེགས་སེལ་སྦྱང་བ་དང༌། མི་དགོས་པའི་དུས་སུ་སྒོམ་པ་ཡིན། གེགས་མེད་པའི་དུས་སུ་སྤྱིར་དམ་པའི་ཆོས་ལྔ་ལྡན། བྱེ་བྲག་ཏུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པ་གདོད་མ་ནས་མི་སློབ་པའི་ཟུང་འཇུག་དེ་གཅིག་པུ་སྒོམ་པ་ཡིན། ཆོས་རྗེ་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། ཐབས་ལམ་མཆོག་རྣམས་ཉམས་སུ་བླངས་གྱུར་ཀྱང༌། །ཡོན་ཏན་མ་སྐྱེས་འབྲས་བུ་མང་བྱུང་ན། །སྐྱེས་མཆོག་བླ་མ་དམ་པའི་མོས་གུས་མཆོག །དེ་བཞིན་གཤེགས་པ་གཉུག་མ་སྙིང་པོའི་ངང༌། །དང་བའི་ཡིད་ཀྱིས་སྒོམ་པ་མ་གཏོགས་པ། །འབྲས་བུ་ཚེ་འདིར་ཐོབ་པར་ག་ལ་འགྱུར། །ཞེས་གསུངས། ཆོས་རྗེ་རིན་པོ་ཆེའི་ཞལ་ནས་ཀྱང༌། ངས་ཁྱེད་རྣམས་རི་ཁྲོད་ལ་བསྒོམ་དུ་བཏང་བ་དེ། རྩ་བསྒོམ་དུ་མ་བཏང་ངོ༌། རླུང་བསྒོམ་དུ་མ་བཏང་ངོ༌། །བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་བསྒོམ་དུ་བཏང་བ་ཡིན་ནོ་གསུངས། བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང༌། རྩ་དང་རླུང་དང་ཐིག་ལེ་དང༌། །ཆོས་དྲུག་གསར་རྙིང་མན་ངག་རྣམས། །ཟབ་ཅིང་རབ་ཟབ་ཤིན་ཏུ་ཟབ། །ཟབ་པའི་མཆོག་དག་ཡིན་མོད་དེ། །རེས་འགའ་ལྟོ་འགྲངས་བྱ་ན་ལྟར། །སྐབས་སུ་བསྒོམ་པར་བྱ་བ་ཡིན། །རྟག་ཏུ་ཉམས་སུ་བླང་བའི་ཆོས། །དམ་ཆོས་ལྔ་ལྡན་རིན་ཆེན་ཡིན། །གསུངས།

དེ་ནས་གེགས་མ་བྱུང་བའི་དུས་སུ་ལྔ་ལྡན་ལ་སྙིང་ཐག་པ་ནས་བསྒོམ། དེ་ལྟར་སྒོམ་པས་རྣལ་འབྱོར་བཞིའི་རིམ་པ་སྐྱེ་སྟེ། ཅིག་ཆར་བའི་གང་ཟག་གིས་སྒོམ་མེད་དུ་འགྲོ་བ་ཡང་ཡོད། ཐོད་རྒལ་བས་རེས་རང་སེམས་ཆོས་སྐུར་གོ །རེས་ཉམས་མེད་པར་འགྲོ་བ་ཡང་ཡོད།

རིམ་གྱིས་པ་ལ་དང་པོ་རྩེ་གཅིག་སྐྱེ། དེ་ནས་སྤྲོས་བྲལ་སྐྱེ། དེ་ནས་རོ་གཅིག་སྐྱེ། དེ་ནས་སྒོམ་མེད་སྐྱེ་སྟེ། དེ་རེ་རེ་ལ་ཡང་ཐ་མ་དང་འབྲིང་དང༌། རབ་དང་གསུམ་གསུམ་སྐྱེའོ། །དང་པོ་རྩེ་གཅིག་ཐ་མ་ནི། རེས་བཟང་རེས་ངན་རྩེ་གཅིག་ཐ་མ་ཡིན། སྟོང་ཉིད་ལ་རྩེ་གཅིག་པ་རྒྱུན་ཆད་མེད་པ་དེ་རྩེ་གཅིག་འབྲིང་ཡིན། གསལ་སྟོང་ཟུང་དུ་ཆུད་པ་དེ་རྩེ་གཅིག་རབ་ཡིན་ནོ།། རྩེ་གཅིག་ཐམས་ཅད་ཉམས་ཡིན། །རབ་རྟོག་པ་མེད་གསུངས། རྩེ་གཅིག་ལ་བོགས་མ་ཐོན་ན་བོགས་འདོན་ལ་ཞེན་པ་གསུམ་བཏང་སྟེ། ལུས་ནང་སྟོང་ར་བྱ། ལོངས་སྤྱོད་བླ་མ་ལ་འབུལ། ཏིང་ངེ་འཛིན་གྱི་ཞེན་པ་བཏང་བ་ནི། ཉམས་བཟང་བ་ལ་དགའ་བ་སྤང༌། ངན་པ་ལ་མི་དགའ་བ་སྤང༌། ཆོས་སྐུའི་མོས་གུས་བྱ་བ་ནི། བླ་མ་རྣམས་ལ་ཆོས་སྐུར་བལྟས་ལ། རང་ལ་ཆོས་སྐུར་སྐྱེ་བའི་གསོལ་བ་བཏབ། དེ་ལྟར་བསྒོམ། ཅི་ཞིག་ལྟར་ན་སྤྲོས་བྲལ་སྐྱེ་སྟེ། དེ་ལ་ཡང་ཐ་འབྲིང་རབ་གསུམ་ཡོད། སྤྲོས་བྲལ་ཐ་མའི་དུས་སུ་སེམས་ཉིད་ངོ་ཤེས་ཙམ་ལས་རྟོག་པ་མ་གྲུབ་པར་མི་ཤེས། ཆོས་ཟབ་པ་དང་རྒྱ་ཆེ་བ་མི་གོ །རང་གི་སེམས་རང་ངོ་ཤེས་ཀྱང་སྒོམ་མཐར་ཐུག་ཏུ་མི་ཤེས་སོ། །དེའི་དུས་སུ་དབེན་པར་མོས་གུས་བྱས་པས་སྤྲོས་བྲལ་འབྲིང་སྐྱེ། དམྱལ་བར་འགྲོ་མཁན་མེད། སེམས་སྐྱེ་བ་མེད། འདི་རང་གིས་ཆོག་སྙམ་པ་འོང༌། བླ་མ་ལ་ཡང་རེས་སངས་རྒྱས་སུ་མཐོང༌། རེས་བདུད་དུ་མཐོང་བ་ཡོང༌། འདིའི་དུས་སུ་བླ་མ་ལ་མོས་གུས་བཅོས་མ་ཚུན་ཆད་བྱས་ནས་སྒོམ་པས་སྤྲོས་བྲལ་རབ་སྐྱེ། སྤང་བྱ་སྤང་དུ་མེད། གཉེན་པོ་སྒོམ་དུ་མེད་སྙམ་པ་འོང༌། དེ་ནས་བླ་མ་ལ་མོས་གུས་བྱས་ཀྱིན་སྒོམ་པས་རོ་གཅིག་ཐ་མར་འགྲོ། དེའི་དུས་སུ་ལུས་སེམས་སྣང་བ་གསུམ་སེམས་གཅིག་པུ་གོ་བ་དེ་ཡིན། དེ་ནས་མོས་གུས་ཀྱིས་བསྒོམས་པས་རོ་གཅིག་འབྲིང་སྐྱེ་སྟེ། ལུས་སེམས་སྣང་བ་གསུམ་སྒོམ་རོ་གཅིག་ཏུ་འདྲེས་པ་དེ་ཡིན། གཞན་ལ་ཕན་གནོད་ནུས་སོ། །རོ་གཅིག་རབ་ཀྱི་དུས་སུ་འཁོར་འདས་མཉམ་པ་ཉིད་སྐྱེ་མེད་གཅིག་པུར་འགྱུར། མངོན་ཤེས་འཆར་རོ། །

ཡང་མོས་གུས་བྱས་ཀྱིན་སྒོམ་མེད་དུ་འཆར། དང་པོ་སྒོམ་མེད་ཐ་མ་བསྒོམ་བྱ་དང་སྒོམ་བྱེད་བྲལ་བའི་གོ་བའི་སྒོམ་མེད་དེ་ཡིན། འབྲིང་སྒོམ་པའི་འོད་གསལ་དང༌། ཤི་བའི་འོད་གསལ་ནས་བར་དོར་སངས་རྒྱས་པའི་སྒོམ་མེད་དང༌། སྤྲོས་བྲལ་རབ་ཡན་ཆད་ལ་ཡོང་ངོ༌། །རབ་ཚེ་འདིར་ཡོང་བའི་སྒོམ་མེད་ནི། རྗེས་ཤེས་མ་ལུས་པར་དག་ནས་སྣང་སེམས་དང་བྲལ། སྣང་སེམས་གཉིས་མེད། བསྒོམ་བྱ་དང་སྒོམ་བྱེད་གཉིས་མེད་ནམ་མཁའ་ལ་ཡོན་ཏན་དང་ཕྲིན་ལས་གཉིས་འབྱུང་བ་ཡིན་ནོ། །

རྣལ་འབྱོར་བཞི་ཀ་ལ། ཐོད་རྒལ་བ་རེས་བཟང་རེས་ངན་པ་འོང༌། ཅིག་ཅར་བ་ཅིག་ཅར་དུ་སྐྱེ་བ་འོང༌། རིམ་གྱིས་པ་ལ་རྣལ་འབྱོར་བཞི་རིམ་པས་བསྐྱེད་ནས་སྒོམ་མེད་དུ་འཚང་རྒྱའོ། །དེའི་དུས་སུ་ལུས་དག་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང༌། ངག་དག་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང༌། སེམས་དག་པས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང༌། རླུང་དག་པས་དབྱེར་མེད་སྐུ་བཞི་གཅིག་ཏུ་འགྱུར་རོ། །

དང་པོ་ནས་ཆོས་སྐུ་ཡོན་ཏན་ཕྲིན་ལས་དང་བཅས་པ་གདོད་མ་ནས་གནས་ཡིན་པ་སྟེ་གེགས་རྣམས་ཀྱིས་སྒྲིབ་པ་ཡིན། དེ་ནས་སྒྲིབ་པ་གསུམ་གྱི་གེགས་ཡོད་ཚད་བསལ་ནས། ཆོས་སྐུ་ཡོན་ཏན་ཕྲིན་ལས་དང་བཅས་པ་དེ་མངོན་དུ་འགྱུར་ཏེ། ཆོས་སྐུ་གདོད་མ་ནས་སྟོང་པ་ཉིད་གཤིས་ལ་གནས་པ། རྟོག་མེད་གཅིག་པུར་མཉམ་པའི་སྒོམ་མེད་དེ་ཡིན། ལོངས་སྐུ་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ལ་སོགས་པ་གཤིས་ལ་དགའ་བ་ཡོད་ཚད་ཡིན། སྤྲུལ་སྐུ་སེམས་ཅན་ལ་ཕན་ཚད་རྣམས་ཡིན།

དེ་ཡང་རྟོག་མེད་ཡིན། སེམས་བསྐྱེད་གསུམ་གྱིས་དེ་རྣམས་མཐར་ཕྱིན་པར་བྱེད་པ་ཡིན་ཏེ། སེམས་བསྐྱེད་གསུམ་གྱིས་མེད་ན་དེ་རྣམས་མཐར་མི་ཕྱིན། སེམས་བསྐྱེད་གསུམ་གསུམ་སྟེ་དགུར་ཡང་གཤིས་ཀྱིས་གནས་སོ། །སྨོན་པ་ལ་ཡང་སྨོན་པའི་སྨོན་པ། སྨོན་པའི་འཇུག་པ། སྨོན་པའི་གདམས་ངག་གསུམ་ཡིན། སྨོན་པའི་སྨོན་པ་བྲམ་ཟེའམ་ཁྱེའུ་སྣང་བྱེད་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་འདི་འདྲ་ཞིག་ཡིན་ན་དགའ་བ་ལ་སྙམ་པ་དེ་ཡིན། དེ་སྨོན་པ་ཚད་མ་ཅན་ཡིན་པས། ཞིང་ཁམས་མི་མཇེད་ཀྱི་ཞིང་འདི་ཐོབ། གནས་དང་པོ་ཝ་ར་ཎ་སཱིར། འཁོར་དམན་པ་ཉན་ཐོས་ཀྱི་ཐེག་པ་གཙོ་ཆེ་བ། ཆོས་འཁོར་དང་པོ་ལ་བྱུང༌། ཆོས་དགག་སྒྲུབ་ཀྱི་བསླབ་པ་བྱུང་ངོ༌། །འབྲས་བུ་ཁམས་ལ་ཆགས་པ་བྲལ་བ་དགྲ་བཅོམ་པ་ཡིན་ནོ། །གནས་ཚད་ཅན། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོ་དང་ཀོ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་སྒྲ་གཅན་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡིས། །སྐྱེས་མཆོག་ལོ་ནི་རེ་རེ་བཞུགས། །ཉི་ཤུ་རྩ་བཞི་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བ་ཕུག་གི་ནང་དུ་གཉིས། །རྒྱལ་པོ་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བའི་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །སྐུ་ཚེ་ཚད་ཅན་ཉིད་དུ་གསུངས། །བློན་པོའི་སྨོན་པའི་འབྲས་བུ་ཡིན། །ད་སྨོན་པའི་འཇུག་པ་ནི། བསམ་པ་རང་ཉིད་ཤཱཀྱ་ཐུབ་དེ་ལྟ་བུ་ཞིག་ཐོབ་པར་འདོད་པའི་བསམ་པས་སྨོན་པའི་རྗེས་སུ་འབྲངས་ནས། འཁོར་བའི་སྡུག་བསྔལ་ཤེས་པར་བྱེད་པ་དང༌། དེའི་རྒྱུ་ཀུན་འབྱུང་སྤོང་བ་དང༌། མྱ་ངན་ལས་འདས་པའི་ལམ་སྤྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དགོས།

བྱེ་བྲག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྔ་ལྡན་ཟུང་དུ་འཇུག་དགོས། དེའི་འབྲས་བུ་འགོག་པ་མངོན་དུ་བྱེད་པ་ཡིན། དེ་རྣམས་བསྐལ་པ་གྲངས་མེད་དང་པོ་ལ་སྤྱད་པས། འབྲས་བུ་བྲལ་བའི་འབྲས་བུ་སུམ་ཅུ་སོ་གཉིས་དང༌། རྣམ་པར་སྨིན་པའི་འབྲས་བུ་སུམ་ཅུ་སོ་གཉིས་ཏེ་ཡོན་ཏན་དྲུག་ཅུ་བཞི་འབྱུང༌། དེ་ནས་འཚང་རྒྱའོ། །

བྲལ་བའི་འབྲས་བུ་སུམ་ཅུ་རྩ་གཉིས་ནི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་ཡིན་ནོ།། དེ་རྣམས་སངས་རྒྱས་འབྱུང་བར་བྲལ་བའི་འབྲས་བུའོ། །དེས་ཆོས་སྐུ་འབྱུང་བ་ཡིན་ནོ། །

རྣམ་པར་སྨིན་པའི་འབྲས་བུ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡིན་ནོ། །དེས་གཟུགས་སྐུ་འབྱུང་བ་ཡིན་ནོ།།

ཡོན་ཏན་དྲུག་ཅུ་རྩ་བཞི་ནི་རྒྱུ་འདི་རྣམས་ལས་འབྱུང་བ་ཡིན་ཏེ། སྟོབས་བཅུ་ནི། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང༌། །ཁམས་རྣམས་དང་ནི་མོས་པ་དང༌། །ཀུན་འགྲོ་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང༌། །གནས་ནི་རྗེས་སུ་དྲན་པ་དང༌། །ལྷ་ཡི་མིག་དང་ཞི་བ་དང༌། །མཁྱེན་པའི་སྟོབས་ནི་རྣམ་པ་བཅུའོ།།

མི་འཇིགས་པ་བཞི་ནི། ཆོས་ཀུན་རྫོགས་དང་བྱང་ཆུབ་དང༌། །གེགས་ནི་འགོག་པར་བྱེད་པ་དང༌། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི།

སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་པ་དྲན་པ་ཉམས་མེད་མངའ། །མཉམ་པར་མ་གཞག་ཐུགས་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང༌། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དག་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །དེ་རྣམས་བྲལ་བའི་འབྲས་བུ་སུམ་ཅུ་རྩ་གཉིས་སོ། །

སྐྱེས་བུ་ཆེན་པོའི་རྣམ་པར་སྨིན་པ་ནི་མཚན་སུམ་ཅུ་རྩ་གཉིས་ནི། ལེགས་གནས་འཁོར་ལོས་མཚན་པ་དང༌། །ཡངས་ཤིང་ཞབས་ལོང་མི་མངོན་དང༌། །སོར་མོ་རིང་ཞིང་ཕྱག་ཞབས་ནི། །དྲྭ་བ་ཡིས་ནི་འབྲེལ་པ་དང༌། །ལྤགས་འཇམ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ཡི་བདུན་དག་མཐོ་བ་དང༌། །བྱིན་པ་ཨེ་ན་ཡ་འདྲ་གསང༌། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེ་དང་འདྲ་དང༌། །ཐལ་གོང་བར་མེད་རྒྱས་པ་དང༌། །དཔུང་པ་ལེགས་ཟླུམ་ཕྱག་འཇམ་རིང༌། །ཟླུམ་ཞིང་མཐོ་དམན་མེད་པའི་ཕྱག །རིང་དང་ཡོངས་སུ་དག་པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང༌། །མགྲིན་པ་དྲི་མེད་དུང་འདྲ་དང༌། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུར་མཉམ་པ་དང༌། །བར་དང་ཚེམས་ཐགས་བཟང་བ་དང༌། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་ཉིད་དང༌། །ལྗགས་རིང་མཐའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང༌། །རང་བྱུང་ཀ་ལ་པིང་ཀ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དེ། །སྤྱན་ཡངས་ཨུཏྤལ་ཁྱུ་མཆོག་རྫི་དང་འདྲ། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་དང༌། །གཙུག་གཏོར་དབུར་ལྡན་དག་ཅིང་སྲབ་པ་དང༌། །ལྤགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་དང༌། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་འདྲ། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་པར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །དེ་རྣམས་སྨོན་པའི་འཇུག་པ་ལས་བྱུང་བ་བསྐལ་པར་བགྲངས་པ་གྲངས་མེད་དང་པོ་ལ་སྤྱད་པའི་འབྲས་བུ་ཡིན་ནོ། །

དེ་རྣམས་མ་གོ་ན་འདི་ལྟར་གསུངས་ཏེ། དང་པོ་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། སྲིད་པ་དང་མི་སྲིད་པ་ལྟར་བསྟན་པ་གཞན་དུ་མི་འགྱུར་བ་ཡིན། དེ་བྱང་ཆུབ་སེམས་དཔའི་སྡོམ་པ་དམ་བཅས་པ་ལས་གྲུབ་བོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་ནས་དེ་གསུངས་པའི་རྒྱུ་ལས་གྲུབ་བོ། །མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི། སྔོན་དབང་པོའི་རིམ་པ་དང་མཐུན་པར་བསྟན་པའི་རྒྱུ་ལས་གྲུབ་བོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ནི། འཇིག་རྟེན་ཁམས་སྣ་ཚོགས་པ་དང༌། རྒྱུ་སྣ་ཚོགས་དང་མཐུན་པར་ཆོས་བསྟན་པའི་རྒྱུ་ལས་གྲུབ་བོ། །མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ནི། བསམ་པ་དང་མོས་པ་དང་མཐུན་པར་ཆོས་བསྟན་པའི་རྒྱུ་ལས་གྲུབ་ བོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། ཐེག་པ་སྣ་ཚོགས་པ་དང་ལམ་སྣ་ཚོགས་པ་ལས་གྲུབ་བོ། །ཐེག་པ་དང་ལམ་རྗེས་སུ་མཐུན་པར་བསྟན་པའི་རྒྱུ་ལས་གྲུབ་བོ། །བསམ་གཏན་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང་ལྡན་པ་ཐམས་ཅད་མཁྱེན་པའི་སྟོབས་ནི། གཞན་གྱི་དེ་རྣམས་མཁྱེན་པས་ཏེ། དེ་དག་ཇི་ལྟ་བར་སྟོན་པའི་རྒྱུ་སྔོན་ཏིང་ངེ་འཛིན་ལྷུར་ལེན་པ་ལས་གྲུབ་ བོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་ནི། སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བ་ཆུད་མ་གསན་པའི་རྒྱུ་ལས་གྲུབ་བོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི། ལྷའི་མིག་གི་མངོན་ཤེས་ཏེ་སེམས་ཅན་ལ་སྣང་བར་གྱུར་ཅིང་ཐམས་ཅད་ལ་དོན་ཇི་ལྟ་བ་བཞིན་བསྟན་པ་ལས་གྲུབ་བོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། ཟག་པ་ཟད་པའི་དོན་དུ་ཆོས་བསྟན་པའི་རྒྱུ་ལས་གྲུབ་ བོ། །

མི་འཇིགས་པ་བཞི་ནི། ཆོས་ཐམས་ཅད་དམ་བཅས་པ་ལ་མི་འཇིགས་པ་དང༌། བར་དུ་གཅོད་པའི་ཆོས་ལུང་བསྟན་པ་ལ་མི་འཇིགས་པ་དང༌། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པ་ལ་དམ་བཅས་པ་ལ་མི་འཇིགས་པ་བཞིའོ། །

སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། འཁྲུལ་པ་མི་མངའ་བ་ནི་སྐུ་གསུང་ཐུགས་ཕྱིན་ཅི་ལོག་པ་མི་མངའ་བ་ཡིན་ཏེ། སེམས་ཅན་ལ་ལམ་མ་ནོར་བར་སྟོན་པ་ལ་སོགས་པ་ལས་གྲུབ་བོ། །ཅ་ཅོ་མི་མངའ་བ་ནི་རྩོད་པ་ལུས་ངག་ཡིད་གསུམ་ལ་མི་མངའ་བ་ཡིན་ཏེ། རྩོད་པ་མེད་པར་ལྷུར་ལེན་པ་ལས་གྲུབ་བོ། །བསྙེལ་བ་མི་མངའ་བ་ནི། དྲན་པ་བསྙེལ་བ་ཐམས་ཅད་སྐད་ཅིག་ལ་མཁྱེན་པ་སྟེ། རྗེས་སུ་དྲན་པ་དྲུག་བསྒོམས་པ་ལས་གྲུབ་བོ། །ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་ནི་རྟག་ཏུ་ཏིང་ངེ་འཛིན་ལ་རྩེ་གཅིག་པ་སྟེ། ཕ་རོལ་གྱི་སེམས་བསྲུང་བ་ལས་གྲུབ་བོ། །ཐ་དད་པའི་འདུ་ཤེས་མི་མངའ་བ་ནི་མཚན་མར་འཛིན་པའི་འདུ་ཤེས་མེད་པ་སྟེ། ཕྱིན་ཅི་ལོག་གི་འདུ་ཤེས་སྤངས་པ་ལས་གྲུབ་བོ། །སོ་སོར་མ་བརྟགས་པ་མི་མངའ་བ་ནི། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་བཏང་སྙོམས་ཏེ། སྔོན་བཏང་སྙོམས་བསྒོམས་པ་ལས་གྲུབ་བོ། །འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཤེས་རབ་མ་ཉམས་པ་དྲུག་དང༌། ལུས་དང་ངག་དང་ཡིད་ཀྱི་ཕྲིན་ལས་གསུམ་ཡེ་ཤེས་ཀྱི་སྔོན་དུ་འགྲོ་བ་དང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཡེ་ཤེས་ལ་མ་ཆགས་མ་ཐོགས་པར་འཇུག་པ་སྟེ། དྲུག་པོ་དེ་དག་རང་གི་རྒྱུད་ལས་བྱུང་བ་ལ་ཡིད་ཇི་ལྟ་བ་བཞིན་ནོ། །མ་འདྲེས་པའི་ཆོས་བཅོ་བརྒྱད་དོ། །དེ་རྣམས་བྲལ་བའི་འབྲས་བུ་སུམ་ཅུ་རྩ་གཉིས་སོ། །

རྣམ་པར་སྨིན་པའི་འབྲས་བུ་སུམ་ཅུ་སོ་གཉིས་ནི། ལེགས་གནས་ནི་ཞབས་གནས་པ་སྟེ་ཡི་དམ་ལ་བརྟན་པའི་རྒྱུ་ལས་གྲུབ་བོ།། འཁོར་ལོས་མཚན་པ་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་མངའ་བ་སྟེ། སྦྱིན་པ་སྣ་ཚོགས་པ་ལས་གྲུབ་བོ། །ཡངས་ཤིང་ཞབས་ལོང་མི་མངོན་དང༌། ཞེས་པ་ནི། ཞབས་ཀྱི་རྟིང་པ་ཡངས་ཤིང༌། ཞབས་བྱིན་གྱིས་མཐོ་བ་སྟེ། གཞན་ཁྱད་དུ་མ་བསད་པ་ལས་གྲུབ་བོ། །སོར་མོ་རིང་དང༌། ཞེས་པ་ནི་ཕྱག་དང་ཞབས་ཀྱི་སོར་མོ་རིང་བ་སྟེ། སེམས་ཅན་སྐྱབས་པ་ལས་གྲུབ་བོ། །ཕྱག་ཞབས་དྲ་བས་འབྲེལ་པ་དང༌། ཞེས་པ་ནི། གཞན་གྱི་འཁོར་མ་ཕྱེ་བ་ལས་གྲུབ་བོ། །ལྤགས་འཇམ་གཞོན་ཤ་ཅན་ལེགས་ཉིད་ནི། གོས་ཡིད་དུ་འོང་བ་སྣ་ཚོགས་བྱིན་པ་ལས་གྲུབ་བོ། །སྐུ་ཡི་བདུན་དག་མཐོ་བ་དང༌། ཞེས་པ་ནི། ཕྱག་ཞབས་ཀྱི་བོལ་བཞི་དང༌། མགུར་གྱི་ལྷུན་གཉིས་དང༌། ལྟག་པ་མཐོ་བ་སྟེ། བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིམ་བདེ་བ་བྱིན་པ་ལས་གྲུབ་བོ། །བྱིན་པ་ཨེ་ནྱ་འདྲ་ཞེས་པ་ནི་སངས་རྒྱས་ཀྱི་ཆོས་བཟུང་བ་ལས་གྲུབ་བོ། །གསང་བའི་གནས་གླང་པོ་བཞིན་དུ་སྦུབས་སུ་ནུབ་པ་ནི། གསང་ཚིག་སྲུང་བ་དང༌། འཁྲིག་པ་སྤངས་པ་ལས་གྲུབ་བོ། །རོ་སྟོད་སེང་གེ་དང་འདྲ་བ་ནི། དགེ་བའི་ལས་མཐར་གྱིས་རྒྱ་ཆེན་པོ་བྱས་པ་ལས་གྲུབ་བོ། །ཐལ་གོང་བར་མེད་རྒྱས་པ་ནི། དགེ་བའི་ཆོས་ཡང་དག་པར་སྤྱད་པ་ལས་གྲུབ་བོ། དཔུང་མགོ་ལེགས་ཟླུམ་ནི། མི་འཇིགས་པ་བྱིན་པ་དང་དབུགས་ཕྱུང་བ་ལས་གྲུབ་བོ། །ཕྱག་འཇམ་རིང་ཞིང་མཐོ་དམན་མེད་པའི་ཕྱག་ནི། ཕྱག་མ་བསྡུས་པར་རིང་བ་སྟེ། གཞན་གྱི་བྱ་བའི་གྲོགས་ལ་སྤྲོ་བ་ལས་གྲུབ་ བོ། །ཡོངས་སུ་དག་པའི་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་ནི། དགེ་བ་བཅུ་ངོམས་པ་མེད་པར་སྤྱད་པ་ལས་གྲུབ་བོ། །མགྲིན་པ་དྲི་མེད་དུང་འདྲ་ནི་ནད་པ་ལ་སྨན་སྣ་ཚོགས་བྱིན་པ་ལས་གྲུབ་བོ། །མཚན་འདི་གཉིས་ཤེས་རབ་ཕ་རོལ་ཕྱིན་པ་ནས་མི་འབྱུང་ངོ༌། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ་བ་ནི། དགེ་བའི་རྩ་བ་སྦྱོར་བ་ཡོངས་སུ་རྫོགས་པ་ལས་གྲུབ་བོ། །ཚེམས་བཞི་བཅུར་མཉམ་པ་ནི། སེམས་ཅན་ལ་བསམ་པ་མཉམ་པ་ཉིད་ལས་གྲུབ་བོ། །བར་དང་ཚེམས་ཐགས་བཟང་བ་ནི་སེམས་ཅན་བསྡུས་པ་ལས་གྲུབ་བོ། །རྣམ་དག་ཚེམས་མཉམ་ཉིད་དང་ནི། ཡིད་དུ་འོང་བའི་ནོར་བྱིན་པ་ལས་གྲུབ་བོ། །མཆེ་བ་རབ་མཆོག་དཀར་ཉིད་དང་ནི་ཚེམས་དཀར་བ་སྟེ། ལུས་ཀྱི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་བསྲུངས་པ་ལས་གྲུབ་བོ། །ལྗགས་རིང་བ་ནི་བདེན་པའི་ཚིགས་གསུངས་པ་ལས་གྲུབ་བོ། །མཐའ་མེད་པ་དང་བསམ་པ་དང་རོ་བྲོ་བའི་མཆོག་ཉིད་ནི་ཡིད་དུ་འོང་བའི་ཟས་བྱིན་པ་ལས་གྲུབ་བོ། །རང་བྱུང་ཀ་ལ་པིང་ཀའི་སྒྲ་དང་ཚངས་པའི་དབྱངས་ཉིད་ནི། འཇམ་ཞིང་དགའ་བའི་ཚིག་སྨྲ་བ་ལས་གྲུབ་བོ། །སྤྱན་ཡངས་པ་ཨུཏྤལ་ནི་དཀར་ནག་ཕྱེད་པ་སྟེ། བྱམས་པ་དང་ལྡན་ཞིང་ལས་ནག་པོ་བསྲུང་བ་ལས་གྲུབ་བོ། །ཁྱུ་མཆོག་རྫི་འདྲ་ནི། རྫི་མ་བའི་རྫི་མ་འདྲ་བ་སྟེ། བསམ་པ་གཡོ་སྒྱུ་མེད་པ་ལས་གྲུབ་བོ། །ཞལ་མཛེས་དྲི་མེད་མཛོད་སྤུ་འོད་དཀར་ལྡན་པ་ནི། གཞན་སྔགས་པར་འོས་པ་རྣམས་ལ་བསྟོད་པ་ལས་གྲུབ་པའོ། །གཙུག་ཏོར་ལྡན་པ་ནི་བླ་མ་ལ་གུས་པ་ལས་གྲུབ་བོ། །དག་ཅིང་སྲབ་པ་ནི་ལྤགས་པ་གསེར་གྱི་མདོག་འདྲ་བ་དང༌། སེམས་ཅན་མཆོག་ནི། ཆོས་ཡང་དག་པར་འཚོལ་བ་ལ་སེམས་ལས་སུ་རུང་བ་དང༌། ཡིད་དུ་འོང་བའི་གོས་དང་མལ་སྟན་བྱིན་པ་ལས་གྲུབ་བོ། །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་ནི། འདུ་འཛི་སྤངས་ནས་བསྒོམས་པ་ལས་གྲུབ་བོ།། གྱེན་དུ་ཕྱོགས་པ་ནི་དགེ་བའི་ཆོས་བླངས་པ་འཕེལ་ཞིང་མ་འགྲིབས་པར་ཡར་འཕེལ་བར་བྱས་པ་ལས་གྲུབ་བོ། །བླ་མ་དང་སློབ་དཔོན་དང་དགེ་བའི་བཤེས་གཉེན་གྱི་གདམས་ངག་མཐུན་པར་བཟུང་བ་ལས་གཡས་སུ་འཁྱིལ་བ་གྲུབ་བོ། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་འདྲ་བ་ནི། ཀུན་ལ་སྙིང་བརྩེ་ཞིང་མཚོན་ཆ་སྤངས་པ་ལས་གྲུབ་བོ། །བཅུ་ཚན་གསུམ་མོ། ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ་བ་ནི། བདག་དང་གཞན་ཏིང་ངེ་འཛིན་ལ་སྦྱར་བ་ལས་གྲུབ་བོ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ་ནི། སྐྱེས་བུ་ཆེན་པོའི་མཚན་ཀྱི་སྐུ། ཀུན་ནས་མཛེས་པ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང༌། མཆོད་རྟེན་གསོས་པ་དང༌། འཇིགས་པ་རྣམས་དབུགས་ཕྱུང་བ་དང༌། སེམས་ཅན་མི་མཛའ་བ་རྣམས་བསྡུམ་པ་ལས་གྲུབ་བོ། །འདི་ནི་སྐུ་ཆེ་ཞིང་དྲང་བ་འབྱུང་སྟེ། སྐུ་ཁྲུ་བདུན་དུ་འཕགས་ཤིང་དྲང་བའོ། །ཡང་ན་མདོ་སྡེ་ཁ་ཅིག་ནས། སྐུ་བདུན་མཐོ་བ་མེད་པར། ལྤགས་པ་སྲབ་པ་དག་གསེར་མདོག་ལ་གཉིས་སུ་ཕྱེ་བ་སྟེ། སུམ་ཅུ་རྩ་གཉིས་སུ་བརྗོད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་སོ། །

དེ་རྣམས་སངས་རྒྱས་ཐུབ་པ་ཆེན་པོ་ལ་སྨོན་ནས། །དེའི་ཕྱིར་སྨོན་པའི་འཇུག་པ་བསོད་ནམས་ཀྱི་ཚོགས་ཆེན་པོ་ལ་བསླབས། ཕན་ཡོན་མཐོང་ཞིང་རྗེས་སུ་དྲན་པར་བྱ་བ་ལ་བསླབས་པ་དང༌། དོན་ལ་ཞིང་སྦྱངས་པ་ལ་བསླབས་པ་དང༌། ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་བསླབས་པ་དང༌། སེམས་ཅན་བློས་མི་སྤངས་པ་ལ་བསླབས་པའི་འབྲས་བུའོ། །

སྨོན་པའི་དོན་དམ་སྤྲུལ་པ་སྐུའི་གཟུགས་སྐུ་ལ་བརྟེན་པའི་ཡོན་ཏན་ཏེ། དེ་ལ་གསུམ་སྟེ། ལྷུན་གྱིས་གྲུབ་པ་དང༌། རྒྱུད་མི་འཆད་པ་དང༌། དཔེས་སྒྲུབ་པའོ། །

བསམ་པ་མེད་པར་ལྷུན་གྱིས་གྲུབ་པ་ནི། རྒྱུད་བླ་མ་ནས། ཡོན་ཏན་རིན་ཆེན་མཆོག་ཚོགས་དང་ལྡན་ཡེ་ཤེས་ཆུ་ཚོགས་བསོད་ནམས་ཡེ་ཤེས་ཉི་འོད་ཅན། །ཐེག་པ་མ་ལུས་ངེས་པར་བསྒྲུབས་ཏེ་མཐའ་དང་དབུས་མེད་རྒྱ་ཆེན་ནམ་མཁའ་ལྟར་ཁྱབ་པ། །སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མ་མེད་གཏེར་སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ཏེ། །ཉོན་མོངས་ཤེས་བྱའི་སྤྲིན་གྱི་དྲ་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར། །ཞི་རྒྱས་དབང་དྲག་གིས་གདུལ་བྱ་འདུལ་བ་སྟེ། གང་ཞིག་གང་གིས་འདུལ་བ་ཡི། །བྱ་གང་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། ཕྲིན་ལས་རྣམ་རྟོག་མེད་པར་ལྷུན་གྱིས་གྲུབ་པ་བསྟན་ནོ། །ཕྲིན་ལས་དེ་འཁོར་བ་མ་སྟོངས་བར་དུ་ལྷུན་གྱིས་གྲུབ་པར་སྟོན་ནོ།

རྒྱུན་མི་འཆད་པར་བསྟན་པ་ནི། གདུལ་བྱའི་ཁམས་ནི་གང་ཞིག་གི །གདུལ་བྱ་ཐབས་མང་གང་དག་གིས། །འདུལ་བྱའི་བྱ་གང་གང་དུ་ནི། །གང་ཚེ་ཡུལ་དང་དུས་དེ་དག །ངེས་འབྱིན་དེ་ཡི་སྟོན་པ་དང༌། །དེ་འབྲས་དེ་ཡི་ཡོངས་སུ་འཛིན། །དེའི་སྒྲིབ་དེ་གཅོད་རྐྱེན་ལ་ནི། །རྣམ་པར་རྟོག་པ་མེད་ཕྱིར་རོ། །

རྣམ་རྟོག་མེད་ཀྱང་ས་བཅུ་མན་ཆད་ནས་ལས་ཀྱི་སྒྲིབ་པ་ཅན་ཡན་ཆད་ཀྱི་སྒྲིབ་པའི་སྤྲིན་རྣམས་སངས་རྒྱས་ཀྱི་ཐུགས་རྗེའི་རླུང་དེས་གཏོར་བས་ནས། དཔེ་རྒྱ་མཚོ་དང༌། ཉི་མ་དང༌། ནམ་མཁའ་དང༌། གཏེར་དང༌། སྤྲིན་དང༌། ནོར་བུ་རིན་པོ་ཆེ་རྣམས་དང་འདྲ། རྟོག་པ་མེད་ཀྱང་སྔོན་གྱི་སྨོན་ལམ་གྱིས། ཆོས་སྐུའི་ནམ་མཁའ་ལ་ཡོན་ཏན་ཕྲིན་ལས་རྒྱུན་མི་འཆད་པ་ཡིན་ནོ། །རྒྱུད་བླ་མ་ལས། །ངེས་པར་འབྱིན་པ་ས་བཅུ་སྟེ། །ཚོགས་གཉིས་དག་ནི་དེ་ཡི་རྒྱུ། །དེ་འབྲས་བྱང་ཆུབ་མཆོག་ཡིན་ཏེ། །བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །དེ་སྒྲིབ་མཐའ་ཡས་ཉོན་མོངས་དང༌། །ཉེ་བའི་ཉོན་མོངས་བག་ཆགས་སོ།། དུས་ཀུན་དུ་ནི་དེ་འཇོམས་པའི། །རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན། །གནས་དྲུག་པོ་ནི་འདི་དག་རྣམས། །གོ་རིམ་ཇི་བཞིན་རྒྱ་མཚོ་དང༌། །ཉི་མ་དང་ནི་ནམ་མཁའ་གཏེར། །སྤྲིན་དང་རླུང་བཞིན་ཤེས་པར་བྱ། །ཤེས་ཆུ་ཡོན་ཏན་རིན་ཆེན་དང༌། །ལྡན་ཕྱིར་ས་རྣམས་རྒྱ་མཚོ་བཞིན། །སེམས་ཅན་ཐམས་ཅད་ཉེར་འཚོའི་ཕྱིར། །ཚོགས་གཉིས་དག་ནི་ཉི་མ་བཞིན། །རྒྱ་ཆེ་མཐའ་དང་དབུས་མེད་ཕྱིར། །བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །གློ་བུར་ཁྱབ་དང་མ་གྲུབ་ཕྱིར། །དེ་ཡི་ཉོན་མོངས་སྤྲིན་ཚོགས་བཞིན། །དེ་འཐོར་བས་ནི་ཉེར་གནས་ཕྱིར། །ཐུགས་རྗེ་མི་ཟད་རླུང་དང་འདྲ། །གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །གསུངས་སོ། །ཡང་དཔེ་བསྟན་པ་ནི། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་སྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །

དེ་རྣམས་རྒྱས་པར་བཤད་ན། ཇི་ལྟར་བཻ་ཌཱུར་དག་པ་ཡི། །རང་བཞིན་ས་སྟེང་འདིར་འགྱུར་ཏེ། །དག་ཕྱིར་ལྷ་ཡི་དབང་པོ་དེར།། ལྷ་ཡི་བུ་མོའི་ཚོགས་དང་བཅས། །རྣམ་པར་རྒྱལ་བའི་ཁང་བཟང་དང༌། །ལྷ་གནས་དེ་ལས་གཞན་དག་དང༌། །དེ་ཡི་གཞལ་ཡས་སྣ་ཚོགས་དང༌། །ལྷ་རྫས་རྣམ་མང་དེ་མཐོང་ངོ༌། །དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་པ་རྣམས།། སྣང་བ་དེ་ནི་མཐོང་གྱུར་ཏེ། །ངེད་ཀྱང་རིང་པོར་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང༌། །དེ་ཐོབ་དོན་དུ་དགེ་བ་ནི། །ཡང་དག་བླངས་ཏེ་གནས་པར་འགྱུར། །དེ་དག་དགེ་བའི་ལས་དེ་ནི། །འདི་སྣང་ཙམ་ཞེས་དེ་ལྟ་བུར། །ཤེས་པ་མེད་ཀྱང་ས་སྟེང་ནས། །འཕོས་ཏེ་ལྷ་རུ་སྐྱེ་བར་གྱུར། །སྣང་བ་དེ་ནི་ཤིན་ཏུ་ཡང༌།། རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟེང་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། །དེ་བཞིན་དད་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་བསྒོམས་པ་ཡིས། །རང་སེམས་ལས་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་ལྡན་པ་དང༌། །འཆག་པ་དང་ནི་བཞེངས་པ་དང༌། །བཞུགས་པ་དང་ནི་གཟིམ་པ་དང༌། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ནི་གསུངས་པ་དང༌། །མི་གསུངས་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པ་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད་ཕྱིར་རབ་འབྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟར་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས།། སོ་སོ་སྐྱེ་བོས་མི་ཤེས་མོད། །ཅེས་གསུངས་སོ། །

ཡང༌། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །གསུངས།

ཡང་ལྷའམ་རྔའི་དཔེ་ནི། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང༌། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲ་ཡིས་བག་མེད་པའི།། ལྷ་རྣམས་ཐམས་ཅད་ཡང་དང་ཡང༌། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང༌། །བྲལ་ཡང་འགྲོ་བ་མ་ལུས་པར། །སངས་རྒྱས་གསུང་གི་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་གསུང་ཀུན་ལ་བསྟན་ཀྱང་སེམས་ཅན་མ་རྟོགས་པ་རྣམས་ཀྱི་རྣ་བར་མི་འགྲོ་བར་བསྟན་པ་ནི། ཇི་ལྟར་རྣ་བ་དང་བྲལ་བས། །ཕྲ་མོའི་སྒྲ་ནི་མི་མྱོང་བཞིན། །ཐམས་ཅད་ལྷ་ཡི་རྣ་བར་ཡང༌། །རྣ་ལམ་དུ་ནི་མི་འགྲོ་བཞིན། །དེ་བཞིན་ཆོས་ཕྲ་མཆོག་ཏུ་ནི།། ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང༌། །ཉོན་མོངས་མེད་ཡིད་འགའ་ཞིག་གི། །རྣ་བའི་ལམ་དུ་འགྱུར་བ་ཡིན། །གསུངས།

སྤྲིན་གྱི་དཔེས་བསྟན་པ་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པར། །ས་ལ་རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཐོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན། །རླུང་སྐྱེས་ཆུ་ཆར་སྤྲིན་གྱིས་འབེབས་པ་ལྟར། །དེ་བཞིན་བརྩེ་རླུང་འགྲོ་དགེ་མངོན་འཕེལ་ཕྱིར། །སངས་རྒྱས་སྤྲིན་ལས་དམ་ཆོས་ཆར་པ་འབེབས། །སྲིད་ལ་མཁྱེན་དང་བརྩེ་ཆེན་གྱུར་པ་དང༌། །མི་འགྱུར་མ་གོས་ནམ་མཁའི་དཀྱིལ་གནས་པ། །ཏིང་འཛིན་གཟུངས་ཆུ་དྲི་མེད་སྙིང་པོ་ཅན། ཐུབ་དབང་སྤྲིན་ནི་དགེ་བའི་ལོ་ཐོག་རྒྱུ། །འབབ་སའི་སྣོད་ཀྱི་བྱེ་བྲག་སྣ་ཚོགས་པ་ཉིད་ལས། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང༌། །ཡང་བའི་ཆུ་ནི་སྤྲིན་དེ་ལས་ཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས།། ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན། །དེ་བཞིན་འཕགས་པའི་ཡན་ལག་བརྒྱད་ཅུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པར་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་གསུངས་སོ།། ཡང༌། དེ་བཞིན་བདེ་གཤེགས་ཆོས་ཀྱི་སྐུ་ལས་མི་བསྐྱོད་འཇིག་རྟེན་ཁམས་ཀུན་ཏུ། །སྐལ་ལྡན་གྱིས་མཐོང་དེ་མཐོང་དེ་ཡང་རྟག་ཏུ་དྲི་མ་ཀུན་སེལ་བྱེད། །སྔོན་གྱི་རང་ཉིད་སྨོན་ལམ་དང༌། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབད་མེད་སྣང༌། །རང་བྱུང་སྤྲུལ་སྐུ་དེ་བཞིན་ནོ། །

སངས་རྒྱས་སྟོང་པའི་ངང་ནས་སེམས་ཅན་གྱི་བསམ་པ་དང་མཐུན་པར་སྟོན་པ་ནི། འཕོ་དང་ལྷུམས་ཞུགས་བལྟམས་དང་ཡབ་ཀྱི་ཁབ་གཤེགས་དང༌། །དགྱེས་པར་རོལ་དང་དབེན་པར་སྤྱོད་དང་བདུད་བཅོམ་དང༌། །བྱང་ཆུབ་ཆེར་བརྙེས་ཞི་བའི་གྲོང་ཁྱེར་ལམ་སྟོན་དག །བསྟན་ནས་ཐུབ་པ་སྐལ་མེད་མིག་གི་ལམ་མི་འགྱུར། །ཞེས་གསུངས།

ཉི་མའི་དཔེས་བསྟན་པ་ནི། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཅར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང༌།། གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཞེས་པ་ནས། ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །རྟག་ཏུ་ཐམས་ཅད་ལ་ཁྱབ་པར་བསྟན་པ་ནི། ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་པར་བབས། །ཞེས་གསུངས།

ནོར་བུའི་དཔེས་བསྟན་པ་ནི། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང༌། །དེ་ནི་དེ་ལ་རྣམ་མི་རྟོག། །ཅེས་གསུངས་སོ། །

སྒྲ་བརྙན་གྱི་དཔེས་བསྟན་པ་ནི། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང༌། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་གཟོ་མེད་ཅིང༌། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་གསུངས།

ནམ་མཁའི་དཔེས་བསྟན་པ་ནི། ཅུང་ཟད་མེད་ཅིང་སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟར་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལྟར་མིན། །ཞེས་གསུངས།

ས་ཡི་དཔེས་བསྟན་པ་ནི། ཇི་ལྟར་ས་ལས་སྐྱེ་བ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་བརྟན་དང་ཡངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་རྣམས། །མ་ལུས་པར་ནི་འཕེལ་བར་འགྱུར། །ཞེས་གསུངས་པས། སངས་རྒྱས་ཀྱི་འཕྲིན་ལས་བསྟན་ཏོ། །དེ་ལྟར་ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ཡོན་ཏན་ཕྲིན་ལས་གཉིས་པོ་དེ་ཉི་ཟླ་ལྟ་བུར་འབྱུང་ངོ༌། །

དེ་ལྟར་སྨོན་པ་བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་སྐོར་ཅིག་ལ་སྨོན་པའི་སྨོན་པ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ། །ང་ཁྱོད་ཇི་འདྲ་བར་གྱུར་ཅིག་པར་སྨོན་ལམ་བཏབ་ནས་སྨོན་པའི་འཇུག་པ་བསྐལ་བ་གྲངས་མེད་དང་པོ་བསླབས་པས། སྨོན་པའི་དོན་དམ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ཅི་འདྲ་བར་སངས་རྒྱས་ནས། དང་པོ་འདུལ་བ་གསུངས། བར་དུ་མདོ་སྡེ་གསུངས། །བསོད་ནམས་བསགས་པ་ཅན་རྣམས་ལ་གསང་སྔགས་སྡེ་སྣོད་བཞི་པ་གསུངས། མྱ་ངན་ལས་མདའ་ཁར་མངོན་པ་གསུངས།

དེ་ནས་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་གྱད་ཀྱི་ཡུལ་དུ་མྱ་ངན་འདའ་ཁར་མངོན་པ་གསུངས་ནས། འཁོར་རྣམས་ལ་ཞུ་རྒྱུ་ཡོད་པ་རྣམས་ང་ལ་ཞུས་ཤིག འདྲི་རྒྱུ་ཡོད་པ་རྣམས་ང་ལ་དྲིས་ཞིག སང་ནས་ཁྱེད་རྣམས་ལ་དྲི་ས་མེད་དོ་གསུངས་པས། བྱམས་པ་ལ་སོགས་པའི་འཁོར་རྣམས་སྤྲོས་པ་ཆོད་པས་ཅི་ཡང་མི་སྨྲ་བས། ལེགས་སོ། །ང་ལ་དྲི་རྒྱུ་མེད་པ་ལ་ལེགས་སོ་གསུངས་ནས་གྱེས་སོ། །དེ་ནས་ཐུབ་པ་མྱ་ངན་ལས་འདའ་བ་ངེད་ཀྱིས་མི་བཟོད་ཟེར་ནས། སྲུ་སྐྱེ་དགུའི་བདག་མོ་ཉན་ཐོས་ལྔ་བརྒྱ་དང་བཅས་པ་མྱ་ངན་ལས་འདས། ཤཱ་རིའི་བུ་གྲོང་ན་ལ་རྒྱུར་དགྲ་བཅོམ་པ་བརྒྱད་ཁྲི་བརྒྱད་སྟོང་དང་བཅས་ནས་མྱ་ངན་ལས་འདས། མོའུ་འགལ་གྱི་བུ་རང་གི་གྲོང་ཤིང་ཐག་ཅན་དུ་དགྲ་བཅོམ་པ་བདུན་ཁྲི་བདུན་སྟོང་དང་བཅས་ནས་རང་གི་ལུས་ལས་མེ་འབར་ནས་མྱ་ངན་ལས་འདས་སོ། །

དེ་ནས་ཕྱོགས་བཅུའི་ཞིང་ནས་བྱང་ཆུབ་སེམས་དཔའ་རྣམས་ཕྱག་ལ་བྱོན་ཏེ། ལྷོ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་དམིགས་མེད་རྒྱལ་པོ་མ་སྐྱེས་དགྲའི་དཔང་དུ་རྫུས་སྐྱེས་སུ་མཛད་ནས་བྱོན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བར་ཡབ་ལ་ཞུས་པས། འདིར་ཅི་འདོད་པ་ལ་ལོངས་སྤྱོད། མ་འགྲོ་ཟེར། བྱང་ཆུབ་སེམས་དཔའ་དམིགས་མེད་ན་རེ། འདོད་པ་ཁྱི་དང་ཕག་པ་དང༌། །ཝ་དང་བོང་བུ་འདོད་སྤྱོད་ཀྱི། །སངས་རྒྱས་མི་སྤྱོད་ཉན་ཐོས་མིན། །གསུངས་ནས་ཕྱག་ལ་བྱོན་པས།

བཅོམ་ལྡན་འདས་ཀྱི་ཞལ་ནས། ཀུན་དགའ་བོ་ལ་བྱང་ཆུབ་སེམས་དཔའ་དམིགས་མེད་ལ་ཕྱག་ཚོལ་ཅིག ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། ཁྱོད་ལྷ་དང་མི་ཐམས་ཅད་ཀྱི་ཕྱག་གི་གནས་སུ་འགྱུར་རོ། །ལུས་བཏུད་ཅིག ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་མི་མ་ཡིན་པ་ཐམས་ཅད་ཁྱོད་ལ་འདུད་པར་འགྱུར་རོ། །གདན་ཐེངས་ཤིག ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་གདན་རྣམ་པ་བཅུ་ཐོབ་པར་འགྱུར་རོ་གསུངས།

དེ་ནས་སྲོད་ལ་སུམ་ཅུ་རྩ་གསུམ་དུ་བྱོན་ནས་དྲི་ཟའི་རྒྱལ་པོ་རབ་དགའ་བརྟུལ། དེ་ནས་མར་བྱོན་ནས་མུ་སྟེགས་ཀུན་ཏུ་རྒྱུ་རབ་བཟང་བརྟུལ། དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་བྱའི་ལོ། སྨིན་དྲུག་ཟླ་བའི་ཚེས་བརྒྱད་ཀྱི་ནམ་གུང༌། ཟླ་བ་རི་རྩེར་ནུབ་པ་དང་མྱ་ངན་ལས་འདས་སོ། །

དེ་ནས་ཀུན་དགའ་བོ་ལ་སོགས་ཀྱིས་སྐུ་གདུང་རས་ཡུག་ལྔ་བརྒྱས་དྲིལ། དེ་ནས་སྲིན་བལ་གྱིས་དྲིལ། དེ་ནས་ཡང་རས་ཡུག་ལྔ་བརྒྱས་གཡོལ་ནས། ལྕགས་ཀྱི་སྒྲོམ་བུར་བཞུགས། ཏིལ་གྱི་མར་ཁུས་བཀང་ནས་མེ་ལ་བཞེན་(བསྲེགས་པ་)པས་འབར་དུ་མ་བཏུབ་བོ། །

དེ་ནས་འཕགས་པ་འོད་སྲུང་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་པི་པ་ལའི་ཕུག་ན་བཞུགས་པས། སངས་རྒྱས་དང་མཇལ་བར་འདོད་པས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རིམ་གྱིས་བལྟས་པས་གང་ན་ཡང་མི་བཞུགས་པར་འདུག་ནས། གྱད་གྱི་ཡུལ་དུ་མྱ་ངན་ལས་འདས་པ་ཤེས་ཏེ།

རྒྱལ་པོ་མ་སྐྱེས་དགྲ་ལ་དེ་བྱས་ནས་བྱོན་པས་ལམ་དུ་འཁོར་ལྔ་བརྒྱ་འདུས་པས་རྣམས་དང་འགྲོགས་ནས་བྱོན་པས། ལམ་དུ་རྒན་ཞུགས་ཤིག་དང་འཕྲད་པས། སངས་རྒྱས་མྱ་ངན་ལས་འདས་པས་ཁྱོད་མི་འགྲོའམ་བྱས་པས་ཁོ་ན་རེ། སངས་རྒྱས་མྱ་ངན་འདས་ནས་སུ། །བསླབ་དང་སློབ་པའི་བཅས་པ་མེད། །མགོ་བག་གདུགས་དང་འདྲ་བར་འགྱུར། །ད་ནི་བག་ཡངས་ཅི་དགར་སྤྱོད། །ཟེར་ནས་ཁོ་དགའ་འདུག་པས། འདིའི་ཟེར་ལུགས་ཀྱིས། སངས་རྒྱས་ཀྱི་བསྟན་པ་ནུབ་ཏུ་འགྲོ་བར་འདུག་པས། དེ་བཞིན་གཤེགས་པའི་བཀའི་བསྡུ་བ་བྱེད་དགོས་པར་འདུག་སྙམ་ནས་བྱོན་པས། གྱད་ཀྱི་ཡུལ་དུ་འཕགས་པ་མ་འགགས་པ་དང༌། ཀུན་དགའ་བོ་ལ་སོགས་པ་རྣམས་དང་མཇལ་ཞིང༌། སངས་རྒྱས་ཇི་ལྟར་སྐུ་གཤེགས་པའི་གཏམ་རྣམས་གསུངས་སོ། །

དེ་ནས་འཕགས་པ་འོད་སྲུང་གིས་སྐུ་གདུང་ལ་ཞབས་ཞུས། སྲིན་བལ་དང་རས་སྤོས་ནས། རས་སྲིན་བལ་སྟོང་གིས་སྐུ་གདུང་དྲིལ་ནས་ཏིལ་མར་གྱིས་བཀང་བས་མེ་རང་འབར་དུ་སོང༌། རིང་བསྲེལ་མ་གཱ་དྷའི་ཁལ་སྟོང་བྱོན་པས་ཆ་བརྒྱད་དུ་བགོས་ནས། ཆ་གཅིག་ནི་གྲོང་ཁྱེར་རྩྭ་ཅན་པ་རྣམས་ལ་བྱིན། ཆ་གཉིས་པ་ནི་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ལ་བྱིན། ཆ་གསུམ་པ་ནི་རྟོགས་པ་ཡོད་པའི་རྒྱལ་པོ་རིགས་བུ་ལུ་གུ་ལ་བྱིན། ཆ་བཞི་པ་ནི་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་རིགས་ཏྲོ་ཏ་ལ་བྱིན། ཆ་ལྔ་པ་ནི་ཁྱབ་འཇུག་གླིང་གི་བྲམ་ཟེ་ལ་བྱིན། ཆ་དྲུག་པ་ནི་སེར་སྐྱའི་རྒྱལ་རིགས་ཤཱཀྱ་རྣམས་ལ་བྱིན། ཆ་བདུན་པ་ནི་ཡུལ་ཡངས་པ་ཅན་གྱི་རྒྱལ་རིགས་ལི་ཙ་བྱི་རྣམས་ལ་བྱིན། ཆ་བརྒྱད་པ་ནི་ཡུལ་ཡངས་པ་ཅན་གྱི་བློན་པོ་སྣ་ཆེན་པོ་ལ་གཏོགས་པའི་བྲམ་ཟེ་དབྱར་བྱེད་ལ་བྱིན། གང་གི་སྐུ་གདུང་བཅུག་པའི་བུམ་པ་དེ་བྲམ་ཟེ་བྲེའོ་དང་མཉམ་པ་ལ་བྱིན་ནོ། །

ཚེམས་ཆེ་བ་དང་པོ་ནི་སུམ་ཅུ་རྩ་གསུམ་དུ་གདན་དྲངས་སོ། །གཉིས་པ་ནི་ཚེ་འཛིན་གྱི་གྲོང་ཁྱེར་ཡིད་འོང་དུ་གདན་དྲངས་སོ།། གསུམ་པ་ནི་ཀ་ལིང་ཀའི་རྒྱལ་པོའི་ཡུལ་དུ་གདན་དྲངས་སོ། །བཞི་པ་ནི་ཀླུའི་ཡུལ་དུ་གདན་དྲངས་སོ། །གདུང་སོལ་བ་རྣམས་བྲམ་ཟེ་ནྱ་གྲོ་ཏ་ལ་བྱིན་ནོ། །

དེ་ནས་གདན་ས་འཕགས་པ་འོད་སྲུང་གིས་མཛད་ནས། བཀའི་བསྡུ་བ་མཛད་དགོས་དགོངས་ནས། གནས་རྒྱལ་པོའི་ཁབ། པི་པ་ལའི་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་དགྲ་བཅོམ་པ་ལྔ་བརྒྱའི་གནས་མལ་དང་འཚོ་བ་སྦྱར་ནས་བཀའི་བསྡུ་བ་མཛད་པས། དགྲ་བཅོམ་པ་ལྔ་བརྒྱ་དཔང་པོར་བཞག་དགོས་པ་ལ། གཉིས་པ་ཐེམས་ནས་གཅིག་འཕགས་པ་བ་ལང་བདག་སུམ་ཅུ་རྩ་གསུམ་ལྷའི་ཡུལ་ནས་གདན་འདྲེན་དུ་བཏང་བས་མ་བྱོན། གཅིག་འཕགས་པ་ཀུན་དགའ་བོ་མདོ་སྡེ་ཐམས་ཅད་ཁོང་གི་ཐུགས་ལ་ཡོད་པས་ཁོང་དགོས་པ་ལ། ཁོང་གིས་དགྲ་བཅོམ་པ་མ་ཐོབ་པས། ཁོང་སྒྲུབ་པ་ལ་བསྐུལ་བ་ལ་ཁོང་རྒྱལ་རིགས་ཡིན་པས་ཞི་བས་མི་ཐུལ་བས། དྲག་པོས་འདུལ་བར་དགོངས་ནས། སྐྱོ་བ་ཆེན་པོ་བརྒྱད་ཀྱིས་བཅོས་ཏེ། འཕགས་པ་འོད་སྲུང་གིས་གཙོ་བྱས་པའི་དགྲ་བཅོམ་པ་རྣམས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་ཁྱོད་ངེད་ཚོའི་ནང་དུ་མ་སྡོད་པར་སོང་ཞིག བཅོམ་ལྡན་འདས་ལ་ བདུད་ཀྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པའི་དུས་སུ་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་དྲིས་པས། ཁྱོད་ཀྱིས་བཞུགས་པར་མ་ཞུས་པར་ཁ་རོག་བསྡད་པས། ད་ཁྱོད་འདིར་མ་སྡོད་པར་སོང་ཞིག བཅོམ་ལྡན་འདས་ལ་ཆུ་རྙོག་མ་ཅན་དྲངས་པས་ཁྱོད་འདིར་མ་སྡོད་པར་སོང་ཞིག བཅོམ་ལྡན་འདས་ཀྱི་ཆོས་གོས་རྡོག་པའི་འོག་ཏུ་བཅུག་ནས་བཙེམས་པས་ཁྱོད་འདིར་མ་སྡོད་པར་སོང་ཞིག གཞན་ཡང་ཁྱོད་ཀྱི་སྲུ་སྐྱེ་དགུའི་བདག་མོ་རབ་ཏུ་ཕྱུང་བས་བསྟན་པ་ལྔ་བརྒྱ་ཕྲག་གཅིག་འགྲིབས་པ་དང༌། བཅོམ་ལྡན་འདས་ཀྱི་གསང་བའི་གནས་བུད་མེད་ལ་བསྟན་པ་དང༌། བསླབ་པའི་གཞི་ཕྲ་མོ་ལ་ཞུ་བ་མ་བྱས་པ་དང༌། བཅོམ་ལྡན་འདས་ཀྱི་སྐུ་ལུས་གསེར་བཙོ་མའི་མདོག་འདྲ་བ་གཞན་ལ་རྫོགས་པར་བསྟན་པ་དང༌། ཁྱོད་ཀྱི་བཅོམ་ལྡན་འདས་ལོ་ཉི་ཤུ་ལྷག་ཏུ་བསྟེན་ཀྱང་དགྲ་བཅོམ་པ་མ་ཐོབ་པས་འདིར་མ་སྡོད་པར་སོང་ཞིག་བྱས་ནས་འབྲི་རྫིའི་ཕུག་ཏུ་བསྐྲད་ནས་བཏང་ངོ༌། །དེར་བྱོན་ནས་འབྲི་རྫིའི་བུ་ལ་ཆོས་བསྟན་ནས་དགྲ་བཅོམ་པ་ཐོབ་པས། མཁན་པོ་དགྲ་བཅོམ་པ་ཐོབ་བམ་མ་ཐོབ་སྙམ་ནས་བལྟས་པས་མ་ཐོབ་པར་འདུག་པས། གོའུ་ཏམ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་དབེན་པ་བསྟེན་ལ་སྒྲུབ་པ་གྱིས། །རིང་པོར་མི་ཐོགས་དགྲ་བཅོམ་ཐོབ་པར་འགྱུར། །བྱས་ནས་བསྐུལ་བས། ཀུན་དགའ་བོས་སྒྲུབ་པ་མཛད་པས་དགྲ་བཅོམ་པ་ཐོབ་ནས་མངོན་ཤེས་ཀྱིས་བལྟས་པས། དགྲ་བཅོམ་པ་རྣམས་ཀྱིས་བྱམས་པས་སྒྲུབ་པ་ལ་བསྐུལ་བའི་ཕྱིར་བསྐྲད་པར་འདུག་ནས། དཔོན་སློབ་གཉིས་པོས་རྫུ་འཕྲུལ་གྱིས་ནམ་མཁར་བྱོན་ནས་པི་པ་ལའི་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱའི་ནང་དུ་གཤེགས་སོ། །དེ་རྣམས་ཀྱི་རྣམ་སྦྱར་ལྔ་བརྒྱའི་སྟེང་དུ་བཞུགས་ཏེ། མདོ་སྡེ་རྣམས་ཐུགས་ནས་སྟོན་ནས་བསྡུས་སོ། །དེ་ནས་ཡང་རྣམ་སྦྱར་ལྔ་བརྒྱའི་སྟེང་དུ་ཉེ་བ་འཁོར་བྱོན་ནས་འདུལ་བ་རྣམས་བསྡུས་སོ། །དེ་ནས་ཡང་རྣམ་སྦྱར་ལྔ་བརྒྱའི་སྟེང་དུ་འོད་སྲུང་བྱོན་ནས་མྱ་ངན་ལས་འདས་པ་མངོན་པ་བསྡུས་སོ། །

སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་དབྱར་དེ་ནས་བཀའི་བསྡུ་བ་བྱས། བདག་གིས་བུའི་བྱ་བ་བྱས་སོ་སྙམ་པས་བསྟན་པ་ཀུན་དགའ་བོ་ལ་གཏད་དེ། །འཕགས་པ་འོད་སྲུང་རི་ཁ་བ་ཅན་གསུམ་ལ་རྫུ་འཕྲུལ་གྱིས་བྱོན་ནས་འགོག་པ་མྱ་ངན་ལས་འདས་སོ། །

དེ་ནས་ཀུན་དགའ་བོས་བསྟན་པ་བཟུང་སྟེ། སློབ་མ་ཉི་མ་གུང་པ་ལ་སོགས་པ་དགྲ་བཅོམ་པ་མང་པོ་བྱོན་ནོ། །དེ་ནས་ཀུན་དགའ་བོས་བསྟན་པ་དགྲ་བཅོམ་པ་བྲམ་ཟེ་ཉི་མ་གུང་ལ་གཏད་ནས་འཕགས་པ་ཀུན་དགའ་བོ་ཆུ་བོ་གངྒཱའི་སྟེང་དུ་རང་ཉིད་ཀྱི་ལུས་ལ་མེ་བྱུང་ནས་མྱ་ངན་ལས་འདས་སོ། །

བྲམ་ཟེ་ཉི་མ་གུང་གིས་ཤ་ནའི་རས་ཅན་ལ་གཏད། དེས་འཕགས་པ་ཉེར་སྦས་ལ་གཏད་ནས་སློབ་མར་དགྲ་བཅོམ་པ་མང་པོ་བྱོན་ནོ། །

སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། །དེ་ལ་དུས་ཚོད་བཞི་རུ་བྱུང༌། དུས་རེ་ལ་ལོ་ལྔ་བརྒྱ་ཕྲག་གསུམ་གསུམ་ཡོད། ལྔ་བརྒྱ་ཕྲག་དང་པོ་ལ་དགྲ་བཅོམ་པ་ཡོང༌། གཉིས་པ་ལ་རྒྱུན་ཏུ་ཞུགས་པ་འོང༌། གསུམ་པ་ལ་ཕྱིར་མི་འོང་བ་འོང༌། དེ་གསུམ་འབྲས་བུའི་དུས་སོ། །དེ་ནས་མངོན་པར་རྟོགས་པའི་དུས་ལ་ཡང་གསུམ་ལས། དང་པོ་ལྷག་པའི་ཤེས་རབ་འབྱུང༌། གཉིས་པ་ལ་ལྷག་པའི་སེམས་འབྱུང༌། གསུམ་པ་ལ་ལྷག་པའི་ཚུལ་ཁྲིམས་འབྱུང་ངོ༌། །དེ་ནས་ལུང་གི་དུས་ལ་ཡང་གསུམ། ལྔ་བརྒྱ་ཕྲག་དང་པོ་ལ་མངོན་པ་འབྱུང༌། གཉིས་པ་ལ་མདོ་སྡེ་འབྱུང༌། གསུམ་པ་ལ་འདུལ་བ་འབྱུང་བར་གསུངས། ལྔ་བརྒྱ་ཕྲག་ཕྱི་མ་ལ་རྟགས་ཙམ་འཛིན་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་ནུབ་པའི་དུས་ཡིན་གསུངས། དེའི་དུས་སུ་དགྲ་བཅོམ་པ་དེས་པ་བྱ་བ། འཁོར་ལྔ་བརྒྱ་དང་བཅས་པ་འབྱུང་བར་གསུངས། སྡེ་སྣོད་གསུམ་པ་སློབ་མ་ཅན་བྱ་བ་འཁོར་བརྒྱ་དང་བཅས་པ་འབྱུང༌། དེ་གཉིས་གཅིག་མཁས་པས་ངས་གསོ་སྦྱོང་བྱེད་དགོས་ཟེར། གཅིག་དགྲ་བཅོམ་པ་ཡིན་པས་ངས་གསོ་སྦྱོང་བྱེད་དགོས་ཟེར་ནས་མི་འཆམ་པར། འཁོར་རྣམས་ཕན་ཚུན་བྱས་ནས་དགེ་འདུན་གཅིག་ཀྱང་མི་འོང༌། དེའི་དུས་སུ་རྒྱལ་པོ་དཔུང་དམར་ཅན་བྱ་བ་དད་པ་དང་ལྡན་པ་ཞིག་འབྱུང་བས། དགེ་འདུན་མེད་པས་མྱ་ངན་བྱེད་དོ། །ས་ལ་ཁ་བུབ་ཏུ་ཉལ་ནས་ལྡང་བར་མི་ནུས་སོ། །དེའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་ནུབ་པས་སྐྲ་གཞར་བ་ཡང་མི་ཕེད། གོས་སེར་པོར་མི་འགྲོ་བས། བློན་པོ་ཤེས་རབ་དང་ལྡན་པས་མགོ་མེས་བཤུར། བ་དམར་གྱི་ཀོ་བ་བྱོན་ནས། རྒྱལ་པོ་ཆེན་པོ་ཡར་ལོངས་ལ་བླ་མཆོད་རྣམས་བྱོན་ནས་ཡོད་བྱས་པས། རྒྱལ་པོ་སྙམ་ན་རབ་ཏུ་བྱུང་བ་ཡིན་སྙམ་ནས་བལྟས་པས། མགོ་མེས་བཤུར་བ། བ་དམར་གླང་དམར་གྱི་ཀོ་བ་གྱོན་ནས་འདུག་པ་མཐོང་བས། ད་སངས་རྒྱས་ཀྱི་བསྟན་པ་ནུབ་ནས་འདུག་སྙམ་ནས། རྒྱལ་པོ་མྱ་ངན་གྱིས་གྲོངས་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེས་པར་གྱུར་ཏོ། །དེ་ནས་སྤྲུལ་སྐུ་འདིའི་བསྟན་པ་མི་འབྱུང་ངོ༌། །དེ་རྣམས་སྤྲུལ་པའི་སྐུའི་བསྟན་པ་ཚད་ཅན་ལ་དགོངས་ནས་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་ཕྲིན་ལས་ནི་ཇི་སྲིད་འཁོར་བ་མ་སྟོངས་བར་དུ་ཐུགས་བསྐྱེད་པས། དེ་སྲིད་དུ་སངས་རྒྱས་མྱ་ངན་ལས་མི་འདའ། ཆོས་མི་ནུབ། དགེ་འདུན་དཀོན་མཆོག་རྒྱུན་མི་འཆད་ཅེས་གསུངས་སོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། སྨོན་པ་སྐོར་ཅིག་གི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།

ད་འཇུག་པ་རྒྱུ་ལ་དམ་འཆའ་བར་ཚད་མེད་བསྟན་པར་བྱ་སྟེ། འཇུག་པ་བྱང་ཆུབ་ཀྱི་སེམས་ལ་ཡང་གསུམ་སྟེ། འཇུག་པའི་སྨོན་པ། འཇུག་པའི་འཇུག་པ། འཇུག་པའི་དོན་དམ་གསུམ། སངས་རྒྱས་ཀྱིས་བསྐལ་པ་གྲངས་མེད་པར་ལོངས་སྤྱོད་པ་ཡིན་ཏེ།

དང་པོ་ཚད་མེད་པའི་སྙིང་རྗེ་ཆེན་པོ་ལས་སྐྱེས་པ་འཇུག་པའི་སྨོན་པ་ནི། སེམས་ཅན་ཐམས་ཅད་མ་དགའ་བ་དགའ་བར་བྱ། མ་གྲོལ་བ་བསྒྲོལ་བར་བྱ། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་སྙམ་པ་དེ་འཇུག་པའི་སྨོན་པ་ཚད་མེད་པ་ཡིན། འོ་ན་སྨོན་པའི་སྨོན་པ་དང་ཁྱད་ཅི་ཡོད་སྙམ་ན། སྨོན་པའི་སྨོན་པ་ནི་ཚད་ཅན་པ་རང་གཅིག་པུ་སངས་རྒྱས་འདི་གཅིག་པུ་འདྲ་བ་ཞིག་བྱ་སྙམ་པ་དང༌། སྡོམ་པ་བར་མ་ལེན་པའི་དུས་སུ། ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་རྒྱལ་པོ། བསྟན་པའི་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་བྱུང་སྟེ། སྙམ་དུ་སྨོན་པ་དེ་སྨོན་པ་ཚད་ཅན་ཡིན། འདི་འཇུག་པའི་སྨོན་པ་ཚད་མེད་ཡིན་གསུངས། དེ་གཉིས་མི་འདྲ། གཅིག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཐོབ་པར་སྨོན་པ་མེད། རང་ཉིད་གཅིག་པུ་སངས་རྒྱས་དེ་འདྲ་ཞིག་ཐོབ་པར་སྨོན་པ་ཡིན། འཇུག་པའི་སྨོན་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་བྱ་སྙམ་དུ་སྨོན་པ་ཡིན། དེ་སེམས་ཅན་ཐམས་ཅད་ལ་ཚད་མེད་པས་ཚད་མེད་ཡིན་ནོ། །

ད་འཇུག་པའི་འཇུག་པ་ནི། དེའི་ཆེད་དུ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། དགེ་བ་ཡོད་ཚད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཛད་ཚད་ལ་འཁོར་བ་མ་སྟོངས་བར་དུ་ལུས་ངག་ཡིད་གསུམ་པོ་འདི་དགེ་བ་ལ་སྐད་ཅིག་ཀྱང་བཏང་སྙོམས་སུ་མ་ལུས་པར་བཀོལ་བ་ཡིན།

དེའི་འབྲས་བུ་འཇུག་པའི་དོན་དམ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བ་ཡིན།

སྐུ་གཅིག་གིས་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་བྱེད་ན་ཡང་དེར་སྟོན་ནུས་པ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ། ལྷའི་བཟོ་བོ་བི་ཤྭ་ཀརྨས་ཤཱཀྱའི་སྐུ་ཚད་བྱ་སྙམ་ནས། ཞབས་ཀྱི་མཐེ་བོང་ནས་རིན་པོ་ཆེའི་ཐིག་གུས། དབུའི་གཙུག་ཏོར་ལ་མཉམ་པས། དབུའི་གཙུག་ཏོར་མཐོར་སོང་ནས་སྟེང་གི་སངས་རྒྱས་ཀྱི་ཞིང་ཁམས་ན་ཡར་སོང་ནས་དབུའི་གཙུག་ཏོར་མ་མཐོང་བས། ཚད་བྱར་མ་བཏུབ་པ་ཡིན་ནོ། །སྐུ་མང་པོས་འདུལ་བ་ཡང༌། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་བསམ་པ་དང་ བསྟུན་ནས། མང་པོར་སྟོན་པ་ཡིན། དཔེར་ན་ཉི་མ་གཅིག་ལ་སེམས་ཅན་རེ་རེས་ཆུ་སྣོད་རེ་རེ་བཟུང་ན། དེའི་ནང་དུ་ཉི་མ་རེ་རེ་འབྱུང་བ་ཡིན། ཆུ་སྣོད་མེད་པ་ལ་ཉི་མ་མི་འབྱུང༌། དད་པ་མེད་པས་སངས་རྒྱས་མི་མཐོང་བ་ཡིན། ཆོས་རྗེ་སྒམ་པོ་པས་དུས་གཅིག་ལ་སྐུ་གསུམ་དུ་བསྟན་ནས་རབ་གནས་ཁ་གསུམ་དུ་མཛད་པ་ཡིན། ཆོས་རྗེ་ཕག་མོ་གྲུ་པས་མཎྜལ་ཕུལ་ནས། སྐུ་གསུམ་དུ་བསྟན་པ་ལགས་སམ་ཞུས་པས། དགེ་བཤེས་ཁམས་པ་ངས་སེམས་ཅན་རེ་རེའི་མདུན་དུ་སྐུ་བརྒྱ་བརྒྱ་སྟོན་ཀྱང་ནུས་གསུངས། (ཆོས་རྗེ་འབྲི་གུང་དུས་གཅིག་ལ་སྐུ་བཞིར་བསྟན་པ་ཡིན།) མཚན་ཉིད་ཀྱིས་འདུལ་བ་རྣམ་པར་སྣང་མཛད་དུ་བསྟན་ནས་ཡེ་ཤེས་ངོ་སྤྲོད་པ་ཡིན།

བདེ་མཆོག་གི་འདུལ་བ་ལ་བདེ་མཆོག་ཏུ་བསྟན་ནས་ཡེ་ཤེས་ངོ་སྤྲོད་པ་ཡིན་ཏེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་དང་པོ་ནས་མེད་པའི་བརྡར་ཞལ་བཞིར་བྱོན་པ་ཡིན་ནོ། །སྤྱན་གསུམ་ནི་དུས་གསུམ་མཁྱེན་པ་ཡང་སྟོང་པར་རྟོགས་པའི་བརྡས་ངོ་སྤྲོད་ཡིན། མཆེ་བ་བཞི་ནི་སེམས་སྟོང་པར་རྟོགས་པས་བདུད་བཞི་ལས་རྒྱལ་བའི་བརྡ། དབུ་སྐྲ་རལ་པའི་ཐོར་ཚུགས་ནི། དགེ་བའི་རྩ་བ་མ་ལུས་པར་རྫོགས་ནས་དང་པོ་ནས་སྟོང་པར་རྟོགས་པའི་བརྡ། ཐོད་པ་སྐམ་པོ་ལྔ་ནི་ཡེ་ཤེས་ལྔ་སྟོང་པར་ངོ་སྤྲོད་པའི་བརྡ། སྤྱི་བོར་ཟླ་བ་ཕྱེད་པ་ནི་བྱང་སེམས་རྒྱུན་མི་ཆད་པ་དང༌། ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་ངོ་སྤྲོད་པའི་བརྡ། སྤྱི་བོ་རྡོ་རྗེ་རྒྱ་གྲམ་ནི་ཕྲིན་ལས་བཞི་དང་སྟོང་པ་ཟུང་འཇུག་ཏུ་ངོ་སྤྲོད་པའི་བརྡ། སྐུ་མདོག་ནག་པོ་ནི་བྱམས་པ་དང་སྟོང་པ་ཟུང་དུ་འཇུག་དགོས་པའི་བརྡ། སྤྱན་རྩ་དམར་ཟླུམ་པ་ནི་སེམས་ཅན་གྱི་དོན་ལ་ཆགས་པའི་བརྡ། ཁྲོས་ཤིང་གཉེར་མ་གྱེན་དུ་གཉེར་བ་ནི་ཡེ་ཤེས་ཀྱིས་སྤངས་བྱ་ཉོན་མོངས་པ་བཅོམ་པའི་བརྡ། ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པ་ནི་ཡེ་ཤེས་ཐ་མི་དད་པའི་བརྡ། ཡབ་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་ནི་ཡེ་ཤེས་ཀྱིས་ཆོས་ཉིད་དབྱིངས་ཡུལ་དུ་བྱེད་དགོས་པའི་བརྡ། ཕྱག་གཡོན་དང་པོས་དྲིལ་བུ་བསྣམས་པ་ནི་རྟེན་འབྲེལ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་བརྡ། གཡས་དང་པོས་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི་ཡེ་ཤེས་ལྔ་རྒྱུད་ལ་སྐྱེས་པའི་བརྡ། ཕྱག་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པའི་བརྡ། ཕྱག་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་བསྣམས་པ་ནི། འགྲོ་བའི་གཏི་མུག་འཇོམས་པའི་བརྡ། གཡོན་གྱི་གསུམ་པས་ཁ་ཊྱཱཾ་ག་བསྣམས་པ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཟུང་དུ་འཇུག་པའི་བརྡ། གཡོན་གྱི་བཞི་པ་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ་ནི་ཐུགས་རྗེ་དང་སྟོང་པ་ཟུང་དུ་འཇུག་པའི་བརྡ། གཡོན་པ་ལྔ་པ་ན་རྡོ་རྗེ་ཞགས་པ་བསྣམས་པ་ནི་སྟོང་པ་ཡང་དག་པའི་ཞགས་པས་སེམས་ཅན་འཁོར་བར་མི་གཏོང་པར་ཚུར་སངས་རྒྱས་ཀྱི་སར་འགུགས་པའི་བརྡ། གཡོན་དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པ་ནི་ཐར་པ་ཐམས་ཅད་ཀྱི་མཆོག་སངས་རྒྱས་ཐོབ་དགོས་པའི་བརྡ། གཡས་གསུམ་ན་ཌཱ་མ་རུ་བསྣམས་པ་ནི་སྐྱེ་བ་མེད་པའི་སྒྲས་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་སྐུལ་བའི་བརྡ། གཡས་བཞི་པ་ན་དགྲ་སྟྭ་བསྣམས་པ་ནི་ལུས་ངག་ཡིད་གསུམ་གྱི་ཉེས་པ་བཤགས་ནས་རྒྱུན་གཅོད་པའི་བརྡ། གཡས་ལྔ་པ་ན་གྲི་གུག་བསྣམས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་གཅོད་པའི་བརྡ། གཡས་དྲུག་པ་རྩེ་གསུམ་བསྣམས་པ་ནི་འདོད་ཁམས་ཀྱི་སྲིད་པ་དང༌། གཟུགས་ཁམས་ཀྱི་སྲིད་པ་དང༌། གཟུགས་མེད་ཀྱི་ཁམས་ཀྱི་སྲིད་པ་གཅད་ནས་སྟོང་པར་སངས་རྒྱས་ལ་འགོད་པའི་བརྡ། ཞབས་གཡས་བརྐྱང་གཡོན་བསྐུམ་པ་ནི་ཆོས་ཐམས་ཅད་དང་པོ་ནས་མེད་པར་རྟོགས་པའི་བརྡ། ཞབས་གཡས་པས་འཇིགས་བྱེད་མནན་པ་ནི་རྟག་པར་ལྟ་བའི་མཐའ་ལས་གྲོལ་ནས་རྟག་པར་མི་ལྟ་བའི་བརྡ། ཞབས་གཡོན་པས་དུས་མཚན་མ་མནན་པ་ནི་ཆད་པར་མི་ལྟ་བའི་བརྡ། སྟག་ལྤགས་ཀྱི་ཤམ་ཐབས་ནི། བྱམས་པ་དང་སྟོང་པར་འགྲོ་བའི་ཞེ་སྡང་འཇོམས་པའི་བརྡ། ཕྱག་གདུབ་དཔུང་རྒྱན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བརྡ། མགུལ་རྒྱན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྡ། རྣ་ཆ་གདུབ་འཁོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བརྡ། དབུ་རྒྱན་དང་འཁོར་ལོ་ནོར་བུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བརྡ། མཆོད་ཕྱིར་ཐོགས་དང་སྐུ་རགས་དང་འོག་པག་ཞབས་གདུབ་གསུམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བརྡ། ཐལ་བའི་རྡུལ་གྱིས་གོས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་བརྡ། མཚན་བཟང་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་འགྲོ་བ་དང་བས་ཡིད་འཕྲོགས་ནས་ཆོས་ལ་འཛུད་པའི་བརྡའོ། །མི་མགོ་རློན་པ་ལྔ་བཅུ་ནི་ཨཱ་ལི་ཀཱ་ལི་ལྔ་བཅུ། དོན་དམ་དང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་དེ་གཉིས་ཀྱིས་སྟོན་པའི་བརྡ། ཉི་མའི་གདན་ནི་མ་རིག་པའི་འདམ་རྫབ་བསྐམས་ནས། བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་བྱེད་པའི་བརྡ། སྣ་ཚོགས་པདྨ་དང་ཉི་མའི་གདན་ནི་འཁོར་བའི་ཉེས་པས་མ་གོས་པའི་བརྡ། བཅོམ་ལྡན་འདས་མ་དང་དཔའ་བོ་རྣལ་འབྱོར་ཐམས་ཅད་ཞལ་གཅིག་ཏུ་འདུག་པ་ནི་སྟོང་པ་ཉིད་གཅིག་པུ་ཡིན་པའི་བརྡ། སྐྲ་གྲོལ་བ་ནི་ཆོས་ཐམས་ཅད་གདོད་མ་ནས་གྲོལ་བའི་བརྡ། ན་བཟའ་མེད་པ་སྒྲིབ་པ་མེད་པའི་བརྡ། སྐུ་མདོག་དམར་མོར་འདུག་པ་ནི་བདེ་བ་ཆེན་པོ་ཡབ་ལ་ཆགས་པ་དང༌། ཐུགས་རྗེས་སེམས་ཅན་ལ་ཆགས་པའི་བརྡ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པ་ལྟ་བུ་འདུག་པ་ནི་བདེ་བ་ཆེན་པོས་གང་བའི་བརྡའོ། །རྒྱན་ལ་སོགས་པ་རྣམས་ཡབ་དང་མཐུན་པས་ཡབ་བཞིན་ཤེས་པར་བྱའོ། །དེ་ཐམས་ཅད་ཀྱིས་ལུས་ངག་དགེ་བ་ལ་བཀོལ་བ་དང༌། དང་པོ་ནས་སྟོང་པ་ཡིན་པས་ཟུང་འཇུག་གཅིག་པུར་ངོ་སྤྲོད་དུ་ཤར་བ་ཡིན་ནོ། །ནམ་མཁའི་སྟེང་གི་སེམས་ཅན་རྣམས་འདུལ་བ་ལ་ཐུགས་ཀྱི་འཁོར་ལོ་བྱོན། ས་སྟེང་གི་སེམས་ཅན་རྣམས་འདུལ་བ་ལ་གསུང་གི་འཁོར་ལོ་བྱོན། ས་འོག་གི་སེམས་ཅན་རྣམས་འདུལ་བ་ལ་སྐུའི་འཁོར་ལོ་བྱོན། སྣ་ཚོགས་པ་འདུལ་བ་ལ་དམ་ཚིག་གི་འཁོར་ལོ། སྣ་ཚོགས་དང་བདེ་བ་ཆེན་པོའི་ལྷ་ཚོགས་སུ་བསྟན་ནས་དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ཁྲིད་ནས་ཡེ་ཤེས་ངོ་སྤྲོད། ས་ཕྱེད་དང་བཅུ་གསུམ་གྱི་དུས་སུ་སངས་རྒྱས་གཅིག་པུར་བསྟན་ནས་ཆོས་སྐུ་ཡང་དག་པའི་ཏིང་ངེ་འཛིན་གཅིག་པུར་ངོ་སྤྲོད། བདེན་པ་བཞིས་འདུལ་བ་རྣམས་ལ་ཕྱག་རྒྱ་བཞི་བསྟན་ནས་ངོ་སྤྲོད། བདེན་པ་གཉིས་ཀྱིས་འདུལ་བ་རྣམས་ལ་ཞབས་གཉིས་སུ་བསྟན་ནས་གསང་སྔགས་བརྡ་གཅིག་པུས་གདོད་མ་ནས་སངས་རྒྱས་གྲུབ་ནས་ཡོད་པར་ངོ་སྤྲོད་པ་ཡིན་ནོ། །གང་ལ་མོས་པའི་ལྷ་དང་བླ་མར་བསྟན་ནས་ཡེ་ཤེས་ངོ་སྤྲོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་གཅིག་པུས་འདུལ་ན་བྱང་ཆུབ་སེམས་དཔའ་གཅིག་པུར་བསྟན་ནས་སངས་རྒྱས་ངོ་སྤྲོད། ཉན་ཐོས་ཀྱིས་འདུལ་བ་ལ་ཉན་ཐོས་སུ་བསྟན་ནས་ཡེ་ཤེས་ངོ་སྤྲོད། མཆོག་གི་སྐྱེ་བོས་འདུལ་བ་ལ་མཆོག་གི་སྐྱེ་བོར་སྟོན་ནས་ཡེ་ཤེས་ངོ་སྤྲོད། དུད་འགྲོས་འདུལ་བ་ལ་དུད་འགྲོར་བསྟན་ནས་ཡེ་ཤེས་ངོ་སྤྲོད། ཡི་དྭགས་ཀྱིས་འདུལ་བ་ལ་ཡི་དྭགས་སུ་བསྟན་ནས་ཡེ་ཤེས་ངོ་སྤྲོད། དམྱལ་བས་འདུལ་བ་ལ་དམྱལ་བར་བསྟན་ནས་ཡེ་ཤེས་ངོ་སྤྲོད། སས་འདུལ་བ་ལ་སར་སྟོན། ཆུས་འདུལ་བ་ལ་ཆུར་སྟོན། མེས་འདུལ་བ་ལ་མེར་སྟོན། རླུང་གིས་འདུལ་བ་ལ་རླུང་དུ་སྟོན། ནམ་མཁས་འདུལ་བ་ལ་ནམ་མཁའ་བསྟན་ནས་སེམས་སྐྱེ་མེད་དུ་ངོ་སྤྲོད། དེ་བཞིན་དུ་གཉིས་པ་ལ་གསུམ་པར་སྟོན། གསུམ་པ་ལ་བཞི་པར་སྟོན། བཞི་པ་ལ་ལྔ་པར་སྟོན། ལྔ་པ་ལ་དྲུག་པར་སྟོན། དྲུག་པ་ལ་བདུན་པར་སྟོན། བདུན་པ་ལ་བརྒྱད་པར་སྟོན། བརྒྱད་པ་ལ་དགུ་པར་སྟོན། དགུ་པ་ལ་བཅུ་པར་སྟོན། ས་བཅུ་པ་ལ་སངས་རྒྱས་རྣམ་པར་སྣང་མཛད་དུ་བསྟན་ནས་ཤེས་བྱའི་སྒྲིབ་པ་སྤོང༌། ཤེས་བྱའི་སྒྲིབ་པ་དག་ནས་ཆོས་སྐུ་གཅིག་ཏུ་གྱུར་ནས་སངས་རྒྱས་སོ། །རྒྱ་ནམ་མཁའི་མཐའ་དང་མཉམ་པ་འབྱུང༌། ཡུན་འཁོར་བ་མ་སྟོངས་བར་དུ་འབྱུང༌། ཆེད་དུ་བྱ་བ་ཐམས་ཅད་དང་པོ་ནས་སངས་རྒྱས་པ་ཡིན་པ་ཡིན་པར་ངོ་སྤྲོད་པ་དང༌། སངས་རྒྱས་ལ་འགོད་པ་གཅིག་པུའི་ཆེད་དུ་མཛད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པའི་རྒྱུ་འབྲས་ཐམས་ཅད་སྐུ་ལུས་གཅིག རྒྱན་ལ་སོགས་པ་རྒྱན་དང་ཆ་ལུགས་རེ་རེ་འམ། སྐུ་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་དང་པོ་ནས་སངས་རྒྱས་ཡིན་པར་སྟོན་པ་དང༌། བདེ་བ་དང་སྟོང་པ་ཟུང་འཇུག་ཡིན་པར་སྟོན་པ་དང༌། དཔལ་རྣམ་པར་སྣང་མཛད་ལ་ཞིང་ཁམས་ཐམས་ཅད་དུ་སྐུས་ཁྱབ་པའི་བརྡར་རྒྱན་ཆ་ལུགས་ཡོད་པ་བཞིན་ནོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བསྐལ་པ་གྲངས་མེད་པ་ལ་ཐུགས་ཡེ་ཤེས་གཅིག་པུར་ཤར་བའི་རྒྱུ་འབྲས་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩི་དཔུང་པ་ལས་འཇུག་པ་བྱང་ཆུབ་སེམས་ཀྱི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།

དེ་ནས་འཇུག་པ་དེ་དོན་དམ་དུ་ན་འཕོས་ནས། བསྐལ་པ་གྲངས་མེད་ཕྱི་མ་ལ་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་ཕྱི་མའི་དུས་སུ་བྱང་ཆུབ་སེམས་དཔའ་བྲམ་ཟེའི་ཁྱེའུ་སྤྲིན་དུ་གྱུར་པའི་དུས་སུ་དོན་དམ་གྱི་སྨོན་པ་སྐྱེ་སྟེ། འཁོར་འདས་ཀྱི་གཟུང་འཛིན་ཐམས་ཅད་སྟོང་པར་འདུག་པས། སེམས་ཅན་ཐམས་ཅད་སྟོང་པར་རྟོག་མེད་ཅིག་ཏུ་སོང་ན་དགའ་བ་ལ་སྙམ་པ་དེ་དོན་དམ་གྱི་སྨོན་པ་ཡིན། དེ་ནས་དོན་དམ་པ་སྟོང་པ་གཅིག་པུར་ཐུགས་བསྐྱེད་ནས། ས་བརྒྱད་ཀྱི་རྟོགས་པ་སྐྱེས་བུ་དབང་པོ་ལྔ་དང་རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །སྟོང་པ་གཅིག་པུར་འཇུག་པ་དེ་དོན་དམ་གྱི་འཇུག་པ་ཡིན།

དེའི་འབྲས་བུ་དོན་དམ་གྱི་དོན་དམ་ནི། རང་ཉིད་སྒོམ་མེད་དུ་སོང་ནས་འཁོར་འདས་དང་སྣོད་བཅུད་ཐམས་ཅད་སྟོང་པར་རྟོག་མེད་ཅིག་ཏུ་སོང་ནས། སྟོང་ཉིད་རྒྱུ་འབྲས་དབྱེར་མེད། བྱང་ཆུབ་སེམས་གཉིས་དབྱེར་མེད། འཁོར་འདས་དབྱེར་མེད་ནམ་མཁའ་བློ་འདས་ཞིག་ཏུ་སོང་བ་དེ་དོན་དམ་ཡིན་ནོ། །

ནམ་མཁའ་དེ་ཆོས་སྐུ་ཡིན་ནོ། །གདུལ་བྱས་གསོལ་བ་གང་བཏབ་འབྱུང་བ་དེ་སེམས་ཅན་གདུལ་བྱ་དེས་སེམས་མ་རྟོགས་བར་དུ་ཡོན་ཏན་སྟེར་བ་དེ་སྤྲུལ་སྐུ་ཡིན་ནོ། །གདུལ་བྱའི་སེམས་རྟོགས་ནས་ཡེ་ཤེས་གཅིག་པུར་ངོ་སྤྲོད་པ་ལོངས་སྐུ་ཡིན་ནོ། །དེ་གསུམ་གཅིག་པར་སྟོང་ཉིད་རྒྱུ་འབྲས་དབྱེར་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །

ཆོས་སྐུ་ནམ་མཁའ་སྟོང་པ་ནི་ལྷའི་ནོར་བུ་རིན་པོ་ཆེ་དང་འདྲའོ། །གཟུགས་སྐུ་གཉིས་ནི་དེ་འཇུག་པའི་སྣོད་དང་འདྲའོ། །གཟུགས་སྐུ་གཉིས་ལ་མོས་པ་དེ་ལ་མོས་པ་དང་འདྲའོ། །གཟུགས་སྐུ་གཉིས་ཆོས་སྐུ་རྟོགས་པར་བྱེད་པའི་ཐབས་ལས་གྲུབ་པ་ཡིན་ནོ།།

དེ་བཞིན་གཤེགས་པའི་སྐུ་གདུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གྱི་བྱེ་མ་སྙེད་ཚངས་པའི་གནས་མན་ཆད་བྱུར་བུར་བཀང་ནས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་དད་པས་མཆོད་པ་ལྷག་མ་མ་ལུས་པར་བྱས་པ་བས། སེམས་ཅན་ཐམས་ཅད་སྟོང་པ་ཉིད་ཆོས་སྐུ་ཐོབ་པར་བྱ་བའི་ཕྱིར། ཆོས་སྐུ་སྟོང་པ་ཉིད་ཐུན་གཅིག་བསྒོམ། ཁ་འདོན་བྱེད་དམ་ཡི་གེར་འདྲི་བའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང༌། བརྒྱ་སྟོང་གི་ཆར་ཡང༌། བྱེ་བའི་ཆར་ཡང༌། བྱེ་བ་བརྒྱ་སྟོང་གི་ཆར་ཡང༌། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོ། དཔེར་ཡང་མི་འགྲོ། ཆོས་ཀུན་གདོད་མ་ནས་ཆོས་སྐུ་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པ་རྟོག་མེད་གཅིག་པུའི་ངང་ལ་བཏང་བར་བྱའོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས། དོན་དམ་སེམས་བསྐྱེད་ཀྱི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །

དེ་ལྟར་སྨོན་པ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་དེའི་འབྲས་བུ་ལོངས་སྐུའི་རྟེན་ཅན་གྱི་འབྲས་བུ་སྤྲུལ་སྐུའི་བསྟན་པ་གནས་ལུགས་དང༌། འཇུག་པ་བྱང་ཆུབ་ཀྱི་སེམས་ཚད་མེད་པས་དེའི་འབྲས་བུ་ལོངས་སྐུའི་བསྟན་པ་རྒྱ་དང་ཡུལ་ཚད་མེད་པར་བསྟན་པ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་འདས་མ་སྐྱེས་པ་ནམ་མཁར་སེམས་བསྐྱེད་པ་དེའི་འབྲས་བུ་འཁོར་འདས་ཐམས་ཅད་ནམ་མཁའི་ཡོན་ཏན་ཕྲིན་ལས་ཅན་དུ་སོང་བ་རྒྱུན་ཆད་མེད་པ་ཡིན་ནོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལས་གནས་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།

འཇུག་པའི་བསྔོ་བ་བྱ་བ་ནི། ཐོས་པ་རི་རབ་ཙམ་བྱས་པའི་ཤེས་རབ་ཡོད་ཀྱང༌། སྒོམ་པའི་ཤེས་རབ་ཉུང་འབྲུ་ཙམ་ལ་འདུད་དགོས། ཐོས་པ་རྒྱ་མཚོ་ཙམ་བྱས་ཀྱང༌། ཉམས་མྱོང་བ་གླང་གི་སྨིག་རྗེས་ཙམ་ལ་འདུད་དགོས། དགེ་བའི་བཤེས་གཉེན་འོང་གིས་ཐོས་པ་མཐའ་མེད་པ་བྱས་པའི་དགེ་བཤེས་ཡིན་ཡང༌། ཆོས་རྗེ་རིན་པོ་ཆེ་སྒོམ་ཆེན་པ་གཅིག་ལ་འདུད་དགོས་པ་འབྱུང་བ་ཡིན། ཐོས་པས་དྲེགས་པའི་བླ་མ་ངད་ཕུ་བ་ཡང་ཆོས་རྗེ་ལ་འདུད་པས་གྲུབ་པ་ཐོབ་པ་ཡིན། འདུལ་འཛིན་གྱི་དགེ་བའི་བཤེས་གཉེན་དཔལ་ཐག་མ་བས་ཀྱང་ཆོས་རྗེ་ལ་འདུད་པས་གྲུབ་པ་ཐོབ་པ་ཡིན། རྒྱུད་མཁན་དཔལ་ཤི་རི་ཕུག་པ་དང༌། བླ་མ་དུས་འཁོར་བ་དང༌། དགེ་བཤེས་ཇོ་ནུབས་ལ་སོགས་པས་ཀྱང་ཆོས་རྗེ་སྒོམ་ཆེན་པ་ཞིག་ལ་འདུད་པས་གྲུབ་པ་ཐོབ་པ་ཡིན། དོ་ཧ་མཁན་པོ་བླ་མ་བལ་པོས་ཀྱང་ཆོས་རྗེ་ལ་འདུད་པས་གྲུབ་པ་ཐོབ་པ་ཡིན། ཆོས་རྗེ་ཕག་མོ་གྲུ་པ་བརྒྱ་དང་བཅུ་བཞིའི་ཆོས་ཤེས་པ་ཞིག་གིས་ཆོས་རྗེ་སྒམ་པོ་པ་སྒོམ་ཆེན་ཞིག་ལ་འདུད་དགོས་པར་བྱུང་བ་ཡིན། མ་སྒོམ་པར་བསླབ་པ་གཅིག་པུས་འཆི་ཙ་ན་འགྱོད་པ་སྐྱེ་བ་རྔོག་བློ་ལྡན་ཤེས་རབ་ལྟ་བུ་འབྱུང་བ་ཡིན། ཕལ་ཆེན་ལས། ཇི་ལྟར་ལོང་བ་རི་མོ་མཁན། །རི་མོ་ལེགས་པར་བྲིས་ལགས་ཀྱང༌། །རང་གིས་མཐོང་བར་མི་འགྱུར་བས། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འོན་པ་རོལ་མོ་མཁན། །རོལ་མོ་ལེགས་པར་དཀྲོལ་ལགས་ཀྱང༌། །རང་གིས་ཐོས་པར་མི་འགྱུར་བས། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་བུ་རམ་མངར་བའི་རོ། །བརྗོད་པས་རོ་ནི་མི་མྱོང་སྟེ། །མྱངས་པས་རོ་ནི་མྱོང་བར་འགྱུར། །དེ་བཞིན་སྟོང་པ་ཉིད་ཀྱི་སྒྲ། །ཐོས་པས་རོ་ནི་མི་མྱོང་སྟེ། །བསྒོམས་པས་རོ་ནི་མྱོང་བར་འགྱུར། །ཞེས་གསུངས།

དེ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་སྟོང་པ་ཉིད་དེ་དང་པོ་ཐོས་དགོས། དེ་ནས་མ་བརྗེད་པར་དགོས། དེ་ནས་སྒོམ་དགོས་པས། དགེ་བའི་བཤེས་གཉེན་བོང་གི་ཁྱེད་མཁས་པ་ཞིག་གིས། ངེད་སྒོམ་ཆེན་པ་ལ་དད་ཅིང་གུས་པ་དང༌། གདུང་བའི་ཤུགས་ཀྱིས་ཆོས་ཞུ་བ་འདི་རིགས་པ་མིན་ཀྱང༌། ཤེས་པའི་མཐར་སྒོམ་པ་ལ་ཐུག་པ་ཡིན་པས། དཔལ་ཕག་མོ་གྲུ་པས་གསུངས་པའི་ཆོས། ཐེག་པ་ཆེན་པོའི་ཚུལ་ཞེས་ཀྱང་བྱ། བདུད་རྩིའི་དཔུང་པ་ཞེས་ཀྱང་བྱ་འདི་ཁྱེད་ལ་ཟབ་ནས་བསྟན་པས། སྤྱི་གཙུག་གི་རྒྱན་དུ་ཐོགས་ནས། རང་ཡང་འདི་ལ་སྒོམ་པར་ཞུ། གཞན་ལ་ཡང་འདི་སྟོན་པར་ཞུ་གསུངས།

འཇིག་རྟེན་མགོན་པོ་ཕག་མོ་གྲུ་པའི་ཞབས་ལ་འབྱར་བའི་རྡུལ་ཙམ་ཡང་སྤྱི་བོས་ལེན་པའི་མོས་གུས་ཅན། བླ་མའི་གསུང་ལ་གཅེས་པར་འཛིན་པའི་ཤཱཀྱའི་སྲས་ཀྱི་བསོད་སྙོམས་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ། སྡོམ་པ་གསུམ་གྱི་བརྟུལ་ཞུགས་འཛིན་པའི་རི་ཁྲོད་པ། འཇིག་རྟེན་གསུམ་གྱི་མགོན་པོ་ཆོས་རྗེ་རིན་པོ་ཆེ་འབྲི་ཁུང་པའི་ཆོས་འཁོར་གསུམ་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་གྱིས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་འདི་བྲིས་པས། འགལ་བ་དང་འཁྲུལ་པ་བྱུང་ན་བླ་མ་དཀོན་མཆོག་ལ་བཟོད་པར་གསོལ་ལོ། །

གེགས་སེལ་བདུད་རྩི་དཔུང་པ་འདི་གསུངས་པའི་བསོད་ནམས་ཀྱིས་མཚོན་ནས། བདག་དང་འཁོར་འདས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པ་དང་ཡོད་པའི་དགེ་བའི་རྩ་བ་འདིས། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཅེས་པའམ་ཡིད་ལ་མི་བྱེད་པའི་ངང་ནས་བསྔོ་བ་བྱེད་པ་དེས་མཇུག་གི་དོན་བསྟན་པའོ། །ཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩི་དཔུང་པ་ལས། མཇུག་གི་དོན་ཞུས་ལུགས་དང༌། བཟོད་གསོལ་དང༌། བསྔོ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།

དེ་ལྟར་ཀླད་ཀྱི་དོན་ཤིས་པར་བརྗོད་པ་དང༌། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བ་དང་གསུམ་གྱིས་ཀླད་ཀྱི་དོན་བསྟན་ནས། གཞུང་གི་དོན་ལ། རྒྱུ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ཉམས་སུ་བླངས་པ་དང༌། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྟར་ཉམས་སུ་བླངས་པ་གཉིས་ཀྱིས། གཞུང་གི་དོན་བསྟན་ཏོ། །ཆོས་ཀྱི་ཞུས་ལུགས་དང༌། འགལ་འཁྲུལ་བཟོད་པར་གསོལ་བ་དང༌། བྱང་ཆུབ་ཏུ་བསྔོ་བ་དང་གསུམ་གྱི་མཇུག་གི་དོན་བསྟན་ཏོ། །དེ་ལ་རྒྱས་པར་ལེའུ་ཉི་ཤུ་རྩ་གཅིག་གིས་བསྟན་ཏོ། །

གེགས་སེལ་བདུད་རྩིའི་དཔུང་པ་ཞེས་བྱ་བ་སྤྱན་སྔ་རིན་པོ་ཆེས་ཡི་གེར་བཀོད་པ་རྫོགས་སོ། །དམ་ཆོས་བདུད་རྩིའི་དཔུང་པ་འདི། །འཇིག་རྟེན་མགོན་པོ་ཆོས་རྗེ་ཡིས། །གཙུག་ལག་བཞེངས་པའི་བྲག་རྐོའི་དུས། །ལས་ཀྱི་ཆོས་སུ་གསུངས་པའི་དུས། །རྗེ་སྤྱན་སྔ་རིན་པོ་ཆེས་ཡི་གེར་བཀོད་ནས། ཕྱིས་དཔལ་གྱི་ཕག་མོ་གྲུར་ཚོགས་ཆོས་སུ་གསུངས་པ་ཡིན་ནོ།།


previousཐེག་པ་ཆེན་པོའི་ཚུལ་གེགས་སེལ་བདུད་རྩིའི་དཔུང་པ་ལེའུ་ཉི་ཤུ་རྩ་གཅིག་པ། next