Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སེང་གེའི་སྒྲ་སྒྲོག་དེ་ཉིད་བཞི་བ།།
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསེང་གེའི་སྒྲ་སྒྲོག་དེ་ཉིད་བཞི་བ།། next

སེང་གེའི་སྒྲ་སྒྲོག་དེ་ཉིད་བཞི་བ།།

ཕྱི་ནང་གསང་བའི་རྟེན་འབྲེལ་གྱིས། །མེ་ལོང་གཟུགས་བརྙན་གསལ་བ་ལྟར། །གང་དེ་དེ་རུ་རྟོགས་པར་བྱེད། །བདེ་ཆེན་ཟུང་འཇུག་ཕྱག་འཚལ་ལོ། །གསང་སྔགས་སྙིང་པོ་དོན་གྱི་བཅུད། །བདེ་ཆེན་དེ་ཉིད་བཞི་བ་འདི། །སྐལ་ལྡན་གང་གིས་རབ་བསྒོམ་ན། །སྐད་ཅིག་དེ་ལ་བདེ་གཤེགས་འགྱུར། །དེ་ལ་འདིར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཁྲིད་ཀྱི་རིམ་པ་ཡིན་ལ། སངས་རྒྱས་སྒྲུབ་པར་བྱེད་པ་ཡིན་མོད་ཀྱི། དེའི་ནང་ནས་ཚེ་གཅིག་ལུས་གཅིག་གིས། སྐད་ཅིག་གཅིག་ལ་འཚང་རྒྱ་བར་བྱེད་པའི་ཆོས་གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། དེ་ཧྲིལ་གྱིས་དྲིལ་བས། རྩ་རླུང་ཐིག་ལེ་གསུམ་ལ་འདུས་ཏེ། དེ་ལྟར་ཡང་རྗེ་བཙུན་ཆེན་པོ་ཏིལླི་པའི་ཞལ་སྔ་ནས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ།། ཞེས་པ་དང༌། རྗེ་བཙུན་ཆེན་པོའི་ཞལ་སྔ་ནས། སེམས་ལས་གཞན་པའི་སངས་རྒྱས་མེད། །ལམ་རྩ་དང་རླུང་ལས་མྱུར་བ་མེད། །ཅེས་གསུངས་སོ། །དེ་ལ་བཞི་སྟེ། རྩའི་དེ་ཉིད། རླུང་གི་དེ་ཉིད་དང༌། བྱང་སེམས་ཀྱི་དེ་ཉིད་དང༌། བདེ་ཆེན་གྱི་དེ་ཉིད་དོ།།

དེ་ལ་རྩ་ལ་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། དེ་ལ་རྩའི་དེ་ཉིད་ལུས་རིལ་རིལ་པོ་འདི་ཡིན། དེ་ཡི་དམ་གྱི་ལྷར་ཤེས་པས་གནད་དུ་བསྣུན། དེས་རྩ་ཐམས་ཅད་དབང་དུ་བྱེད་དོ། །

ཡང་རླུང་ལ་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། དེ་གང་ཡིན་ན། དྲན་རིག་སྣ་ཚོགས་སུ་འགྱུ་བ་འདི་རླུང་གི་དེ་ཉིད་ཡིན། དེ་ལ་མ་ཡེངས་པར་གནད་དུ་བསྣུན། དེས་རླུང་ཐམས་ཅད་དབང་དུ་བྱེད་དོ། །

ཡང་བྱང་སེམས་ལ་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། དེ་གང་ཡིན་ན། ཕྱི་ནང་གི་བདེ་བ་དེ་བྱང་སེམས་ཀྱི་དེ་ཉིད་ཡིན། དེ་ལ་བདེ་ཆེན་ལམ་སློངས་ཀྱིས་གནད་དུ་བསྣུན། དེས་ཐིག་ལེ་ཐམས་ཅད་དབང་དུ་བྱེད་དོ། །

བདེ་ཆེན་ལ་དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། དེ་གང་ཡིན་ན་བདེ་སྟོང་ཟུང་འཇུག་གི་དེ་ཉིད་ཡིན། དེ་ལ་ཟུང་འཇུག་གིས་གནད་དུ་བསྣུན། དེས་ཟུང་འཇུག་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །དེ་ལྟར་ན་ཕྱི་འདོད་ཡོན་ལམ་དུ་ཁྱེར་བས། ནང་གི་བདེ་བ་ཆེར་འབར་བ་སྟེ། བདེ་ཆེན་དུ་ཉམས་སུ་མྱོང་དགོས། དེ་ལྟར་མྱོང་ན་ཚོགས་ཀྱི་འཁོར་ལོ་བྱ་བའམ། གསང་སྔགས་ཀྱི་རྣལ་འབྱོར་པ་བྱ་བ་ཡིན། ཡང་བདེ་བ་ལྟར་གྱིས་རྒྱས་པའི་དུས་སུ། ཕྱག་རྒྱ་ཆེན་པོར་ཕྲིལ་གྱིས་བསྒོམ། སྟོང་པ་ལའང་བདེ་བས་བསྣུན་ལ་བསྒོམ། དེ་ལྟར་བདེ་སྟོང་ཟུང་འཇུག་ལ་ཉམས་སུ་བླངས་པས། རྗེས་ཤེས་ཐམས་ཅད་ཀྱང་བདེ་ཆེན་དུ་འཁྱེར་རོ། །དེ་ལྟར་མ་ཤེས་ན་ལུས་ཐིག་ལེའི་གོང་བུར་སོང་ཡང་དགོས་པ་མེད་ལ། སེམས་ནམ་མཁའ་ལྟར་རྟོགས་ཀྱང་འཚང་མི་རྒྱ། དུག་ལྔ་ལས་མི་བྲལ་བའི་ཕྱིར་རོ། །དེ་ལྟར་བསྒོམས་པས་ཐིག་ལེ་རྒྱས་ཏེ་འཆོར་འཆོར་འདྲ་ན། བཟློག་པ་དང་དགྲམ་པ་ནི། ཞལ་ལས་ཤེས་པར་བྱའོ།།

དེ་ལྟར་རྩ་རླུང་ཐིག་ལེ་ལ་གནད་དུ་སོང་བའི་རྣལ་འབྱོར་པ། སྐད་ཅིག་ལ་འཚང་རྒྱ། གྲུབ་ཐོབ་དང༌། འཇའ་ཚོན་དང་རིང་བསྲེལ་འོང་བའི་རྒྱུ་དང༌། མངོན་ཤེས་རྫུ་འཕྲུལ་རིག་པ་དང༌། །ཡི་དམ་ལྷ་ཞལ་མཐོང་ཐོས་འགྱུར། །བདེ་ཆེན་སེམས་ལས་སྐྱེས་པ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཀྱང༌། །བསྲུང་ཞིང་བྱིན་གྱིས་རློབ་པར་འགྱུར། །ནད་མེད་ཚེ་རིང་ལོངས་སྤྱོད་ཆེ། །འཁོར་འདས་མ་ལུས་དབང་དུ་བྱེད། །རྒྱུ་འབྲས་རྟེན་འབྲེལ་གོ་བ་དང༌། །རིན་ཆེན་རྫས་སོགས་འབྱུང་བར་འགྱུར། །རྟགས་བཅུ་ཡོན་ཏན་བརྒྱད་སོགས་དང༌། །སངས་རྒྱས་ཡོན་ཏན་འདི་ལས་འབྱུང༌།། རུས་པའི་རྒྱན་དྲུག་འོང་བ་ཡང༌། །འདི་ཡི་གནད་དུ་ཤེས་པར་བྱ། །དེ་ལྟར་ཕན་ཡོན་འཕེལ་བའི་རྒྱུ་དང༌། མི་ཉམས་པར་བསྲུང་བའི་དམ་ཚིག་གསུམ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ཡང་ཆོས་འདི་ལ་ཚོགས་དང་གཏོར་མ་གལ་ཆེ་སྟེ།

རྩའི་དེ་ཉིད་འདི་ཡིན་ཞེས་པ་དང༌། རླུང་གི་དེ་ཉིད་འདི་ཡིན་ཞེས་པ་དང༌། བྱང་སེམས་ཀྱི་དེ་ཉིད་འདི་ཡིན་ཞེས་པ་དང༌། བདེ་ཆེན་གྱི་དེ་ཉིད་འདི་ཡིན་ཞེས་པ་ལ་མཁའ་འགྲོ་མའི་བཀའ་རྒྱ་ཡོད་པས། གཞན་ལ་བསྟན་ན་མཁའ་འགྲོ་མས་སྙིང་ཁྲག་འཐུང་ བར་འགྱུར་རོ། །གསང་བར་བྱའོ།།

དུས་གསུམ་བསགས་དང་ཡོད་པའི་དགེ་བ་དང༌། །འདི་ལས་བྱུང་བའི་བསོད་ནམས་ཚོགས་རྣམས་དེས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །དེ་ཡིས་འགྲོ་རྣམས་བདེ་ཆེན་མྱུར་ཐོབ་ཤོག །སེངྒེ་སྒྲ་སྒྲོགས་དེ་ཉིད་བཞི་པ་ཞེས་བྱ་བ་རྫོགས་སོ།། བཀའ་རྒྱ་རིམ་པ་གསུམ་ཡོད་དོ། །ས་མ་ཡ་ཐ།།


previousསེང་གེའི་སྒྲ་སྒྲོག་དེ་ཉིད་བཞི་བ།། next