Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐབས་ལམ་གནད་བདུན་མ།།
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཐབས་ལམ་གནད་བདུན་མ།། next

ཐབས་ལམ་གནད་བདུན་མ།།

བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ་ལོ།། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཆོས་བསམ་གྱིས་མི་ཁྱབ་པ་གཅིག་བཀའ་བསྩལ་པ་ལས། ཐེག་པ་ཆེ་ཆུང་གཉིས་སུ་འདུས་ལ། དེ་ལ་ཐེག་པ་ཆེན་པོ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་སོ། །གསང་སྔགས་ལ་རྒྱུད་སྡེ་བཞི། དེ་ལ་རྣལ་འབྱོར་བླ་ན་མེད་པའི་རྒྱུད། དེའི་དོན་ཧྲིལ་གྱིས་དྲིལ་ནས་ཉམས་སུ་ལེན་པ་ལ། ཟབ་པ་རྩ་རླུང་ཐིག་ལེ་གསུམ་ཡིན་པར་གསུངས་སོ། །དེ་ལས་རྩ་རླུང་བྱང་སེམས་ཀྱི་གནད་འདི་ལ་དོན་བདུན་ཏེ། སྒྲུབ་པ་པོ་གང་ཟག་གི་གནད། དུས་ཁྱད་པར་ཅན་གྱི་གནད། གནས་ཕུན་སུམ་ཚོགས་པའི་གནད། དབང་དུ་བྱ་བ་བྱང་ཆུབ་སེམས་བསྐྱེད་ཀྱི་གནད། གསོལ་བ་གདབ་པ་བླ་མའི་གནད། དངོས་གཞི་ཉམས་སུ་ལེན་པའི་གནད། དེའི་བྲལ་འབྲས་ཀྱི་གནད་དོ། །

དེའི་དང་པོ་ནི། ཆགས་གྲོལ་གཉིས་གང་ཡིན་ཡང། ལུས་ཕུན་སུམ་ཚོགས་པ་དབང་པོ་སྒོ་ལྔ་ལ་སྐྱོན་མེད་པ། ན་ཚོད་དར་ལ་བབ་པ་སྙིང་སྟོབས་ཆེ་བ། སྐད་གཅིག་ལ་འཚང་རྒྱ་བར་འདོད་པ་ཞིག་གིས་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །

གཉིས་པ། དུས་ཀྱི་གནད་ནི་གཏུམ་མོ་འབར་འཛག་ལ་གནད་དུ་སོང་བས་འདོད་ཆགས་སྐྱེས་པའི་དུས་དང༌། ཁྱད་པར་དུ་ཉ་སྟོང་ལ་སོགས་པའི་དུས་བཞི་དང༌། བུད་མེད་མཐོང་བ་ལ་ཆགས་པ་དྲག་པོ་སྐྱེས་པའི་དུས་སུ་གནད་དུ་བསྣུན་ནོ། །

གསུམ་པ། གནས་རི་ཁྲོད་དམ་དགོན་པ་དབེན་པ་སྒྲའི་ཀུ་ཅོ་དང་མི་ཚོགས་གཡེང་བ་མེད་པ་ཤིན་ཏུ་དབེན་པ་གལ་ཆེ་བ་ཡིན་ནོ།།

བཞི་པ། སེམས་བསྐྱེད་ཀྱི་གནད་ནི། གང་ཉམས་སུ་ལེན་པའི་སྔོན་དུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྩ་རླུང་བྱང་སེམས་ལ་གནད་དུ་བསྣུན་པར་བྱ་སྙམ་དུ་དར་ཅིག་བསྒོམ། དེས་དབང་བྱས་པའི་རྟོག་པ་ཐམས་ཅད་བྱང་སེམས་སུ་འགྱུར་བ་དང༌། ཆགས་ཅན་ལྟ་བུ་ཡིན་ནའང་ཉོན་མོངས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་དབང་བྱས་པས་ལེགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། ཉམས་པའི་སྐྱོན་ཐམས་ཅད་དེས་ཁེགས་པ་ཡིན་ནོ། །

ལྔ་པ། གསོལ་བ་གདབ་པ་ནི། མདུན་གྱི་ནམ་མཁའ་འམ། སྤྱི་བོའི་སྟེང་དུ་རྩ་བའི་བླ་མ་ཡབ་ཡུམ་གྱི་རྣམ་པར་བཞུགས། བརྒྱུད་པའི་བླ་མ་དང༌། ཡི་དམ་གྱི་ལྷ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲང་ཞིང་བསྟིམ། ཕྱི་ནང་གསང་གསུམ་གྱིས་མཆོད་ལ། ཉོན་མོངས་པ་ཐམས་ཅད་བདེ་སྟོང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་སྐྱེ་བར་མཛད་དུ་གསོལ། ཞེས་གདུང་པ་དང་བཅས་པས་ལན་མང་དུ་གདབ་བོ། །བདེ་ཆེན་སྐྱེ་མི་སྐྱེའི་གནད་འདི་ལ་རག་ལས།

དྲུག་པ། ཉམས་སུ་ལེན་པའི་གནད་ལ་གསུམ་སྟེ། རྩའི་ངོ་བོ་གང་ཡིན་པ་དང༌། རླུང་གི་ངོ་བོ་གང་ཡིན་པ་དང༌། བྱམས་སེམས་ཀྱི་ངོ་བོ་གང་ཡིན་པའོ། །

དང་པོ་རྩ་ལ་མང་ཡང་གསུམ་པོ་འདིར་འདུས་པ་ཡིན་ཏེ། གཡས་རོ་མ་ནས་ཁྲག་འབབ། གཡོན་རྐྱང་མ་ནས་དྲི་ཆུ་འབབ། དབུས་དབུ་མ་ནས་བྱང་སེམས་འབབ། དེ་ལ་ལུས་དཀྱིལ་ཀྲུང་བཅས་ནས་དྲང་པོར་བསྲང་བས། རྩ་དྲང་པོར་གནས་པར་འགྱུར་བས། ཨ་བ་དྷུ་ཏི་ལ་གནད་དུ་བསྣུན་པ་འདི་ཤིན་ཏུ་ཟབ་པར་འོང་སྟེ། དེ་ལྟར་ཡང༌། རྗེ་བཙུན་ཆེན་པོའི་ཞལ་སྔ་ནས། ཨ་བ་དྷུ་ཏཱིའི་སྟོང་ར་འདི། །སྟོང་རའི་ནང་ནས་མཆོག་ཏུ་གསུངས། །ཅེས་སོ། །

གཉིས་པ་རླུང་ལ་མང་ཡང་གསུམ་དུ་འདུས་པ་ཡིན། སྣ་བུག་གཡས་ནས་རྒྱུ་བའི་རླུང་དེ་རྩོལ་བ་ཞེས་བྱ་སྟེ་སྡུག་བསྔལ་སྐྱེད་པར་བྱེད་དོ། །གཡོན་ནས་རྒྱུ་བའི་རླུང་སྲོག་ཞེས་བྱ་སྟེ། བདེ་བ་སྟེར་བར་བྱེད་དོ། །ཆ་མཉམ་དུ་རྒྱུ་བ་དེ་ཡེ་ཤེས་ཀྱི་རླུང་ཡིན་ཏེ། དེ་ལ་གནད་དུ་བསྣུན་པས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་སྐྱེད་པར་བྱེད་དོ། །དེ་ལྟར་ཡང་སློབ་དཔོན་ཨརྻ་དེ་བའི་ཞལ་སྔ་ནས། རླུང་གི་དེ་ཉིད་རབ་རྟོགས་ན། །སེམས་ཀྱི་དེ་ཉིད་རྟོགས་པར་འགྱུར། །ཞེས་སོ། །

གསུམ་པ་བྱང་སེམས་ནི། འདོད་ཆགས་ཆེན་པོ་སྐྱེས་པའི་དུས་སུ། སྐྱེས་པ་དང་བུད་མེད་དང་དུད་འགྲོ་དང༌། དེ་རྣམས་ལ་རང་དབང་མེད་པར་འཛིང་སྙིང་འདོད་པ་འབྱུང་སྟེ། དེ་ལ་བྱང་སེམས་ཟེར། ཆགས་པ་དེ་ཉིད་ལ་གསང་སྔགས་ནས་བདེ་བ་ཟེར་བས། ཕ་རོལ་ཏུ་ཕྱིན་པ་ནས་འདོད་ཆགས་སམ་ཉོན་མོངས་པ་ཟེར་བས། ལམ་ཉེ་རིང་གི་ཁྱད་པར་ཡང་དེ་ཡིན།

དེ་ལ་གནད་དུ་བྱེད་པ་ལ་གསུམ་སྟེ། རབ་ཀྱིས་ཕྱག་རྒྱ་ཆེན་པོར་ངོ་འཕྲོད་པ་དང༌། འབྲིང་གིས་དངོས་གྲུབ་ཏུ་འཁྱེར་བ་དང༌། ཐ་མས་གེགས་སེལ་དུ་བྱ་བ་དང་གསུམ་མོ། །དང་པོ་ནི་གོང་ལྟར་དུ་སྐྱེས་པའི་དུས་སུ། ཕྱག་རྒྱ་ཆེན་པོ་རྒྱུ་ཕྱམ་ཕྱམ་བསྒོམས་པས་ཐིག་ལེའི་དྭངས་མ་ཐམས་ཅད་ཏིང་ངེ་འཛིན་དུ་གྱུར་ནས། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཆར་རོ། །

གཉིས་པ་འབྲིང་གིས་སུམ་ཁྲིད་ལྟར་འདོད་ཆགས་ཀྱི་རྟོག་པ་དེ་མ་ཤོར་ཕར་ཕུར་ཚུགས་སུ་བསྒོམས་ཏེ། འདོད་ཆགས་ཀྱི་རྟོག་པ་དེ་ཤོར་ན། དངོས་གྲུབ་ཤོར་བ་ཡིན་པས་འབད་པ་ཆེན་པོས་ཉམས་སུ་བླང་ངོ༌། །

གསུམ་པ་གེགས་སེལ་བྱ་བ་ནི། རྣལ་འབྱོར་པ་རླུང་སྒོམ་པའི་དུས་སུ་རྩ་མོ་རྩར། རླུང་ཕོ་རླུང་ཞུགས་པས་ཐ་མལ་པའི་འདོད་ཆགས་པས་ཀྱང་བཅུ་དྲུག་ཆར་ཡང་མི་ཕོད་པའི་ཆགས་པ་ཚུགས་ཐབས་མེད་པ་སྐྱེས་པའི་དུས་སུ་བསྒོམ་པ་ཡིན་ཏེ། དེ་ལ་དང་པོ་རླུང་ལ་འདི་ལྟར་སྦྱང་བར་བྱ་སྟེ། ལུས་ཀྱི་འཁྲུལ་འཁོར་གཏུམ་མོ་ལྟར་རམ། ཡང་ན་དཀྱིལ་ཀྲུང་དུ་བྱས་ལ། འོག་སྒོ་འཁོར་བའི་རྒྱུན་ཐག་གཅད་པ་ཞེས་བྱ་སྟེ། སྒྲོ་བཤང་གཉིས་ཀྱི་བར་རུས་པའི་སྟེང་ན་བྱང་སེམས་རྒྱུ་བའི་རྩ་ཡོད་པས། རྐང་པའི་རྟིང་པས་ཙིར་གྱིས་མནན། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་རྩ་བ་མནན་ཅིང་ཁུ་ཚུར་བཅངས་ཏེ་འཁྱུད་པའི་ཚུལ་དུ་བྱ། རྐང་པའི་སོར་མོ་རྒྱུ་ཞབས་སུ་བསྐུམ་པར་བྱའོ། །དེ་ནས་རླུང་གི་གནད་དང་སེམས་ཀྱི་དམིགས་པ་ནི། རྩ་དབུ་མ་གསལ་གདབ། གསང་གནས་རྡོ་རྗེའི་རྩ་བར་ཧཱུཾ་དཀར་པོ་ཞིག་བསམས་ལ། ངག་ཏུ་ཧཱུཾ་ཞེས་རིང་བ་དང༌། ཧཱུཾ་ཞེས་ཐུང་བའི་དུས་སུ་ཧཱུཾ་གིས་རླུང་སེམས་གཉིས་འདུས། དེ་ནས་ཡར་ཧྲིལ་གྱིས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་འགྲོ་ཡང་འགྲོ་ལ་སྤུངས་ཀྱིས་སོང་བར་བསམ་ཞིང་སྤྱི་བོའི་སྟེང་དུ་རིག་པ་བྱང་ཆུབ་ཀྱི་སེམས་འདི་འཛིན་མེད་རྟོག་མེད་དུ་མ་ཡེངས་པར་རླུང་བཟུང་བར་བྱའོ། །དེ་ནས་ཡང་འཁོར་ལོ་བཞི་རིམ་པ་ལྟར་ཡར་མར་དབབ། ཡང་ཡར་ཐེན། དེ་ལྟར་ཡར་སྦྱོང་མར་སྦྱོང་བྱས་ལ་རྗེས་སམ་སྐབས་སུ་ལུས་ཀྱི་འཁྲུལ་འཁོར་གྱིས་རླུང་དང་བྱང་སེམས་ལུས་ལ་ཁེངས་པར་བྱའོ། །དེ་ལྟར་ཡང་ཡང་སྦྱངས་པས། འབྱོངས་པའི་རྟགས་རྒྱུན་ཇེ་ཆུང་ཇེ་ཆུང་རྒྱུན་འཆད། མ་ཆད་ཀྱང་ཉུང་དུ་འགྲོ། རྡོ་རྗེ་སྦུབས་སུ་ནུབ། ཐིག་ལེ་ཕྱིར་ལན་གཅིག་ཀྱང་མི་འཆོར་རོ། །དེ་ནས་འདོད་ཆགས་ཚན་པོ་ཆེ་སྐྱེས་པའི་དུས་སུ། །གོང་ལྟར་ལུས་ཀྱི་འཁྲུལ་འཁོར་དང༌། རླུང་གི་བྱེད་པ་དང༌། སེམས་ཀྱི་དམིགས་པ་གསུམ་གྱིས་གནད་དུ་བསྣུན་ལ་ལུས་དགྲམ་ཞིང་ཕྱག་རྒྱ་ཆེན་པོ་བདེ་སྟོང་མཐའ་དབུས་མེད་པའི་ངང་ལ་འབྱམས་སུ་གཞུག དེ་ལྟར་ཡང་འདོད་ཆགས་ཉིད་ཀྱིས་འདོད་ཆགས་འདག་ཅེས་པའམ། དེ་ཡང་རབ་ཏུ་མི་གནས་པའི་རྒྱུད་ལས། རྩ་བའི་བདེ་བ་གང་ཡིན་པ། །འཁོར་བའི་གནས་སུ་བསྒོམ་པར་བྱ། །ཤེས་རབ་མཆོག་གི་མདའ་དག་གིས། །རྟོག་པའི་རྒྱུན་ལ་རབ་ཏུ་འབིགས། །ཞེས་པའོ།།

བདུན་པ་བྲལ་འབྲས་ལ་གཉིས་ཏེ། སྒྲིབ་པ་འདག་ཚུལ་དང་ཕན་ཡོན་དང་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ནི་འདོད་ཆགས་དྲག་པོ་སྐྱེས་པའི་དུས་སུ། སྙིང་རུས་ཆེན་པོ་བསྐྱེད་ནས་ཡང་དང་ཡང་དུ་བསྒོམས་པས་ནང་དུ་རྩ་མདུད་མང་པོ་གྲོལ་ཏེ། དེའི་དུས་སུ་ལས་དང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་རྩ་བ་ནས་འདག་པ་ཡིན་ནོ།།

གཉིས་པ་རྩ་དཔའ་མོའི་རང་བཞིན་དང༌། རླུང་དཔའ་བོའི་རང་བཞིན་དང༌། ཐིག་ལེ་གཉིས་མེད་ཀྱི་རང་བཞིན་གནད་དུ་སོང་བའི་ཚེ་ན། ཚེ་རིང་བ་དང༌། ནད་ཉུང་བ་དང༌། འཁོར་འདུ་བ་དང༌། རིན་པོ་ཆེའི་རྫས་ལ་སོགས་པ་ཐམས་ཅད་འབྱུང་བ་དང༌། མངོན་པར་ཤེས་པ་དང༌། རྫུ་འཕྲུལ་ལ་སོགས་པ་གྲུབ་ཆེན་བརྒྱད། དམིགས་པ་གང་ལ་གཏད་ཀྱང་གསལ་བ་དང༌། ཡི་དམ་གྱི་ལྷའི་ཞལ་མཐོང་ཞིང༌། གསུང་ཐོས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གནད་འདི་ལས་འབྱུང་ངོ༌། །ཡང་ས་དང་ལམ་གྱི་རིམ་པ་ཐམས་ཅད་ཀྱང་སྐད་ཅིག་ལ་བགྲོད་ནས་འགྲོ་བ་ལ་ཐོགས་པ་མེད་དེ། སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཆོས་ཀྱི་སྐུ་མངོན་དུ་གྱུར་བ་ཡིན་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་སངས་རྒྱས་ལས་ཁྱད་པར་དུ་འཕགས་པ། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་བདུན་ལྡན་དུ་གྱུར་པ་ཡིན་ཏེ། དེ་ལ་ཡན་ལག་བདུན་ནམ། དབྱིངས་ཡེ་ཤེས་དབྱེར་མེད་པའམ། སྤྲོས་པ་ཐམས་ཅད་དང་བྲལ་བས་ན། རང་བཞིན་མེད་པའི་ཡན་ལག་དང༌། ཡེ་ཤེས་ཀྱི་སྐུ་མཚན་དང་དཔེ་བྱད་འབར་བ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་རྟེན་དུ་གྱུར་པས་ལོངས་སྤྱོད་རྫོགས་པའི་སྐུའི་ཡན་ལག་དང༌། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པའི་བརྡར། བཙུན་མོ་དང་ཞལ་སྦྱོར་གྱི་རྣམ་པར་སྣང་བས་ཁ་སྦྱོར་གྱི་ཡན་ལག་དང༌། ཟག་མེད་ཀྱི་བདེ་བས་རྒྱུད་ཡོངས་སུ་གང་བས་བདེ་ཆེན་གྱི་ཡན་ལག་དང༌། ནམ་མཁའ་ལྟར་མཛད་པ་འཕྲིན་ལས་རྒྱུན་མི་འཆད་པས་རྒྱུན་མི་འཆད་པའི་ཡན་ལག་དང༌། མི་གནས་པའི་མྱ་ངན་ལས་འདས་པས། ཐབས་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱའི་དོན་མཛད་པ། ཉིད་ཀྱིས་འགོག་པ་མེད་པའི་ཡན་ལག སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་གོ། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །མ་རྣམས་བདེ་ཆེན་མྱུར་ཐོབ་ཤོག །ཐབས་ལམ་གནད་བདུན་མ་རྫོགས་སོ། །བཀའ་རྒྱ་དང་བཅས་པའོ། །གུ་ཧྱའོ།།


previousཐབས་ལམ་གནད་བདུན་མ།། next