Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
ཞལ་གྱི་གདམས་པ་བདུད་རྩི་དྲི་མ་མེད་པའི་སྙིང་པོ།།
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཞལ་གྱི་གདམས་པ་བདུད་རྩི་དྲི་མ་མེད་པའི་སྙིང་པོ།། next

ཞལ་གྱི་གདམས་པ་བདུད་རྩི་དྲི་མ་མེད་པའི་སྙིང་པོ།།

ཨོཾ་སྭསྟི། རྗེ་ལྷུན་གྲུབ་འོད་གསལ་ཆོས་ཀྱི་སྐུ། །ཟུང་འཇུག་བདེ་ཆེན་ལྷན་ཅིག་སྐྱེས། །མི་ཟད་སྐུ་གསུང་ཐུགས་ཀྱི་བདག །མཉམ་མེད་རིན་པོ་ཆེ་ལ་འདུད། །རྗེ་ཀུན་ཏུ་སྣང་བ་བཀོད་པའི་དཔལ། །རྒྱ་ཆེན་དབང་ཕྱུག་ཆོས་ཀྱི་མཛོད། །སྤྲོས་མེད་ཞི་བའི་ངང་ལ་བཞུགས། །བདེ་གཤེགས་ཆོས་ཀྱི་རྗེ་ལ་འདུད། །རྗེ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད། །ཚོགས་གཉིས་མཐར་ཕྱིན་རྟག་པའི་སྐུ། །ཀུན་མཁྱེན་ཡེ་ཤེས་ཀུན་གཟིགས་པ། །བརྩེ་ཆེན་འགྲོ་བའི་མགོན་ལ་འདུད། །ཨེ་མ་ངོ་མཚར་རྨད་ཀྱི་གཏམ། །འཛམ་གླིང་གངས་ཅན་བོད་ཡུལ་དབུས། །ཕྱོགས་བཅུའི་ཞིང་ནས་འདུས་པ་ཡི། །རྒྱས་སྲས་རྒྱ་མཚོ་བརྟེན་པའི་གནས། །འོག་མིན་དཔལ་གྱི་འབྲི་གུང་གི།། རིན་ཆེན་ཆོས་ཀྱི་ཕོ་བྲང་ན། །འཇིག་རྟེན་མགོན་པོ་རིན་པོ་ཆེ། །མི་འཇིགས་སེངྒེའི་ཁྲི་སྟེང་དུ། །མི་གཡོ་མཉམ་གཞག་ལྷན་ནེ་བཞུགས། །དྲི་མེད་ཞལ་གྱི་དཀྱིལ་འཁོར་གྱི། །མཚན་མཆོག་དུང་གི་ཚེམས་བར་ནས། །ལྗགས་ཀྱི་དབང་པོ་བརྐྱང་མཛད་དེ། །ཟབ་ཅིང་རྒྱ་ཆེ་དམ་པའི་ཆོས། །ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས།།

ཐུབ་པའི་གསུང་རབ་ཐམས་ཅད་གང་དུ་དོན་འདུས་པ་དང་སྙིང་པོར་གྱུར་པ་གང་ཡིན་སྙམ་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །འདི་ལྟར་སྟོན་པ་ཐུགས་རྗེ་ཅན། །སྐྱོབ་པ་ཤཱཀྱའི་རྒྱལ་པོ་དེ། །སྔོན་ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་མཐའ་ཡས་པར། །རབ་ཏུ་འབད་པའི་བརྩོན་གྲུས་ཀྱིས། །བྱ་དཀའ་ བསམ་གྱིས་མི་ཁྱབ་ཅིང༌། །རླབས་ཆེན་སྤྱོད་པ་དཔག་མེད་པའི། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད། །ལམ་ཕ་རོལ་ཕྱིན་བཅུ་མཐར་ཕྱིན་ཏེ། །ས་བཅུ་ལ་གནས་ཚོགས་གཉིས་རྫོགས། །མགོན་པོ་རྒྱལ་བ་འོད་སྲུང་གིས། །རྒྱལ་ཚབ་སྐྱེས་བུ་དམ་པ་དེ། །འཇིག་རྟེན་རྣམ་པར་མ་ཞི་བ། །འདྲེན་པ་རྣམས་ཀྱིས་སྤངས་པའི་ཞིང༌། །ལྟ་བ་ལོག་པས་དཀྲུགས་པའི་གནས། །སྙིགས་མ་ལྔ་ལྡན་འཇིག་རྟེན་འདིར། །གཟིགས་པ་རྣམ་པ་ལྔས་གཟིགས་ཏེ། །ཡུམ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་སུ་ཞུགས།། ལིམྦི་ཡི་ནི་ནགས་ཚལ་དུ། །སྐྱེས་བུ་གཞོན་ནུ་བལྟམས་པ་དང༌། །གཞོན་ནུ་རོལ་རྩེད་མཛད་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་བ་སྟེ། །ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས། །གྲོང་ཁྱེར་སེར་སྐྱའི་སྒོ་བཞི་རུ། །རྒས་ནད་འཆི་བ་གཟིགས་པ་ཡི། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ཐུགས་སྐྱོ་བ་སྐྱེས་ནས་རབ་ཏུ་གཤེགས། །ནཻ་ར ་ནའི་ཀླུང་འགྲམ་དུ། །ལོ་དྲུག་དཀའ་བ་སྤྱད་པའི་མཐར། །དགུང་ལོ་སུམ་ཅུ་རྩ་ལྔ་ལ། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང༌། །གཉུག་མ་བྱམས་ཆེན་ཏིང་འཛིན་གྱི། །སྲོད་ལ་བདུད་ཀྱི་སྡེ་བཅོམ་སྟེ། །ཐོ་རངས་ཤེས་བྱའི་དཀྱིལ་འཁོར་ལ། །ཆགས་ཐོགས་མེད་པའི་ཡེ་ཤེས་ བརྙེས། །རང་བྱུང་རྒྱལ་བ་བཅོམ་ལྡན་འདས། །འཇིག་རྟེན་གསུམ་གྱི་བླ་མ་ལ། །མི་མཇེད་བདག་པོ་ཚངས་ཆེན་གྱིས། །བླ་མེད་ཆོས་ཀྱི་འཁོར་ལོ་དེ། །བསྐོར་བར་བསྐུལ་མ་རྒྱ་ཆེན་བཏབ། །ཝ་ར་ཎཱ་སིར་གཤེགས་ནས་ཀྱང༌། །དྲང་སྲོང་ལྷུང་བའི་གནས་སུ་བྱོན། །ཐུབ་པས་ལྔ་སྡེ་བཟང་པོ་ལ། །བཀའ་བདེན་པ་བཞི་ཡི་འཁོར་ལོ་བསྐོར། །དེར་གདུལ་བྱ་སྨིན་དང་གྲོལ་མཛད་ཅིང༌། །རིམ་གྱིས་རྒྱུ་ཞིང་གཤེགས་པ་ལས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་བྱོན། །བྱ་རྒོད་ཕུང་པོའི་རི་བོ་ལ། །བཀའ་མཚན་མ་མེད་པའི་འཁོར་ལོ་བསྐོར། །མཉན་ཡོད་གནས་དང་བད་ས་ལ། །གནས་ཁྱད་དུ་འཕགས་པ་དུ་མ་དང༌། །རྩ་མཆོག་གྲོང་ཁྱེར་ལ་སོགས་པར། །ངེས་དོན་གཏན་ལ་ཕབ་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་པས། །དཔག་མེད་གདུལ་བྱའི་སྐྱེ་བོ་རྣམས། །བྱང་ཆུབ་རྣམ་པ་གསུམ་ལ་བཀོད། །མགོན་པོ་ཐམས་ཅད་མཁྱེན་པ་དེས། །སྤྱིར་གདུལ་བྱ་རྣམས་ཀྱི་རྒྱུད་ཚོད་དང༌། །ཁམས་དང་བསམ་པ་ཇི་བཞིན་དུ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང༌། །གསུང་རབ་ཡན་ལག་བཅུ་གཉིས་ཏེ། །སྡེ་སྣོད་རིན་ཆེན་རྣམ་གསུམ་ཡིན། །དོན་ཉམས་ལེན་བསླབ་པ་གསུམ་དུ་འདུས། །རྗེ་འགྲོ་བའི་མགོན་པོ་རིན་པོ་ཆེ། །མཉམ་མེད་བླ་མའི་ཞལ་སྔ་ནས། །འཁོར་དང་མྱ་ངན་འདས་པའི་ཆོས།། མ་ལུས་ཐམས་ཅད་རང་གི་སེམས། །སེམས་སྐྱེ་མེད་ནམ་མཁའ་ལྟ་བུ་ཞེས། །ཡང་དང་ཡང་དུ་གསུངས་པ་འདི། །ཐུབ་པའི་དམ་ཆོས་མ་ལུས་པའི། །གནད་དང་དོན་གྱི་སྙིང་པོ་ཡིན། །གཞི་རྩ་བ་བདག་ཏུ་འཛིན་པའི་སེམས། །དེའི་རྗེས་འབྲངས་ཁྱད་དུ་འཛིན་པའི་ཆོས། །ལུས་དང་ངག་དང་ཡིད་ཀྱི་ལས། །བདོག་དང་མི་བདོག་གང་གིས་ཀྱང༌། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བསྒྲལ་བར་ནུས་པ་མ་ཡིན་ཏེ། །སྲིད་པ་གསུམ་འདིར་རྒྱུན་དུ་འཁོར། །བདག་ཏུ་འཛིན་པའི་སེམས་དེ་ཉིད། སྐྱེ་བ་མེད་པར་རྟོགས་པའི་ཚེ། །འདུ་བྱེད་འཁོར་བའི་འབྱུང་ཁུངས་ལ། །ཉམས་དང་ལྷུང་དང་འཇིགས་པར་མཐོང༌། །ཁམས་གསུམ་པོ་འདི་ཡི་འདོད་ཆགས་སྤངས། །འདུ་འཛིའི་སྤྱོད་པས་དབེན་པ་ཡི། །ནགས་ཁྲོད་བས་མཐའ་བསྟེན་ནས་ཀྱང༌། །ཡང་སྲིད་མེད་པའི་གནས་སུ་འཇུག །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། །གཉིས་མེད་དབྱེ་བ་མེད་པ་ཡི། །ལུས་ངག་ཡིད་ཀྱི་ལས་རྣམས་ཀྱིས། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །རྫོགས་པའི་བྱང་ཆུབ་མཆོག་ལ་བཀོད། །འདི་བདག་རྐྱེན་ཆོས་ཀྱི་དབྱིངས་ཉིད་དང༌། །གཞན་རྐྱེན་སེམས་ཅན་མ་ཟད་ཚེ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ཉིད་བསམ་མི་ཁྱབ། །དེ་མི་ཟད་རྒྱན་གྱི་འཁོར་ལོ་ཡིན། །རང་སེམས་ཤེས་རབ་ཕ་རོལ་ཕྱིན། །འཁོར་འདས་ཡོན་ཏན་འབྱུང་བའི་གནས། །དོན་དམ་ཕྱག་རྒྱ་ཆེན་པོ་དེ། །བླ་མའི་མོས་གུས་ཀྱིས་རྟོགས་པ་ཡིན། །རྫོགས་པའི་སངས་རྒྱས་འགྲུབ་པའི་རྒྱུ། །བྱང་ཆུབ་སེམས་སུ་ངེས་པའི་ཕྱིར། །མ་ནམ་མཁའ་མཉམ་པའི་སེམས་ཅན་གྱི། །དོན་དུ་བྱང་ཆུབ་སེམས་བསྐྱེད་པས། །བསམ་པ་དེ་ཡི་ལུས་སུ་འགྱུར། །བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས། །འགལ་རྐྱེན་སྤང་ཞིང་མཐུན་རྐྱེན་བསྒྲུབ།། འབྲས་བུ་སྟོབས་བཅུ་ཐོབ་པ་དེ། །ཚུལ་ཁྲིམས་རྣམ་པར་དག་པ་ཡིན། །བྱང་ཆུབ་སེམས་གཉིས་ཚུལ་ཁྲིམས་དང༌། །ཆོས་རྣམ་པ་གསུམ་པོ་འདི་ཉིད་ལས། །ཟབ་པའི་དམ་ཆོས་བདག་ལ་མེད། །ཁྱོད་ཀྱིས་འདི་གསུམ་ཟུང་ཞིག་ཅེས། །བཀའ་སྩལ་བཀའ་ནན་ཆེན་པོ་མཛད།།

བཅས་པ་དང་རང་བཞིན་གྱི་དགེ་བ་ཐ་དད་དུ་ཡོད་པ་ཡིན་ནམ་སྙམ་ན། ཡང་ཁམས་གསུམ་རྒྱལ་པོ་འགྲོ་བའི་མགོན། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་དེས། །ཉོན་མོངས་ལས་དང་རྣམ་སྨིན་གྱིས། །འཁོར་བ་ངན་སོང་སྡུག་བསྔལ་བསྐྱེད།། དེ་བས་འདི་ནི་སྤང་བྱ་སྟེ། །ཉོན་མོངས་མེད་ཅིང་དེ་ཡི་ལས། །འབྲས་བུ་ལྷ་མིའི་བདེ་སྐྱིད་དང༌། །བྱང་ཆུབ་རྣམ་གསུམ་ཐོབ་པའི་ཕྱིར། །རྗེས་འབྲང་སྲས་ལ་བསྒྲུབ་བྱར་གསུངས། །འདི་བབས་དང་གཤིས་ཀྱི་གནས་ཚུལ་དེ། །མཁྱེན་ཅིང་གཟིགས་པས་སྲས་རྣམས་ལ། །བསླབ་པ་བཅས་པར་མཛད་པ་ལས། །སེམས་ཅན་གཞན་ལ་ཉེས་མེད་པའི། །བཅས་པའི་ཁ་ན་མ་ཐོ་བ། །ཅི་གསུང་བཀའ་སྩལ་མི་འདའ་ཞིང༌། །ཉེ་ཞིང་བརྩེ་བའི་སློབ་མ་ལ། །སྒོས་བྱུར་དུ་ཉེས་པ་བཀལ་བ་མིན། །སེམས་ཅན་རྣམས་ཀྱིས་མ་ཤེས་པས། །གཏི་མུག་མ་རིག་མུན་པར་འཐོམས། །སྲེད་པའི་ཞགས་པས་བཅིངས་པ་རྣམས། །ཉེས་སྤྱོད་སྤྱད་པས་འཁོར་བར་ལྷུང༌། །ད་རུང་ཐར་བར་མ་གྱུར་པས། །བུ་འདི་དག་འབྱུང་བར་བྱེད་པའི་རྒྱུ། །ཉེས་པ་མི་མཐུན་ཕྱོགས་སྤོངས་ཤིག །འདི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན། །དོན་རང་རྒྱུད་ལ་སྐྱེས་པའི་ཉོན་མོངས་འདི། །སྤོང་བར་བྱེད་པའི་ཐབས་ཡིན་ཏེ། །རྒྱས་པར་ཕྱེ་བས་ཉིས་བརྒྱ་དང༌། །ལྔ་བཅུའི་རྣམ་པར་དབྱེ་བར་གསུངས། །དེ་ལ་ཁ་ཅིག་འདི་སྐད་ཅེས། །དེ་ལྟར་འགྲོ་བ་སྤྱིར་བཅས་ན། །དུད་འགྲོ་ལ་འབྲལ་བའི་ལྟུང་བ་དང༌། །ལྷུང་བཟེད་ས་ལ་མི་བཞག་པ། །ཐ་མལ་སྤྱོད་པས་མཚུངས་ཞེས་པ། །ཐ་མལ་བྱིས་པ་ཐམས་ཅད་ཀྱིས། །ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཉོན་མོངས་ཀྱི་རྗེས་སུ་འབྲངས་པའི་ལས། །འདི་དགག་པའི་བསླབ་པར་གསུངས་པ་ཡིན། །དེ་ཡང་ཐུབ་པའི་ཞལ་སྔ་ནས། །སྔོན་འཇིག་རྟེན་ཆགས་པར་གྱུར་པའི་ཚེ། །ཚེ་དང་བསོད་ནམས་བཟང་པོ་ཡིས། །འོད་གསལ་གྱི་ལྷ་རྣམས་གླིང་འདིར་ལྷུང༌། །ས་ཡི་བཅུད་དང་ས་ཡི་ཞག །མྱུ་གུའི་ཚལ་དང་ས་ལུ་ལ། །གསོག་འཇོག་བྱས་པས་རྐུ་བ་དང༌། །ཆོས་དང་མི་མཐུན་པའི་སྤྱོད་པ་བྱུང༌།། དེས་འོད་མེད་བེམ་པོའི་ལུས་སུ་གྱུར། །མཁའ་ལ་འགྲོ་བར་མ་ནུས་ཤིང༌། །ཁ་དོག་བཟང་ངན་བྱུང་བ་དང༌། །བདག་བསྟོད་གཞན་ལ་སྨོད་པ་ཡིས། །ཇེ་ངན་ཇེ་སྡུག་ཏུ་ཐལ་ནས་ཀྱང༌། །ལས་ངན་གྱི་མཐའ་རྒྱས་ངན་འགྲོ་བྱུང༌། །དེ་ལྟ་བས་ན་དགེ་སློང་དག །རྙེད་བཀུར་གསོག་འཇོག་སྤང་བར་བྱ། །དེ་བཞིན་མི་ཚངས་སྤྱོད་པ་དང༌། །མ་བྱིན་ལེན་དང་སྨོད་པ་དང༌། །ཁ་ཟས་ཀྱི་རོ་ལ་ཆགས་པ་སྤང༌། །རྒྱལ་པོ་ཆེན་པོ་ང་ལས་ནུས། །གླིང་བཞི་སུམ་ཅུ་རྩ་གསུམ་གྱི། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །སྟན་ཕྱེད་ཀྱིས་མ་ངོམས་གསོད་སེམས་སྐྱེས། །སྐད་ཅིག་གིས་ས་ཡི་སྟེང་དུ་ལྷུང༌། །དེ་བས་སྡོང་དུམ་མེས་ཚིག་ལའང༌། །ངན་སེམས་བསྐྱེད་པར་མི་བྱ་ཞིང༌། །འདོད་ལ་ངོམས་པ་ཡོད་མེད་པས། །དེ་བས་འདོད་ཡོན་སྤང་བར་གསུངས།། དེ་ཕྱིར་ཆགས་སྡང་རྨོངས་གསུམ་གྱི། །ལུས་ངག་མི་དགེ་བདུན་ཡིན་པས། །མཁས་པའི་སྐྱེས་བུ་འགའ་ཞིག་གིས། །སྤོང་བདུན་འཁོར་དང་བཅས་པ་ཟེར། །འདོད་ཆགས་འདོད་ཆགས་དང་བྲལ་དང༌། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །སེམས་དང་ཤེས་རབ་རྣམ་གྲོལ་བར། །འདུལ་བའི་སྡེ་སྣོད་དུ་རྒྱ་ཆེར་གསུངས། །གར་ཡོད་ཆ་མེད་ཀྱི་ཁ་རྒྱུགས་ལ། །བྱེ་བྲག་གི་བཤད་མཛོད་ཆེན་མོ་དེ། །རྒྱ་གར་ཡུལ་ན་ཡོད་དོ་སྐད། །ཉན་ཐོས་དགྲ་བཅོམ་ཐམས་ཅད་པས། །ཐུབ་པ་ཆེན་པོ་མཁྱེན་པ་ཆེ། །ངེད་སྟོན་པ་དེ་ཡི་རྗེས་སུ་འབྲངས། །དེ་གསུང་འདུལ་བ་བསྡུས་པ་ནི། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཞེས། །མདོ་རྒྱུད་རྣམས་སུ་ཡང་དང་ཡང༌། །ནན་ཏན་ཆེན་པོས་གདམས་པ་དེ། །ད་དུང་ཁྱེད་ཀྱིས་མ་ཐོས་སམ། །སློབ་དཔོན་ཡོན་ཏན་འོད་ཀྱིས་ཀྱང༌། །འདུ་ཤེས་གཙོ་ཞེས་མ་གསུངས་སམ། །འདི་ན་ཁྱེད་རང་རེས་འགའ་ཞིག །ལྟུང་བ་སྡེ་ལྔའི་ཁྱད་པར་འདི། །ཉོན་མོངས་ཆེ་འབྲིང་གིས་བྱེ་བྲག་ཏུ། །དང་པོར་དམ་བཅའ་ཁས་ལེན་མཛད། །འདུལ་བ་གླིང་གཞིར་བཤད་དོ་ཞེས། །མཁས་པ་ཀུན་གྱིས་སྨྲ་ན་ཡང༌། །འཕྲོས་པ་དང་ཉིང་འཕྲོས་ལ་སོགས་པར། །དགེ་དང་མི་དགེ་འདྲེས་མའི་ལས། །རྒྱུ་དེ་ལས་འབྲས་བུ་འདི་འབྱུང་བས། །རྣམ་པར་གནག་དང་འདྲེས་མའི་ལས། །ཐམས་ཅད་སྤང་བར་བྱ་བ་སྟེ། །དུད་འགྲོ་རྣམས་ཀྱིས་ལེགས་སྤྱད་པ། །ཅུང་ཟད་ཡིན་ཡང་བདེ་བ་ཡི། །རྣམ་སྨིན་འབྲས་བུ་འབྱུང་བའི་ཕྱིར། །གཅིག་ཏུ་དགེ་བའི་ལས་རྣམས་ལ། །བསླབ་པར་བྱ་ཞེས་ཡང་དང་ཡང༌། །ཐུབ་མགོན་ཤཱཀྱའི་རྒྱལ་པོས་གསུངས། །བུ་གཅིག་རྣལ་འབྱོར་དབང་ཕྱུག་རྣམས། །གཤིས་ཀྱི་དགེ་དང་མི་དགེ་དང༌།། བཅས་དང་རང་བཞིན་གཅིག་པ་འདི། །རྒྱལ་བའི་གསུང་ཉིད་ཡིན་མོད་ཀྱང༌། །ཚིག་གི་རྗེས་སུ་འབྲངས་པ་མིན། །གཅིག་པུར་བསྒྲུབ་པ་བྱས་པ་ཡིས། །བདེ་སྡུག་མཐོ་དམན་བྱུང་བ་ལ། །ཉམས་ལེན་མན་ངག་གནད་རྣམས་ཀྱིས། །ཉམས་སུ་བླངས་པས་ཉེས་སྐྱོན་དག །ཡོན་ཏན་གོ་རྟོགས་མྱོང་བ་སྐྱེ། །ཤིན་ཏུ་ཟབ་པའི་དམ་ཆོས་ཀྱིས། །འདི་འོང་བར་ངེས་སོ་ཐུགས་ལ་ཞོག།

འཁོར་འདས་ཀྱི་འདུག་ལུགས་ཇི་ལྟ་བུ་ཡིན་སྙམ་ན། སྤྱིར་ཐུབ་པ་ཆེན་པོས་གསུངས་པའི་ཆོས། །གདོད་ནས་ཞི་ཞིང་མ་སྐྱེས་པ། །མྱ་ངན་འདས་པའི་གནས་ལུགས་འདི། །སེམས་ཅན་རྣམས་ཀྱི་འདུག་ལུགས་ཡིན། །དེ་མ་གོ་རྟོགས་པར་མ་གྱུར་པས།། རྒྱུ་རྐྱེན་གློ་བུར་དུ་ཚོགས་པ་ཡིན། །ང་བདག་འཛིན་པའི་རྟོག་པ་སྐྱེས། །འདི་གཏི་མུག་བརྟག་པའི་ལོག་རྟོག་ལ། །འདོད་ཅིང་ཆགས་པས་བདག་གཞན་དུ། །འཛིན་པ་དེ་ལས་འདོད་ཆགས་དང༌། །ཞེ་སྡང་གཏི་མུག་སྐྱེས་གྱུར་ཏེ། །ཡུལ་ལྔའི་རྗེས་སུ་དབང་པོ་འབྲངས། །སྲེད་པའི་འཆིང་བས་རྒྱུན་དུ་འཁོར། །དོན་མེད་སྡུག་བསྔལ་མང་པོ་མྱོང༌། །ཕུང་བྱེད་དགྲ་བོ་མི་བཟད་པ། །མི་གཙང་ལུས་འདིས་གོས་གོས་ནས། །མི་རྟོག་དུར་ཁྲོད་ཀྱི་ནང་དུ་འཇུག །འདི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན། །བུ་འཁོར་བ་འདི་ལས་སྐྱོབ་པའི་སྐྱབས། །བླ་མེད་བྱང་ཆུབ་ཆེན་པོ་དེ། །རང་གི་སེམས་ཀྱི་དེ་བཞིན་ཉིད། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །འདི་གནས་དང་གྲོགས་དང་བླ་མས་ཀྱང༌། །བསྐྱེད་པར་ནུས་པ་མ་ཡིན་ཏེ། །བདག་འཛིན་གྱི་རྟོག་པ་སྐྱེས་པ་ཡིས། །ངོ་བོ་ཤེས་པ་མ་གཏོགས་པའི། །མི་རྟོག་སྒོམ་རྒྱུ་ཡོད་པ་མིན། །འདི་གོམས་པར་བྱེད་པའི་མན་ངག་གིས།། འཆིང་བྱེད་འཛིན་པ་ལས་གྲོལ་ཕྱིར། །ཐུབ་པའི་སྦྱངས་པའི་ཡོན་ཏན་དང༌། །ལྷག་པ་ཚུལ་ཁྲིམས་བསླབ་པ་དང༌། །ནན་ཏན་ཆེན་པོས་འབད་པར་བྱ། །ཡུལ་གང་ལ་འཛིན་པའི་རྟོག་པ་དེ། །སྐྱེ་མེད་རིག་པར་གོ་བ་ལ། །ཆོས་ཀྱི་སྒོ་ཞེས་བརྗོད་པ་ཡིན།། རྟོག་འཛིན་བཏང་བའི་སྦྱིན་པ་ལ། །ངོ་བོར་ལྷུན་གྲུབ་ཚུལ་ཁྲིམས་སོ། །དེ་ལ་མི་བཟོད་མེད་པ་དང༌། །རྩོལ་བ་སྤངས་པའི་བརྩོན་འགྲུས་དང༌། །བསམ་གཏན་ཏིང་འཛིན་དེ་བསྒོམ་པ། །དེ་ཉིད་ཤེས་པ་ཤེས་རབ་ཡིན། །ལུས་དང་ངག་དང་ཡིད་རྣམས་ཀུན། །མི་རྟོག་ལྷུན་གྲུབ་ཏུ་གནས་པ་དེ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །མཁའ་ལྟར་རྣམ་དག་ཡིན་ཞེས་གསུངས།།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་མི་དགེ་བ་སྤྱད་པའི་འབྲས་བུ་ཇི་ལྟར་འབྱུང་སྙམ་ན། རྒྱུ་དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ལམ་ཕ་རོལ་ཕྱིན་དྲུག་སྤྱད་པ་ཡིས། །འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ། །ཕྲིན་ལས་བསྒྲུབ་པར་འདོད་པ་དག ། ལམ་དུ་མ་ཞུགས་མཁའ་ལ་ལྡིང༌། །མི་འགྲུབ་སྲོག་ནི་རབ་ཏུ་གཅོད། །བསམ་པ་བཟང་པོའི་རྗེས་འབྲངས་ནས། །སྦྱོར་བ་དྲག་པོའི་ལས་ཀྱིས་ཀྱང༌། །ཡུན་རིང་སྡུག་བསྔལ་མྱོང་འགྱུར་ཏེ། །སྐྱེ་བ་ལྔ་བརྒྱ་ལ་སོགས་པ། །བྱང་ཆུབ་ཐོབ་པའི་རྒྱུར་འགྲོ་བ། །ཐར་པ་ནག་པོས་ལོག་པར་སྤྱད། །འབྲས་བུ་མི་བཟད་སྨིན་གྱུར་ཏེ། །འབྲས་བུས་མི་བཟད་གདུག་པར་སྐྱེས། །རྡོ་རྗེ་འཛིན་པས་གསོལ་བ་ཡིས། །སྒྲིབ་སྦྱངས་རྣམ་དག་ས་ལ་གནས། །ཞིང་རྣམ་དག་དཀོན་མཆོག་གསུམ་པོ་ལ། །འབྲེལ་བས་བདེ་བ་གསུངས་པ་དེ། །གནོད་པས་མ་ཡིན་བཤགས་པ་དང༌། །འགྱོད་པས་དགེ་ལ་སྤྱད་པའི་མཐུ། །རྒྱལ་པོ་དཔའ་བས་སྦྱིན་ལྟ་བུ། །ཞིང་དང་བསམ་པ་དངོས་པོ་གསུམ། །དག་དང་མ་དག་རིམ་པ་ཡིས། །འབྲས་བུ་མཐའ་དག་བསླུ་བ་མེད།། ཞིང་དང་དངོས་པོ་དག་གྱུར་ཀྱང༌། །བསམ་པ་དམན་ཞིང་ཞན་ན་གོ། །འབྲས་བུ་ཅུང་ཟད་སྨིན་གྱུར་ཏེ། །ལྷག་མ་ཆུ་ཤིང་སྙིང་པོ་འདྲ། །ཞིང་དང་བསམ་པ་དག་ན་ཡང༌། །དངོས་པོ་ངན་པའི་འབྲས་བུ་དེ། །ཕྱིས་མི་དགེ་བ་རླབས་པོ་ཆེ། །འགའ་ཞིག་བསྒྲུབ་པའི་རྐྱེན་དུ་འགྱུར། །དགེ་བ་སྤྱད་པའི་འབྲས་བུ་དེ། །རྩད་ནས་ཟད་དང་མི་ཟད་པ། །རང་གི་བསམ་པའི་ས་ལ་གནས།། བཅོམ་ལྡན་འདས་ཀྱིས་གསུངས་པ་གང༌། །མི་བཟད་ལས་ཀྱིས་མི་གནོད་པ། །གདུག་ལ་བྱམས་པར་མི་བྱ་སྟེ། །བསྒྲལ་བའི་ཞིང་དེ་བསྒྲལ་ནས་ཀྱང༌། །སེམས་ནི་སངས་རྒྱས་གནས་སུ་སྤར། །ལུས་ཚོགས་ཀྱི་འཁོར་ལོར་བྱས་པས་ཀྱང༌། །ཇི་ལྟར་བྱས་པའི་འབྲས་བུ་འབྱུང༌། །སྒྲོལ་བྱེད་ཡཀྵ་ཧེ་རུ་ཀས། །གདུག་པ་གསོལ་བའི་འབྲས་བུ་དེ། །མི་བསྲུན་འཁོར་རྣམས་དངངས་ཤིང་བརྒྱལ། །བཅོམ་ལྡན་ཉེས་པ་ཀུན་སྤངས་པ། །སྒྲིབ་པ་གསུམ་དང་བྲལ་ན་ཡང༌། །རྒྱུ་ལས་འབྲས་བུ་ངེས་འབྱུང་སྟེ། །འཁོར་དང་བྱེ་བྲག་མེད་གྱུར་པས། །མྱ་ངན་སྡུག་བསྔལ་མྱོང་བར་འགྱུར། །ཉོན་མོངས་དུག་གསུམ་རྒྱལ་བའི་རིགས། །ཆོས་སྐུར་གསལ་བས་ཧེ་རུ་ཀཿ །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །ཉེས་པ་སྤང་ཞིང་ལེགས་པ་བསྒྲུབ། །རང་གཞན་ཀུན་ལ་ཕན་པར་བྱ།།

ཆོས་ཀྱི་འཁོར་ལོ་གསུམ་གྱི་བརྗོད་བྱའི་དོན་དང་ས་མཚམས་གང་ཡིན་སྙམ་ན། ལར་གྱི་མཚན་ཉིད་ལྡན་པ་ཡི། །བླ་མ་དམ་པ་དང་མ་མཇལ་ན། །ཟབ་མོའི་མདོ་རྒྱུད་ལྟ་མི་ཤེས། །ཚད་ལྡན་བླ་མ་དམ་པ་ཡི། །ཐུབ་པའི་གསུང་རབ་ཐམས་ཅད་ཀུན། །བཀའ་འཁོར་ལོ་གསུམ་དུ་སྡུད་པར་བྱེད། །རྒྱུ་ལས་དང་ཉོན་མོངས་རྗེས་འབྲངས་པས། །འབྲས་བུ་སྡུག་བསྔལ་གྱི་ཕུང་པོར་སྨིན། །ལས་ཉོན་མོངས་གསུམ་པོ་མེད་པ་ཡི། །འབྲས་བུ་འགོག་པའི་བདེན་པ་ཐོབ། །དག་དང་མ་དག་རྒྱུ་འབྲས་འདི། །གཙོ་བོར་ཡོད་ཅེས་གསུངས་པ་ཀུན། །བདེན་པ་བཞི་ཡི་འཁོར་ལོ་ཡིན། །སྡུག་བསྔལ་ཀུན་འབྱུང་འགོག་པ་དང༌། །ལམ་གྱི་བདེན་པ་སྟོང་པ་ཉིད། །དངོས་པོ་དངོས་པོ་ཉིད་ཀྱིས་སྟོང༌། །འཁོར་འདས་མཉམ་ཉིད་ཕ་རོལ་ཕྱིན། །འདི་མཚན་མ་མེད་པའི་འཁོར་ལོ་ཡིན། །མཉམ་ཉིད་རྟོགས་པ་གཞིར་བཞག་ནས། །སྐུ་དང་ཡེ་ཤེས་ཡོན་ཏན་གྱི། །འབྲས་བུ་ལྷུན་གྲུབ་རྟག་པའི་ བདག །གསང་བ་བསམ་གྱིས་མི་ཁྱབ་པ། །ངེས་པ་དོན་གྱི་འཁོར་ལོ་ཡིན། །འདི་དམ་ཆོས་འདུལ་བའི་སྡེ་སྣོད་དུ། །ཐུབ་པའི་སྟོབས་དང་མི་འཇིགས་གཟུགས། །ཡོན་ཏན་མ་ལུས་ཐམས་ཅད་གསུང༌། །དེ་ངེས་དོན་ཆོས་ཀྱི་འཁོར་ལོ་ཡི། །བརྗོད་བྱ་མཐིལ་དུ་བསྟན་པ་ཡིན། །ཕ་རོལ་ཕྱིན་པ་དྲུག་གི་ལམ། །བདག་མེད་རྣམ་པ་གཉིས་ཀྱི་དོན། །འདི་ཐེག་པ་ཆེན་པོའི་བརྗོད་བྱ་ཡིན། །སྨྲ་བསམ་བརྗོད་མེད་ཕ་རོལ་ཕྱིན། །སྐྱེ་དང་འགག་པ་མེད་པའི་དོན། །འདི་མཚན་མ་མེད་པའི་བརྗོད་བྱ་ཡིན།། དམ་ཆོས་འདུལ་བའི་སྡེ་སྣོད་ཉིད། །བདེན་པ་བཞི་ཡི་ངོ་བོར་གནས། །བུ་དེ་ཕྱིར་ཆོས་ཀྱི་འཁོར་ལོ་གསུམ། །འཁོར་ལོ་གཅིག་ལ་ཚང་བ་ཡིན། །གསང་སྔགས་བླ་མེད་རྒྱུད་རྣམས་ཀུན། །རྣལ་འབྱོར་མ་ཡི་འདུལ་བ་སྟེ། །བདེན་པ་བཞི་དང་སྡེ་པ་བཞི།། བཤད་པའི་དོན་འདི་གོ་བར་བྱ། །ཆོས་ཀྱི་འཁོར་ལོ་ཕྱི་མ་ཡི། །ས་བོན་སྔ་མ་ལ་གནས་པས། །ཉན་ཐོས་རྣམས་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའ་ཆེན་པོ་དང༌། །རྒྱལ་བ་རྣམས་ཀྱི་ཡུམ་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པ་དེ། །ཚོགས་དྲུག་ཏུ་གསུངས་པ་ཉན་ཐོས་ཀྱི། །ངོ་བསྲུང་མཛད་པ་ཡིན་པའི་ཕྱིར། །བྱང་ཆུབ་སེམས་དཔའི་སྦྱང་གཞི་དེ། །ཉོན་མོངས་ཅན་དང་ཀུན་གཞི་ཡིན། །དེ་ཡི་རྒྱུ་མཚན་གང་ཞེ་ན། །འབྲས་བུས་རྒྱུ་རྣམས་དཔོག་པའི་ཕྱིར། །སོ་སོར་ཡང་དག་རིག་པ་བཞི། །རྟོག་པ་གཅིག་ལའང་ཚང་བ་ཡིན། །ཤིན་ཏུ་ཕྲ་བའི་ཉོན་མོངས་དང༌། །རྣམ་པར་རྟོག་པ་ཐམས་ཅད་ལ། །དེ་ཡི་རྒྱུ་འབྲས་གང་ཡིན་པ། །དོན་དང་ཚིག་དང་ངེས་ཚིག་དང༌། །སྤོབས་པ་ཕུན་སུམ་ཚོགས་པ་ཡིས། །ལྷར་བཅས་ཀུན་གྱི་འདྲེན་པར་འགྱུར། །འདི་དགུ་པའི་དུས་སུ་རྟོགས་པ་ཡིན།།

མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་པར་གང་ཡིན་སྙམ་ན། མཚན་ཉིད་རྒྱུ་ཡི་ཐེག་པ་དང༌། །གསང་སྔགས་ཐེག་པའི་ཁྱད་པར་ནི། །དུས་ཤིན་ཏུ་ཉེ་དང་རིང་བ་དང༌། །བདེ་དང་དཀའ་ཐུབ་སྤྱོད་པ་དང༌། །ཚོར་བ་བདེ་སྡུག་ཁྱད་པར་ཞེས།། མཁས་པ་ཀུན་གྱིས་སྨྲ་བར་བྱེད། །འདི་ཡང་སྟོན་པ་ཉིད་ཀྱི་བཀའ། །སེམས་བསྐྱེད་པ་ཞིག་གིས་འཚང་རྒྱ་བར། །འདོད་པས་ཕ་རོལ་ཕྱིན་པ་ལས། །བསླབ་པར་བྱ་ཞེས་གསུངས་པ་དང༌། །ལོ་བཅུ་གཉིས་དག་གི་ནང་རོལ་དུ། །ནོར་བཟང་གིས་ཀུན་ཏུ་བཟང་པོ་ཐོབ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། །ཚེ་དེ་ལ་ས་བཅུའི་ཕ་རོལ་ཕྱིན། །དེ་ཕྱིར་ཚེ་གཅིག་སངས་རྒྱས་པར། །ཕ་རོལ་ཕྱིན་པར་གསུངས་པ་ལགས། །དམ་ཆོས་འདུལ་བའི་སྡེ་སྣོད་དུ། །དཀའ་ཐུབ་དང་སྡུག་བསྔལ་སྣ་ཚོགས་ཀྱིས། །བྱང་ཆུབ་ཐོབ་པར་མ་གསུངས་ཏེ། །རྗེ་བཙུན་བྱམས་པས་དུས་གསུམ་དུ། །སྨོན་ལམ་བཏབ་པས་ལམ་ བདེ་ཞིང༌། །འཇུག་པ་བདེ་བས་བྱང་ཆུབ་ཐོབ། །མཐའ་གཉིས་བྲལ་བས་ཏིང་འཛིན་གྱི། །དགའ་བདེ་ལ་བརྟེན་རྫོགས་སངས་རྒྱས། །དཔལ་ལྡན་ནཱ་རོ་པཎ་ཆེན་གྱིས། །གསང་སྔགས་དོན་རྟོགས་འདོད་པའི་ཕྱིར། །ཞིང་རྣམ་པར་དག་པའི་བླ་མ་ལ། །དཀའ་ལས་དང་སྡུག་བསྔལ་སྣ་ཚོགས་ཀྱིས། །དཀའ་ཆེན་སྤྱད་པས་དངོས་གྲུབ་བརྙེས། །ཉོན་མོངས་སྤྱོད་པའི་འཚོ་བ་དེ།། བྲམ་ཟེ་སྐར་མ་ལ་སོགས་པ། །རླབས་ཆེན་སྤྱོད་པ་མདོ་སྡེར་གསུངས། །བདག་གི་འདོད་ལུགས་ཀྱི་ཁྱད་པར་ནི། །བུམ་དབང་གི་ཁྱད་པར་གྱིས་བྱེད་པ་ཡིན། །མཆོག་དབང་གོང་མ་ཟབ་ཟེར་ཡང༌། །ང་འབུ་བུམ་དབང་ལ་བརྩི་ཚོད་ཆེ། །གཞི་དང་སྣོད་དང་ལུས་ལྟ་བུ། །དེ་ཡི་ཁྱད་པར་གོང་མ་གསུམ། །ཆོ་གའི་རྣམ་གཞག་མ་གཏོགས་པ། །ཚད་ལྡན་བླ་མའི་བྱིན་རླབས་ཡིན།། མྱོང་བ་སྐྱེས་པ་ཐོབ་པར་བཞེད། །གཞན་ལུས་ལ་སོགས་བསྟེན་པ་དང༌། །བྱིན་རླབས་ཀྱི་ཏིང་འཛིན་ལ་ཁྱད་པར་མེད། །འདི་ཅིས་ཀྱང་བསྐུར་ན་གསང་སྔགས་ཡིན། །ས་བཅུའི་བྱང་ཆུབ་སེམས་དཔའ་དེས། །བསམ་གྱིས་མི་ཁྱབ་ཕྲིན་ལས་ཀྱིས།། འགྲོ་བ་སྨིན་པར་བྱ་བའི་ཕྱིར། །དབང་བསྐུར་ཐོབ་པར་འགྱུར་བ་སྟེ། །རྒྱུ་དེ་ལ་བརྟེན་པའི་འབྲས་བུ་འབྱུང༌། །གསང་དབང་ཤེས་རབ་ཡེ་ཤེས་སོགས། །འདོད་ཆགས་སྤྱོད་པའི་དབང་མེད་ན། །སངས་རྒྱས་བུ་སྨད་ཀྱི་རྣམ་པ་ཅན། །རྒྱུ་མེད་ཀྱི་འབྲས་བུ་མི་འགྲུབ་པས། །དེ་ཡི་རིགས་ཅན་གདུལ་བྱ་རྣམས། །སྨིན་པར་བྱེད་པའི་མཐུ་མེད་ལགས། །འདི་འོག་མིན་གནས་མཆོག་དམ་པ་དེར། །ཡང་དག་རྫོགས་སངས་རྒྱས་པ་ལ། །རིགས་བཞི་ཐུབ་པས་དབང་བསྐུར་བ། །དེ་ཉིད་འདུས་པར་རྒྱ་ཆེར་གསུངས།།

ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་དགོངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ལ་གསང་སྔགས་ཤེས་པའི་རྒྱུ་མཚན་གང་ཡིན་སྙམ་ན། མཚན་ཉིད་གསང་སྔགས་ཐམས་ཅད་དུ། །སྐྱེ་མེད་ཤེས་རབ་ཕ་རོལ་ཕྱིན། །སེམས་ཉིད་འོད་གསལ་ཆོས་སྐུ་དེ། །རྟོགས་བྱའི་འབྲས་བུ་ཡིན་པར་གཅིག །ཀུན་རྫོབ་སྨོན་འཇུག་བྱང་ཆུབ་སེམས། །དེ་ཡི་རྗེས་སུ་འབྲངས་པ་ལས། །ཕ་རོལ་ཕྱིན་པ་བཅུར་རྫོགས་ནས། །ས་བཅུ་ལ་གནས་འཚང་རྒྱ་བ། །དོན་འདི་མཚུངས་པར་འདྲ་ན་ཡང༌། །ཤིན་ཏུ་གསལ་བའི་ཁྱད་པར་ཡོད། །འབྲས་བུ་ཆོས་སྐུ་ཉེ་བའི་དུས། །གསང་སྔགས་ཁྱད་པར་འཕགས་པ་ཡིན། །ཉེས་པ་དུ་མའི་གཞིར་འགྱུར་ཏེ། །མར་འགྲིབ་སྙིགས་མ་ལྔ་བདོ་བས། །གཡུལ་ལོག་ཆེན་པོ་བྱུང་བའི་ཚེ། །དཔའ་བོ་ཆེན་པོ་ཁྱད་པར་འཕགས། །དེ་ཡང་ཕྱི་ཡི་རྣམ་གཞག་གོ །མཐོང་ལམ་ཡེ་ཤེས་རྟོགས་པའི་ཐབས། །རྒྱུ་ཐ་དད་ལ་བརྟེན་ནས་རྟོགས་པ་ལ། །ཐེག་པའི་ཁྱད་པར་བསམ་མི་ཁྱབ། །ཤེས་རབ་ཕ་རོལ་ཕྱིན་པ་ལས། །དུས་གསུམ་ལ་སོགས་འཁོར་འདས་ཆོས། །རྣམ་པར་དག་པས་དག་པ་ཞེས། །ལོགས་སུ་བྱུང་དོགས་གསུངས་ནས་ཡོད། །ཐུན་མོང་མ་ཡིན་ཁྱད་པར་ཆོས། །འབྲུ་དང་ཤིང་ཐོག་མར་དང་ནི།། མར་ཁུ་ཆེན་པོ་ཞེས་བྱ་བ། །ཤིན་ཏུ་གསང་བའི་གནད་འདི་ཡིན། །ཡེ་ཤེས་མཐོང་བར་བྱེད་པ་ཡི། །ལམ་གྱི་ཁྱད་པར་གང་ཞེ་ན། །ཕྱག་རྒྱ་མཚན་ཉིད་ལྡན་པ་དང༌། །སྟན་གཅིག་ཏུ་ཚོགས་པས་ཚོགས་ལམ་ཡིན། །དབྱེར་མེད་སྦྱོར་བ་སྦྱོར་བའི་ལམ།། ཡེ་ཤེས་མཐོང་བ་མཐོང་བའི་ལམ། །མཐོང་ལམ་ལ་ཐ་དད་མེད་གྱུར་ཀྱང༌། །གཞི་ལ་བརྟེན་ནས་མཐོང་བའི་ཕྱིར། །རྟེན་གསུམ་རྣམ་པར་སྦྱོང་བ་དེ། །སྒོམ་པའི་ལམ་ཞེས་བླ་མས་གསུངས། །དེ་ཡང་འོད་གསལ་སེམས་ཉིད་དུ། །ཉོན་མོངས་དག་པར་བྱེད་པ་དེ། །སྐྱེས་ནས་སྦྱོང་བར་བྱེད་པ་ལ། །ས་ཡི་རིམ་པ་རྫོགས་ནས་ཀྱང༌། །འབྲས་བུ་རྡོ་རྗེ་འཆང་ཆེན་ཐོབ། །དཔལ་ལྡན་ནཱ་རོ་པཎ་ཆེན་གྱི། །བརྒྱུད་ལྡན་རྗེ་བཙུན་མི་ལ་ཡིས། །དོན་འདི་རྟོགས་ཤིང་ཁོང་དུ་ཆུད། །འགའ་ཞིག་ཤོར་དང་མ་ཤོར་ཞེས། །སྨྲ་བར་གྱུར་པ་རྫུན་རེ་ཆེ། །འདི་ལ་དབབ་དང་བཟློག་པ་དང༌། །གཟུང་ཞིང་དགྲམ་ལ་མཁས་བྱ་ཞེས། །མཁས་པས་བཞི་པོ་བཤད་པ་ཀུན། །མི་འདོད་འབྲས་བུ་འབྱུང་བར་ངེས། །གྲོལ་ལམ་ལ་ཞུགས་པའི་རྣལ་འབྱོར་པ། །ལུས་ཀྱི་འཁྲུལ་འཁོར་དམིགས་པ་དང༌། །རླུང་གི་མན་ངག་ཕྱག་རྒྱ་ཡིན། །བདེ་ཆེན་ཏིང་འཛིན་སྐྱེས་གྱུར་པ། །དབབ་པ་མི་དགོས་བབ་པ་ཡིན། །དེ་ལ་ཟབ་པའི་གདམས་ངག་ཡོད། །གསེར་འགྱུར་རྩི་ཡི་སྦྱོར་བ་ཡིས། །རྩ་དང་རླུང་དང་བྱང་ཆུབ་སེམས།། དེ་ཡིས་ཁ་བསྒྱུར་གསེར་དུ་འགྱུར། །གསེར་ལ་སྐུ་མཆོག་བྱས་པ་ལྟར། །ཡི་དམ་ལྷ་རུ་ངེས་པར་བལྟ། །དོན་སྤྱི་བསྒོམ་པ་མ་ཡིན་ཏེ། །དོན་རང་གི་མཚན་ཉིད་མངོན་དུ་འགྱུར། །བ་སྤུའི་བུ་ག་ལ་སོགས་པ། །གསལ་བར་འགྱུར་བ་ཐེ་ཚོམ་མེད། །རྩ་བར་གྱུར་པའི་གནད་འདི་ནི། །མཆོག་དང་ཐུན་མོང་དངོས་གྲུབ་དང༌། །ཞིང་སོགས་ལས་རྣམས་ཐམས་ཅད་ཀུན། །རྣལ་འབྱོར་སེམས་ཀྱིས་ཁ་བསྒྱུར་བས། །འབྱུང་བར་འགྱུར་བའི་ངེས་ཤེས་ཡོད།།

རིམ་པ་ལྔ་ལྟར་ཉམས་སུ་ལེན་པའི་སྒོམ་འདི་དང་སྦྱར་ན་ཇི་ལྟར་འོང་སྙམ་ན། སྤྱིར་ཐུབ་པའི་དམ་ཆོས་མ་ལུས་པ། །སློབ་དཔོན་འཕགས་པས་ཐུགས་སུ་ཆུད། །ས་བདུན་ལ་གནས་བྱང་ཆུབ་སེམས། །སངས་རྒྱས་བཞི་ལ་སྨོན་ལམ་བཏབ། །ཐུབ་པའི་དགོངས་པ་འགྲེལ་པ་ལས། །ཕྱི་སྒྲོ་འདོགས་གཅོད་པའི་ཆོས་རྣམས་ཀུན། །དབུ་མའི་བསྟན་བཅོས་ཆེན་པོ་ཡིན། །ནང་ཉམས་མྱོང་སྐྱེས་པའི་རིམ་པ་ལྔ། །བསྐྱེད་པའི་རིམ་པ་དང་པོ་ཡིན། །འདི་སྐྱོན་དང་ཡོན་ཏན་རྫོགས་པ་དང༌། །བྱང་ཆུབ་སེམས་ལས་སྐྱེས་པའི་ལྷ། །གསལ་ཞིང་བརྟན་པས་བཟླས་པ་བྱ། །གསལ་བྱེད་ཡན་ལག་ཡིན་པའི་ཕྱིར། །སྤྱོད་ལམ་བཞི་ལ་ཁྱད་མེད་པ། །རྡོ་རྗེ་བཟླས་པའི་དགོས་པ་ཡིན། །ལུས་ངག་ཡིད་ཀྱི་དབེན་པའི་དོན། །ཐ་མལ་ལུས་འདི་ལྷས་སྤོང་སྟེ།། དེ་ཉིད་བརྟན་པས་འཇིག་པའི་དོན། །གཅིག་དང་དུ་བྲལ་གཏན་ཚིགས་ལྟར། །རྡོ་རྗེ་ལུས་ཀྱི་ཕྲ་མོ་བརྟུལ། །ངག་ཀྱང་དབྱེ་དོན་འགྲུབ་མི་འགྱུར། །སེམས་འདི་བརྒྱུད་པའི་གདམས་ངག་འདིས། །ངེས་པར་རྟོགས་ཤིང་ཁོང་དུ་ཆུད། །སྣང་ལ་མ་ངེས་འཁྲུལ་པ་དེ། །སྒྱུ་མ་མ་ཡིན་རྟེན་འབྲེལ་གྱི། །ཚོགས་པ་དེ་ལ་སྒྱུ་མ་ཟེར། །དེ་ཉིད་གདོད་ནས་སྐྱེ་མེད་ཅིང༌། །མཉམ་ཉིད་སྤྲོས་དང་བྲལ་བར་རྟོགས། །འདི་འོད་གསལ་མངོན་དུ་གྱུར་པ་ཡིན། །འོད་གསལ་སྒྱུ་མ་ལ་སོགས་པ། །གང་དུ་གྲུབ་པ་མེད་གྱུར་ཅིང༌། །བསལ་དང་བཞག་པ་མེད་པ་ལ། །རྒྱུ་དང་འབྲས་བུ་མ་འགགས་པ། །ཟུང་དུ་འཇུག་ཅེས་དེ་ལ་བརྗོད། །འདི་རིམ་གྱིས་པ་དང་ཅིག་ཅར་བ། །མི་ཕམ་མགོན་པོས་སྦྱིན་པ་ལ། །ཕ་རོལ་ཕྱིན་དྲུག་ཚང་བར་གསུངས། །སློབ་དཔོན་ཀླུ་ཡི་བྱང་ཆུབ་ཀྱིས། །རིམ་པ་གཅིག་ལའང་ལྔ་ཚང་བར། །བསྐྱེད་པའི་ཁོངས་སུ་བསྡུ་བར་གསུངས། །དེས་ན་གཉིས་པོ་གང་ལའང༌། །འགལ་བར་གྱུར་པ་མེད་པ་ལགས།

ངེས་པར་ཐུགས་ཀྱི་དགོངས་པའི་ཕྱག་རྒྱ་ཆེན་པོ་དེ་གང་ཡིན་སྙམ་ན། འཇིག་རྟེན་མགོན་པོ་བླ་མ་ཡི། །དམ་ཆོས་ཕྱག་རྒྱ་ཆེན་པོ་དེ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན། །རྟེན་འབྲེལ་རྒྱུ་རྐྱེན་ཚོགས་པ་ལས། །སྲིད་པའི་དྲ་བ་འབྱུང་བ་དེ། །སྐྱེ་འགག་སྤྲོས་པའི་མཐའ་ལས་འདས། །སྐྱེ་མེད་ཕྱག་རྒྱ་ཆེན་པོ་དེ། །སྤྲོས་པ་འདི་ལས་གཞན་དུ་མེད། །ཨེ་མ་མཐར་ཐུག་ཕྱག་རྒྱ་ཆེ། །སྤྲོས་ལས་གཞན་དུ་མེད་པར་གོ། །མ་རིག་ཉིད་ཀྱིས་དེར་འགྱུར་ཏེ། །འདི་ནི་བཅོམ་ལྡན་འདས་ཀྱི་བཀའ། །བུ་མོ་གསེར་མཆོག་འོད་གསལ་ལ། །རྗེ་བཙུན་འཇམ་དབྱངས་ཀྱིས་གདམས་པ་ཡིན། །རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་འདི།། རང་སངས་རྒྱས་ཀྱི་ཡིན་ཞེ་ན། །མ་རིག་འཁོར་བའི་འབྱུང་ཁུངས་དེ། །རྟོགས་པས་འཁོར་བ་སྤོང་བ་ལས། །མཐར་ཕྱིན་སངས་རྒྱས་ཆོས་ཀྱི་སྐུ། །བདེན་པ་བཞི་པོ་བསྒྲུབས་གྱུར་ཏེ། །མ་རྟོགས་འཁོར་བ་སྡུག་བསྔལ་ཞིང༌། །རྟོགས་པས་མཉམ་གཞག་ས་ལ་གནས། །བླ་མ་དམ་པས་ལམ་སྟོན་ཅིང༌། །ཚོགས་པས་མཉེས་པར་བྱས་པས་ཐོབ། །

བསོད་ནམས་བསགས་པའི་འབྲས་བུ་ལོངས་སྤྱོད་རྒྱ་ཆེན་པོ་འབྱུང་བ་ལ། ཕན་སྟོབས་ཆེ་ཆུང་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། བསོད་ནམས་ཚོགས་ཀྱི་འབྲས་བུ་ལ། །ཕུལ་དང་ལོངས་སྤྱོད་བསམ་མི་ཁྱབ། །བྱང་ཆུབ་སེམས་ཀྱིས་དབང་བྱས་པས།། བསྡུས་སྡོམ་སྡོམས་སུ་གསུངས་པ་ཡི། །རྒྱ་ཆེན་ཟད་པ་མེད་པ་ལ། །ལོངས་སྤྱོད་རྒྱུ་ཡང་མི་འབྱུང་ཞིང༌། །ཚན་གཅིག་དངོས་པོ་ཆུང་གྱུར་ཡང༌། །སྤྱོད་རྒྱུ་ཆེན་པོ་འབྱུང་བ་དེ། །ཞིང་རྣམ་པར་དག་ལ་ཕུལ་གྱུར་པས། །མངོན་མཚན་ཆེ་ཆུང་གི་ཁྱད་པར་དང༌། །ལོངས་སྤྱད་དང་མ་སྤྱད་ཀྱི་བྱེ་བྲག་ཡིན། །དངོས་པོ་ཆེ་ཆུང་གང་ཡང་རུང༌། །བརྩིས་གདབ་མེད་པར་ཕུལ་གྱུར་ན། །གཅིག་གི་བསོད་ནམས་ཁྱད་མེད་དེ། །གོང་ནས་གོང་དུ་ཁྱད་པར་དུ། །བསམ་གྱིས་མི་ཁྱབ་བསོད་ནམས་འབྱུང༌། །བྱང་ཆུབ་སེམས་ཀྱིས་དབང་བྱས་པའི། །དངོས་པོ་གང་ཡང་རུང་བ་དེ། །སེམས་ཅན་ཁམས་དང་སངས་རྒྱས་ཁམས། །མཉམ་པ་ཉིད་དུ་གྱུར་ནས་ཀྱང༌། །དངོས་པོ་ཇི་ལྟར་ཕུལ་བ་ལྟར། །འབྲས་བུ་དེ་ཡི་རྗེས་སུ་འབྲངས། །རྒྱལ་པོ་ཆེན་པོ་ང་ལས་ནུས།། སྲན་རྡོག་ཕྱེད་དང་ལྔ་པོ་དེ། །བྱང་ཆུབ་སེམས་ཀྱིས་དབང་བྱས་པས། །འགྲོ་བ་སྨིན་པར་བྱེད་པ་གཅིག །འོན་ཀྱང་དངོས་པོ་ཇི་བཞིན་དུ། །འབྲས་བུ་འབྱུང་བར་ངེས་པས་ན། །སུམ་ཅུ་རྩ་གསུམ་དུ་ཕྱིན་པ་དང༌། །ས་ཡི་སྟེང་དུ་ལྷུང་བ་ཡིས། །འགྲོ་དོན་བྱས་ལ་ཁྱད་པར་མེད། །ཇི་སྲིད་འཁོར་བ་མ་སྟོངས་ཚེ། །རྒྱུ་འབྲས་ཆེ་བའི་འཁོར་ལོ་དེ། །རྒྱུན་ཆད་མེད་པར་འབྱུང་བའི་ཕྱིར། །བཅས་པའི་ར་བ་ལས་འདའ་ན་ཡང༌། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །འདའ་བར་མཛད་ཅིང་འདའ་བ་དེས། །འགྲོ་བ་སྨིན་ཅིང་གྲོལ་བར་བྱེད། །འདི་ལྟར་གནས་བརྟན་འོད་སྲུང་གིས། །རྗེ་བཙུན་འཇམ་དབྱངས་ཟླ་བ་གསུམ།། རྒྱལ་པོ་གསལ་རྒྱལ་གྱི་ཁབ་ཏུ་བཞུགས། །དེ་གནས་ནས་འབྱིན་པར་བརྩམས་པ་ལས། །བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་གྱིས། །ཉན་ཐོས་ཆེན་པོ་ཟིལ་གྱིས་མནན། །ཉན་ཐོས་ཐེག་པ་བ་རྣམས་ཀྱིས། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡི། །ལྟུང་བ་གླེང་བར་མི་བྱ་ཞེས། །དེ་བཞིན་གཤེགས་པས་བཅས་པ་མཛད། །དེས་ན་སེམས་ཅན་སྨིན་གྲོལ་དེ། །ཉོན་མོངས་གསུམ་གྱིས་བྱེད་མི་སྲིད། །དེ་ལ་ཉེས་པ་མེད་པའི་ཕྱིར། །ཉེས་མེད་བསྒྲུབ་པའི་བསླབ་པར་གསུངས། །ཉེས་པར་གྱུར་པའི་གནད་འདི་གདམས།།

གཞན་བས་ཁྱད་པར་འཕགས་པའི་ཆོས་གང་ཡིན་སྙམ་ན། ཡང་འདི་ན་འགའ་ཞིག་རིན་ཆེན་གཉིས། །སྟོང་ཉིད་དང་རྒྱུ་འབྲས་ཐ་དད་འདོད། །རྗེ་ཡིས་བཀའ་སྩལ་གསུང་ན་ཡང༌། །སྟོང་ཉིད་ཀྱི་འབྲུག་སྒྲ་མ་གཏོགས་པ། །རྒྱུ་འབྲས་སྨྲ་བ་གཅིག་ཀྱང་མེད། །རྣམ་པར་ཐར་པ་ནུབ་གྱུར་ཏེ། །དགེ་བཤེས་ཞང་གིས་ཚོགས་འཁོར་བསྐོར། །སྤྲང་པོ་ཡིན་ཡང་ཡི་མུག་སྐྱེས། །རིན་ཆེན་ཞལ་ནས་སྒོམ་ཆེན་གྱི། །ཙམ་ལ་བཟང་བ་འབྱུང་ངོ་ཞེས། །ལན་གསུམ་བར་དུ་ལུང་བསྟན་ཏེ། །ཆེན་པོ་ཀུན་ཕུད་དེ་བྱོན་ནས་ཀྱང༌། །ཡི་གེ་གསུམ་གྱི་གཟུངས་བརྗོད་དེ། །ལུང་བསྟན་ཐེ་ཚོམ་མེད་པར་བྱུང༌། །དེ་ཡི་ཁྱད་ཆོས་གང་ཞེ་ན། །ཁྱོད་ཆོས་ལ་རྣ་བས་སེམས་ལ་བཟུང༌། །སྟོང་ཉིད་མངོན་པར་རྟོགས་པ་ཡིས། །ཡོན་ཏན་འབྲས་བུ་ཡིན་པར་བཞེད། །འདི་འཁྲུལ་པ་མེད་པར་འབྱུང་བ་དེ། །རང་རིག་འདོར་བར་མི་འགྱུར་བ། །ཐུབ་པ་རྣམས་ཀྱི་དམ་ཆོས་ཡིན། །སྟོང་ཉིད་མངོན་རྟོགས་ཀྱིས་འཁོར་བ་སྤོང༌། །རྒྱུ་འབྲས་གཉིས་མེད་སྐུ་གཉིས་མེད། །དེ་ཕྱིར་བྱང་ཆུབ་སེམས་ཉིད་དེ། །འདི་སྣང་མཛད་ཆེན་པོའི་སྐུ་གཅིག་ཀྱང༌། །ཐ་དད་གདུལ་བྱ་འདུལ་བ་ལ། །རྒྱུ་ལ་བརྟེན་པའི་སངས་རྒྱས་སྐུ། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །སེམས་ཅན་གཅིག་ལ་མཁའ་མཉམ་གྱི། །སེམས་ཅན་རྣམས་ཀྱི་བག་ཆགས་ཀྱང༌། །དེ་ཙམ་སེམས་ཀྱིས་དབང་བྱས་པས། །མི་ཟད་རྒྱན་གྱི་འཁོར་ལོ་ཡིན། །རྒྱུ་དང་འབྲས་བུ་མ་འདྲེས་ཤིང༌། །མངོན་པར་རྟོགས་པས་དབྱེར་མེད་པ། །ངེས་དོན་གཏན་ལ་ཕབ་པ་ཡིན། །ཁ་ཅིག་མཉམ་རྗེས་གཉིས་ཡིན་ཏེ། །མཁྱེན་པའི་སྐད་ཅིག་གཅིག་ཉིད་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །བདེན་པ་གཉིས་སུ་འདོད་གྱུར་ཀྱང༌། །ཕྱག་རྒྱ་ཆེན་པོ་རྟོགས་པ་ལ། །ཀུན་རྫོབ་བདེན་པ་ག་ལ་སྲིད། །རྟག་ཏུ་མཉམ་པར་བཞག་གྱུར་ཅིང༌། །མཁྱེན་པའི་ཡེ་ཤེས་ཀུན་ལ་འཇུག །གཉིས་མེད་མཐར་ཕྱིན་ངོ་མཚར་ཆེ།། འཇིག་རྟེན་མགོན་པོ་རིན་ཆེན་གྱི། །ལར་གྱི་རྒྱུ་འབྲས་བཞེད་ཚུལ་ཅིག །ཡོད་དེ་ཟླ་བར་དཀའ་བར་བྱུང༌། །དེ་རིང་ཁྱེད་ལ་བསྟན་བྱས་ན། །ཡིད་ལ་བཟུང་ལ་བརྣག་པར་གྱིས། །ནང་དུ་ཏིང་འཛིན་གང་སྐྱེས་པས། །རང་གིས་ལུས་འདི་བྱིན་གྱིས་ བརློབ། །ལུས་ཀྱིས་སྣང་བ་བྱིན་གྱིས་བརློབ། །སྐད་ཅིག་འདི་ལ་མི་སྲིད་པས།།

ཆོས་ལྔར་མ་འདུས་པའི་གདམས་པའི་མན་ངག་ཡོད་དམ་སྙམ་ན་མེད་དེ། སྤྱིར་ཐུབ་པའི་དམ་ཆོས་མ་ལུས་པ། །ཆོས་ལྔ་པོར་མ་འདུས་གང་ཡང་མེད། །དེ་རེ་རེ་དབྱེ་བས་ཕྱེ་ལགས་ན། །གཅིག་ཀྱང་ཐུག་པ་མེད་པར་འགྱུར། །བྱང་ཆུབ་སེམས་ཀྱི་རྗེས་འབྲངས་ནས། །ལྷག་པའི་ལྷ་ཉིད་གཅིག་པུ་ལ། །ཡུལ་ཉི་ཤུ་རྩ་བཞི་ཡོངས་སུ་ཚང༌། །ཡུལ་དེ་དག་དབྱེ་ན་ཐ་དད་དེ། །གནས་དེར་བླ་མ་དམ་པ་ཡིས། །སྦྱང་གཞི་སྦྱོང་བྱེད་ཀྱི་མན་ངག་གིས། །སྐྱོན་དང་ཉེས་པ་འདག་པ་དང༌། །མངོན་ཤེས་རྫུ་འཕྲུལ་ལ་སོགས་པ། །ཡོན་ཏན་སྐྱེ་བའི་མན་ངག་ཡོད། །འདི་ཤེས་པ་ཁམས་སུ་མ་སོང་སྟེ། །གོ་བ་ཡོད་པ་དབུས་ན་མེད།། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༌། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །སྐྱོན་དང་ཉེས་པ་ཐམས་ཅད་ལ། །རང་གི་ལྷག་པའི་ལྷ་ཉིད་ཀྱིས། །ཞལ་དང་ཕྱག་དང་ཞབས་ལ་སོགས། །སྐུ་ཡི་རྣམ་འགྱུར་གཅིག་པུ་ཡིས། །གནད་ཀྱིས་གྲོལ་བར་འགྱུར་བ་འདི། །སྙིང་རྗེ་ཆེན་པོའི་གཟུངས་ལས་ཀྱང༌། །གནོད་པའི་གཉེན་པོར་གྱུར་པའི་ཕྱག །ཕྱག་མཚན་བཅས་པ་ལ་བལྟས་ཏེ། །མཆོད་པ་བྱ་ཞེས་ཐུབ་པས་གསུངས།།

མཁའ་འགྲོ་དཔག་ཏུ་མེད་པ་འབྱོན་པའི་རྒྱུ་གང་ཡིན་སྙམ་ན། ཉོན་མོངས་པ་རྣམ་པར་རྟོག་པ་ཀུན། །སྤོང་སེམས་བརྟན་པོས་དབང་བྱས་ན། །ཡོན་ཏན་མཐའ་མེད་སྐྱེ་འགྱུར་བ། །རྒྱུ་དང་འབྲས་བུ་སོ་སོར་དཔག །འདི་ཁྱོད་ཀྱིས་གཞན་ལ་གསང་བ་ཡིན། །མཁའ་འགྲོ་སྡེ་བཞིའི་སྲོག་སྙིང་རྗེ། །དཔལ་ཆེན་ཧེ་རུ་ཀ་ལ་མངའ། །དེ་གཞན་ལ་མ་བསྟན་བཅངས་གྱུར་པས། །རི་རབ་སུམ་ཅུ་རྩ་དྲུག་གི། །རྡུལ་དང་མཉམ་པའི་རྣལ་འབྱོར་མས། །ཞབས་འབྲིང་ཞབས་ཏོག་རིམ་གྲོ་བྱེད། །ཆོས་རྗེ་འགྲོ་བའི་མགོན་པོ་ལ། །མཁའ་འགྲོའི་ཚོགས་རྣམས་མངོན་དུ་འབྱུང༌། །སྒྲ་ཆེ་བ་དེ་སློབ་དཔོན་ཁམས་པ་ཡིན། །དོག་ལ་འཆམ་པ་འདི་ལྕོང་མོའི་ཤར་མོ་ཡིན། །གྲངས་དང་མཉམ་པའི་མཁའ་འགྲོ་མས། །དུས་ལ་ཡོལ་བ་མེད་པ་དེ། །གཡོན་པ་དག་པའི་རྟེན་འབྲེལ་ཡིན།།

གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་གོ་བ་གང་ཡིན་སྙམ་ན། མ་སྨིན་སྨིན་བྱེད་དབང་བསྐུར་བས། །ཐེག་ཆེན་སྔགས་ཀྱི་བརྗོད་བྱ་དེ། །གདོད་ནས་གྲུབ་པའི་དཀྱིལ་འཁོར་ཡིན། །འབྲས་བུ་དེ་ཉིད་ཀྱིས་རྒྱུ་ལམ་དུ། །གྲོལ་བར་བྱེད་པས་མཐར་ཕྱིན་འགྱུར། །དེས་ན་གོང་མའི་གནད་གསུམ་པོ། །བཞི་བའི་ངོ་བོར་གདོད་ནས་གནས། །རྐྱེན་ལས་སྐྱེས་པའི་བསམ་པ་དེ། །སྐད་ཅིག་གིས་འགག་པར་གྱུར་པས་ན། །སེམས་སྣང་བ་གསུམ་པོ་འོད་གསལ་དུ། །འཇུག་པས་སེམས་བསྐྱེད་གཅིག་པུ་ཡང༌། །འོད་གསལ་ཡིན་ཕྱིར་སློབ་དཔོན་གྱིས། །ས་བརྒྱད་ཐོབ་པར་བཞེད་པ་ཡིན། །སེམས་དང་ལྟ་བའི་རིག་པ་འདི་ཉིད་དེ། །སྤྲོས་པའི་མཐའ་དང་བྲལ་བར་རྟོགས། །ཏིང་འཛིན་མངོན་པར་ཤེས་པ་དང༌། །རྫོགས་འཚང་རྒྱ་བ་སེམས་ཉིད་རྟེན། །འཁོར་འདས་ཀུན་གྱི་ས་བོན་ཡིན། །ས་བོན་ཀུན་གཞི་རྣམ་ཤེས་དེ། །རིགས་དང་སྣང་བར་བྱེད་པ་འདི། །ཡུལ་དང་དུས་ཀྱི་བྱེ་བྲག་ཡིན།།

རྗེ་བཙུན་ལྷ་ལྔ་མས་ཆོས་སྒོ་ཕྱེ་འམ་སྙམ་ན། ཕྱག་མང་པོ་ཡོད་པའི་དགོས་བྱེད་དེ་ཅི་ཡིན། དཀྱིལ་འཁོར་འཁོར་ལོ་མ་གཏོགས་པ། །ལྷ་ཕོ་རེང་མོ་རེང་གང་གིས་ཀྱང༌། །དབང་བསྐུར་ཐོབ་པར་མི་འདོད་ཞེས། །སློབ་དཔོན་ཆེན་པོ་ས་སྐྱས་གསུངས། །འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །དཀྱིལ་འཁོར་འཁོར་ལོ་རྒྱ་ཆེན་གསུངས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རྣམ་པར་གྲགས། །རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ནི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད། །དཔུང་པ་གཡས་པ་གཤིན་རྗེ་གཤེད། །མཐའ་ཡས་བསམ་གྱིས་མི་ཁྱབ་པ། །རང་ཉིད་གཅིག་པུར་གསུངས་པ་ཡིན། །བུམ་པའི་དབང་གི་གོ་བ་དེ། །རང་ཉིད་གདོད་ནས་བྱང་ཆུབ་ཏུ།། རྫོགས་སངས་རྒྱས་པར་ཤེས་ཤིང་རྟོགས། །འདི་བླ་མའི་དྲིན་གྱིས་ཐོབ་པ་ཡིན། །རྡུལ་ཚོན་རས་བྲིས་ཚོམ་བུ་དང༌། །རྗེ་བཙུན་སྐུ་ཡི་དཀྱིལ་འཁོར་ལ། །མོས་གུས་བྱས་པས་ཐོབ་པ་འདི། །དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་ཡིན།། དབང་གསུམ་པོ་དེ་ཡི་ཁྱད་པར་ཆོས། །ངག་དང་ཡིད་དང་རང་བཞིན་གསུམ། །དབྱེར་མེད་པ་ཡི་ངོ་བོར་གསུངས།།

གསང་སྔགས་སུ་འབྱུང་བ་རིམ་རྩེགས་བསྒོམ་པའི་དགོས་པ་ཅི་ཡིན་སྙམ་ན། ལར་གྱི་རྒྱུད་སྡེ་བཞི་པོ་འདི། །སྤྱི་བབས་དང་མཐུན་པའི་ཆོས་ཡིན་པས། །རྣལ་འབྱོར་རྒྱུད་ཀྱི་བརྗོད་བྱའི་དོན། །རྟེན་དང་བརྟེན་པའི་རིམ་པ་འདི། །གཙོ་བོར་གསུངས་པས་གཞལ་ཡས་ཁང༌། །འབྱུང་བ་རིམ་རྩེགས་ཀྱི་རྗེས་སུ་འབྲང༌། །འདི་བླ་མ་དམ་པའི་ཞལ་སྔ་ནས། །རྣལ་འབྱོར་བླ་མེད་དགོངས་པའི་དོན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཉམས་ལེན་མཐིལ་དུ་བསྒོམ་པ་ལ། །བློ་དམན་སྤྲོས་ལ་དགའ་བ་ཡི།། བློ་རིམ་གྱིས་ཁྲིད་པའི་ཐབས་སུ་གསུངས།།

ལྷ་ཞལ་ཕྱག་མང་པོ་ཡོད་པའི་དགོས་པ་ཅི་ཡིན་སྙམ་ན། ཧེ་རུ་ཀ་དཔལ་ཞལ་བཞིའམ། །བཅུ་གཉིས་ཕྱག་དང་ལྡན་པའམ།།

ཡང་ན་སུམ་ཅུ་སོ་གཉིས་པ། །བསྒོམ་པའི་རྟེན་གྱི་གང་ཟག་གིས། །ལོངས་སྤྱོད་ཕུན་སུམ་ཚོགས་འདོད་ན། །གསང་བའི་གནས་ནས་སྤྱི་བོའི་བར། །ཤིན་ཏུ་གསལ་ཞིང་བརྟན་པར་བསྒོམ། །མཛེས་དང་འཇིགས་སུ་རུང་བ་ཡིས། །ཞལ་དང་ཕྱག་དང་རིན་ཆེན་གྱི། །རྒྱན་གྱི་རྣམ་པ་གསེར་ལ་སོགས། །ཡོན་ཏན་སྣ་ཚོགས་འབྱུང་བའི་གཞི། །ཐལ་ཆེན་ཞག་དང་ཚོམ་བུ་ཡི། །གཅེར་བུར་གྱུར་པ་དེ་བཞིན་དུ། །དབང་ཕྱུག་ཆེན་པོའི་གཟུགས་སུ་བསྟན། །དེ་ལ་དཔལ་ལྡན་ནཱ་རོ་པའི། །ཕྱག་རྒྱ་ཆེན་པོ་ཐུགས་ཉིད་ཀྱིས། །ཡི་གེ་བཞི་བ་ཅེས་བྱ་བ། །སྲོག་ཐིག་ལེར་གཞུག་པའི་མན་ངག་བྱ། །དམུ་ཆུ་འཁྲུལ་འཁོར་དེ་ཉིད་ཀྱི། །དབྱེ་བ་མེད་པར་ཆུད་པར་འགྱུར།།

ངེས་པར་འཆི་བའི་ལྟས་གང་ཡིན་ཇི་ལྟར་བཟློག་སྙམ་ན། བླ་མེད་གསང་སྔགས་རྒྱུད་རྣམས་སུ། །ལེགས་པར་གསུངས་པའི་དོན་གྱི་གནད། །གདམས་པའི་མཆོག་གྱུར་རྩ་དང་རླུང༌། །བྱང་ཆུབ་སེམས་ལས་མེད་པར་གོ། །ཕུང་པོ་རྒྱུ་རྐྱེན་ལས་བསྐྱེད་པ། །སྐྱེད་བྱེད་རྒྱུ་གཉིས་ཨ་དང་ཧཾ། །ཇི་སྲིད་གནས་ཚེ་མི་འཕོ་ཞིང༌། །གལ་ཏེ་འཕོ་བར་གྱུར་པ་ན། །སྤྲེའུ་དཀར་སྣ་དམར་བཞོན་བྱས་ནས། །ཤར་གྱི་ཕྱོགས་སུ་འགྲོ་བ་འབྱུང༌། །འདི་ནི་བཟློག་པར་མི་ནུས་ཏེ། །བྱང་སེམས་སྤྲིན་གསེབ་སྦ་བས་ བསྲིང༌། །ཐ་མར་བུག་པ་གཉིས་ནས་འབྱུང༌། །ཨ་ཧཾ་གཉིས་ཀྱི་མཐུ་སྟོབས་ཀྱིས། །ལུས་གནས་ཕྱིར་ན་མཐུན་པའི་རྐྱེན། །མེ་དང་ཆུ་ཡི་ཁམས་བརྟེན་པས། །འཕེལ་བས་ཡོན་ཏན་དུ་མ་འབྱུང༌། །དེ་ཡི་རིགས་མཐུན་རྫས་རྣམས་ཀུན། །བཅུད་ཀྱིས་ལེན་ཞེས་ཡོངས་སུ་གྲགས། །བཅུད་ལེན་རྫས་རྣམས་འབྱུང་བ་ཡི། །གནད་ཀྱི་ངེས་པ་དཔག་མེད་པ། །རྡོ་རྗེ་མཁའ་འགྲོའི་རྒྱུད་དུ་གསུངས། །རྩ་གསུམ་ཆགས་དང་སྡང་བ་དང༌། །དབུ་མ་མི་རྟོག་ཏིང་འཛིན་ཡིན། །གཡས་གཡོན་གཉིས་ནས་རྟག་རྒྱུ་ན། །ཆགས་དང་སྡང་བའི་སྟོབས་འཕེལ་ནས། །མྱུར་དུ་འཆི་བར་འགྱུར་བའི་ཕྱིར། །རླུང་དབུ་མར་ཚུད་པའི་གདམས་ངག་བྱ། །ནང་གི་ཏིང་འཛིན་སྐྱོན་མེད་གསུམ། །ཕྱི་ནི་བདུད་རྩི་བཅུད་ཀྱི་ལེན། །གནས་ནི་གསལ་བ་ཞེས་བྱ་གྲགས། །དེ་ཕྱིར་ཐུབ་པ་ཆེན་པོའི་ཆོས། །གཅིག་ཤེས་ཀུན་ལ་མཁས་པ་དེ། །སྤང་བྱ་གཉེན་པོར་འགྱུར་བའི་ཕྱིར། །མཐའ་མེད་བསམ་གྱིས་མི་ཁྱབ་པས། །རྟེན་འབྲེལ་མཐའ་དག་གོ་བར་བྱ། །ཡང་ཐེག་ཆེན་གསང་སྔགས་མ་ལུས་པར། །མི་བཟད་འཇིགས་པའི་སྐུ་འབྱུང་བ། །གདུལ་བྱ་ཉོན་མོངས་ཅན་རྣམས་ལ། །ཕྲིན་ལས་དུས་གསུམ་འདྲེས་པའི་སྐུ། །རང་འོད་ཀྱི་རིག་མ་པད་གདན་དང༌། །བྱང་ཆུབ་སེམས་གཉིས་ཀྱི་ཁྱད་པར་ལ། །རང་ཉིད་ཅི་འདྲ་དེ་འདྲ་དང༌། །རང་བཞིན་གནས་དང་རྐྱེན་སད་པས།། རང་ཉིད་དེ་དང་འདྲ་བར་འགྱུར། །གསད་པ་རིགས་སྔགས་ཕྱག་རྒྱ་ཆེ། །སྒྱུ་མའི་རྟོག་པ་ཟོས་པ་ལ། །སྐྱེ་དང་འབྱིན་པ་ཁོ་ན་ཉིད། །དེ་ལ་སྡིག་ཏུ་མི་འགྱུར་ཏེ། །གསོལ་བ་ལན་གསུམ་གདབ་པའི་ཆོས།།

གཏུམ་མོའི་གནད་ཀྱིས་ཡོན་ཏན་བསྐྱེད་པ་དེ་གང་གིས་བསྐྱེད་སྙམ་ན། དཔལ་ལྡན་ནཱ་རོ་པཎ་ཆེན་གྱིས། །གདམས་པ་ཐུན་མོང་མ་ཡིན་པ། །གཏུམ་མོ་བླ་མེད་དགོངས་པའམ། །མི་ལ་ཆེན་པོས་ཉམས་སུ་མྱོང༌། །ཕྱི་དང་ནང་དང་གསང་བ་དང༌། །དེ་བཞིན་ཉིད་དང་རྩ་དང་རླུང༌། །བདེ་ཆེན་གཏུམ་མོ་གང་ཡིན་པ། །གནད་ཀྱི་མན་ངག་རྩ་བ་ཡིན། །སྤྱིར་གཤིས་སམ་བབས་ཀྱིས་སེམས་ཅན་ལ། །རང་བྱུང་ཡེ་ཤེས་མེ་ཆེན་ཡོད། །ཚེས་གཅིག་ནས་བརྩམས་ཉ་ཡི་བར། །འབར་བའི་མེ་ལྕེ་གྱེན་དུ་སྤྱོད། །དེ་བཞིན་གཤེགས་དང་རིགས་ཀྱི་ཡུམ། །བསྲེགས་ནས་བདེ་ཆེན་གནས་མཆོག་ནས། །དགའ་བ་རྣམ་པ་བཅུ་དྲུག་འབབ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་དང༌། །སྙིང་ག་ཆོས་ཀྱི་འཁོར་ལོ་དང༌། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །དྭངས་དང་སྙིགས་མའི་རིམ་པ་ཡིས། །ཕྱེད་ཕྱེད་མདངས་དང་བཀྲག་སྟོབས་འཕེལ། །ཐུར་དུ་སྙིགས་མ་གཉིས་བྱུང་བ། །འཁོར་བའི་བབས་སམ་འདུག་ལུགས་ཡིན། །འདི་གཏན་དུ་ཁེགས་ནས་འཆིང་གྱུར་པ། །དཔལ་ལྡན་རྡོ་རྗེ་འཆང་ཆེན་དེ། །ཡབ་དང་ཡུམ་ལས་བྱུང་བ་གཉིས། །བརྟན་པའི་རྟགས་སུ་ཉི་མ་དང༌། །ཟླ་བ་ནོར་བུས་བརྒྱན་པ་བྱུང༌། །ཉིན་མོ་རྩ་བའི་གནད་ཁེགས་པ། །མཚན་མོ་འགྱུར་བྱེད་འཆིང་བར་འགྱུར། །ཐ་མལ་རྣམས་ཀྱིས་མི་ཚོར་ཏེ། །མཚན་དུ་ལྷུང་བར་འགྱུར་བ་ཡིན།། དེ་ལྟའི་དུས་སུ་དྲོད་ཆེ་བས། །ཟས་ཀྱི་དངོས་པོ་འཇུ་བར་བྱེད། །ཁམས་ལ་ཕན་དང་སྟོབས་འཕེལ་ཕྱིར། །ཐུབ་པས་ཟས་ཚོད་རིག་བྱ་སྟེ། །བཀའ་སྩལ་ནན་ཏན་ཆེན་པོར་གསུངས། །སློབ་དཔོན་འཕགས་པས་ཉེས་པ་རྣམས། །མ་ཞི་བ་ཡི་བསྐྱེད་བྱེད་ཅེས། །གསུངས་པ་དེ་དག་ཐམས་ཅད་ཀུན། །རྩ་བའི་གནད་འདིས་བསྐྱེད་པ་ཡིན། །ཐོག་མ་བར་དང་མཐར་དགེ་བས། །ཡོན་ཏན་ཀུན་གྱི་གཞིར་གྱུར་པས། །ཡེ་ཤེས་མེ་དཔུང་ཆེན་པོ་ཡིན།།

རྒྱུད་རྣམས་སུ་རྩིས་ཀྱི་རྣམ་པ་དཔག་ཏུ་མེད་པ་གསུངས་པ་དེའི་གནད་གང་ཡིན་སྙམ་ན། ཐེག་པ་ཆེན་པོ་གསང་སྔགས་སུ། །གཟའ་དང་རྒྱུ་སྐར་ཚེས་གྲངས་དང༌། །ཁམས་དང་དུས་ཀྱི་གནད་རྣམས་གསུངས། །འདི་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཡིན།། ཕྱི་འབྱུང་བ་བཞི་ཡི་འདུ་འཕྲོད་ཀྱིས། །ཕན་དང་གནོད་པ་འབྱུང་བ་ཡི། །རིག་བྱེད་གཙུག་ལག་ཐམས་ཅད་ཀུན། །ཤེས་པ་མུ་སྟེགས་བྱེད་དང་མཚུངས། །དེ་དག་ནང་གི་བསམ་པའི་གནད། །འབྲེལ་པ་གཅིག་ཏུ་གྱུར་པ་འདི། །ཐུབ་པ་ཆེན་པོའི་བཀའ་ཡིན་པས། །སངས་རྒྱས་བྱོན་པའི་ཁྱད་པར་ཆོས། །མེད་ན་མི་འབྱུང་གི་འབྲས་བུ་ཡིན། །དེ་ཇི་བཞིན་རྡོ་རྗེའི་ལུས་ཀྱི་གནད།། ཕྱི་རོལ་དེ་བཞིན་གནས་པ་དེ། །བླ་མེད་གསང་སྔགས་ཀྱི་ཉིང་ཁུ་ཡིན། །ཕན་དང་གནོད་པར་བྱེད་པ་ནི། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །ཐིག་ལེ་རྣམ་གསུམ་གྱི་འཕེལ་འགྲིབ་ཀྱིས། །རྣམ་པར་གྱུར་པ་གཅིག་པུར་ངེས། །དེ་ཕྱིར་སྐར་མ་མི་བོའི་སྲོག །འདི་ལ་བརྟེན་ནས་མཐུ་བསྒྲུབ་པའི། །མན་ངག་ཡོད་དེ་ཁར་མི་ཐོན། །གཅིག་པུར་བསྒྲུབ་པ་བྱས་པ་ཡིས། །དཔལ་དུས་ཀྱི་འཁོར་ལོའི་གནད་རྣམས་གོ །རང་མིན་པ་གཞན་མེད་ཀྱི་བསམ་པ་སྐྱེ། །དཔལ་སྟག་ལུང་ཐང་པ་ལ་དྲི་བ་དྲིས།། ཁོང་བཤད་དམ་གསུངས་པ་མི་བཤད་པར། །ཞུ་བ་ཕུལ་བའི་བཀའ་སྩལ་གསུངས། །འདི་ལ་འབྱུང་བ་བཞི་པོ་ཡི། །གནད་འདི་མིན་པ་མེད་པ་ཡིན། །ལུས་ཕུང་པོ་ལྔ་པོ་འབྱུང་བས་བསྐྱེད། །དེ་བཞི་པོ་འགྱུར་བས་ཉེས་པ་བསྐྱེད། །འདི་སེམས་ཅན་དུས་དང་ལམ་གྱི་དུས། །འབྲས་བུ་རྫོགས་སངས་རྒྱས་པའི་ཚེ། །རིགས་ལྔ་ཡུམ་གྱི་བྱེད་པ་ཡིན། །བྱང་ཕྱོགས་ས་ཡི་དཀྱིལ་འཁོར་ལ། །གྲུབ་པ་རླུང་གི་བདག་ཉིད་བཞུགས། །ལྷོ་ཕྱོགས་རླུང་གི་དཀྱིལ་འཁོར་ལ། །རིན་ཆེན་འབྱུང་ལྡན་ས་ཡི་ཁམས།། ཆུ་ནི་མེ་ཡི་གཉེན་པོ་སྟེ། །སོ་སོར་སྐྱོན་དུ་འགྱུར་བའི་ཕྱིར། །དེ་ཡི་གཉེན་པོར་བཞུགས་པ་ཡིན། །བུ་རྟེན་འབྲེལ་མ་ལུས་འདི་གོ་མཛོད།།

བསྒྲུབ་པ་བྱས་པས་དངོས་གྲུབ་འབྱུང་བའི་ཚུལ་ཇི་ལྟ་བུ་སྙམ་ན། རང་ཉིད་ཡི་དམ་ལྷ་བསྒོམ་ཞིང༌། །བཟའ་བཏུང་བདུད་རྩིར་བྱིན་རླབས་ལ། །ཚོགས་ཀྱི་འཁོར་ལོ་གསོལ་བར་ཞུ། །དམ་པའི་ཆོས་འདི་ཤིན་ཏུ་གཉན། །གསང་སྔགས་བླ་མེད་བསྒྲུབ་པ་ལ། །དངོས་གྲུབ་མི་མཐུན་ཕྱོགས་ཀུན་དང༌། །བར་དུ་གཅོད་པ་སྣ་ཚོགས་འབྱུང༌། །རྒྱ་མཚོའི་འགྲམ་དུ་ཀླུ་སྒྲུབ་སྟེ། །ནམ་མཁའ་ལྟ་བུའི་རྦ་རླབས་ཀྱིས། །མི་གཡོ་ཅི་འདོད་དམ་པ་སྦྱིན། །རོ་ལངས་བསྒྲུབས་པས་ཧ་ཧེ་ཞེས། །སྒྲོག་ཅིང་ལངས་པར་གྱུར་པའི་ཚེ། །དམ་རྫས་སྦྱིན་ཅིང་ཅི་འདོད་བསླངས། །གནོད་སྦྱིན་སྦྱོར་བ་སྣ་ཚོགས་ཀྱིས། །མི་མཐུན་ཕྱོགས་རྣམས་བསྒྲུབ་པ་ལ། །གླང་ཆེན་རབ་བརྟན་རྣལ་འབྱོར་པས། །ཟླ་དྲུག་གོམས་པའི་རྣལ་འབྱོར་པས། །དཔོན་གཡོག་རིམ་པར་ཞབས་ཏོག་བྱེད། །གཡོག་ནི་ཡིད་འོང་ལྷ་ཡི་བུ། །དཔོན་ནི་ཁྲོ་གཏུམ་རྔམ་པའི་ཞལ། །གསང་བདག་རྡོ་རྗེ་འཛིན་པའམ། །ཁྲོ་མཆོག་ཡ་མན་ཏ་ཀ་སོགས། །གཉེན་པོར་གྱུར་པ་བསྒོམས་གྱུར་ན། །མ་དང་བྲན་མོ་འགྲུབ་པར་སླ། །ཆུང་མ་མི་བཟད་ཆོ་འཕྲུལ་སྟོན། །ལྕང་ལོ་ཅན་ནམ་སུམ་ཅུའི་གནས། །བདེ་སྐྱིད་འབྱུང་བའི་གནས་སུ་འདྲེན། །འདིར་ཡང་རྩ་བའི་མན་ངག་ལས། །ཅུང་ཟད་ཙམ་ཡང་འདར་མི་རུང༌། །འདི་གསང་སྔགས་གཅིག་པུ་མ་ཡིན་ཏེ། །རང་ཉིད་གསོད་པའི་གཤེད་མ་ལ། །བྱམས་དང་བཟོད་ཐོབ་ཆེན་པོ་ཡིས། །ཕྱིར་མི་ལྡོག་པའི་ས་ལ་གནས། །ཁྲོ་ལ་ལན་དུ་སླར་མི་ཁྲོ། །བརྡེགས་པ་ལ་ཡང་སླར་མི་བརྡེག །འཇིག་རྟེན་མི་ཆོས་འདུན་མ་ཡང༌། །རྒད་པོས་མི་ཤ་མ་བླང་ཞིང༌། །ཤ་ཚོད་ཀྱི་བྱ་དགའ་སྦྱིན་དང་འདྲ། །འདི་ཡང་ཟབ་པའི་མན་ངག་གོ།

སྤྱིར་མོས་གུས་ཆེ་ན་གནས་སྐབས་ཀྱི་ཏུང་ཏུང་མེད་ཀྱང་ཆོག་གམ་སྙམ་ན། ཚད་ལྡན་བླ་མ་དམ་པ་ལ། །སངས་རྒྱས་འདུ་ཤེས་སྐྱེས་པ་ཡིས། །དེ་ཡི་ཡོན་ཏན་མངོན་རྟོགས་འབྱུང༌། །འདུ་ཤེས་ཏུང་ཏུང་མེད་གྱུར་ན། །གོང་ནས་གོང་དུ་འཕེལ་བ་དང༌།། བྱིན་རླབས་འཇུག་པར་མི་ནུས་ལ། །བསྒོམ་བྱ་སྒོམ་དུ་རྟོགས་པ་དེས། །གཞན་དོན་ཁྱད་དུ་བསྒྲུབ་དགོས་ཏེ། །བྱམས་དང་སྙིང་རྗེ་བྱང་སེམས་ཀྱིས། །འགྲོ་བའི་དོན་རྣམས་སྒྲུབ་པ་དེ། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན།།

རོ་གཅིག་རྟོགས་པའི་རྣལ་འབྱོར་ལ་རྟོགས་པ་སྐྱེ་བ་དང་སྐྱེ་བ་མེད་པ་གཉིས་སུ་གསུངས་པའི་དོན་ཅི་ཡིན་སྙམ་ན། གཉིས་མེད་རོ་གཅིག་རྟོགས་པ་ཡི། །ཉོན་མོངས་རྣམ་རྟོག་མེད་པ་དེ། །གོ་བ་འཛིན་པ་མེད་པ་ཡིན། །ཀ་བ་མཐོང་དང་མི་འཛིན་པས། །དེ་མེད་དེ་ཡི་སྣང་བ་མེད། །དེས་ནི་ཐེག་པ་ཆེན་པོ་མཐོང༌། །ཀ་བར་འཛིན་པས་དྲང་ཞེས་དང༌། །ཡོ་ཞེས་རྟོག་པ་མ་རིག་པ།།

རོ་གཅིག་རྟོགས་པ་ལ་ཡོན་ཏན་ཅི་ཡང་མེད་པར་གསལ་བ་སྣང་ན་དེའི་ཡོན་ཏན་གང་ཡིན་སྙམ་ན། རོ་གཅིག་རྟོགས་པར་གྱུར་པ་ལ། །དེ་ཡི་ཡོན་ཏན་གང་ཞིག་ཡིན། །རོ་གཅིག་དེ་ལ་ཐ་མལ་ཉམས། །རྩེ་གཅིག་སྤྲོས་བྲལ་མི་སྣང་བས། །ཕྲག་དོག་སྐྱེས་དང་གཞན་གྱི་འཁོར། །གང་ཡིན་དེ་ལ་བསལ་བཞག་མེད། །ལས་དང་ཉོན་མོངས་དེ་བཞིན་ཏེ། །དེ་ལས་གཞན་པའི་ཡོན་ཏན་མེད། །སེམས་ཉིད་འོད་གསལ་རྟོགས་པ་དེ། །བདུད་རྩི་རྙེད་པ་ལྟ་བུ་ཡིན། །བདུད་རྩི་ཐུ་བ་ལྟ་བུ་དེ། །རྒྱུན་ཆད་མེད་པར་བསྒོམ་པ་ཡིན། །དེ་རྒྱུན་བསྲིངས་ནས་མ་བསྒོམ་ན། །ཡོན་ཏན་འབྱུང་བ་ག་ལ་སྲིད། །ཆོས་རྗེས་བདག་ལ་གདམས་པ་ཡིན།།

གྲིབ་ཚན་ཆེན་པོས་གནོད་པ་མི་འབྱུང་བར་ཏིང་ངེ་འཛིན་གསལ་དུ་འགྲོ་བ་སྲིད་སྙམ་ན། སྤྱིར་ཉམས་སུ་འགྱུར་བ་མི་རྟག་སྟེ། །རྟག་ཅིང་བརྟན་པ་ཕྱག་རྒྱ་ཆེ། །ལྷན་སྐྱེས་ཀྱི་ངང་དུ་གནས་པ་ལ། །ཕྱི་རོལ་ཏུ་དུག་གསུམ་གྱི་གྲིབ་བྱུང་ཡང༌། །ཚུལ་ཁྲིམས་བྱང་ཆུབ་སེམས་གཉིས་ཀྱིས། །སྐྱོན་མེད་ཏིང་ངེ་འཛིན་དུ་འཆར། །དེ་ཚེ་གྲགས་པའི་དམ་ཆོས་ཀྱིས། །འཁོར་འདས་དབང་སྡུད་བདེ་བ་ཆེ། །བྱང་ཆུབ་ཤིང་དྲུང་བདུད་ཀྱི་སྡེ། །བཅོམ་པ་ཏིང་འཛིན་གསུམ་ལགས་པས། །ཚངས་པ་དབང་ཕྱུག་ཁྱབ་འཇུག་དང༌། །རང་བྱུང་ལྷན་ཅིག་སྐྱེས་པ་ཉིད། །མཐར་ཐུག་ཏིང་འཛིན་ལ་གནས་པས། །འཇིག་རྟེན་ཀུན་གྱི་སྐྱབས་ཀྱི་གནས། །བྷ་ག་ལིང་གའི་མཆོད་པ་ཡིས། །བུ་མང་ནོར་ལྡན་དངོས་གྲུབ་ཐོབ།།

ཡོན་བདག་མོ་གཉིས་ཀྱིས་ཁབ་སྐུད་བསྐུར་བ་ལ་མཉེས་པས་ཁྱེད་ལ་ཡང་དེ་འདྲ་བ་འབྱུང་བར་འདོད་ན། རང་གིས་ཇི་ལྟར་བྱས་པ་ཡི། །འབྲས་བུ་མ་གཏོགས་གཞན་ན་མེད། །སྔོན་འཇིག་རྟེན་མགོན་པོ་བླ་མ་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས།། འགྲོ་བ་ཀུན་ལ་ཕན་བདེ་ཡི། །བསམ་པ་དྲག་པོའི་བསྐུལ་མས་བསྐུལ། །མང་ཤོས་ཟི་བོལ་སྲང་བཅུ་བཞི། །སྲང་བདུན་བདག་གིས་ཕུལ་བ་ལ། །དངོས་གྲུབ་ལེན་ཅེས་བཀའ་སྩལ་གསུངས། །བུ་ཁྱོད་ཀྱིས་ང་ལ་ཅི་བྱས་པའི། །འབྲས་བུ་འབྱུང་བར་འགྱུར་བ་ལ། །སྒྲུབ་པའི་བྱེད་པོ་གཞན་ན་མེད།།

བླ་མ་རྣམས་ཀྱིས་སློབ་མ་སྐྱོང་བའི་ཚུལ་ལུགས་གང་ཡིན་སྙམ་ན། ལུས་ངག་ཡིད་གསུམ་གྱི་བྱ་བ་དང༌། །གཉིས་སུ་མེད་པར་འདྲེས་པ་ཡིས། །དགེ་སྦྱོར་སྐྱོང་བར་ཤེས་པ་རྣམས། །བླ་མས་བསྒོམ་ལ་མི་བསྐུལ་ཏེ། །དབེན་པར་གཉིད་པས་གདོང་པ་སྐྲངས། །མཛེ་པོར་གྱུར་པ་དགོས་པ་མེད། །ཁ་ཆེ་དགོན་པས་ཟངས་དཀར་ལ། །གཙུག་ལག་ཁང་རྣམས་གསོས་ཤིག་དང༌། །བར་དོར་ཕྱག་རྒྱ་ཆེན་པོ་ཡི། །དངོས་གྲུབ་ཏུ་བྱིན་གྱིས་བརླབ་བོ་ཞེས། །གནང་བ་མེད་དང་རི་ཁྲོད་པས། །མཻ་ཏྲི་ཆེན་པོས་བཤད་པ་ལ། །བསྐུལ་བར་གྱུར་པ་ཇི་བཞིན་དུ། །འདིར་ཡང་བྱ་བྱེད་ཐམས་ཅད་ལ། །མཁས་པས་བྱ་བ་བསྒྲུབ་པར་བྱ། །རྫས་དང་ཡོ་བྱད་མཐུན་པའི་རྐྱེན། །ས་ཕྱོགས་གང་དུ་ཡང་མེད་མི་སྲིད། །རང་བསྒྲུབ་བྱའི་ཞེ་འདོད་དམིགས་བྱས་ལ།། ལན་གསུམ་གྱི་བར་དུ་ཚོད་ཤེས་ན། །དྲོད་རྟགས་མཁས་པ་ཆེན་པོར་འགྱུར། །བློན་པོ་རིག་པར་ལྡན་པ་རྣམས། །རིག་བྱེད་དཔག་ཏུ་ཚད་གྱུར་ཏེ། །ཉམས་འོག་ཚུད་ནས་རྒྱལ་པོ་ཡི། །སྤྱན་སྔར་བྲིམས་པས་བྱ་དགའ་ཐོབ། །དེ་ཕྱིར་རྫས་ཀྱི་དངོས་པོ་ཀུན། །སོ་སོར་བྱེད་པའི་ལས་རེ་རེ། །རོ་དྲུག་མངར་བས་བསྡུས་པ་དང༌། །སྐུར་བས་འཇིགས་པར་བྱེད་པ་འདི། །ཕྱི་ནང་གཉིས་ལ་ཁྱད་པར་མེད། །རིགས་གང་བྱེད་དེ་ཡི་གཉེན་པོ་གཅིག །བསྟེན་པས་སྙམ་ནས་ཡོན་ཏན་བསྐྱེད། །འདི་ཁ་ཡོ་སྣམ་བུ་སྲོང་བ་ཡིན།།

གེགས་འབྱུང་བའི་རྒྱུ་དང་སེལ་བའི་ཐབས་གང་ཡིན་སྙམ་ན། སྒྲུབ་པ་རྩེ་གཅིག་ཏུ་བྱེད་པ་ལ། །བར་ཆད་བདུད་དང་ཉེ་བའི་ཚོགས། །བླ་མ་ལ་ཇི་ལྟར་བལྟས་པ་བཞིན། །དེ་ཡི་དངོས་གྲུབ་འབྱུང་བར་འགྱུར། །ཉེས་སྐྱོན་བཟློག་པར་བྱེད་པའི་ཐབས།། རྒྱུ་གང་ལས་སྐྱེས་པའི་འབྲས་བུ་དེ། །སངས་རྒྱས་མཐུས་ཀྱང་མི་བཟློག་པས། །སྐྱོན་དང་པོ་དེ་དག་སྤངས་པ་ཡི། །བླ་མ་སངས་རྒྱས་སུ་བསྒོམས་བྱས་ནས། །དེ་ངེས་ཤེས་སྐྱེས་པའི་དུས་སུ་བཟློག །དེ་གེགས་སེལ་མཐར་ཐུག་གི་མན་ངག་ཡིན།།

མྱོང་བ་སྐྱེས་པའི་བོགས་འདོན་པའི་མན་ངག་གང་ཡིན་སྙམ་ན། གཅིག་པུར་རི་ཁྲོད་དགོན་པ་རུ། །འཇིག་རྟེན་བསམ་པ་བཏང་ནས་ཀྱང༌། །བསྒྲུབ་པ་ནན་ཏན་བྱས་གྱུར་ན། །རླུང་སེམས་དབུ་མར་ཚུད་པ་འབྱུང༌། །དེ་ཡི་ཡོན་ཏན་མངོན་ཤེས་དང༌།། རྟགས་དང་མཚན་མའི་བྱེ་བྲག་རྣམས། །མཚན་མ་ཅུང་ཟད་འབྱུང་བ་ཡང༌། །བརྟན་པའི་བོགས་འདོན་འདི་ལྟར་བྱ། །སྤྱིར་སྐྱོན་དག་ཡོན་ཏན་ཀུན་རྫོགས་པ། །ཕུན་ཚོགས་ལྔ་ཡི་རྟེན་འབྲེལ་ཡིན། །དུས་དེར་མིག་གིས་ཕྱེ་བཙུམ་དང༌། །ཁ་ཟས་བརྩོན་འགྲུས་འབད་རྩོལ་དང༌། །བསྒོམ་དང་གནས་ཀྱི་རིམ་པ་ཀུན། །ངེས་པར་བཟུང་ཞིང་ལེགས་པར་བསྒྲུབ། །མཐུན་པའི་རྐྱེན་རྣམས་ཐམས་ཅད་ཀྱིས། །ཡོན་ཏན་མུ་མཐའ་མེད་པར་ངེས།།

བསྒོམ་པའི་གནས་ལ་ཁྱད་ཡོད་དམ་སྙམ་ན། རི་ཁྲོད་དབེན་པའི་དགོས་པ་དང༌། །བླ་མ་དམ་པའི་ཞབས་དྲུང་གཉིས། །སྒྲུབ་པ་བྱེད་པར་གྱུར་པ་ན། །གཉན་དང་མི་གཉན་ཁྱད་པར་མེད། །འཇིགས་སུ་རུང་བའི་གནས་རྣམས་སུ། །རྩོལ་བ་བརྩོན་འགྲུས་ཆེ་ན་ཡང༌། །བླ་མའི་ཞབས་དྲུང་བྱིན་རླབས་ཆེ། །རྩོལ་བ་དེ་ཉིད་ཞི་བ་ཡི། །བྱིན་རླབས་ཆེན་པོ་འབྱུང་བ་ཡིན།།

འཁོར་བ་ལ་མཐའ་ཡོད་མེད་དང་སེམས་ཅན་ལ་ཟད་པ་ཡོད་མེད་ཀྱི་དོན་ཇི་ལྟ་བུ་ཡིན་སྙམ་ན། ལར་སེམས་ཅན་ཞེས་བྱ་རྣམ་རྟོག་སྟེ། །རང་བཞིན་གདོད་ནས་རྣམ་པར་དག །ཐོག་མ་མེད་ཅིང་ཐ་མ་མེད། །དེ་ཉིད་རྟོགས་པར་མ་གྱུར་པས། །ཁམས་གསུམ་འཁོར་བར་འཁོར་གྱུར་ཏེ། །གཏི་མུག་བདག་དང་བདག་གིར་འཛིན། །ཁྱད་པར་ཆོས་ལ་ཟད་པ་མེད། །འདི་ཡོད་དང་མེད་པ་མ་ཡིན་ཏེ། །གདོད་ནས་གཉིས་སུ་མེད་པར་གནས། །དེ་ཕྱིར་གསར་དང་རྙིང་མ་ཡིན། །སེམས་ཉིད་འོད་གསལ་རྟོགས་པའི་ཚེ། །མ་རིག་སྤྲིན་ཚོགས་རང་སར་དག །འཁོར་བའི་ཆུ་བོ་སྐེམ་པར་འགྱུར། །དེ་ཕྱིར་རྟོགས་དང་མ་རྟོགས་ལས། །འབྲས་བུ་ཐོབ་དང་བསལ་བཞག་མེད། །རང་སེམས་དྲི་མེད་ཆོས་ཀྱི་སྐུ། །རང་བཞིན་རྣམ་དག་གི་སྙིང་པོ་དེ། །རིག་དང་མ་རིག་གི་ཁྱད་པར་གྱིས། །སངས་རྒྱས་དང་སེམས་ཅན་ཞེས་བྱར་གྲགས། །གཉིས་མེད་རྟོགས་པའི་རྣལ་འབྱོར་ལ།། ཐ་དད་གུད་དུ་མེད་པའི་ཕྱིར། །མ་རིག་མེད་ཅིང་ཟད་པ་མེད། །རྣམ་ཤེས་ཉིད་ཀྱང་བྱང་ཆུབ་ལ། །བྱང་ཆུབ་རྣམ་པར་ཤེས་པ་ཉིད། །འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན། །ངོ་བོ་ཉིད་ཀྱིས་རྣམ་པར་དག །ཐ་དད་བག་ཆགས་ཀྱི་ས་བོན་དེ།། ཐོག་མེད་དུས་ནས་གནས་པ་ཡིན། །རྒྱུ་རྐྱེན་ཚོགས་པས་སད་པ་གང༌། །རྣམ་ཤེས་དེ་ཡི་གཟུགས་སུ་འགྱུར། །ཉོན་མོངས་གསུམ་གྱི་ཁྱད་པར་དང༌། །ཉོན་མོངས་མེད་པས་དབང་བྱས་པས། །སྐྱེ་གནས་སྣ་ཚོགས་སུ་སྐྱེ་བ་འདི།། ཤིན་ཏུ་ཟབ་ཅིང་ཕྲ་བའི་ཆོས། །ཨེ་མ་ངོ་མཚར་རྨད་དུ་བྱུང༌།།

ཐུབ་པའི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བར་གསུངས་ན། མུ་སྟེགས་བྱེད་ལ་ཡང་སྙིང་རྗེ་ཡོད་པས་ཁྱད་ཅི་ཡིས་འབྱེད་སྙམ་ན། དུས་གསུམ་སངས་རྒྱས་ཀྱི་བསྟན་པ་དེ། །སྙིང་རྗེ་ཆེན་པོ་དངོས་ཡིན་པས། །འདི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན། །དེ་བས་མུ་སྟེགས་འཚང་རྒྱར་འགྱུར། །འོན་ཀྱང་སྙིང་རྗེའི་བྱེད་ལས་དང༌། །དེ་ཡི་འབྲས་བུ་གང་ཡིན་ལ། །ཤེས་ཤིང་རྟོགས་པ་མེད་པ་ཡི། །ལམ་ལོག་ལ་ཞུགས་པ་མུ་སྟེགས་པ། །དེ་ཉིད་ཤེས་པ་སངས་རྒྱས་ཡིན། །དེས་ན་བདག་ཏུ་འཛིན་པ་དེ། །རྒྱང་འཕེན་ཡིན་ཞེས་གསུངས་པའི་ཕྱིར། །སྣོད་གཅིག་གི་ནང་དུ་སྨན་དང་དུག །འདྲེས་ནས་བླུག་པ་སྨན་པས་ཕྱེད། །དེ་བཞིན་ཐུབ་པ་ཆེན་པོ་ཡིས། །དགག་དང་སྒྲུབ་པའི་བཅས་པ་མཛད།།

ཞིང་གདམ་པ་དང་མི་གདམ་པ་གཉིས་གསུངས་ནས་འདུག་པ་དེའི་དགོངས་པ་གང་ཡིན་སྙམ་ན། ཚད་མེད་རྣམ་པ་བཞི་པོ་འདི།། བྱང་སེམས་མ་སྐྱེས་བསྐྱེད་པའི་རྒྱུ། །སྐྱེས་ནས་བསླབ་པ་ལམ་དུ་བཤད། །མཐར་ཐུག་སངས་རྒྱས་འཕྲིན་ལས་ཡིན།། ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །ཡུལ་དམན་པ་གསུམ་པོ་གཅེས་བྱ་ཞེས། །བླ་མ་གོང་མས་གསུངས་ན་ཡང༌། །གནོད་པ་བསྐྱལ་བ་གཅེས་གྱུར་ན། །རང་ཉིད་ལ་གནོད་པ་རྒྱུན་མི་འཆད། །དམ་པ་མ་ཡིན་གཅེས་གྱུར་ན། །སངས་རྒྱས་བསྟན་ལ་གནོད་པར་འགྱུར། །སེམས་ཅན་གཅེས་པར་བཟུང་གྱུར་ན། །ཉོན་མོངས་དུག་གསུམ་གྱི་དབང་ཐང་རྒྱས། །བུ་ཐུབ་པས་སྦྱིན་པ་གཏོང་བ་ལ། །དུག་མདའ་རྟོག་པ་ཇི་བཞིན་དུ། །ཞིང་བརྟག་ན་ཕ་རོལ་ཕྱིན་མི་རྫོགས། །དེ་གསུངས་དགོངས་པ་གང་ཡིན་ན། །དམན་པའི་ཞིང་རྣམས་ཐམས་ཅད་ཀུན། །ཆོས་ཀྱི་རྒྱུ་དང་རྐྱེན་གྱུར་པའི། །སྦྱིན་པ་གཏོང་བ་མ་གཏོགས་པ། །མ་བརྟག་དུག་གསུམ་བསྐྱེད་པའི་རྒྱུ། །རྩ་བའི་ལྟུང་བས་ཕོག་གྱུར་པས། །གདུག་ལ་བྱམས་པར་མི་བྱ་ཞིང༌། །དམ་པའི་ཆོས་ལ་བཙུད་པ་དེ། །བསྒྲུབ་བྱ་བྱང་ཆུབ་སེམས་དཔའ་ཡི། །སྤྱོད་པ་ཡིན་པར་ཐུགས་ལ་ཞོག།

བསོད་ནམས་ཀྱི་ཚོགས་རྒྱུན་ཆད་མེད་པར་བྱེད་པའི་ཐབས་ཡོད་དམ་སྙམ་ན། བླ་མེད་རྫོགས་པའི་བྱང་ཆུབ་དེ། །ཚོགས་གཉིས་ཆུ་བོའི་རྒྱུན་བཞིན་དུ། །རྒྱུན་ཆད་མེད་པར་བསགས་པས་འགྲུབ། །འདི་ལ་ཞིང་དང་བསམ་པ་དང༌། །དངོས་པོ་རྣམ་པ་གསུམ་ཡིན་ཡང༌། །བསམ་པ་བྱང་ཆུབ་སེམས་ཉིད་ཀྱིས། །དུས་རིང་ཐུང་བྱིན་གྱིས་རླབས་པའི་ཕྱིར། །བྱང་ཆུབ་སེམས་ལ་རྒྱུན་ཆད་མེད། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡི། །རྗེས་ཀྱི་མན་ངག་ཟབ་མོ་ཡིས། །བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་ཕྱིར། །རྒྱུན་ཆད་མེད་པ་ཆུ་བོ་བཞིན། །སྦྱོར་བ་འགྲོ་དང་འོང་བ་དང༌། །ཉལ་དང་འདུག་དང་ཉན་པ་དང༌། །སྨྲ་དང་བསྒོམ་པ་ཐམས་ཅད་ཀྱང༌། །བསམ་པ་བཟང་པོའི་ཁྱད་པར་གྱིས། །དམ་ཆོས་ཐོས་པར་མ་གྱུར་ཀྱང༌། །བར་ཆད་བསྲུང་ཕྱིར་སྒོ་སྲུང་བ། །ཁྲོ་བོ་ཆེན་པོར་བསྒྱུར་བ་ལྟར། །སྦྱོར་བ་རྒྱུན་ཆད་མེད་པར་བསྒྲུབ། །དངོས་པོ་ཕྲ་བ་གཅིག་ཕུལ་ཡང༌། །བྱང་ཆུབ་ཏུ་བསྔོས་པས་འདི་དང་གཞན། །མཐར་ཐུག་སངས་རྒྱས་བསྒྲུབ་པའི་ཕྱིར། །འབྲས་བུ་གསུམ་པོ་དེ་ལ་ཚང༌། །སྐྱེ་བ་ཕྱི་མ་གཅིག་པུར་བསྔོས། །སྐྱེས་ནས་མྱོང་དང་གཞན་ལ་མྱོང༌། །འབྲས་བུ་གཞན་ལ་སྨོན་ལམ་གྱིས། །ཁྱད་པར་གྱིས་འགྲུབ་པར་འགྱུར་བ་ཡིན། །རྟེན་འབྲེལ་གསུམ་པོ་ཚང་བ་ཡིས། །ཡོན་ཏན་ཐམས་ཅད་སྐྱེ་བར་བྱེད།།

སངས་རྒྱས་ཀྱི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དེ་ལས་ཀྱི་སྒྲིབ་པ་ཡིན་ནམ་སྙམ་ན། ས་བཅུའི་བྱང་ཆུབ་སེམས་དཔའ་དེ།། ལས་དང་ཉོན་མོངས་སྒྲིབ་པ་སྤངས། །ཤེས་བྱའི་སྒྲིབ་པ་ཡོད་གྱུར་པས། །རྒྱུ་དེ་ལ་བརྟེན་པའི་འབྲས་བུ་འབྱུང༌། །དེ་ཉོན་མོངས་རྒྱུ་འབྲས་ཡིན་པར་ངེས། །བྱང་ཆུབ་སེམས་ཀྱི་དབང་བྱས་པས། །འགྲོ་བ་བྱང་ཆུབ་ཐོབ་པའི་ཐབས། །རྫོགས་པའི་སངས་རྒྱས་བསྒྲུབ་བྱ་ཡིན། །དེ་སྤྲོས་བྲལ་གདོད་ནས་དག་པ་ལ། །བྱས་པ་དང་བྱུང་བ་གང་ཡང་མེད། །སེམས་ཀྱང་གདོད་ནས་མེད་གྱུར་ན། །ལས་དང་ཉོན་མོངས་སྨོས་ཅི་དགོས། །དང་པོ་ཁས་ལེན་གསུམ་པོ་ལ། །ཇི་ལྟར་བྱས་ཀྱང་བཏུབ་པ་ཡིན།། དོན་གོ་བ་གསུམ་པོས་གོ་བར་བྱ། །མདོ་གསུམ་གྱི་དགོངས་པ་དུས་འདིར་གོ།

བྱང་ཆུབ་སེམས་དཔའ་སྐྱེ་བ་སྣ་ཚོགས་འཛིན་པ་ལ། །སྨོན་ལམ་མ་གཏོགས་པའི་རྒྱུ་དགོས་སམ་སྙམ་ན། དགོས་ཏེ། ཡང་བྱང་ཆུབ་སེམས་དཔའ་བསམ་མི་ཁྱབ། །སྐྱེ་བའི་ས་བོན་ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་དང་རྟོགས་པ་དང༌། །བསོད་ནམས་ཚོགས་ཀྱིས་འགྲུབ་འགྱུར་ཡང༌། །སྨོན་ལམ་གྱི་མ་ཡིན་ཀླུར་སྐྱེ་བ། །འགྲུབ་བྱེད་རྒྱུ་ཡང་གང་ཡིན་དགོས། །ཀླུ་ཡི་རྒྱལ་པོ་ཨེ་ལའི་འདབ། །རྒྱུ་འབྲས་ལ་རྨོངས་ཤིང་ཞེ་སྡང་བས། །ཤིང་གི་ཡལ་ག་བཅད་པ་ཡིས། །ཀླུ་ཡི་སྐྱེ་གནས་སུ་སྐྱེས་པ་ཡིན།།

སྐྱེ་བྱེད་ཀྱི་ས་བོན་ཡིག་འབྲུར་གསུངས་པ་དེའི་དོན་གང་ཡིན་སྙམ་ན། སྐྱེས་པའི་ས་བོན་ཡི་གེའི་སྒོ། །དོན་སྟོན་མིག་གིས་གཟུགས་སྟོན་པ། །དེ་རིང་མིན་པ་གསང་བ་ཡིན། །མིག་གིས་ཡི་གེ་ལ་བརྟེན་ནས། །རབ་འབྲིང་ཐ་མ་གསུམ་མཐོང་སྟེ། །ཆགས་དང་སྡང་དང་རྨུག་པ་སྐྱེ། །ཆགས་སྡང་སྐྱེས་པའི་མིག་གི་གཟུགས། །ས་བོན་གང་ཡིན་དབང་བྱས་པས། །དེ་ཡི་མཐུན་རྐྱེན་སྒྲུབ་པ་ཡིན། །ཇི་ལྟར་མེ་ལོང་གཟུགས་བརྙན་བཞིན། །འབྱུང་བར་དཀའ་སླའི་བྱེ་བྲག་གིས། །བག་ཆགས་ས་བོན་གང་ཡིན་པ། །གསོད་པར་བྱེད་པའི་རྐྱེན་རྣམས་ཀུན། །ཚོགས་མ་ཚོགས་གཉིས་ཀྱི་བྱེ་བྲག་གིས། །འབྱུང་དཀའ་སླའི་བྱེ་བྲག་དེ་ཡིན་ཞིང༌། །བྱམས་པ་སྐྱེས་པའི་སྣང་བ་ལ། །ཕ་བསད་པའི་མི་ལ་ཕན་པ་བསྒྲུབ། །ཞེ་སྡང་སྐྱེས་པའི་སྣང་བ་ལ།། སློབ་དཔོན་ཨ་བ་གླང་མགོར་མཐོང༌། །རྟོག་པ་རེ་རེ་སྐྱེས་པ་ལ། །མཐུན་རྐྱེན་ཕུན་སུམ་ཚོགས་པ་ལྔ། །ཤིན་ཏུ་རྒྱས་པའི་བཀའ་བསྩལ་གསུང༌།།

དག་པའི་ས་གསུམ་གྱི་མཉམ་རྗེས་ཀྱི་ཁྱད་པར་ཅི་ཡིན་སྙམ་ན། ཡོངས་སུ་དག་པའི་ས་གསུམ་ལ། །ལུས་དང་ངག་དང་ཡིད་གསུམ་པོ། །དོན་ཐམས་ཅད་སེམས་ལས་མེད་གྱུར་པས། །གཅིག་ལ་གསུམ་ག་ཚང་ན་ཡང༌། །གཙོ་བོར་གང་གྱུར་གྱི་ཁྱད་པར་ཡིན། །སེམས་ཆོས་ཉིད་སྤྲོས་བྲལ་རྟོགས་གྱུར་ཀྱང༌། །རྨི་ལམ་སྒྱུ་མ་ལྟ་བུ་ཡི། །སྣང་བ་རྟོགས་པར་མ་གྱུར་པས།། མཉམ་རྗེས་ཀྱི་འཛིན་པ་ཉིད་དང་ལྡན། །དངོས་པོ་ཏིང་འཛིན་མཉམ་བཞག་ལ། །དངོས་པོར་འཛིན་པ་རྗེས་ཡིན་ཞེས། །རྟོག་གེ་བ་དག་སྨྲ་ན་ཡང༌། །སྣང་དང་མི་སྣང་སྤྲོས་པའི་ཚོགས། །མཉམ་བཞག་ཆེན་པོར་གྱུར་པ་ལ། །དེ་ལས་གཞན་པའི་རྗེས་དེ་གང༌། །འདི་མཉམ་ཉིད་རྟོགས་པ་ཡན་ཆད་ནས། །རྫོགས་སངས་རྒྱས་ཀྱི་ཁྱད་ཆོས་ཡིན།།

དེ་བཞིན་གཤེགས་པའི་སྐུ་ལ་ཨ་བ་གླང་མགོར་མཐོང་བའི་རྒྱུ་གང་ཡིན་སྙམ་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།།

བསམ་གྱིས་མི་ཁྱབ་སྐུར་སྣང་བ། །དེ་བཞིན་གཤེགས་པའི་སྐུ་དེ་ཉིད། །འགའ་ཞིག་གནོད་པ་བྱེད་པར་སྣང༌། །དེ་ཁོ་རང་གི་བསམ་པའི་རང་གཟུགས་ཡིན། །སྐོས་ཕོར་ལ་རི་མོ་ཡོད་གྱུར་ན། །ས་ཚ་ལ་རི་མོ་འབྱུང་བ་ལྟར། །རྒྱུ་ཡི་འབྲེལ་པ་དེ་ཉིད་ཀྱིས། །རྫོགས་པའི་སངས་རྒྱས་མཆོག་ལ་འགོད། །ད་ལྟར་ང་ཡི་ཚིག་ངན་དང༌། །རྒྱ་གད་རྣམ་པ་སྣ་ཚོགས་པས། །ཉེས་པ་བཟློག་ཅིང་ཡོན་ཏན་སྒྲུབ། །འདི་ཡང་དེ་ལྟར་གོ་བར་བྱ། །དག་པའི་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །སྐད་ཅིག་བསྐལ་པ་རྒྱ་མཚོ་དང༌། །རྡུལ་གཅིག་ཞིང་རྣམས་མཐའ་ཡས་པ། །ཞིང་ཁམས་མཐའ་ཡས་རྡུལ་གཅིག་ཏུ། །འདུ་ཞིང་འཇུག་པ་ཤེས་པ་འདི། །ངོ་མཚར་རྨད་དུ་བྱུང་བ་ཡི། །རྒྱས་སྲས་རྣམས་ཀྱི་སྤྱོད་པ་སྟེ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན། །ཐོབ་པར་རྣམ་པར་འདི་སྤྱོད་པར། །ཐུབ་མགོན་ཆོས་རྗེས་བཀའ་བསྩལ་ཏོ། །འདི་ཏིང་འཛིན་དེ་ཡི་མཐུ་སྟོབས་དང༌། །སྣང་བ་རང་གི་སེམས་ཡིན་པས། །ཐོབ་པར་གྱུར་པ་མ་ཡིན་ཏེ། །རྗེ་བཙུན་ཆེན་པོ་མི་ལ་ཡིས། །སྟོང་གསུམ་ཡུང་འབྲུར་ཚུད་པར་གསུངས། །ཡུང་འབྲུ་གཅིག་པུ་དེ་ཉིད་དུ། །རང་གི་བསམ་པས་དེ་བསམས་དང༌། །དེ་ཉིད་དེ་ལས་གཞན་པ་མེད། །ངས་ནི་སྟོང་གསུམ་འཇིག་རྟེན་པས། །མཐའ་མེད་འཁོར་འདས་འདུས་པར་གོ །བྱང་ཆུབ་སེམས་ཀྱི་སྐུ་དེ་ཉིད། །གངས་ཆེན་རྣམ་པར་སྣང་མཛད་ཡིན། །ད་ནང་སྙུང་དྲི་བྱས་པ་དེས། །དེ་རིང་ཉི་མ་བློ་བདེ་བས། །ཕྱེ་གཏོར་མ་གཏོགས་གཞན་མེད་པས། །རང་ཉིད་ཀྱིས་རང་ལ་ཕྱེ་གཏོར་དགོས། །ང་འགྲངས་པས་བཟའ་བ་མི་ཟའོ། །སྙམ་ནས་དང་ག་ཁད་ཀྱིས་འགགས། །འདི་དང་གཞན་ཡང་བཟའོ་ཞེས། །སྙམ་ན་བཟའ་བཏུང་མང་པོ་ཐུབ། །འདི་ཡི་རྩ་བའི་མན་ངག་ཅིག། ཡོད་དེ་ཁྱེད་ཀྱིས་འཛིན་མི་འཛིན། །འཛིན་ན་མནའ་སྐྱོལ་དམ་བཅའ་གྱིས། །གང་ལའང་མངོན་པར་ཞེན་པ་སྤངས། །མ་བྱིན་རྣམ་པར་རྟོག་པ་མེད། །ད་ལྟར་དེ་ཉིད་ཀྱི་ངང་དུ་ཐིམ། །སླད་མ་མ་གྲུབ་མཐའ་གཉིས་བྲལ། །དབུ་མའི་དོན་གྱི་གནས་ལུགས་ལ། །བདེ་དང་སྐྱིད་པའི་ཡོན་ཏན་འབྱུང༌། །ཕན་བྱེད་རྒྱུན་དེ་འདི་ཉིད་དེ། །དམིགས་པའི་གནད་རྣམས་དོན་འདི་ཡིན།། འདི་ཁྱེད་ཀྱི་གཏན་དུ་མི་བྱ་སྟེ། །ཞི་བྱེད་རྟོགས་པ་གོང་འཕོ་བ། །གནད་འདིས་ཡོན་ཏན་སྒྲུབ་བྱེད་ཀྱང༌། །སུས་ཀྱང་གོ་ཞིང་རྟོགས་པ་མེད། །དམ་པ་རྒྱ་གར་ཁོང་རང་གིས། །དོན་དེ་ཁོང་དུ་ཆུད་དེ་མཆི། །ཐུབ་པའི་ཆོས་རྣམས་མ་ལུས་པ། །བདག་མེད་རྣམ་གཉིས་རྟོགས་པའི་གནད། །བསྟན་པར་བྱ་ཞིང་ཐུགས་ལ་བཞུགས། །རྐྱེན་དང་བྲལ་བ་གཞི་དེ་ཉིད། །ཡོད་དང་མེད་པ་གཉིས་ཡིན་པ། །ཉན་ཐོས་རང་སངས་རྒྱས་ཀྱིས་རྟོགས། །དེ་ཉིད་བསྒོམ་པར་བྱེད་པ་ལ། །ཡོད་དང་མེད་པ་གང་ཡང་མིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །རྡོ་རྗེ་ལྟ་བུ་ལ་སོགས་པ། །བྱེ་བྲག་དུས་འདིར་རབ་སྤངས་ཏེ། །རྐྱེན་རྣམས་དེ་ཉིད་ཡིན་པའི་ཕྱིར། །རྟོགས་པས་མཉམ་པ་ཉིད་ཅེས་བྱ། །ལྷན་སྐྱེས་དེ་ལས་སྐྱེས་པ་ཡིས། །རྟོག་པའི་བྱེ་བྲག་མཐའ་ཡས་པས། །འབྲས་བུ་ཐ་དད་རྣམས་སུ་འགྱུར།།

སངས་རྒྱས་ཀྱི་སྐུ་བཞེངས་པ་ལ་ཚད་དང་མི་ལྡན་པ་ལ་ཉེས་པ་འབྱུང་གསུང་བ་དེ་སངས་རྒྱས་ལ་འབྱུང་བ་མི་སྲིད་སྙམ་ན། སྐྱོན་དང་ཉེས་པ་དུ་མ་རྣམས། །ཐུབ་པའི་སྐུ་ལ་འབྱུང་བ་མིན། །ཚོགས་གཉིས་ལས་བྱུང་མཚན་ལྡན་པ། །དེ་མེད་དེ་ཡི་ཉེས་སྐྱོན་འབྱུང༌། །སྣང་བ་རང་སེམས་ཡིན་པའི་ཕྱིར། །རྟགས་དང་མཚན་མ་སྣ་ཚོགས་པ། །བཟང་ངན་གྱི་བྱེ་བྲག་ཐམས་ཅད་ཀྱང༌།། སྟོན་པའི་མཚན་དང་དཔེ་བྱད་ལས། །བདེ་ལེགས་ཡོན་ཏན་དུ་མ་འབྱུང༌། །དེ་ལས་བཟློག་པའི་མཚན་ངན་པས། །སྐྱོན་དང་ཉེས་པ་རྒྱ་མཚོ་བསྐྱེད། །ཐུབ་པའི་གསུང་རབ་ཐམས་ཅད་དུ། །བརྟག་པ་རྣམ་པ་བརྒྱད་དུ་གསུངས། །ཉེས་པའི་མཚན་མ་དེ་དག་ཀུན། །བཟློག་པའི་གནད་ཅིག་ཡོད་པ་འདི། །ཁྱེད་བཞི་པོ་འབུལ་བ་གྱིས་དང་བསྟན། །ཞིང་རྣམ་དག་བླ་མ་དཀོན་མཆོག་ལ། །དངོས་པོ་རྒྱ་ཆེན་ཚོགས་བསགས་པས། །ཚོགས་དེས་ཚོགས་མིན་བཟློག་པའི་ཕྱིར། །དངོས་པོ་ངན་པ་མ་ལུས་འཇིག །འབྱུང་བ་ལྡོག་པར་འགྱུར་བ་ཡིན། །བསམ་པ་ངན་པས་བཟང་པོ་ཡི། །དངོས་པོ་འཇིག་པར་འགྱུར་བ་འདི། །ཐུབ་པའི་གསུང་རབ་ཐམས་ཅད་དུ། །ཐང་བཀྲམ་དུ་ཡོད་ཀྱང་རྣལ་འབྱོར་པས། །མྱོང་བ་སྐྱེས་པས་སྲོག་ཏུ་འགྱུར།།

ནན་ཏན་ཆེན་པོ་བྱས་ནས་བསྒོམས་པས་བདེ་བ་ཆེན་པོ་སྐྱེས་ནས་མི་ཉམས་པར་བྱེད་པའི་ཐབས་ཇི་ལྟར་བསྒོམ་སྙམ་ན། དྲན་པ་རྩེ་གཅིག་ཏུ་བསྒོམས་པ་ཡིས། །བདེ་སྟོང་ཏིང་འཛིན་བཟང་པོ་སྐྱེ། །ཡུལ་ལ་དམིགས་པར་མི་བྱ་བར། །ཡི་དམ་ལྷ་ལ་ངེས་ཤེས་བསྐྱེད། །དཔུང་དེ་ཉིད་ཀྱིས་བསྐྱེད་བྱས་ནས། །ཐུར་དུ་ལྟུང་བའི་འཇིགས་པ་མེད། །སྣང་མེད་མཚན་མོ་ཉམ་ང་བྲལ།།

འདྲེ་ཡོད་པའི་གནས་སུ་ཇི་ལྟར་བྱ་སྙམ་ན། ཤིན་ཏུ་འཇིགས་ཤིང་ཉམ་ང་བ། །འདྲེ་སྲིན་མང་པོ་གནས་པ་དེར། །རང་དབང་མེད་པར་སྡོད་དགོས་ཤིང༌། །རྒྱལ་པོ་ཆེན་པོ་ལ་སོགས་པས། །ཆོ་འཕྲུལ་ཀུན་གྱིས་གཙེས་བྱེད་ན། །ཕྱི་རོལ་གདོན་བགེགས་ཐམས་ཅད་ཀུན། །གནོད་པ་སྒྲུབ་བྱེད་ལོགས་སུ་མེད། །འདི་ཡི་གནོད་པས་མི་ཚུགས་པ། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་གྱིས། །བསྲུང་བའི་འཁོར་ལོ་དཔག་མེད་གསུངས། །བདག་གིས་ཉམས་སུ་མྱོང་བ་ནི། །སྐྱབས་བླ་ན་མེད་པའི་དཀོན་མཆོག་ལ། །ངེས་པར་སྐྱབས་སུ་སོང་གྱུར་ན། །དེ་དག་སྐྱབས་གནས་མཐར་ཐུག་ཡིན། །བྱང་ཆུབ་སེམས་དང་ལྡན་གྱུར་ན། །སངས་རྒྱས་བྱང་ཆུབ་སེམས་པར་འགྱུར། །རྩ་བའི་དམ་ཚིག་མ་ཉམས་ན། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ། །སྟོང་ཉིད་བདེ་ཆེན་དུ་རོ་གཅིག་ན། །སྣང་སྲིད་བླ་མ་དམ་པར་འཆར། །འདི་དག་ཀུན་གྱི་རྩ་བའི་གནད། །བུ་གཅིག་གཅེས་པའི་ཐུགས་ལ་ཞོག །སྣང་བ་རང་སེམས་ཡིན་པའི་ཕྱིར། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །འདི་ལས་མེད་པར་ཁོ་ཐག་ཆོད།།

རྨི་ལམ་ངན་པ་ཇི་ལྟར་བཟློག་སྙམ་ན། ཕན་གནོད་ཆེན་པོ་རྨི་ལམ་དུ། །མཐོང་བར་གྱུར་པ་བཟློག་པ་ལ། །རྣལ་འབྱོར་དབང་ཕྱུག་འགའ་ཞིག་གིས། །དེ་ཉིད་དུ་བསྒྱུར་བར་བྱེད་པ་དང༌། །གཉིས་པ་སད་ཅིང་མ་འགྱུར་བ། །ཉེས་པ་དེ་ལས་བཟློག་པ་དང༌།། གསུམ་པོ་དེ་ཡི་རྗེས་སུ་འབྲང༌། །འདི་གོ་ན་ཉེས་སྐྱོན་ཐམས་ཅད་ཀུན། །སྦྱོར་དངོས་རྗེས་གསུམ་གྱི་འཁྲུལ་པ་ལ། །སྦྱོར་བ་ཆོམས་པས་ཉེས་པ་མེད། །དངོས་གཞི་ཅུང་ཟད་འབྱུང་འགྱུར་ཞིང༌། །རྗེས་ནི་ཤིན་ཏུ་ཡུན་རིང་བར། །སྡུག་བསྔལ་དྲག་པོས་འཚེ་བར་མཆི། །རྨི་ལམ་ཕན་གནོད་ཆེ་བ་དེ། །དང་པོ་སེམས་ལ་རག་ལས་པས། །དགེ་སློང་གི་ཉེས་པ་ཅུང་ཟད་ཀྱང༌། །ལྷར་བཅས་འཇིག་རྟེན་རྣམས་ཀྱིས་སྨོད། །ངན་པས་དགེ་བ་སྤྱད་གྱུར་ཀྱང༌། །དེ་ལ་སུ་ཡང་ཡིད་མི་རྟོན།། དགེ་སྦྱོར་ལྷུན་གྲུབ་ཏུ་གནས་པ་དེ། །ཉེས་པ་གསལ་ཞིང་བཟང་བར་མཆི།།

བཟང་པོ་ཞིག་འདོད་པས་བྱ་བ་བསྒྲུབས་ཀྱང་བཟང་པོ་མི་འབྱུང་བར་ཉེས་པ་འབྱུང་བའི་རྒྱུ་གང་ཡིན་སྙམ་ན། འདི་ཤིན་ཏུ་ཟབ་པའི་དམ་ཆོས་ཡིན། །རང་གི་ཉམས་སུ་མྱོང་བ་ལས། །བསམ་པ་བཟང་པོ་ཞིག་སྐྱེས་ནས། །དེ་ཡི་རྗེས་སུ་འབྲངས་པའི་ལས།། བྱས་པ་དང་བྱེད་པ་རྒྱ་ཆེན་པོ། །ཕན་བདེ་འདོད་པའི་ཕྱིར་འབད་ཀྱང༌། །བསྒྲུབ་བྱའི་དོན་རྣམས་མི་འགྲུབ་པར། །ཉེས་ཕུང་རྣམ་པ་སྣ་ཚོགས་པའི། །རྒྱུ་དང་རྐྱེན་ལ་ཟད་པ་མེད། །མི་འདོད་སྡུག་བསྔལ་ཁུར་གྱིས་ནོན། །གཉེན་འདུན་གྱི་ཞེན་པ་ལ་མི་ཐར་བས། །དཔལ་ལྡན་ཆེན་པོ་འཚལ་པ་ཡིས། །རྒྱ་ཆེན་འགྲོ་བའི་དོན་དགོངས་པས། །རླབས་ཆེན་མཛད་པའི་བརྟུལ་བཞུགས་སྤྱད། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །སྙིགས་མའི་དུས་སུ་དམ་ཆོས་བསྲུང༌། །འཁོར་སྲིད་པ་གསུམ་ལ་དབང་བསྒྱུར་བས། །འདྲེ་སྲིན་མང་པོས་གནོད་པ་བསྒྲུབས། །འདི་འབྲེལ་བའི་རྒྱུ་མཚན་ཡིན་ནམ་སྙམ།།

རྨི་ལམ་མམ་དངོས་སུ་ལྷ་འདྲེས་ལུང་བསྟན་པ་བྱུང་ན་བདེན་ནམ་སྙམ་ན། སྤྱིར་ལུང་བསྟན་འབྱུང་བ་ཐམས་ཅད་ཀུན། །བདེན་ནམ་མི་བདེན་ཆ་མེད་དེ། །སྔོན་ཡི་དྭགས་དྲག་པོས་བདག་བྱས་པའི། །ཁང་པ་སྟོང་པར་བསྡད་པ་ལ། །སྲོད་ནས་ཐོ་རངས་བར་དུ་ནོན། །ཁྱོད་རང་ནོན་ཅིག་ཅེས་བྱས་པས། །ཡང་ན་གཏན་ནས་ཆོས་མ་བྱེད། །ཆོས་ཀྱི་བྱ་ལོང་མི་འབྱུང་སྟེ། །ལོ་གསུམ་ན་ནི་ཁྱོད་འཆི་ཟེར། །ང་མ་ཤི་བར་དུ་ཆོས་བྱེད་ཅེས། །སྨྲས་པས་དེ་ནས་ཁོ་སོང་སྟེ། །ད་རུང་བར་དུ་མ་ཤི་ལགས།། འོན་ཀྱང་ཁོང་གི་དེ་རྫུན་མིན། །ཁོང་རང་གི་མི་མིན་སྣང་བ་ལ། །དེ་འཆི་བར་འགྱུར་བའི་སྣང་བ་འབྱུང༌། །དེ་ཡང་བསམ་པ་འགྱུར་བས་སོ། །དེས་ན་ཆོས་བྱེད་ཐམས་ཅད་ལ། །བར་ཆད་འབྱུང་བ་གང་ཡིན་པ། །ཁོང་ལ་འཆི་དང་མེད་འགྱུར་བའི། །སྣང་བ་འབྱུང་བར་ངེས་པ་ཡིན། །བདུད་རིགས་ལྷ་རྣམས་ཐམས་ཅད་ཀྱིས། །ཁོང་གི་གནས་ལས་འདས་པར་མཐོང༌། །གཞན་ཡང་འདའ་བར་བྱེད་དགོས་ནས། །པདྨའི་ཕྲེང་བའི་མགོ་བོ་ལ། །དུག་ལྔ་མཚོན་པའི་མདའ་ལྔ་བརྒྱབ། །ངན་པ་བསྒྲུབ་པར་མེད་མིན་ཏེ། །འདི་ནི་བར་དུ་གཅོད་པར་འགྱུར། །འདི་ལ་ཟབ་པའི་གདམས་ངག་ནི། །གནོད་པར་བྱེད་ལ་ཞེ་སྡང་ཡང༌། །བྱང་ཆུབ་སེམས་ཀྱི་རྗེས་འབྲངས་ནས། །བྷ་ལིང་ལ་སོགས་ཁོ་ཡི་དོན། །ཆེད་དུ་བསམས་ལ་བསྔོ་བར་བྱ། །གཞེས་ནིང་གདན་སའི་ཞབས་ཏོག་བྱས། །བདག་ཉིད་ཆེན་པོ་མི་བཞུགས་པས། །དཀོན་མཆོག་གསུམ་ལ་གསོལ་བ་བཏབ། །ལུང་ བསྟན་སྒྲ་ཞིག་མཁའ་ལ་གྲགས། །ལོ་ཉི་ཤུ་རྩ་ལྔ་ཐུབ་བ་ཞེས། །དེ་བདེན་ནམ་མི་བདེན་བདག་གིས་ཐོས།།

གཟའ་སྐར་ངན་པའི་བཅོས་ཇི་ལྟར་བྱ་སྙམ་ན། ཚེས་གྲངས་གཟའ་དང་རྒྱུ་སྐར་གྱི། །རྩིས་དེ་བདག་གིས་མ་འཚལ་ཏེ། །བཀྲ་ཤིས་བདེ་ལེགས་འབྱུང་བའི་ཐབས། །དོན་འདི་ཁྱོད་ཀྱི་ཐུགས་ལ་ཞོག །བསྐྱེད་རིམ་བརྟན་པའི་རྣལ་འབྱོར་པས། །སྣང་དང་སྲིད་པ་ལྷག་པའི་ལྷར། །ཤར་བར་གྱུར་ན་རབ་གནས་དང༌། །གསང་སྔགས་ཕྲིན་ལས་བསྒྲུབ་ཏུ་རུང༌། །དེ་ལས་སངས་རྒྱས་མ་གཏོགས་པའི། །སྣང་བར་གྱུར་པ་གཞན་པ་མེད། །སྣང་བ་ཆོས་ཉིད་ཕྱག་རྒྱ་ཆེར། །རྟོགས་པར་གྱུར་པ་གང་ཡིན་ལ། །ཕྱག་རྒྱ་ཆེན་པོར་མ་གཏོགས་པའི། །གཟའ་དང་རྒྱུ་སྐར་དེ་ལ་མེད། །དེ་ཉིད་རང་བྱུང་ཕྱག་རྒྱ་ཆེ། །དུས་བཟང་དང་ངན་པའི་སྤྲོས་པ་བྲལ། །འདི་ཡིས་རབ་གནས་ལ་སོགས་པ། །ཕྲིན་ལས་བསྒྲུབ་པ་དུས་མེད་དེ། །རྩིས་ཀྱི་རྣམ་པ་ཐམས་ཅད་ཀུན། །སོ་སོ་སྐྱེ་བོ་ཐ་མལ་གྱི། །ཆོས་སུ་གཏོགས་ཤིང་གོ་བར་བྱ།།

ནད་ཀྱི་བཅོས་ཇི་ལྟར་བྱ་སྙམ་ན། ཞིང་རྣམ་དག་བླ་མ་དཀོན་མཆོག་ལ། །བསམ་པ་རྣམ་དག་བྱང་སེམས་ཀྱིས། །དངོས་པོ་གང་ཕུལ་གྱི་འབྲས་བུ་སྨིན། །ནད་དང་གནོད་པ་སྡུག་བསྔལ་རྣམས། །རྟེན་འབྲེལ་མཐུ་ཡིས་བཟློག་པར་འགྱུར། །སྦྱོར་བའི་དམ་ཆོས་རྣམ་གསུམ་གྱིས། །རང་ལུས་གནད་དུ་བསྣུན་ནས་ཀྱང༌། །ནད་དང་གནོད་པ་སྡུག་བསྔལ་རྣམས། །བླ་མ་རྡོ་རྗེ་འཆང་བསྒོམ་ལ། །སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ལ། །དྲན་པ་མ་ཡེངས་རྩེ་གཅིག་པས། །འདུས་བྱས་དང་འདུས་མ་བྱས་ཀྱི་གནད། །རང་ལུས་རྒྱ་མཚོ་ཆེན་པོ་ལ། །བདེ་ཆེན་གྲུ་ཡི་སྦྱོར་བ་ཡིས། །གང་འདོད་ནོར་བུ་རིན་ཆེན་ལེན། །འགྲུབ་བྱེད་རྩི་བཅུད་ཅུང་ཟད་ཀྱིས། །རིམ་གྱིས་གསོ་བའི་ཐབས་སུ་བསྟན། །ལྟེ་བའི་འོག་ཏུ་ཉི་མ་རྒྱུ། །སྟེང་དུ་རྒྱུན་ཆད་མེད་པར་བཟློག། ཤིན་ཏུ་གསང་བར་མ་བསྒོམ་ན། །ཚེ་ཐུང་བར་འགྱུར་བའི་སྐྱོན་དུ་མཆི།།

ནད་བྱིང་ཆེ་བ་འཐིབས་པ་དང་ཟུག་ཆེ་བ་གཉིས་ལ་བསྒོམ་པའི་ཁྱད་ཡོད་དམ་སྙམ་ན། འདུ་བ་རྣམ་བཞིས་བསྡུས་པ་ཡི། །ཟུག་དང་སྡུག་བསྔལ་སྣ་ཚོགས་ལ། །སྤྲོས་མེད་ཕྱག་རྒྱ་ཆེན་པོ་ཡིས། །གཉིས་མེད་མཁའ་ལྟར་དག་གྱུར་པས། །དངོས་གཞི་གང་ཡིན་ཧྲིལ་གྱིས་འབྱུང༌། །དེ་དགོས་འདོད་དབང་གི་རྒྱལ་པོ་རུ། །ངེས་པའི་ཤེས་པ་བསྐྱེད་བྱས་ནས། །དེ་ཉིད་དངོས་མེད་མཁའ་ལ་བསྟིམ། །དེ་བསྟིམ་བྱ་སྟིམ་བྱེད་མེད་པ་རུ། །རང་བྱུང་ཆེན་པོའི་ངང་དུ་གནས། །མ་སྐྱེས་ཕ་རོལ་ཕྱིན་པ་ལས། །འཁོར་འདས་ཡོན་ཏན་ཐམས་ཅད་འབྱུང༌། །བསྒོམ་བྱ་དམིགས་པའི་ཡུལ་ཉིད་ལ། །སྒོམ་བྱེད་ཀྱི་ཤེས་པ་མ་ཡེངས་དང༌། །འབད་རྩོལ་གྱི་མཐའ་ལ་ཞེན་པ་ཡི། །ལྷུན་གྲུབ་ཀྱི་ས་ལ་གནས་པ་དཀའ། །འདི་ཆོས་ཀྱི་ཡེ་ཤེས་ཀྱི་གོ་བ་ཡིན། །གཏི་མུག་མུན་པས་འཐོམས་གྱུར་ཅིང༌། །མི་ཤེས་མུན་པས་ནོན་པ་ལ། །དེ་ཉིད་དེ་རྒྱུན་བསྲིང་བྱས་ནས། །བསྒོམས་པར་གྱུར་པས་དཀྱིལ་འཁོར་གྱི། །གཞི་གང་ལ་ནད་རྣམས་ཡོད་གྱུར་ནས། །ཇི་ལྟར་ཆུ་རླུང་དྭངས་པ་ལ། །ཉ་དང་ཆུ་སྲིན་འཕྱོ་བ་བཞིན།། དེ་ཉིད་ཆུ་བོའི་རང་བཞིན་ཡིན། །ཉེས་པའི་གཞི་ཉིད་མེད་གྱུར་ན། །མཁའ་ལ་ཉི་མ་ཤར་བའམ། །ཇི་ལྟར་པདྨོ་ཆུས་བརླན་ལྟར། །གསལ་ཞིང་རྒྱས་པའི་ཡོན་ཏན་འབྱུང༌། །ཁ་ཙམ་འོད་གསལ་དུ་སོང་གྱུར་པས། །ཁྱེད་འགྲོ་དང་འོང་བ་ཐམས་ཅད་མཐོང༌། །ཉམས་ལེན་གྱི་གནད་འདི་ཤེས་གྱུར་ན། །ཡོན་ཏན་འབྱུང་བ་དཀའ་བ་མིན། །འདིས་ནི་དམ་ཆོས་མ་ལུས་པའི། །དབུ་

རྣམས་དུས་གཅིག་སོང་བ་ཡིན།།

ནད་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་འབའ་ཞིག་གིས་ཆོག་གམ་སྙམ་ན། དངོས་ཀུན་ནམ་མཁའི་རང་བཞིན་ཏེ། །ཆོས་རྣམས་སྟོང་ཉིད་རོ་གཅིག་ཀྱང༌། །བྱེ་བྲག་དམིགས་བྱེད་མ་གྲུབ་ན། །ཉེས་པའི་སྐྱོན་ལས་མི་གྲོལ་བས། །གླེན་པ་དམུ་འཐོམས་བྱེད་པ་རྣམས། །གནས་ལུགས་གོ་ཡུལ་གྱི་བསླུ་བར་ཟད། །སྟོང་ཉིད་དམིགས་ལས་གཞན་མ་ཡིན། །དམིགས་ཉིད་གདོད་ནས་དམིགས་ཀྱིས་སྟོང༌། །སྟོང་པ་ཉིད་ཀྱི་ཆོས་རྣམས་ལ། །འཁོར་འདས་སྣ་ཚོགས་ཐ་དད་འབྱུང༌། །གཞི་གང་ལ་བརྟེན་ནས་འབྱུང་གནས་སུ། །སྐྱེས་བུ་རྗེས་སུ་དྲན་པ་གཞུག །མི་བསྐྱོད་གཡོ་བ་མེད་པ་ཡི། །ངང་ལ་གནས་པས་ཡུལ་དེ་ཟིན། །མི་མཐུན་དགྲ་བོའི་གཡུལ་བཟློག་ནས། །ལྷུན་གྲུབ་ས་ལ་གནས་པ་དེ། །ཨེ་མ་ངོ་མཚར་མི་ཆེའམ།།

གཟའ་དང་བདུད་ལ་སོགས་པའི་ཉེས་པ་འབྱུང་བའི་རྒྱུ་གང་ཡིན་སྙམ་ན། མི་ཟད་དྲག་པོའི་གནོད་པ་དེ། །ཕྱི་རོལ་ནས་ཕོག་པར་གྱུར་པ་མིན། །རང་གི་རྡོ་རྗེའི་ལུས་འདི་ལ། །རྩ་དང་རླུང་དང་ཐིག་ལེ་ཡི། །རྣམ་འགྱུར་གཅིག་པུར་ངེས་པའི་ཕྱིར། །འཕོ་དང་སྟོབས་ལྡན་རོར་འགྱུར་བ། །ཐབས་གཞན་ཀུན་གྱིས་མི་ཕན་ཏེ། །ཡོན་ཏན་ཤེས་ལ་གསལ་པོ་འབྱུང༌། །སྤྱིར་ཡི་དམ་ལྷ་ཡི་ཏིང་འཛིན་གྱི། །ཕྱེད་དང་ཕྱེད་མིན་གསལ་བར་སྣང༌། །དེ་ཉིད་གསལ་བར་ནན་ཏན་བསྐྱེད། །འདི་ནི་ངོ་མཚར་རྨད་དུ་བྱུང༌། །ཆུ་མདའ་གནས་དེར་འདུ་བ་ཡི། །སྒྲུབ་ཐབས་ཡིན་ཏེ་མི་ཕན་པས། །ནང་དུ་གནས་པ་ལ་བརྒལ་ཏེ། །ཕྱི་རོལ་དུ་འཆོར་བས་འཆི་བར་འགྱུར། །ནན་ཏན་ཆེན་པོས་བསྒོམས་པ་ལས། །ཐབས་གཞན་ཡོད་པ་མ་མཐོང་ལགས།།

གཉིད་ལོག་པས་ཁམས་ལྡོག་པའི་རྒྱུ་གང་ཡིན་མི་ལྡོག་པའི་ཐབས་ཇི་ལྟར་བྱ་སྙམ་ན། ནད་རྣམས་འཚོ་བྱེད་སྨན་པ་ཡིས། །ས་ཡི་ཁམས་དང་མེ་ཡི་ཁམས། །སྐྱེས་པ་ཚད་པར་གྱུར་པར་འདོད། །དེ་ལ་ཆུ་དང་རླུང་གིས་སྙོམས། །ཉོན་མོངས་གཏི་མུག་གཉིད་ལོག་པས། །གནོད་པ་བསྐྱེད་ཅིང་ལྡོག་པར་འགྱུར། །དྲི་མེད་འོད་གསལ་ཆོས་ཀྱི་སྐུ། །ཏིང་འཛིན་བདག་པོས་དབང་བྱས་པས། །དཀར་ཕྱོགས་དགེ་བའི་རྩ་བ་ཡིས། །གནོད་པ་མི་མཐུན་ཕྱོགས་ཀུན་བཟློག །གང་ལ་ཇི་ལྟར་གནོད་པ་འདི། །རྫས་ཀྱི་དངོས་པོ་འདོད་གྱུར་ན། །མི་འདོད་སྨན་གྱི་རྣམ་པ་དང༌། །གཉིས་སུ་མེད་པར་བྱས་ལ་གཏང༌། །མཐོ་དམན་ཆ་ཆུའི་རིམ་པ་ཡིས། །སྙོམས་པར་གྱུར་ན་དེ་ལ་བཞག །འདི་ཡང་ཟབ་པའི་གདམས་ངག་གོ།

མི་ཚེ་རིང་པོར་བསྒོམས་བསྒོམས་པས་སྐྱོན་མེད་ཡོན་ཏན་མ་བྱུང་ན་དེའི་རྒྱུ་དང༌། ཡོན་ཏན་བསྐྱེད་པའི་ཐབས་ཇི་ལྟར་བྱ་སྙམ་ན། ཡུལ་གང་ལ་མཉམ་པར་བཞག་པ་ཡིས། །ཉེས་དང་ཡོན་ཏན་དུ་མ་འབྱུང༌། །དེ་ཉིད་གང་ཡིན་ཤེས་པར་བྱ། །བདེ་ལེགས་ཡོན་ཏན་དུ་མ་རྣམས། །ཏིང་འཛིན་ཉོན་མོངས་མེད་ལས་བྱུང༌། །སྐྱོན་དང་ཉེས་པ་ཐམས་ཅད་ཀུན། །ཉོན་མོངས་དུག་གསུམ་གྱིས་བསྐྱེད་པར་བྱེད། །རྫུ་འཕྲུལ་རྟགས་དང་ཆོ་འཕྲུལ་དག །ཐམས་ཅད་རྒྱུ་ལས་འབྱུང་བ་སྟེ། །འཕགས་པ་ལེགས་འོང་ཆེན་པོ་དང༌། །གནས་འཇོག་སྦྲང་རྩི་ལྟ་བུ་སྟེ། །རྒྱུ་ཇི་ལྟར་སྤྱད་པའི་འབྲས་བུ་ལ། །ལོངས་སྤྱོད་ཐུན་མོང་མ་ཡིན་པས། །ཐ་དད་རྒྱུ་ཡི་རྗེས་སུ་འབྲང༌། །དོན་དམ་འོད་གསལ་འདུས་མ་བྱས། །རང་གིས་རྟོགས་པས་འཁོར་བ་སྤོང༌།།

མི་མཐུན་པའི་སྐྱོན་སྣ་ཚོགས་ལ་སྐྱོན་སེལ་ཐབས་སྣ་ཚོགས་ཡོད་དམ་སྙམ་ན། བར་དུ་གཅོད་པ་གསུམ་ལ་སོགས། །ཉེས་པ་མི་མཐུན་ཕྱོགས་རྣམས་ལ། །གདམས་ངག་ཚིག་ཚོགས་སྤྲོས་པ་ཡིས། །ཅུང་ཟད་ཕན་པར་མི་འགྱུར་ཏེ། །མདོར་བསྡུས་ཀུན་རྫོབ་དོན་དམ་གྱི། །སེམས་གཉིས་ནོར་བུ་རིན་པོ་ཆེ། །བྱེ་བྲག་ལམ་དུ་བཏང་བ་དང༌། །ཆོས་ལྔ་དག་ལ་འབད་པར་བྱ།། ཟླ་བ་གཟའ་ལས་ཐར་བ་ལྟར། །ཉེས་པའི་སྐྱོན་ལས་གྲོལ་བར་འགྱུར། །གལ་ཏེ་ཉམས་སུ་བླངས་པ་ལས། །སྐྱོན་ལས་ཐར་བར་མ་གྱུར་ན། །བླ་མ་དམ་པ་ལྷག་པའི་ལྷ། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས། །བསླུས་པར་འགྱུར་ཏེ་འདི་ལས་མེད།། ཐེག་ཆེན་གསང་སྔགས་རྒྱུད་རྣམས་སུ། །བསྐྱེད་རྫོགས་གཉིས་ཀྱིས་སྐྱོན་སེལ་ཞིང༌། །ཡོན་ཏན་སྒྲུབ་པ་མེད་པ་ན། །བུ་གཅིག་རྣལ་འབྱོར་དབང་ཕྱུག་རྣམས། །འདི་ལས་གཞན་པའི་གདམས་ངག་དང༌། །མན་ཆུང་ཡིག་ཆུང་བསགས་གྱུར་ཀྱང༌།། རང་གཞན་གང་ལ་མ་ཕན་པ། །རང་གིས་ཉམས་སུ་མྱོང་བས་གྲུབ།།

བླ་མ་རྣམ་པ་བཞི་ཁམས་ཀྱི་ཚུལ་ལུགས་གཅིག་པ་ཡིན་གསུངས་པ་དེ་གང་ཡིན་སྙམ་ན། བླ་མ་ལ་སྟོད་དམར་པོ་དང༌། །ལོ་རོ་འཚལ་པ་ང་འབུ་བཞི། །ཁམས་གཅིག་ཅེས་སྨྲས་པ་གང་ཡིན་པ། །གཅིག་ཤོས་ཀྱི་ཁམས་སུ་གཅིག་པ་ཡིན། །བླ་མ་ཆེན་པོ་འཚལ་པ་དེ། །དེ་ཁོ་ན་བཞིན་དུ་བཞུགས་ཞད་གདའ། །ཁོང་སངས་རྒྱས་བསྟན་པ་ཐུགས་སུ་སོང༌། །བསྟན་པ་དར་བར་བྱེད་པ་ལ། །གཞི་གཙུག་ལག་ཁང་དང་མི་མཐུན་ཕྱོགས། །གནོད་པར་བྱེད་པའི་ཕྲིན་ལས་ཀྱིས། །གསད་དང་འགར་དང་འཇིགས་པར་བྱེད། །ཐུགས་དང་པོའི་ས་བོན་གང་ཡིན་དེ། །ཟབ་པའི་ཆོས་ཀྱིས་དབང་བསྒྱུར་བས། །རླབས་ཆེན་སྤྱོད་པ་འགྲུབ་པ་ཡིན། །ངས་ནི་སྡང་བྱེད་དགྲ་རྣམས་དང༌། །གནོད་བྱེད་བགེགས་ཀྱི་གཙོ་བྱས་པའི། །ནམ་མཁའ་མཉམ་པའི་སེམས་ཅན་ལ། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །ཅི་བྱེད་ཁོང་གི་དོན་དུ་བསྔོས། །གར་ཕྱིན་གར་འདུག་ཐམས་ཅད་དུ། །མི་མིན་གདུག་པའི་ཚོགས་རྣམས་དང༌། །མང་རྗེ་དྲུག་ཚ་ལ་སོགས་པ། །གདུག་པ་ཅན་གྱི་མི་ཚོགས་རྣམས། །ལེགས་པར་དུལ་ནས་མཐུན་རྐྱེན་སྒྲུབ།།

བྱམས་སྙིང་རྗེ་བསྒོམས་པས་གནོད་པ་འབྱུང་བའི་སྐབས་གདའ། དེའི་ཚུལ་ལུགས་གང་ཡིན་སྙམ་ན། བྱམས་དང་སྙིང་རྗེ་བསྒོམས་པ་ཡིས། །ཉེས་པའི་སྐྱོན་རྣམས་སློངས་པའི་ཚེ། །རྒྱུད་ཆད་མེད་པའི་སྦྱོར་བ་ཡིས། །དངོས་གྲུབ་ཕུན་སུམ་ཚོགས་པར་འགྱུར། །བཛྲ་ཡོ་གའི་བསྒྲུབ་པ་ལ། །འབྲས་བུ་སྐྱོན་དུ་འགྱུར་བ་དང༌། །དངོས་གྲུབ་ཐོབ་པའི་ཁྱད་པར་ལྟོས།།

ཉོན་མོངས་གསུམ་ཁྱད་པར་དུ་ཞེ་སྡང་ཆེ་ན་ཉམས་ལེན་གྱི་གནད་ཇི་ལྟར་བྱ་སྙམ་ན། རང་རྒྱུད་ལ་སྐྱེས་པའི་ཉོན་མོངས་གསུམ།། ཁྱད་པར་ཞེ་སྡང་དྲག་པོ་ཡིས། །འཁྲུགས་པས་ཡུལ་དང་འདྲེས་པ་ཡིས། །རྟགས་དང་མཚན་མ་བྱུང་བའི་ཚེ། །སྡིག་དང་དགེ་བའི་གྲོགས་པོ་ཡིས། །ཐ་དད་ལམ་དུ་ཁྲིད་གྱུར་པས། །དབང་པོ་རབ་ཀྱི་ཉམས་ལེན་གྱིས། །བྱམས་དང་སྙིང་རྗེའི་སྟོབས་འཕེལ་བའི། །ཞེ་སྡང་རི་བོ་ཆེན་པོས་ཀྱང༌། །སྙིང་རྗེའི་མཁལ་བ་སླེབ་མི་ནུས། །བླ་མེད་བྱང་ཆུབ་སེམས་གཉིས་ཀྱིས། །འགྲོ་བ་སྨིན་པར་བྱེད་པ་འདི། །བླ་མེད་གསང་སྔགས་ཆེན་པོ་སྟེ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་རྣམས། །འཛིན་པར་བྱེད་པའི་བདག་པོར་འགྱུར། །དབྱེར་མེད་གཅིག་ཏུ་མ་གྱུར་ཅིང༌། །ཐ་དད་གྱུར་པས་རྒྱལ་བ་ཡི། །ཞིང་དུ་སྐྱེ་བར་གྱུར་ན་ཡང༌།། ནད་དང་གནོད་པ་ཉེས་པ་ཡིས། །རྒྱུན་དུ་འཚོ་བར་འགྱུར་བ་དང༌། །འགྲོ་བའི་མིག་ཏུ་མི་སྡུག་ཅིང༌། །གཤེ་ཞིང་སྨད་པའི་གནས་སུ་འགྱུར། །ཤིན་ཏུ་ཞན་པས་སངས་རྒྱས་ཀྱི། །རིགས་སུ་སེམས་བསྐྱེད་གཅིག་པའི་ཕྱིར། །མི་བཟད་འཇིགས་པའི་སྐུར་བསྟན་ཏེ། །གསད་དང་དགར་དང་མནན་ལ་སོགས། །ཕྲིན་ལས་སྣ་ཚོགས་དུ་མ་ཡིས། །རིམ་གྱིས་བླ་མེད་ས་ལ་འགོད།།

ཉམས་སུ་བླང་བའི་རིམ་པར་ཁྱད་ཅིག་ཡོད་དམ་སྙམ་ན། ཏིང་འཛིན་གཅིག་ལ་མཉམ་བཞག་ཅིང༌། །མྱོང་བ་སྐྱེས་པར་གྱུར་པའི་ཚེ། །སྣང་མཛད་ཀུན་ཏུ་ཞལ་བཞིན་དུ། །ཉམས་ལེན་ཡུལ་ལ་བྱེ་བྲག་མེད། །ཤིན་ཏུ་དམའ་བའི་སྦྱོར་བ་ཡིས། །དཔལ་ལྡན་འབྲི་གུང་ཆེན་པོ་ཡིས། །ཡོན་ཏན་བསྐྱེད་པའི་གནད་ཅིག་གི །མྱོང་བ་སྐྱེས་པ་གསང་བར་བྱ། །ལྷ་འདྲེ་ཐམས་ཅད་མི་དགའ་བས། །སྣེའུ་ཟུར་པའི་ཡིག་འཕྲིན་དེ། །ཉེ་གནས་ཀྱིས་བལྟས་པས་ཀོ་ལོང་བྱུང༌། །འཇིག་རྟེན་འཇིག་རྟེན་འདས་པ་དག །དེ་དག་ཀུན་ལ་ཁྱད་པར་མེད།།

སྒྲུབ་པ་བྱེད་པ་ལ་བར་ཆད་མི་འབྱུང་བ་སྲིད་དམ་སྙམ་ན། སྒྲུབ་པ་ནན་ཏན་བྱས་གྱུར་ན། །བར་ཆད་མི་འབྱུང་མི་སྲིད་པས། །དངོས་གྲུབ་བར་ཆད་རང་དབང་ཆེ། །ལྷན་ཅིག་སྐྱེས་པས་དབང་བྱས་པས། །རང་ཉིད་ཡེ་ཤེས་ཧེ་རུ་ཀཿ །གཞན་དུ་ཅི་འདོད་བསྒྲུབ་བྱེད་པ། །གནོད་སྦྱིན་ངོ་བོ་གཅིག་ཏུ་མཆི། །ཆོས་འདི་གསང་བ་ཡིན་མོད་ཀྱང༌། །ན་སོ་རྒས་པས་ཁྱེད་ལ་བསྟན། །མཐར་ཐུག་ཤེས་རབ་ཆེན་པོ་གང༌། །འཁོར་བར་སྐྱེ་བྱེད་ཤས་ཆེ་བས། །སེམས་སྐད་ཅིག་གནས་པར་མི་བཏུབ་སྟེ། །ཕྱི་རོལ་ཡུལ་ལ་ཞེན་པ་དེས། །ཁུག་ཅིང་གནས་པས་ཟིན་པར་འགྱུར། །དེ་དང་འདྲ་བར་གཞན་ལ་ཡང༌། །དོན་འདི་ངེས་པར་འདྲི་བར་འགྱུར། །

ཤེས་རྒྱུད་ཐ་དད་པས་གཞན་ལ་གནོད་པ་བསྒྲུབས་པས་རང་ཉིད་ལ་གནོད་པ་འབྱུང་བ་ཡིན་སྙམ་ན། སྣང་བ་རང་གི་སེམས་ཡིན་པས། །ཕ་རོལ་རྟག་པར་འདོད་པའི་བློ། །སེམས་ཅན་རྣམས་ཀྱི་སྲོག་གཅོད་པ། །དེ་ཉིད་རང་ཉིད་ཡིན་པ་ཡི། །སེམས་ཅན་དམྱལ་བར་འགྲོ་བར་འགྱུར། །གནས་དེར་སྡུག་བསྔལ་སྣ་ཚོགས་ལ། །གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་བསྒྲུབ། །ལོག་པར་ལྟ་བ་གཞིར་གྱུར་པས། །ལོག་པར་གྱུར་ཏེ་གནོད་པ་འབྱུང༌། །གནོད་པའི་ལན་དུ་གནོད་པ་བསྐྱལ། །ཇི་བཞིན་རྒྱུ་འབྲས་ལགས་མོད་ཀྱང༌། །ཕན་པ་བསྒྲུབས་པས་གནོད་པ་དེ། །ལོག་ལྟའི་འབྲས་བུ་ཡིན་པར་ངེས།།

ངེད་གསུམ་མཁའ་འགྲོ་མས་གདན་འདྲེན་པ་ལ་ཁོ་འཚལ་པས་ང་རྟེན་འབྲེལ་ལ་དབང་བསྒྱུར་བས་མི་འགྲོ་སྟེ་འོང་ཞེས་པ་དེ་ཅི་ཡིན་སྙམ་ན། བསྟོད་པ་ཆེན་པོ་གསུངས་པ་དེས། །ཕག་མོ་གྲུ་རུ་བྱོན་ནས་ཀྱང༌། །ཞོགས་པ་ནང་དུ་བཞུགས་པའི་ཚེ། །དབུ་རྒྱན་གནས་ནས་སུན་མ་བྱུང༌། །རྟེན་འབྲེལ་མཛད་པས་བཞུགས་པར་གྱུར། །དེ་ཡི་གདམས་ངག་ཞུས་པ་ལས། །དེ་ཅུང་ཟད་བཟླ་བར་མི་བཏུབ་སྟེ། །འོན་ཀྱང་ཁྱོད་ལ་ཕྱོགས་ཙམ་བསྟན། །རང་ཉིད་དཔལ་ལྡན་ཧེ་རུ་ཀཿ །བསྒོམས་པས་མཁའ་འགྲོའི་བདག་པོར་འགྱུར། །འཁོར་འདས་དབྱེར་མེད་དེ་ཡི་སྲོག །བར་ཆད་དང་པོ་མི་འབྱུང་ཞིང༌། །བྱུང་བ་རྣམས་ཀྱང་བཟློག་པ་ཡིན། །དཔལ་ལྡན་བདེ་མཆོག་ལ་སོགས་པའི། །དཀྱིལ་འཁོར་འཁོར་ལོ་ཐམས་ཅད་ཀུན། །ཤིན་ཏུ་ཡོད་པའི་རིགས་སུ་གདའ། །རང་ཉིད་དེ་ལྟར་བསྒོམས་བྱས་པས། །དེ་དང་འདྲ་བའི་གོ་འཕང་ཐོབ། །འདི་གང་ཡང་འགལ་བར་གྱུར་པ་མེད། །གཙོ་བོ་སེམས་དང་སེམས་ལས་བྱུང༌། །དེ་ཉིད་འཁོར་དུ་གྱུར་པའི་ཕྱིར། །ཐ་མ་འགྱུར་ཞིང་འཇམ་དབྱངས་དང༌། །གཤིན་རྗེ་གཤེད་ལ་འགལ་བ་མེད། །གལ་ཏེ་ཁ་གདོང་གཙོར་གྱུར་ན། །དེ་ཉིད་ཞལ་གྱི་རྣམ་པར་འགྱུར། །བདེ་སྟོང་ཡབ་དང་ཡུམ་གྱུར་དེ།། ལྷ་མོ་ཐམས་ཅད་སྐུར་མཐོང་བས། །བདེ་ཆེན་རྒྱས་པའི་ཡོན་ཏན་འབྱུང༌།།

ཞེ་སྡང་མེད་ཀྱང་བཅོམ་ལྡན་འདས་ཀྱིས་མདའ་གཞུ་ལ་རེག་པར་མ་གནང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། སེམས་ཀྱིས་ལུས་དང་སྣང་བ་དག །བྱིན་གྱིས་བརླབ་པར་འགྱུར་བའི་ཕྱིར། །དགེ་དང་མི་དགེའི་འབྲས་བུ་དག །འབྱུང་བར་ངེས་པས་མདའ་གཞུ་ལས། །བརྟེན་པའི་ཞེ་སྡང་གདུག་སེམས་འབྱུང༌། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྡུག་བསྔལ་ཅི་ཕྱིར་འབྱུང་མི་འགྱུར། །ཕ་བསད་གཅིག་པུས་མཚམས་མེད་ཅེས། །གཞན་མི་ནུས་ཏེ་བར་སྐབས་མེད། །མནར་སེམས་རྒྱུད་ཆད་མེད་ཅེས་པ། །ཐུབ་པ་ཆེན་པོས་བཀའ་སྩལ་ཏོ། །ང་ཡིས་བརྡེགས་དང་གཤེ་བ་ལ། །འབྲས་བུ་མི་འབྱུང་མ་ཡིན་ཏེ། །ཕན་དང་བདེ་བའི་བསམ་པ་ཡིས། །འགྲོ་བའི་རྒྱལ་པོར་ཅིས་མི་འགྱུར། །དེ་ཕྱིར་སྣ་ཚོགས་སྣང་བ་རྣམས། །རྟོག་པའི་བྱེ་བྲག་ཐ་དད་ལས། །འབྱུང་བ་དེ་ཁོ་ན་ཉིད་དོ།།

ཞབས་དྲུང་དང་རི་ཁྲོད་གཅིག་གམ་སྙམ་ན། བླ་མ་དམ་པའི་ཞབས་དྲུང་དུ། །གོ་བས་རི་ཁྲོད་གཏན་ལ་འབེབས། །རི་ཁྲོད་དགོས་པར་ངོ་ཤེས་པ། །ཞི་གནས་ལ་གནས་ལྷག་མཐོང་དང༌། །ལྷག་མཐོང་ལ་གནས་ཞི་གནས་ཀྱིས། །མཉམ་པའང་ཁམས་ཀྱིས་འགྲོ་ཞེས་གསུངས།།

ནད་དང་གནོད་པ་ལ་དང་པོ་བྱིན་རླབས་བྱས་པས་བདེ་བ་ལ། དེ་ནས་ལོག་བྱུང་ན་ཅི་ཡིན་སྙམ་ན། འདི་ཤིན་ཏུ་ཟབ་པའི་གདམས་ངག་སྟེ། །མཐར་ཐུག་བྱིན་རླབས་ཆེན་པོ་ཡིས། །དང་པོ་ལྷན་གྱིས་བདེ་བར་འགྱུར། །ཅུང་ཟད་དེ་རྒྱུན་བསྲིངས་བྱས་པས།། ཉེས་ཀུན་སློང་ནས་སྡུག་བསྔལ་འབྱུང༌། །དཔེ་དྲི་མ་ལངས་པ་ལྟ་བུ་ཡིན། །དེ་རྒྱུན་ཅུང་ཟད་བསྲིངས་པ་ཡིས། །ཡོན་ཏན་རྒྱ་མཚོ་དཔུངས་ཀྱིས་འགྱུར། །འདི་ལ་མགོན་པོས་ལུང་བསྟན་པས། །ཡོངས་སུ་འཛིན་པའི་བཤེས་གཉེན་གྱིས། །མཚན་ཉིད་དཔག་ཏུ་མེད་པ་གསུངས།།

ཅིི་ཙམ་བརྩོན་འགྲུས་བྱས་པ་ཙམ་གྱིས་ཁམས་ངན་པར་འོང་བར་འདུག་པ་ལ་ཇི་ལྟར་བྱ་སྙམ་ན། སྣོད་བཅུད་དུ་འཛིན་པ་བཟློག་པའི་ཕྱིར། །འབྱུང་བ་རིམ་རྩེགས་གསུང་ན་ཡང༌། །ཉན་ཐོས་རང་རྒྱལ་ཡིན་པའི་ཕྱིར། །ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས།། འོད་ཟེར་སྤྲོས་པས་སེམས་ཅན་གྱི། །སྡིག་དང་སྒྲིབ་པ་བསལ་ནས་ཀྱང༌། །ཡི་དམ་ལྷ་རུ་གྱུར་པ་ལས། །འོད་ཟེར་ཚུར་འདུས་རང་ལ་ཐིམ། །དེ་ལས་གྱུར་པའི་དཀྱིལ་འཁོར་དུ། །བསྒོམས་པས་དེས་ཀྱང་སེམས་ཅན་གྱི། །མ་ལུས་རྒྱ་ཆེན་དོན་འབྱུང་སྟེ།། འདི་བྱང་ཆུབ་སེམས་ཀྱི་རྒྱུ་འབྲས་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །འོད་ཟེར་མེད་པས་འགྲོ་བ་ཀུན། །སྨིན་ཅིང་གྲོལ་བར་བྱས་པ་མེད། །རབ་གནས་ལ་སོགས་གསང་སྔགས་ཀྱི། །ཕྲིན་ལས་ཀུན་གྱི་རྩ་བ་ཡིན།།

དམ་པ་རྒྱ་གར་གྱི་ཞི་བྱེད་དུ། །ནད་དང་སྡུག་བསྔལ་བྱུང་གྱུར་ན། །རིག་པ་རྟེན་དང་ཕྲལ་ཞེས་གསུངས། །ཇོ་བོ་ཆེན་པོ་ལྷ་གཅིག་གིས། །དངོས་པོ་གཅིག་ལ་གཞུག་ཅེས་གསུངས། །ཇོ་མོ་ལབ་སྒྲོན་གདམས་ངག་ལས། །ཐབས་ལམ་ནམ་མཁའ་སྒོ་འབྱེད་ཡོད། །ཕ་འཇིག་རྟེན་མགོན་པོ་རིན་ཆེན་ལ། །ཟབ་མོ་རྟེན་འབྲེལ་མངའ་བ་དེ། །ཟབ་མོ་ལུས་ངག་ཡིད་གསུམ་ལ།། རྩོལ་སྒྲུབ་འབད་རྩོལ་བྱས་པ་ཡིས། །བདེ་བ་མ་ཡིན་སྡུག་བསྔལ་འབྱུང༌། །རླུང་ལྡང་འཇུག་གཉིས་ཀྱིས་སྦྱོར་བ་དེས། །གཤིས་ལ་གནས་པ་མེད་པས་སོ། །འདི་ལ་ཚ་ཚ་འདེབས་པ་དང༌། །ཆུ་གཏོར་གཏོང་བ་ལ་སོགས་པ། །དཀར་ཕྱོགས་དགེ་བས་ཡོན་ཏན་འཕེལ། །ཨེ་མ་ངོ་མཚར་མི་ཆེའམ།།

བླ་མ་ལ་ཇི་ལྟར་འབུལ་བ་བྱས་པ་ལྟར། སློབ་མ་ལ་ཡང་དེ་བཞིན་དུ་འོང་བར་འགྱུར་བས། །དཔལ་ལྡན་མར་པ་ལྷོ་བྲག་པས།། རྗེ་བཙུན་ཆེན་པོའི་ཞབས་ཏོག་ལ། །རྟགས་དང་རྟེན་འབྲེལ་མ་མཛད་ལ། །འདིར་ཆུའམ་ནས་སམ་མེ་ཏོག་གིས། །ལེགས་པར་བཀང་ནས་དཀར་རྩིས་བྱུང༌། །བཀྲ་ཤིས་ཤིང་གི་སྟེང་བཞག་ནས། །བཟློག་པའི་ཐབས་ལ་མཁས་པ་ཡིན། །མཚན་ཉིད་ལྡན་པའི་བླ་མ་ལ། །བཟང་པོ་ལྟ་བུར་སྣང་བས་ཀྱང༌། །དངོས་པོ་ངན་པས་འབབ་པ་ཡིས། །ན་ཞིང་འཆི་བར་འགྱུར་ངེས་པས། །བུ་ཀུན་རྫོབ་སྣང་བ་བན་བུན་ལ། །ཇི་ལྟར་བྱས་པའི་འབྲས་བུ་དེ། །བཟང་ངན་ཁྱད་མེད་རྣམ་སྨིན་འབྱུང༌། །འདི་ཆོས་རྗེ་བླ་མ་རིན་ཆེན་གྱི། །ཕྱག་བཞེས་རྟེན་འབྲེལ་ཟབ་མོ་ལགས།།

མཛེ་ནད་ལ་བྱམས་སྙིང་རྗེ་མེད་པར་ལྷ་བསྒོམས་པས་ཕན་ནམ་སྙམ་ན། འཇིགས་སུ་རུང་བའི་གནོད་པ་དེ། །ཆུ་བདག་འཁོར་བཅས་ཀྱིས་བྱས་པ་མིན། །ཞེ་སྡང་གདུག་པའི་ང་རྒྱལ་དེས། །ཁྲོ་བོ་ཆེན་པོར་སྒོམ་ན་ཡང༌། །རང་ལ་གྲིབ་ཁ་བྱས་པར་ཟད།། བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཕན་དང་བདེ་བའི་འབྱུང་གནས་ཀྱིས། །གནས་སྐབས་མཐར་ཐུག་མ་ལུས་པའི། །བདེ་སྐྱིད་ཡོན་ཏན་ཀུན་འབྱུང་བས། །ཞག་དང་ཟླ་བ་འགའ་རེས་ཀྱང༌། །ཉེས་པའི་སྐྱོན་ལས་གྲོལ་བར་འགྱུར། །འདི་ངོ་མཚར་བས་ཀྱང་རྨད་དུ་བྱུང༌།།

དུས་མཆོད་བཞི་བསོད་ནམས་ཆེ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཤིན་ཏུ་གཉན་པའི་དུས་ཚོད་དེར། །ཉོན་མོངས་རྣམ་པར་རྟོག་པའི་ཚོགས། །ཉེས་ཀུན་རྣམ་པར་འཛོམས་པར་འགྱུར། །བོད་ཁམས་སྐྱོང་བའི་བསྟན་མ་རྣམས། །ཨུ་རྒྱན་རྒྱལ་པོས་བཏུལ་བ་ཡིས། །དམ་ཚིག་བདར་བས་ལས་རྣམས་གྲུབ། །གཏི་མུག་ཝ་ར་ཎ་སཱིར་ཏེ། །ཨེ་ལའི་འདབ་སོགས་ཀླུ་རྣམས་དང༌། །མཉན་དུ་ཡོད་པ་ཞེ་སྡང་སྟེ། །གནོད་སྦྱིན་གདུག་པའི་ཚོགས་རྣམས་དང༌། །བྱང་ཆུབ་སྙིང་པོར་འདོད་ཆགས་ཏེ། །བདུད་ཀྱི་སྡེ་རྣམས་བཏུལ་བ་ཡི། །ཆོས་སྐྱོང་སྲུང་མ་ཆེན་པོར་བཞུགས། །ཁྱད་པར་དེ་དང་གཞན་ཡང་འདྲ། །དེ་ཕྱིར་དུས་ཀྱི་མཆོད་པ་དག །ནན་ཏན་ཆེན་པོས་བཟུང་བར་བྱ།།

ཉོན་མོངས་པའི་སྔོན་དུ་བྱང་ཆུབ་ཀྱི་སེམས་གཏོང་བའི་དགོས་པ་ཅི་ཡིན་སྙམ་ན། སྤྱིར་ཉོན་མོངས་རྣམ་པར་རྟོག་པའི་ཚོགས།། སྤང་བྱ་གཉེན་པོ་གདོད་ནས་མེད། །དེ་ཉིད་ཤེས་ཤིང་རྟོགས་གྱུར་ན། །རིག་པ་ཡེ་ཤེས་ཀྱི་དབང་བྱས་པས། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཡིན། །མི་ཤེས་གཏི་མུག་དབང་གྱུར་པས། །ཁམས་གསུམ་འཁོར་བ་སྡུག་བསྔལ་མྱོང༌།། རྟོགས་པའི་གང་ཟག་དེ་ཉིད་ལ། །མི་དགེར་གྱུར་པ་གང་ཡང་མེད། །དེ་ཡང་བྱང་ཆུབ་ཆེན་པོར་བསྔོ། །རྟོགས་པར་མ་གྱུར་གོ་བས་ཀྱང༌། །སྲིད་པ་ནུས་མེད་དུ་བཏང་བ་ཡིན། །མཚན་ཉིད་ཕ་རོལ་ཕྱིན་པ་དང༌། །གསང་སྔགས་ཐེག་པ་ཁྱད་པར་མེད། །བླ་ན་མེད་པ་འདོད་ཆགས་ལ། །དགའ་བ་བཞི་དང་སྐད་ཅིག་བཞི། །བཅུ་དྲུག་བྱས་པས་འགྲུབ་མི་འགྱུར། །ཐ་མལ་ཕུང་པོའི་གཉེན་པོ་དེ། །ཡི་དམ་ལྷ་ཉིད་ཡིན་གྱུར་ཀྱང༌། །རིལ་པོ་གཅིག་འཛིན་གྱི་ཤེས་པ་དེས། །དབེན་པ་ཁམས་དང་སྐྱེ་མཆེད་སོགས། །འཁོར་ལོའི་བྱེ་བྲག་མཐའ་ཡས་འགྱུར། །ངག་དང་སེམས་ཀྱང་དེ་བཞིན་ནོ། །གཏི་མུག་གདོད་ནས་ཡོད་མ་མྱོང༌།། བདེ་གཤེགས་སྙིང་པོ་ཁམས་དགེ་བ། །མི་ཤེས་འཁོར་བའི་འབྱུང་ཁུངས་ལ། །རྣམ་དག་བཙལ་བས་འགྲུབ་མི་འགྱུར།།

རྗེ་གོང་མའི་ཞལ་ནས། །དཔལ་འཁོར་ལོ་སྡོམ་པའི་ཞལ་མཐོང་ན། །འཇིགས་སུ་རུང་བའི་ཀླུ་འབྱུང་བ། །དེ་ཉིད་དེ་རུ་འགྱུར་བ་དེ། །གང་མི་འདོད་པ་འབྱུང་ལགས་པ། །དངོས་གྲུབ་འབྱུང་བའི་མཚན་ཉིད་ཡིན། །འོན་ཀྱང་ཀླུ་ཉིད་གསུངས་པ་དེ། །གང་ཟག་གི་རིགས་ལ་དགོངས་པ་ལགས།།

དུར་ཁྲོད་ལ་སོགས་པའི་གནས་ཀྱིས་དངོས་གྲུབ་ཉེ་བའམ། ཆེ་བ་ཡིན་ནམ་སྙམ་ན། འཇིགས་ཤིང་ཉམ་ངའི་གནས་རྣམས་སུ།།

རྣལ་འབྱོར་རབ་འབྲིང་ཐ་མ་ཡི། །རིམ་པས་སྲོག་གི་བར་ཆད་དང༌། །དངོས་གྲུབ་ཡོན་ཏན་དུ་མ་སྟེར། །དོན་ལུང་མ་བསྟན་དུ་འོང་བ་ཡིན།།

དམུ་ཆུ་ལ་སོགས་པའི་ནད་ཆེན་པོ་ལ་སོགས་པས་གནོད་པ་ཆེན་པོར་བྱུང་ན། དེ་ཇི་ལྟར་ཡིན་སྙམ་ན། འཇིགས་དང་སྡུག་བསྔལ་མེད་པ་ཡི། །ཆུ་བོའི་རླབས་བཞིན་འཕྱོ་བས་ན། །སྣང་བ་དགྲ་ཡི་འདུ་ཤེས་སྐྱེ། །ཉོན་མོངས་སྲེད་པའི་མཐུ་སྟོབས་ཀྱིས།། རང་ལུས་རྒྱས་ཤིང་གང་བའི་ཚེ། །དུག་གསུམ་འབར་བས་འཁྲུག་པ་དང༌། །བྱམས་དང་སྙིང་རྗེ་བྱང་སེམས་ཀྱིས། །ཁྱད་པར་གྱི་དགོས་པ་བསྒྲུབ་པ་ཡིན། །སྤྱི་ལ་ཡོན་ཏན་མ་ལུས་དང༌། །བྱེ་བྲག་ཐ་དད་ཐ་དད་པས། །རྩ་བའི་དམ་ཚིག་མིག་བཞིན་ བསྲུང༌། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །ཉེས་ཚོགས་བདུད་ལས་རྒྱལ་ན་ཡང༌། །དཀར་ཕྱོགས་དགེ་བའི་ཆོས་རྣམས་ལ།། རྒྱུན་ཆད་མེད་པའི་སྦྱོར་བས་འགྲུབ། །ཐུབ་པ་ཆེན་པོ་འོད་སྲུང་ནས། །མཁྱེན་བཞིན་བཞུགས་དང་འབྱོན་པ་དང༌། །བལྟམས་དང་རྫོགས་སངས་རྒྱས་པ་ཡིན། །དམིགས་དང་རང་བཞིན་ཐམས་ཅད་ལ། །ནོར་མ་ནོར་གོ་བར་བྱུང་ན་ནི། །རྡོ་རྗེ་འཆང་ཆེན་བཅོམ་ལྡན་ཡིན།།

ཆར་འབེབས་པའི་གནད་གང་ཡིན་སྙམ་ན། འཇིག་རྟེན་ཁམས་ཀྱི་སེམས་ཅན་རྣམས། །ལས་མི་དགེ་དྲག་པོས་དབང་བྱས་པས། །ཆར་ཆུ་དུས་སུ་མི་འབབ་ཅིང༌། །ཉེས་པ་རྣམ་པ་སྣ་ཚོགས་འབྱུང༌། །བྱམས་དང་སྙིང་རྗེར་ལྡན་པ་ཡིས། །སྐྱེས་བུ་ཆེན་པོ་གཅིག་ཡོད་པས། །ཕྲིན་ལས་བསྒྲུབས་པས་ཆར་པ་འབབ། །དཔལ་གྱི་ལྷ་མོའི་དམ་ཚིག་གིས། །ཀླུ་དང་ས་ཡིི་སྙིང་པོ་ཡི། །ཐུགས་དམ་རྒྱུད་བསྐུལ་དེ་ནས་འབྱུང༌། །ཆོས་ལྔ་དག་ལ་འབད་བྱས་ན། །དེ་ལས་འབྱུང་བར་ངེས་པ་སྟེ། །སྣང་བ་རང་གི་སེམས་ཀྱི་ཕྱིར། །བྱམས་པ་ཆེན་པོའི་མཐུ་སྟོབས་ཀྱིས། །མི་མཐུན་རྐྱེན་ལས་སྐྱེས་པ་ཡི། །རིག་པ་ངར་དང་ལྡན་པའི་ཚེ། །ལྷ་དབང་ལྷ་མིན་འཇོམས་པ་དང༌། །བདེན་པའི་ཚོགས་རྣམས་འགྲུབ་པ་དང༌། །དེ་ལས་སྐྱེས་པ་འབྱུང་བ་དང༌། །བྱམས་པ་ཆེན་པོ་སྔོན་འགྲོ་བའི། །འཇིག་རྟེན་དབང་པོའི་ཀློང་ཞེས་པ། །ཏིང་ངེ་འཛིན་གྱི་མཐུ་སྟོབས་ལྟོས།།

གང་ལ་ཡང་དུས་ཀྱི་གནད་སྐད་ཅིག་ལས་མེད་པས་འདིའི་དུས་སུ་སྒོམས་ན་ཕྱི་མའི་ཉེས་པ་བཟློག་པའི་ཚད་གང་ཡིན་སྙམ་ན། ཤེས་པ་ཕྲ་བར་གྱུར་ན་གོ། །ཟབ་པའི་གདམས་ངག་བསྟན་རྒྱུ་ཡོད། །འདོད་ཆགས་ཆོས་ལ་སྤྱོད་པའི་ཚེ། །སྐྱེད་བྱེད་རྒྱུ་ཉིད་འབྱུང་བ་དེ། །དུས་དང་ཡུན་གྱི་ཁྱད་པར་གྱིས། །བྱུང་དང་མ་བྱུང་ཇི་ལྟ་བར། །རྟེན་འབྲེལ་ཚོགས་པའི་སྦྱོར་བ་ཡིས། །སྡོད་དང་འགྲོ་བ་དེ་དག་ལ། །ཁྱད་པར་དེ་ལས་མེད་པར་ངེས། །ངེས་པར་ཉམས་སུ་མྱོང་བས་གྲུབ། །དཔའ་བོ་དཔའ་མོ་ཐམས་ཅད་ཀྱིས། །མཁའ་ལ་ངེས་པར་འཁྲིད་བྱེད་ཅིང༌། །མཁའ་སྤྱོད་གནས་སུ་འགྲོ་བ་ལ། །ད་ལྟ་བཞུགས་པ་ངོ་མཚར་ཆེ།།

བླ་མ་མཉེས་པས་དོན་འགྲུབ་པ་ཇི་ལྟར་ཡིན་སྙམ་ན། །རྟ་བརྒྱ་ཕུལ་བར་གྱུར་པ་བསད། །དེ་ན་འོངས་པ་དེ་ཉིད་ཐོབ། །གོ་བ་སྐྱེས་པས་རྟོགས་པ་ཕུལ། །དེ་ལས་ལོགས་སུ་འཁོར་འདས་མེད། །དེས་མ་ཕུལ་མེད་དེ་སྟོང་གསུམ་འདི། །གསེར་གྱིས་བཀང་བའི་དོ་མ་ཡིན། །འཁོར་ལོས་བསྒྱུར་རྒྱལ་ཚེ་གཅིག་གིས། །གླིང་བཞི་ལ་དབང་ཞིང་ས་ཀུན། །འབད་པས་རང་འཚོ་ཙམ་ལས་མེད། །འདི་རྣམ་དག་འགྲེས་སུ་གོ་བར་མཛོད།།

སྔགས་ཀྱི་གྲངས་ཀྱིས་ཕན་ནམ་སྙམ་ན། ཁ་ཅིག་བསྒོམས་ཀྱང་མི་ཕན་ཞིང༌། །ཁ་ཅིག་ཡེངས་བས་གཞན་ལ་ཕན། །སྔགས་ཀྱི་དེ་ཉིད་མ་ཤེས་ན། །བཟླས་པ་དོན་མེད་གོ་བར་བྱ།།

རྟེན་རྙིང་པའམ། ལྷ་འདྲེས་བཟུང་བའི་རབ་གནས་བྱེད་ན་ཇི་ལྟར་བྱ་སྙམ་ན། ལྷ་འདྲེས་བཟུང་བའི་རྟེན་རྣམས་ལ། །གང་ལྟར་བརྟགས་པ་དེར་འགྱུར་བས། །ཐམས་ཅད་ཏ་ཐ་སང་ཀྲ་ཧར། །སྟོན་པས་མ་ཐུལ་གང་ཡང་མེད། །ཆོས་སྐྱོང་ཡིན་པས་བྱམས་པ་དང༌། །སྙིང་རྗེ་བསྒོམ་སྟེ་རྒྱལ་པོ་ལ། །ཁོང་གི་ཆེད་དུ་དགེ་བ་སྤྱད། །ཉེས་པ་དེ་དང་བདག་ཅག་གིས། །རྗེས་ལ་དགེ་བ་མཉམ་པར་བྱ། །ཕྱི་ནས་འབྲང་བར་མི་འགྱུར་བར། །གཏོར་མ་གཏང་སྟེ་གཏེར་དང་མཛོད། །འདོད་པར་བསམས་ནས་དེ་གཏད་དོ། །གང་ལྟར་བྱས་ཀྱང་བདག་ཉིད་ལ། །གྲིབ་སྐྱོན་བྱུང་བས་ཕན་པ་ལ། །གནོད་པར་མི་འགྱུར་བདག་བསྲུང་བ། །ཉམས་ལེན་རིམ་པ་ཇི་ལྟ་བའོ། །དེས་ན་རྒྱལ་པོ་བླ་མ་དག །བདག་ལ་ངོ་མཉམ་ཤེས་པར་བྱ།།

བསྐྱེད་རིམ་ལ་བརྟན་པ་ཐོབ་ཀྱང༌། འདྲེར་སྐྱེས་པ་དང་གནོད་པ་བསྐྱེད་པ་དང་ཕན་པ་མི་འབྱུང་བའི་རྒྱུ་ཅི་ཡིན་སྙམ་ན། བྱང་ཆུབ་སེམས་ལས་སྐྱེས་པ་ཡིས། །གསང་སྔགས་བསྐྱེད་པའི་རིམ་པ་ལ། །མཚམས་སྦྱོར་གཞན་གྱིས་བྱས་གྱུར་ན། །དེ་འགྱུར་དཔུང་དང་སྟོབས་མེད་པས། །སྦྱོར་བའི་གནད་འདི་ཤེས་ནས་ཀྱང༌། །ལྷ་ཡི་བར་ཆད་ཅུང་ཟད་དེ། །ཅིས་ཀྱང་འབྱུང་སྟེ་ལྟ་བ་ཡིས། །ཐག་བཅད་དགེ་དང་མི་དགེའམ། །བཏང་སྙོམས་བདེ་སྡུག་ལ་སོགས་པ། །སྐུ་གསུང་ཐུགས་ཀྱི་ངེས་པ་བསྐྱེད། །འདིས་ནི་ཅུང་ཟད་མི་གཉན་པར། །གོ་རྟོགས་ལྡན་པས་ཤེས་པར་བྱ།།

རྩ་དང་འཁོར་ལོའི་གྲངས་མང་ཉུང་ཟབ་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རྩ་ཡི་གནས་ལུགས་མི་གཙོ་སྟེ། །རང་གི་བསམ་པས་བསྒྱུར་བའི་ཕྱིར། །ལམ་གྱི་རིམ་པ་གསུམ་དུ་གོ། །དེས་ན་འདུ་ཤེས་གཙོ་ཞེས་བྱ། །གཡོས་ལ་མཁས་པ་ལྟར་བཅས་པ། །དགེ་བ་མི་འདོད་གང་ཡང་མེད། །དེ་གཞན་གྱི་དབང་དུ་མི་བཏང་བར། །བདག་ཉིད་ཀྱིས་ནི་བསྒྲུབ་པར་བྱ། །འདི་བབས་ལ་གནས་ན་གདམས་ངག་གོ །

སྡིག་པ་བཤགས་པ་དང་འདག་པའི་རྒྱུ་མཚན་གང་ཡིན་སྙམ་ན། ས་བོན་རྣམ་པར་ཤེས་པ་གང༌། །དེས་ཁྱད་པར་དུ་བྱས་པ་ལུས་ངག་ལས། །ལས་དེ་སེམས་ལས་འབྱུང་བའི་ཕྱིར། །སྐད་ཅིག་གིས་ལུས་དང་སྣང་བར་འགྱུར། །སྣང་བ་སེམས་ཀྱིས་དབང་བྱས་ཤིང༌། །རྒྱུ་རྐྱེན་རྟེན་འབྲེལ་ལས་འབྱུང་བའི་ཕྱིར། །ལས་ཇི་ལྟར་སྤྱད་པ་མི་ཟད་ཅིང༌། །གཉེན་པོ་བསྟེན་པས་འཇོམས་པར་འགྱུར། །རྐྱེན་མི་མཐུན་གནས་ནས་འབྱུང་བའམ། །ཞི་བར་བྱ་བའམ་སྒྲོལ་ལོ་ཞེས། །སྤྱི་དོན་རྣམ་གསུམ་གཞན་ལུགས་ལགས། །ཤིན་ཏུ་ཕྲ་བའི་རྣམ་པ་ཡིས། །གནས་ལུགས་ཀྱི་ངང་དུ་ལྷན་གྱིས་ཞི། །མདའ་གཞུ་ལྟ་བུའི་སྦྱོར་བ་ཡིས། །རྒྱ་མཚོ་ཆེན་པོའི་ཕ་རོལ་བརྒལ། །མེ་དཔུང་འབར་བ་ཆེན་པོ་ཡིས། །དངོས་པོ་མ་ལུས་ཐལ་བར་བརླག །འབར་བའི་མགོ་བོ་མི་བཟད་པས། །སྟེང་གི་ཆུ་རྒྱུན་འབབ་པ་གཅོད། །རྒྱ་མཚོ་ཆེན་པོར་བྱིང་བའི་ཚེ། །རྣམ་དག་ནམ་མཁའི་མཐོང་ཁུང་དབྱེ། །ཅིས་ཀྱང་མི་ཕན་འཆི་གྱུར་ན། །ངེས་པར་འཕོ་བའི་གདམས་ངག་བརྩམ། །ཚེ་ཟད་པའི་མཐའ་རུ་མི་ཕྱིན་ན། །རྩྭ་རློན་ལག་པས་དཀྲུགས་པ་ལྟར། །སྨྱོ་འབོག་སྙིང་རླུང་གི་གནོད་པ་འབྱུང༌། །ཚེ་དང་ལས་ཟད་མཐར་ཐུག་ན། །ཆུ་ཁམས་ཟད་པའི་རྩ་དང་འདྲ། །འདི་བརྒྱུད་པའི་གདམས་ངག་ཉིང་ཁུ་ཡིན། །རྒན་པོ་མཛེ་པོ་རྟེན་ཞན་ལ། །བཙན་ཐབས་ཀྱི་འཕོ་བ་གསུངས་པ་དེ། །ངེས་པར་སྡུག་གྲིར་ཤི་བས་ན། །རབ་ཏུ་བྱུང་བས་མི་བྱ་གསུངས། །གནད་ལྔ་དང་ལྡན་པའི་འཕོ་བ་འདི།། ཁྱད་པར་ཀུན་ལས་འཕགས་པའི་ཕྱིར། །ཡུལ་དང་བསམ་པ་རྩ་དང་རླུང༌། །དུས་ཀྱི་གནད་ཀྱིས་ཚེགས་མེད་པར། །དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ།།

གནས་ལས་བྱུང་བའི་གྲིབ་སེལ་གྱི། །གདམས་པ་དཔག་མེད་གསུངས་ན་ཡང༌། །ཐལ་ཚན་ཆུ་གྲང་གི་སྦྱོར་བ་དང༌། །རིམ་གཅིག་འབྲི་དང་བསྟན་པར་བྱ། །བདག་གིས་ཏིང་འཛིན་རྩེད་མོ་ཡིས། །བྲག་ལ་མི་མཐུན་ཕྱོགས་རྣམས་འཕོས། །དེ་ལ་མེ་ཡི་སྦྱོར་བ་བྱས། །འབྱུང་བ་བཞི་པོ་འདྲ་བར་གདའ། །ངེས་པར་ཕ་ཕོགས་ཡིན་པའི་ཕྱིར། །ཅིས་ཀྱང་འབྱུང་བར་ངེས་པས་ན། །ཏིང་ངེ་འཛིན་གྱིས་ལེན་བྱེད་ཅིང༌། །ཏིང་འཛིན་གཅིག་པུས་སེལ་བ་ཡིན། །མོས་གུས་ལྡན་པའི་སློབ་མ་དེ། །དྲུང་དུ་ཕྱིན་དང་མ་ཕྱིན་མེད། །ཤིན་ཏུ་གཅེས་པར་གྱུར་ན་ནི། །དུས་ཡུན་རིང་གཅེས་པར་མཛད་པ་ཡིན། །མི་གཅེས་མྱུར་དུ་ཕྱུང་ངམ་སྙམ། །སྤྱིར་ཕན་དང་བདེ་བ་ཐམས་ཅད་ཀུན། །སྐྱེད་པར་བྱེད་པའི་གདམས་ངག་ནི། །རིག་པར་ལྡན་པའི་ས་ག་མས།། རི་དྭགས་འཛིན་གྱི་རིམ་འགྲོ་ལྟར། །བརྟགས་ཤིང་དཔྱད་པས་རྟོག་པ་ཡིས། །ཕན་པ་སྐྱེད་བྱེད་དེ་བསྟན་པས། །ནད་དང་སྡུག་བསྔལ་དག་ལས་ཐར། །འཚོ་བྱེད་སྨན་པའི་རྒྱལ་པོ་ཡིས། །ས་ཡི་སྟེང་འདི་སྨན་གྱིས་གང༌། །ཐམས་ཅད་རྟོགས་པས་མཁས་པ་ཡིན། །འདི་འཇིག་རྟེན་རིག་བྱེད་ཐམས་ཅད་དང༌། །ཐུབ་པའི་དམ་ཆོས་མ་ལུས་པ། །ཐོག་མ་བར་དང་མཐར་དགེ་གང༌། །དང་པོར་དགེ་བ་བར་དང་མཐར། །དགེ་བ་གཅིག་པུར་འགྱུར་བ་འདི། །མྱོང་བ་ཅན་གྱི་དམ་ཆོས་ཡིན།།

རྫས་ཀྱི་རྟེན་འབྲེལ་ཤེས་པ་དེ་མཆོག་ཡིན་ནམ་སྙམ་ན། ཕྱི་རོལ་རྟེན་འབྲེལ་མ་ལུས་པ། །མོ་བོན་ཇུ་ཡག་དང་ཁྱད་པར་མེད།། བདག་ལ་ལོ་གསུམ་བར་དུ་བྱུང༌། །བདག་ནི་ཤིན་ཏུ་གསང་དམ་པས། །ཕྱི་རོལ་དུ་མ་ཤོར་བསམ་པའི་གནད། །མི་རྟག་རྟེན་འབྲེལ་གོ་བའི་ཕྱིར། །ཐུབ་པའི་གསུང་རབ་ཐམས་ཅད་ཀྱིས། །དམ་པའི་ཆོས་སུ་ཕེབས་པ་ཡིན། །རླུང་གི་སྟོབས་ཀྱིས་བསལ་བ་ལས། །སྐྱོན་དང་ཡོན་ཏན་གང་ཡང་མིན། །སྣང་ཞིང་ཤེས་པ་དེ་དག་ཀུན། །མཁྱེན་པའི་ཡེ་ཤེས་ཁྱད་པར་མེད། །འཁོར་བ་སྡུག་བསྔལ་རྒྱ་མཚོ་དེ། །ཕྱག་རྒྱ་ཆེན་པོར་ཡོང་བ་ལས། །རྫུ་འཕྲུལ་རྟགས་དང་མཚན་མས་མིན། །འདི་བོན་པོས་སྐྱུག་ལོག་ཡི་ཆད་ལགས།།

རང་གི་འཁོར་གཅེས་པ་སྙིང་པོར་གྱུར་པ་ཚེ་རིང་བར་འདོད་ན་ཇི་ལྟར་བྱ་སྙམ་ན། རྒྱ་མཚོ་ལྟ་བུའི་ཚོགས་སྐྱོང་བའི། །དགེ་བའི་བཤེས་གཉེན་ཆེན་པོ་རྣམས། །རང་དང་འཁོར་རྣམས་ཚེ་རིང་ཞིང༌། །བཀྲ་ཤིས་བདེ་ལེགས་འབྱུང་བ་དང༌། །ཁྱད་པར་བར་ཆད་མེད་འདོད་ན། །རང་བསྐྱེད་རིམ་བརྟན་པ་གཞིར་བཞག་པས། །མ་འོངས་འབྱུང་བ་ཡི་དམ་ལྷར། །སྒོམ་པས་མཐོང་ཚད་ལྷར་འགྱུར་ལགས། །ཁྱད་པར་གཅེས་པ་དེ་བཞིན་ནོ།།

སྲོག་ཐིག་ལེར་གཞུག་པའི་མན་ངག་ནི། །ནད་དང་སྡུག་བསྔལ་ཞི་བ་དང༌། །ཏིང་འཛིན་བཟང་པོ་སྐྱེ་འདོད་པས། །དང་པོར་ཉོན་མོངས་ལམ་དུ་བཏང༌། །དེ་རྗེས་བྱང་ཆུབ་སེམས་ལས་བྱུང་བ་ཡི། །ཁམས་གསུམ་བདག་པོ་ཆེན་པོ་ཡིས། །འོ་མ་འགྲིམ་པ་ལྟ་བུ་ལ། །ཨིནྡྲ་ནི་ལ་མཚན་གྱི་འོད། །འབར་བ་རྩ་བ་ལྟ་བུར་བསྒོམ། །རླུང་ཨ་ཝ་དྷུ་ཏཱིར་ཚུད་གྱུར་པས། །མཐའ་དབུས་མེད་པར་བདེ་ཆེན་འབར། །སེམས་ནི་གཟུགས་ཀྱི་ཁམས་ཉིད་དེ། །འོད་གསལ་ཁམས་གསུམ་ངོ་བོ་ཉིད། །དེ་རྒྱུན་ཆད་མེད་པར་བསྐྱང་བར་བྱ།།

གཞན་གྱིས་གནོད་པ་བྱས་པ་ལ་བྱམས་སྙིང་རྗེ་བསྒོམས་པས་དེ་འཆི་བ་ངེས་པར་འདུག་པས་མི་འཆི་བའི་ཐབས་ཡོད་དམ་སྙམ་ན། འཁོར་འདས་མཉམ་ཉིད་རྟོགས་གྱུར་པས། །ཕན་དང་གནོད་པ་འབྱུང་བ་དང༌། །བྱམས་དང་སྙིང་བརྩེ་ཡོད་པར་གཅིག །ངེས་པར་ཕུང་བར་གྱུར་པ་ཡིན། །མ་འོངས་དུས་སུ་ཐུགས་རྗེས་བཟུང༌། །དེ་ལས་གཞན་པའི་གདམས་ངག་མེད། །མ་སྒོམ་དུས་སུ་འབྱུང་བ་དེ། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན། །བསྒོམས་པས་ཉམས་སུ་མྱོང་བ་དེ། །རྣལ་འབྱོར་ཏིང་འཛིན་ཁ་ཟས་ཡིན།། གཞན་དོན་བསྒོམས་པས་འབྱུང་བའི་ཕྱིར། །མི་མཐུན་བསལ་བས་བཅོས་པར་བྱ། །བདེ་བ་འགྲོ་བ་ཐམས་ཅད་འདྲེན། །མི་རྟོག་ཏིང་འཛིན་སྐྱེ་བའི་གནས། །ཕྱི་རོལ་ཡུལ་ལ་དམིགས་པ་དེ། །འཕྲོས་པས་རྒྱལ་བའི་ཐུགས་དམ་བསྐང༌། །སྟོང་ཉིད་ངང་དུ་གནས་པ་དེ། །བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ། །འདི་འགྲོ་བའི་དོན་ཕྱིར་དེ་བཞིན་གཤེགས།།

ཚད་མེད་བཞི་སེམས་ཅན་གྱི་དུས་ན་གང་ཡིན་པ་དང༌། ཡོན་ཏན་ཅི་སྐྱེ་སྙམ་ན། བྱམས་པའི་སེམས་ཀྱིས་རྣམ་པར་གདུངས།། ཡི་མུག་སྙིང་རྗེ་ཆེན་པོ་ཉིད། །དགའ་བ་ཡུལ་ལ་འདོད་ཅིང་ཆགས། །བཏང་སྙོམས་རྣམ་པ་གསུམ་དུ་འདོད། །ཀུན་ཁྱབ་བྱམས་པ་ཆེན་པོའི་སེམས། །དེ་ཡི་རྗེ་འབྲངས་སེམས་ལས་བྱུང༌། །ཡོན་ཏན་སྒྲུབ་པ་མན་ངག་གནད། །སྙིང་རྗེ་གནོད་པའི་སྒོར་གྱུར་པས། །གཤེ་དང་བརྡེག་དང་འཇིགས་པར་བྱེད། །དབང་ནི་འདོད་པའི་གནས་གྱུར་པ། །དེ་བས་ལྷག་པ་ཡོད་པའི་ཕྱིར། །དེ་ཡི་རྫས་ཀྱི་སྦྱོར་བ་རྣམས། །དཔལ་ལྡན་རྡོ་རྗེ་འཆང་གིས་གསུངས། །བདེ་གཤེགས་རིགས་ལྔའི་དངོས་གྲུབ་ཀུན།། དབྱེར་མེད་རང་བཞིན་གྱིས་ལེན་གྱུར་པས། །ཕྱི་ནི་དགའ་ཞིང་ཉམས་བདེ་སྟེ། །ནང་གི་དངོས་གྲུབ་དེ་ཉིད་ཀྱང༌། །བདག་ཉིད་གཅིག་པའི་འབྲེལ་པ་ཡིས། །དོན་རྩ་བའི་རྫས་ཀྱི་གནད་དུ་ངེས།།

ཕྱག་རྒྱ་ཆེན་པོའི་ཁྲིད་མ་གཏོགས་པའི་བསྐྱེད་པའི་ཐབས་ཡོད་དམ་སྙམ་ན། སྦྱོར་བའི་ཆོས་ཀྱི་དབང་བྱས་པའི། །བདེན་པ་གཉིས་ཀྱིས་མན་ངག་དང༌། །ཐུན་འཇོག་ཨ་རོ་ལ་སོགས་པ། །ཁོང་རང་གྲུབ་མཐའི་བྱེ་བྲག་རྣམས། །བསྒོམས་པར་གྱུར་པའི་དུས་གཅིག་ན། །ངོ་སྤྲོད་བྱས་པས་ཆོག་པ་ཡི། །གཅིག་ཏུ་འདྲེ་བའི་དུས་གནད་ཡོད། །ཉམས་སྐྱེས་པ་འདག་པར་ནུས་པ་ཡི། །རྡོ་རྗེ་འཆང་ཆེན་བླ་མ་དགོས། །འཇིག་རྟེན་མགོན་པོས་མཛད་པ་ལགས།།

རིན་པོ་ཆེའི་བུ་སློབ་ལ། རྣམ་པར་ཐར་པ་དང་རྟོགས་པ་ཐ་དད་པར་འོང་བར་འདུག་པ་དེ་ལ་ཇི་ལྟར་བལྟ་སྙམ་ན། སེམས་ཅན་ཀུན་གྱི་ཉོན་མོངས་དང༌། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། །སངས་རྒྱས་རྣམས་ཀྱི་འཕྲིན་ལས་འདི། །རྒྱུ་དང་ལམ་དང་འབྲས་བུ་ཡིས། །ཐ་དད་རིམ་པ་གསུམ་དུ་གནས། །འདི་ཤེས་ཤིང་མཐོང་བས་གྲོལ་བ་ལ། །ཡུན་རིང་བསྐལ་པར་བསྒོམ་མི་དགོས། །དེ་ཉིད་མཐོང་བར་མ་གྱུར་ན། །བསྐལ་པ་ལྷག་པར་བསྒོམས་ན་ཡང༌། །འབྲས་བུ་ཐོབ་པའི་དུས་མེད་པས། །གྲངས་མེད་བསྐལ་པས་ག་ལ་ཕན། །གྲུབ་མཐའ་ཐ་དད་སྣ་ཚོགས་པ། །བཟུང་ན་ཡོན་ཏན་མི་སྐྱེ་བས། །སེམས་རྟོགས་པའི་གང་ཟག་མིན་པ་མེད། །རྟོགས་པ་དེ་ཉིད་གཞིར་གྱུར་པའི། །ཡུལ་གྱི་དངོས་པོ་རྟོགས་པ་ཡི། །བྱེ་བྲག་མཐའ་ཡས་ཚད་མེད་པས། །ཨེ་མ་རྣམ་ཐར་བསམ་མི་ཁྱབ། །དེ་ལྟར་བལྟས་པས་ཡོན་ཏན་གྱི། །ཕུང་པོ་ཆེན་པོ་ཁྱེད་ལ་སྐྱེས། །སྡེ་འཁྲུག་བྱས་པའི་གནས་ལ་སོགས། །གྲིབ་ཀྱིས་སེམས་ལ་ཕོག་གྱུར་ཅིང༌། །ཤིང་སྐམ་དང་འདྲ་བར་གྱུར་པ་ལས། །སྣང་བ་ཟིལ་གནོན་གྱི་གདམས་ངག་དགོས། །འདི་ལ་དཀོན་མཆོག་གསུམ་གྱི་རྟེན། །ཚ་ཚ་འདེབས་པ་ལ་སོགས་དང༌། །ཐུབ་པས་གསུངས་ཤིང་བྱིན་བརླབས་པ། །ཟབ་མོའི་མདོ་སྡེ་བསྒྲགས་པ་དང༌། །དགེ་སློང་བཞི་སྡེ་ལ་སོགས་པར། །བྱིན་གྱིས་བརླབ་པར་ཞུ་བ་འདི། །ཕྱི་ཡི་རྟེན་ཅིང་འབྲེལ་པ་ཡིན། །ནང་ཏིང་ངེ་འཛིན་གྱི་བྱེ་བྲག་ནི། །ཐབས་དང་ཤེས་རབ་ཀྱི་བོགས་འདོན་གྱི།། མན་ངག་ལ་བརྟེན་ཟབ་མོའི་རླུང༌། །བཅོམ་ལྡན་འདས་ཀྱིས་དབུ་སྙུང་བཞེས། །སེམས་ལས་སུ་ཅུང་ཟད་རུང་བའི་ཚེ། །ཞེ་སྡང་འཕོ་བའི་བྱེད་ལས་གཅིག །གཉིས་ཀས་འཆི་བར་བྱེད་པ་ཡིན། །སློབ་མ་རྣམས་ལ་གདམས་པ་དེ། །འདོད་ཆགས་ཞེ་སྡང་གཏི་མུག་ལ། །ཞེ་སྡང་གིས་ནི་མཐར་བྱེད་འགྱུར། །འདིར་ཡང་འདོད་པའི་ཡུལ་དེ་རུ། །ཞེ་སྡང་གི་དེ་ཡི་ལུས་སུ་འགྱུར།།

དང་པོ་བསོད་ནམས་བྱུང་ནས་ཕྱིས་བསོད་ནམས་ཆུང་བ་དེ་རྒྱུ་གང་ཡིན་སྙམ་ན། དྲན་དང་ཤེས་བཞིན་བག་ཡོད་དང༌། །ཆོག་ཤེས་ནོར་རྣམས་དོན་གཅིག་ཕྱིར། །སྔ་མའི་ཐོག་ཏུ་མ་གནས་ནས། །ཕྱི་མ་འདོད་པའི་སྐྱོན་གྱིས་འབྱུང༌། །སྔ་མ་དེ་ཉིད་ཆོག་ཤེས་ན། །ཡོན་ཏན་ངོ་བོ་ཉིད་ཀྱིས་སྐྱེ། །ཐུབ་པའི་དམ་ཆོས་མ་ལུས་པ། །མི་ཆོས་མདུན་ཆོས་ཟབ་མོ་ཡིན། །གཤིས་ཐ་དད་དུ་ཡོད་པས་མི་འགྱུར་བར། །སྦྱོར་དངོས་གཉིས་པོ་མི་འགྱུར་ཡང༌། །རྗེས་ལ་འཁོར་བ་བསྐྱེད་པར་འགྱུར། །བསམ་པ་མི་དགེ་བའི་བསམ་པ་དང༌། །གཉིས་མེད་དབྱེ་བ་མེད་གྱུར་ཀྱང༌། །ཕྱི་མ་སྒྲུབ་བྱེད་ལས་ཀྱིས་འབྱེད། །འདི་ཡོན་ཏན་རྒྱ་མཚོ་བསྐྱེད་པའི་གཞི།།

མན་ངག་འདི་རྣམས་མི་བཞེད་ཀྱང་བསྒོམས་པས་ཕན་པར་འདུག་པ་ཅི་ཡིན་སྙམ་ན། བློ་སྦྱོང་གི་མན་ངག་ཟབ་མོ་དང༌། །བདག་ཉིད་ཆེན་པོའི་བྷ་ལིང་གིས། །ལུས་སྲོག་གཉིས་ལ་ཆགས་ཞེན་བྲལ། །ནད་དང་གནོད་པ་ལྡོག་པ་དེ། །གཤིས་འགྱུར་བ་མེད་པས་ཕན་ལགས་ཀྱང༌། །དོན་འདི་སུས་ཀྱང་གོ་བ་མེད། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འཁོར་ལོ་མགོ་ལ་བཟོད་བྱ་བ། །སྡུག་ཅིང་བསྔལ་བར་དོགས་པའི་སེམས། །བཟོད་པའི་སྟོབས་ཀྱིས་ཟིལ་གྱིས་མནན། །འཁོར་ལོ་མཁའ་ལ་འཁོར་བ་དེ། །དོན་ངོ་བོ་ཉིད་ཀྱིས་མཁས་ལ་འབྱུང༌། །དེད་དཔོན་སྟོན་པའི་མན་ངག་མེད། །གལ་ཏེ་མན་ངག་ཡོད་གྱུར་ན། །ཅུང་ཟད་དེ་ལ་ལྟར་གྱུར་པས། །རང་བྱུང་བྱང་ཆུབ་སེམས་སུ་གནས། །ཕྱིར་མི་ལྡོག་པའི་ས་ཐོབ་བོ། །འདི་ཁྱེད་ཀྱི་དྲི་བ་ལ་བརྟེན་ཏེ། །དེ་རིང་གོ་བ་སྐྱེས་པ་མིན། །གནད་འདི་སྔ་ནས་མངོན་དུ་གྱུར། །སྤྱིར་འཇིག་རྟེན་མགོན་པོའི་བཞེད་པ་ཡིས། །ཕ་རྒྱུད་མ་རྒྱུད་གཉིས་ཀྱི་དོན། །བླ་མའི་གདམས་ངག་རིམ་པ་ཡིས། །དོན་འདི་འབྱུང་བར་གྱུར་པ་དེ། །ཞི་གནས་ཏིང་འཛིན་བཟང་པོ་ཡིན། །དེ་སྤྲོས་མེད་འོད་གསལ་དུ་རྟོགས་གྱུར་པས། །ལྷག་མཐོང་ཏིང་འཛིན་དག་པ་ཡིན། །ཕུན་ཚོགས་ཡོན་ཏན་མ་ལུས་པ། །བྱང་ཆུབ་སེམས་ལས་འབྱུང་བར་ངེས། །ངན་ཞིང་བརྙས་པར་གྱུར་པ་དེ། །བཟང་པོ་ཡིན་སྙམ་ང་རྒྱལ་སྐྱེ། །བཅུད་དགུ་ལྡན་པ་སྣོད་བྱས་ན། །མེ་ཡི་ནང་དུ་བསྲེགས་པས་དྲི་ངན་བྱུང༌། །གོས་བཟང་པོ་འདོད་ཀྱང་མ་རྙེད་དེ། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །འགྲོ་བའི་དོན་ཕྱིར་འབད་པ་དེས། །ཕུན་ཚོགས་ཡོན་ཏན་རྒྱ་མཚོ་བྱུང༌།།

མིའི་ལུས་དགེ་བ་བཅུས་འགྲུབ་པ་ལ་ཆགས་སྡང་གིས་མཚམས་སྦྱར་བའི་རྒྱུ་གང་ཡིན་སྙམ་ན། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ལས་དགེ་དང་མི་དགེ་ལུང་མ་བསྟན། །ཆགས་སྡང་རྨོངས་གསུམ་ཀུན་གྱིས་བསྐྱེད། །སྐྱེ་མེད་ཆོས་སྐུས་འཁོར་བ་སྤོང༌། །བྱམས་པ་བྱང་ཆུབ་སེམས་ཉིད་ལ། །འཁོར་གསུམ་དུ་རྟོག་པ་མ་རིག་པ། །དེ་དང་མཐུན་དང་འགལ་རྐྱེན་གཉིས། །ཆགས་ཤིང་སྡང་བ་ཁྱད་པར་ཆོས། །འཁོར་བ་སྐྱེད་བྱེད་བྱེད་པའི་གཞི། །མི་གནས་མྱ་ངན་འདས་པའི་བདག ། སངས་རྒྱས་རྣམས་དང་སེམས་དཔའ་དང༌། །འཁོར་འདས་ཐམས་ཅད་འདི་ལས་བྱུང༌། །འདི་ནི་རྨད་དུ་བྱུང་བའི་ཆོས། །དགེ་སྦྱོར་ལ་མཉམ་པར་བཞག་དུས་སུ། །བར་ཆད་བདུད་ཀྱི་ཚོགས་འབྱུང་བ། །དེ་ཉིད་ཆོམ་པར་མ་གྱུར་ན། །ཕྱིས་ཀྱི་བཀྲེན་རྙིང་ལྡང་བར་འགྱུར། །བླ་མེད་དབྱེ་དགོན་སྤོང་བ་རུ། །འཐབ་ཏུ་འོང་བས་འབྲུམ་བུ་བྱུང༌། །སལ་སིལ་དང་ཁྲུད་མ་བྱས་པས་ལྡོག ། འདི་ལ་བྱང་ཆུབ་སེམས་ཉིད་དང༌། །ཆོས་ལྔ་དེ་དག་ཡིན་གྱུར་ཀྱང༌། །དངོས་པོ་དེ་ཉིད་ཕྱག་རྒྱ་ཆེ། །ཡི་དམ་ལྷ་རུ་གྱུར་པ་ཡིས། །སྔ་མ་བྱང་ཞིང་ཕྱིས་མི་འབྱུང༌། །དེ་ཕྱིར་དངོས་པོ་རེ་རེ་ཡང༌། །རྒྱལ་བ་རིགས་ལྔར་གྱུར་པའི་ཕྱིར། །རིགས་ཀྱི་དབྱེ་བ་བསམ་མི་ཁྱབ།།

ཕྱི་ཡུལ་གྱི་དངོས་པོས་ནང་དུ་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་ནི། ཕྱི་རོལ་རྟེན་འབྲེལ་མ་ལུས་པས། །རང་གཞན་སྒྲུབ་པར་བྱེད་པ་འདི། །ཐུབ་པ་ཆེན་པོས་མཁྱེན་པ་ཡིན། །བདེ་ཆེན་སྐྱེ་བའི་གནས་དྲོས་པས། །བྱིན་རླབས་མ་ཡིན་ངོ་བོ་ཉིད། །རྟེན་འབྲེལ་གྲུབ་པས་འབྱུང་བ་དེ། །དཔལ་བིརྺ་ཆེན་པོའི་བཞེད་པར་གདའ། །འོན་ཀྱང་འགྲིག་དང་སྒྲིག་མཁན་གང༌། །དཔལ་ལྡན་ནཱ་རོ་པཎ་ཆེན་གྱིས། །སྟོང་ཉིད་སྙིང་རྗེ་ཡིན་ཞེས་གསུངས། །ཁྱེད་ཀྱིས་ཅིས་ཀྱང་འདི་གཉིས་ལས། །གཞན་པའི་དམ་ཆོས་མ་ཚོལ་ཅིག།

བྱ་བ་འགྲུབ་པའི་རྒྱུ་གང་ཡིན་སྙམ་ན། སྤྱིར་ཤེས་པའི་སྟོབས་ལ་གནས་པ་ཡི། །བྱ་བ་དང་བྱེད་པ་རྒྱ་ཆེན་འགྲུབ། །མཐོ་དམན་བྱ་བ་ཐམས་ཅད་ལ། །བདག་འཛིན་བཏང་བས་ཕྱལ་གྱིས་འགྲོ། །ཁྱེད་ཀྱི་ཐོག་ཏུ་དེ་འདྲ་བའི། །བྱ་བ་བྱུང་བ་ཇི་ལྟར་བསྒྲུབ། །གཅིག་པུ་གཉིས་སུ་མེད་པ་རུ། །རི་ཁྲོད་དགོན་པར་ཤད་ཀྱིས་འགྲོ། །དེ་བྱ་བར་དཀའ་བའི་སྤྱོད་པ་ཡིས། །དེ་ཡང་ཉོན་མོངས་སེམས་ཀྱིས་མིན། །དམ་པའི་ཆོས་ལ་བསྒྲུབ་པ་བྱས་གྱུར་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འདུ། །སྐྱུ་ར་ཡོན་བདག་ཉ་བཟང་གིས། །ཇ་ཞོ་ལྔ་ལ་ཡི་ཆད་དེ། །སྒྲུབ་པ་བྱས་པ་ཞེ་སྡང་ཡིན། །ཐུན་མོང་མ་ཡིན་གདམས་པ་ནི། །ཇི་ལྟར་བསྟན་དང་བཤད་པ་དང༌། །ལོ་རྒྱུས་མཐོ་དམན་ཐམས་ཅད་ཀུན། །རྩ་བར་གྱུར་པ་འདི་ལས་མེད། །མི་མཐུན་གནོད་པ་ཚན་ཆེན་ལ། །གཟུང་འཛིན་བྱས་ཤིང་བྲོས་ན་ཡང༌། །ཕྱི་ཕྱིར་འཇིགས་པ་ཆེན་པོ་སྐྱེ། །དེ་ཉིད་ཀྱི་ཐོག་ཏུ་བསྡད་ནས་ཀྱང༌།། ལམ་དུ་བཏང་བའི་མན་ངག་དང༌། །བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོ་ཡིས། །ཡོན་ཏན་རྒྱ་མཚོར་དཔུངས་ཀྱིས་འགྱུར། །ཉོན་མོངས་དུག་གི་དམག་ཚོགས་དེ། །གཉེན་པོ་ཡེ་ཤེས་རྡོ་རྗེས་འཇོམས། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་དེས། །ཁྲོ་གཏུམ་རྔམ་པས་གདུག་པ་སྒྲོལ། །ཀུན་བཟང་ཆོས་དབྱིངས་ཁྱབ་པར་ཡང༌། །ཞི་བའི་བདག་ཉིད་ལྷུན་གྱིས་གྲུབ། །ཐུབ་མཆོག་བླ་མ་མཉེས་བྱའི་ཕྱིར། །གུས་པའི་བདག་ཉིད་ཕྱི་བཞིན་འབྲང༌། །ཕྱི་རོལ་ཡུལ་གྱི་རྐྱེན་དབང་གིས།། སྐྱེད་བྱེད་བསམ་པ་དེ་ཡི་ལུས། །གཅིག་དང་དུ་མར་སྣང་བའོ།།

ལར་གྱི་བྱ་བའི་འདུག་ལུགས་ཀྱིས། །དབྱིངས་འདི་བྱས་ན་བསྡད་པ་སྟེ། །དངོས་པོར་གྱུར་པ་ཅི་ཡང་རུང༌། །བྱ་བྱེད་མ་ལུས་ཐམས་ཅད་ལ། །མ་བྱས་དབྱིངས་སུ་གློད་པས་གྲུབ། །སྟོང་པ་ཉིད་ལ་མཉམ་བཞག་པས། །ཤེས་བྱ་ཀུན་ལ་ཐོགས་པ་མེད།། རིག་བྱ་རིག་བྱེད་མེད་པ་སྟེ། །བཟོ་རིག་པ་ཡིན་ཞེས་བླ་མས་གསུངས། །གློད་དང་སྒྲིམ་པ་རབ་སྤངས་ནས། །སྤྱིར་མཐའ་དང་བྲལ་ན་ལེགས་པར་འགྱུར། །དམིགས་པ་མོས་གུས་སྟོབས་སུ་འབྱུང༌། །མོས་པ་མྱོང་བ་སྐྱེས་ན་ཐོབ། །སྙན་ཅིང་འཇེབས་པའི་དམ་པའི་ཆོས། །དཔག་ཏུ་མེད་པ་བཤད་ན་ཡང༌། །མོས་གུས་མེད་པར་གྱུར་པ་དེ། །ཤིན་ཏུ་སྐོམ་པས་གདུངས་པ་ལ།། མེ་ལ་བསྟེན་ཅེས་སྨྲས་པས་ཉེས། །ཆུ་བསིལ་འཐུང་ཞེས་བསྟན་ན་གོ །དེ་ཉིད་མྱོང་བའི་མན་ངག་དེས། །ལུས་སེམས་གཉིས་པོ་ཚིམ་གྱུར་ནས། །ཅིས་ཀྱང་ཕན་བཏགས་དྲིན་དུ་གོ །ཉམས་མྱོང་ལྷ་ལ་སྐྱེས་པ་དེ། །རྒད་པོ་རྒན་མོ་མཛེ་མོའང་རུང༌། །རྩ་བའི་བླ་མ་དམ་པ་ཡིན། །དེ་ཅིས་ཀྱང་སྤོང་བར་མི་འགྱུར་རོ། །བུ་གཅིག་ཁྱེད་ཀྱི་དམ་ཆོས་ལ། །ནན་ཏན་འབད་པ་བྱ་བར་རིགས། །ངས་ནི་དཀའ་ལས་སྡུག་བསྔལ་གྱིས། །ཆོས་འདིའི་གོ་བ་རྙེད་པ་ཡིན། །ངས་དཀའ་བས་བསྒྲུབས་པའི་མན་ངག་གནད། །ཁྱེད་ལ་ནན་ཏན་ཆེན་པོས་གདམས། །ལེགས་པར་གཡོས་པའི་ཁ་ཟས་ལ། །ཟོས་པས་ཆོག་པའི་དུས་དང་འདྲ།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །བསྒྲུབ་ལ་ནན་ཏན་འབད་པར་ཞུ། །གདམས་ངག་མན་ཆུང་གི་མགོ་བསྐོར་དང༌། །ཚིག་དང་ཐ་སྙད་ཀྱི་སྤྲོས་པ་ལ། །ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་གནད། །འབྱུང་བར་གྱུར་པ་མ་ཡིན་ཏེ། །ཚིག་ཕྲེང་རི་བོ་བསྣོལ་བའི་ བར། །དོན་མཉམ་ཉིད་ཡངས་པའི་ཡངས་ཐང་ཡོད། །སྟོན་པའི་དམ་ཆོས་བསྡུས་པའི་དོན། །འཇིག་རྟེན་མགོན་པོའི་ཐུགས་དགོངས་མཆོག །བྱང་ཆུབ་སེམས་གཉིས་མ་གཏོགས་པ། །ཚིག་ཚོགས་གདམས་ངག་གི་སྤྲོས་པ་ཆོད། །བླ་མ་རྣམ་པ་སྣ་ཚོགས་ཀྱི། །གདམས་པ་ཐ་དད་སྣ་ཚོགས་པས། །རླབས་ཆེན་དོན་དུ་མི་འགྱུར་ཏེ། །རྗེ་གོང་མས་ཐམས་ཅད་ཕྱོགས་སྔར་བཞག །ང་ཡང་གཅིག་ཏུ་དེ་རུང་འབྲངས། །གཞན་ལ་སྣ་ཚོགས་གདམས་པ་མངའ། །མཁས་དང་རྨོངས་པའི་ཁྱད་པར་གྱིས། །སྐྱེས་ཆེན་གཉིས་ཀྱིས་མཛད་པ་ལ། །ད་ལྟ་ཁྱེད་ཀྱིས་ལྟ་བར་གྱིས། །དེ་ཕྱིར་འཇིག་རྟེན་མགོན་པོ་ཡི། །རྗེས་སུ་འབྲང་བ་ཉིད་དུ་མཛོད།།

ལར་གྱི་རྣལ་འབྱོར་དབང་ཕྱུག་རྣམས། །བླ་ན་མེད་པའི་དཀོན་མཆོག་ལ། །ངེས་པར་སྐྱབས་སུ་སོང་བ་དང༌། །ཉོན་མོངས་རྣམ་རྟོག་སྤངས་པ་ཡི། །ཚུལ་ཁྲིམས་རྣམ་པར་དག་པ་དང༌། །སྙིང་རྗེ་ཆེན་པོ་ལས་བྱུང་བའི། །བྱང་ཆུབ་སེམས་ཀྱི་མཐུ་སྟོབས་དང༌། །ཚད་ལྡན་བླ་མ་དམ་པ་ཡི། །དབང་ལས་བྱུང་བའི་བསྐྱེད་རྫོགས་གཉིས། །སྡོམ་གསུམ་གཅིག་ཏུ་གྱུར་པ་ཡིས།། ཐོག་མ་མེད་པའི་འཁོར་བ་དང༌། །ནད་དང་གནོད་པ་སྡུག་བསྔལ་དང༌། །མི་མཐུན་བར་ཆད་བགེགས་ཀྱི་ཚོགས། །བདུད་ཀྱི་སྡེ་རྣམས་བཅོམ་ནས་ཀྱང༌། །ཆོས་རྗེ་ཁམས་གསུམ་ལས་རྒྱལ་བར། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །བུ་དེ་ཕྱིར་དམ་ཆོས་ཤེས་བྱ་ལ། །རྣམ་གཞག་ཙམ་དུ་མ་སོང་བར། །རང་རྒྱུད་དག་པ་ཤིན་ཏུ་གཅེས། །ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས། །ཉོན་མོངས་ལས་སྡུག་བསྔལ་འབྱུང་བ་འདི། །མངོན་སུམ་དུ་མཐོང་ཞིང་གོ་ན་ཡང༌། །སྤོང་བའི་ཐབས་ལ་མི་འབད་ན། །དགྲ་འབྱུང་བར་ཤེས་ཀྱང་མི་འབྲོས་པས། །རང་ཉིད་གསོད་པར་འགྱུར་དང་འདྲ། །དེ་ཕྱིར་དེ་ཉིད་བསྒོམ་པ་ལ།། བསྲུང་བཟློག་མན་ངག་ལོགས་སུ་མེད། །གལ་ཏེ་རྐྱེན་ངན་བཟློག་གྱུར་ཀྱང༌། །ལམ་དོག་པོའི་འཕྲང་དུ་ཚུད་གྱུར་ན། །མཉམ་ཉིད་སུམ་གཉིས་སུམ་ཆ་ཡི། །དོན་མ་གོ་བས་ལན་པ་ཡིན། །མཉམ་དང་ལྷག་པ་ཅིས་ཀྱང་དགོས། །དེ་ལྟར་ཉམས་སུ་བླངས་པ་ཡིས། །གཟུགས་སྣང་ཐ་དད་སྣ་ཚོགས་པ། །གཉིས་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །ཚོགས་དྲུག་ལྷ་ཡི་དཀྱིལ་འཁོར་ཡིན། །མིག་ནི་ས་ཡི་སྙིང་པོ་སྟེ། །སྡུག་དང་མི་སྡུག་བར་མ་གསུམ། །པདྨ་རྡོ་རྗེ་སངས་རྒྱས་རིགས། །དེ་ཉིད་ཡུམ་ལྔའི་རང་བཞིན་ཏེ། །རིང་དང་ཐུང་དང་བར་མ་དག །རིགས་གསུམ་དེ་ཉིད་ལྔར་གྱུར་པས། །བདེ་གཤེགས་རིགས་བརྒྱར་འགྱུར་བ་ཡིན། །དེ་དག་ཐམས་ཅད་གཉིས་མེད་ཅིང༌། །ལྷུན་གྲུབ་སེམས་ཀྱི་དེ་ཉིད་དུ། །གཅིག་པ་རིགས་གཅིག་ཏུ་གྲགས་པས།། འདི་ནི་འབྲས་བུ་མཐར་ཐུག་པ། །སེམས་ཅན་ཁམས་དང་མཉམ་པས་ན། །བསམ་མི་ཁྱབ་པའི་ཕྲིན་ལས་ཡིན།།

དེ་ལྟར་འགྲོ་མགོན་ཞབས་དྲུང་དུ། །ཤཱཀྱའི་དགེ་སྦྱོང་བསོད་སྙོམས་པ། །རྒྱལ་སྲས་ཤེས་རབ་འབྱུང་གནས་ཀྱིས། །ལེགས་གསུང་དྲི་མེད་རྒྱ་མཚོའི་ཚོགས། །བསམ་གྱིས་མི་ཁྱབ་ཐོབ་ན་ཡང༌། །ནམ་མཁའ་ལྟ་བུར་མཐའ་མེད་ཕྱིར། །དམན་པའི་རང་བློས་འཛིན་མ་ནུས། །བརྗེད་པར་འཇིགས་པས་བསྡུས་པའི་དོན། །འཁོར་འདས་ཀུན་གྱི་སྲོག་སྙིང་རྣམས། །ཡི་གེར་བྲིས་པར་གྱུར་པ་ལ། །བླ་མ་མཁའ་འགྲོ་མ་མཉེས་ན། །ཐུགས་རྗེ་ཆེན་པོས་བརྩེར་དགོངས་ཏེ། །བྱིན་གྱིས་བརླབ་ཅིང་བཟོད་པར་བཞེས། །བདག་ཇི་སྲིད་འཁོར་བ་མ་སྟོངས་ཚེ། །མཉམ་མེད་བླ་མ་རིན་ཆེན་དང༌། །སྐད་ཅིག་ཙམ་ཡང་མི་འབྲལ་ཞིང༌། །མཉེས་པ་དམ་པས་མཉེས་པར་ཤོག །བདག་ཆོས་དབྱིངས་ཞིང་ཁམས་མ་ལུས་པར། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་རྣམས།། སྒྲིབ་པ་མེད་པར་མཐོང་བ་དང༌། །དགེ་བ་མཐའ་དག་བསྒྲུབ་པར་ཤོག །བདག་དྲི་མེད་གསུངས་པའི་དམ་ཆོས་ལ། །སྤོབས་པ་ཕུན་སུམ་ཚོགས་པ་དང༌། །མི་ཤེས་རྨོངས་པའི་སེམས་ཅན་ཀུན། །བདུད་རྩིས་ཚིམ་པར་བྱེད་པར་ཤོག །བདག་ནམ་མཁའ་མཛོད་ལ་དབང་བསྒྱུར་ཞིང༌། །བསོད་ནམས་མི་གཡོ་ལྷུན་པོ་ཡིས། །སྐྱེ་འགྲོ་ཉེ་བར་འཚོ་བ་དང༌།། མཐར་ཕྱིན་རྟག་པའི་ས་ཐོབ་ཤོག །བདག་མཐར་ཐུག་སྟོབས་བཅུ་ལ་གནས་ཤིང༌། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །མ་ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །བྱང་ཆུབ་མཆོག་ལ་འགོད་པར་ཤོག །དགེ་བ་འདིས་མཚོན་འཁོར་འདས་ཀྱིས། །དུས་གསུམ་བསགས་དང་ཡོད་པ་དེས། །བདག་དང་སེམས་ཅན་མ་ལུས་པ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །རྗེ་འགྲོ་བའི་མགོན་པོ་ཆོས་རྗེ་རིན་པོ་ཆེའི་ཞལ་གྱི་བདུད་རྩི་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་རྫོགས་སོ།།


previousཞལ་གྱི་གདམས་པ་བདུད་རྩི་དྲི་མ་མེད་པའི་སྙིང་པོ།། next