Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇིག་རྟེན་མགོན་པོའི་ཟབ་ཆོས་རྣལ་འབྱོར་བཞི་ལྡན།།
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousའཇིག་རྟེན་མགོན་པོའི་ཟབ་ཆོས་རྣལ་འབྱོར་བཞི་ལྡན།། next

འཇིག་རྟེན་མགོན་པོའི་ཟབ་ཆོས་རྣལ་འབྱོར་བཞི་ལྡན།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པའི་གང་ཟག་གིས། བླ་མ་རྟོགས་པ་དང་ལྡན་པ་བྱང་ཆུབ་ཀྱི་སེམས་རྣམ་གཉིས་འདྲེས་པ་གཅིག་བཙལ། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱ་ཞིང༌། མོས་པ་དང་གུས་པ་རྒྱུན་མི་ཆད་པར་བྱ། དབང་པོ་རབ་ཀྱི་རྟེན་གྱི་གང་ཟག་གིས་མོས་གུས་ཙམ་ལས་རང་གི་དོན་འགྲུབ་ནས་འོང༌། དབང་པོ་འབྲིང་གི་རྟེན་གྱི་གང་ཟག་གིས། མཎྜལ་དང་ཡི་གེ་བརྒྱ་པའི་བསྙེན་པ་ཟླ་བ་ཕྱེད་ཙམ་ཡན་ཆད་བྱ་སྟེ།

སྡིག་པ་དག་པའི་མཚན་མ། སྐྱུགས་པ་དང༌། འཁྲུ་བ་དང༌། གོས་དཀར་པོ་གྱོན་པ་དང༌། ལུས་ལས་ཁྲག་མང་པོ་འབྱུང་བ་དང༌། རིའི་རྒྱལ་པོ་རི་རབ་ཀྱི་ཁར་ཕྱིན་པ་དང༌། རང་གི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཤར་བ་དང༌། ནམ་མཁའ་ལ་སྐས་བཙུགས་ནས་འགྲོ་བ་ལ་སོགས་དུ་མ་འབྱུང༌།

དེའི་དུས་སུ་ཞི་གནས་ཀྱི་ཉམས་ཞག་གསུམ་ཙམ་གྱི་བར་དུ་བཙལ། དེ་ནས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཞག་གསུམ་གྱི་བར་དུ་བསྐྱེད་དུ་གཞུག དེའི་རྗེས་ལ་ལྷན་ཅིག་སྐྱེས་སྦྱོར་རམ། ཕྱག་རྒྱ་ཆེན་པོ་བཏབ་པས་ཅིག་ཅར་བའི་རྟེན་གྱི་གང་ཟག་གིས་སྒོམ་མེད་དུ་འགྲོ་བ་ཡང་ཡོད།

ཐོད་རྒལ་བའི་རྟེན་གྱི་གང་ཟག་གིས་རང་གི་སེམས་རྟོགས་ནས་དེར་རང་གི་སེམས་ཆོས་སྐུར་ཡང་གོ །རེས་ཉམས་མེད་པ་ཙུག་འགྲོ་བ་ཡང་འོང༌། འདིའི་རྟོགས་པ་གཤའ་མ་བར་དོར་འཆར་གསུངས།

རིམ་གྱིས་པ་ལ་དང་པོ་རྩེ་གཅིག་དེ་ནས་སྤྲོས་བྲལ། དེ་ནས་རོ་གཅིག དེ་ནས་བསྒོམ་མེད་སྐྱེ་སྟེ། རྩེ་གཅིག་ལ་ཡང་ཉམས་བཟང་ངན་གསུམ་དུ་འོང་སྟེ། བཏབ་པ་ཙམ་གྱིས་གསལ་ཡེར་གྱིས་འོང་ལ། གསལ་བ་དེ་ཡང་རེས་བཟང༌། རེས་ངན་ན་རྩེ་གཅིག་ཐ་མ། གསལ་བ་རྒྱུན་ཆད་མེད་པར་འོང་ན་རྩེ་གཅིག་འབྲིང༌། གསལ་སྟོང་ཟུང་དུ་ཆུད་ནས་འདི་བས་བཟང་བ་བླ་མ་དང་གང་ཟག་སུ་ལ་ཡང་མེད་དེ་འོང་སྙམ་པ་རྩེ་གཅིག་རབ་བོ། །སྤྱིར་རྩེ་གཅིག་གི་དུས་སུ་ཤེས་པ་བརླན་དང་བྲལ་བའི་དུས་སུ་ང་ལ་སྒོམ་མེད་པ་ཡིན་སྙམ་པ་ཡང་ཡོང༌། ཉམས་མཐུག་པའི་དུས་སུ་འདི་བས་བཟང་བ་ལོགས་ན་མེད་སྙམ་པའང་འོང༌། རྩེ་གཅིག་རབ་ལ་ཡང་ཅིག་ཅར་བ་དང༌། ཐོད་རྒལ་བ་དང༌། རིམ་གྱིས་པ་དང་གསུམ། ཅིག་ཅར་དུ་སྐྱེ་ན་གསལ་སྟོང་གི་ཉམས་ལ་འཕེལ་འགྲིབ་མེད་པ་འོང༌། ཐོད་རྒལ་དུ་སྐྱེ་ན་མཐོ་དམན་ཤིན་ཏུ་ཆེ། རིམ་གྱིས་པ་སྒོམ་ཡུན་རིང་ཞིང་བླ་མ་ལ་མོས་གུས་ཆེ་ན་མྱུར་དུ་ཅིག་ཅར་བར་འགྱུར་བ་ལ་ཚེགས་མེད་དོ།།

སྤྱིར་རིམ་གྱིས་དང་ཐོད་རྒལ་གཉིས་ཀ་ཡང་ཉམས་མ་རྫོགས་པ་དང་ཉམས་མི་བརྟན་པ་ཡིན་པས་བླ་མ་ལ་མོས་གུས་གཤའ་མ་ཞིག་སྐྱེས་ན་ཅིག་ཅར་བར་འགྲོ་བ་ལ་ཚེགས་མེད། མོས་གུས་ལ་མཐོ་དམན་དུ་ཡོད་ན་ཉམས་མཐོ་དམན་དུ་ཡོང༌། རྩེ་གཅིག་ལས་བོགས་མ་ཐོན་ན་བོགས་འདོན་པར་བྱ་སྟེ།

ཞེན་པ་གསུམ་གཏང་བ་ནི། མདུན་གྱི་ནམ་མཁའ་ལ་དུས་གསུམ་གྱི་བླ་མ་རྣམས་གསལ་ཏེ། རང་གི་ལུས་དངོས་སུ་ཅི་ནས་བཏང་སྟེ་ནང་གཏོར་བྱའོ། །ལོངས་སྤྱོད་དངོས་སུ་གཏང་བ་ནི། དགེ་འདུན་ལ་ཚོགས་བསགས། དཀོན་མཆོག་ལ་མཆོད། ཁ་འབར་མའི་གཏོར་མ་མང་དུ་བཅོལ་ལོ། །ཏིང་ངེ་འཛིན་ལ་ཞེན་པ་གཏང་བ་ནི། ཉམས་བཟང་བ་ལ་དགའ་བ་ཡང་མི་བྱ། ངན་པ་ལ་མི་དགའ་བ་སྤང་ཞིང་རྟོག་པ་མི་བསྒུག གསོལ་བ་མང་དུ་བཏབ་ཅིང་ཟབ་པའི་ཚིགས་བཅད་དང༌། ཁོ་རང་གི་ཉམས་བསྟུན་པས། ཅི་ཞིག་ལྟར་ལ་སྤྲོས་བྲལ་གྱི་རྟོགས་པ་སྐྱེ།

སྤྲོས་བྲལ་ལ་ཡང་རབ་འབྲིང་གསུམ་དུ་སྐྱེ་སྟེ། རབ་ནི་དམྱལ་བར་འགྲོ་རྒྱུ་མེད་སངས་རྒྱས་ལ་འཐོབ་རྒྱུ་ཡང་མེད། ཆོས་སྐུ་དངོས་འདི་ཡིན་སྙམ་ཞིང༌། དབང་མེད་དུ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཐ་མ་ལ་འོང༌། ཆོས་ཀྱི་དོན་དང་གདམས་ངག་གིས་ཀྱང་ངའི་སྒོམ་འདི་ལ་མ་སློབས་སྙམ་པ་འོང༌། འཇིག་རྟེན་གྱི་ཆོས་ལ་བློ་ཤིན་ཏུ་ལྡོག ཐ་ན་རང་གི་གདམས་ངག་ལ་ཡང་ཞེན་པ་ཆུང༌། གདམས་ངག་ཐམས་ཅད་ཀྱང་རྩ་བའི་བླ་མ་ལ་མོས་གུས་བསྒོམ་པ་ཁ་ཡར་གྱིས་ཆོག་ཨང་སྙམ་པའོ། །གཉིད་ཀྱི་དུས་སུ་ཡང་རང་གི་སེམས་རྟོགས་པ་དེ་ཤར་ནས་འོང༌།

སྤྲོས་བྲལ་འབྲིང་པོ་སྐྱེས་ཙ་ན་དམྱལ་བར་འགྲོ་རྒྱུ་མེད། སངས་རྒྱས་ལ་འཐོབ་རྒྱུ་མེད་སྙམ་པ་ཡང་རེས་ཡོང་རེས་མི་ཡོང་ངོ༌།། སེམས་སྐྱེ་བ་མེད་པ་རྟག་ཏུ་ཤེས་ཤིང་བསྒོམ། འདི་ཁ་ཡར་གྱི་ཆོག་སྙམ་པ་ཅུང་མེད། ཉམས་ལ་མཐོ་དམན་དུམ་རེ་འོང༌། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐབས་སུ་འོང༌། ཕྱི་རོལ་བདུད་ཀྱི་བར་ཆད་ཀྱིས་བླ་མ་དང་གྲོགས་ལ་ཐེ་ཚོམ་ཟ་བའང་འོང༌། རེས་ཉམས་ངན་པའི་དུས་སུ་སྒོམ་རང་ལའང་ཐེ་ཚོམ་ཟ་ལ་འདི་ཆོས་ཇི་ལྟར་ཡིན་ན་སྙམ་པའང་འོང༌། དེའི་དུས་སུ་བླ་མ་དམ་པ་གཅིག་དང་མ་བྲལ་བར་བྱས་ཤིང་རང་གིས་རྟོགས་པ་ལ་བོགས་འདོན་དགོས་ཏེ། སྡུག་བསྔལ་ཅན་ལ་སྙིང་རྗེ་ཤིན་ཏུ་སྐྱེས། ཆོས་ཟབ་ཟབ་ཉན། བལྟ་བ་གླེང་སློང་བྱ། བླ་མ་ལ་ཡང་མོས་གུས་བཅོས་མ་ཚུན་ཆོད་ཀྱིས་བསྐྱེད། མཎྜལ་བྱ་ཞིང་གསོལ་བ་རྒྱུན་ཏུ་བཏབ་པས་སྤྲོས་བྲལ་ཆེན་པོ་མཐར་ཐུག་ཏུ་འགྱུར། བླ་མའི་ཁོ་བོས་སེམས་ཀྱི་ཆོད་ཆེ་བས་དེས་ན་འདི་དཀར་པོ་ཆིག་ཐུབ་ཡིན། མཐུན་པའི་ཆོས་འདི་ཉིད་ཡིན། འདི་ལས་བཟང་བའི་ཆོས་གཞན་མེད། སྤང་བྱ་སྤང་རྒྱུ་མེད། གཉེན་པོ་སྒོམ་རྒྱུ་མེད། རྣལ་འབྱོར་པ་ལུས་རྒྱ་ཡིན། དེས་རྒྱ་གཉིས་དང་སྦྱར་ཞིང་ཁོ་ལ་བརྟན་པས་ངེས་ཤེས་ཆེར་འགྲོའོ། །དབང་པོ་འབྲིང་ཡིན་པས་ཕྱི་རོལ་གྱི་བདུད་འཇུག་དོགས་ཡོད་དེ། ང་རང་ལ་འདོན་འདིས་ཆོག་པ་ཡིན་སྙམ་པ་དང༌། བླ་མ་ཡང་མི་དགོས་སྙམ་ནས་མོས་གུས་ལོག་པས་རྒྱུ་འབྲས་ལ་ཡང་མི་འཛེམ། སྙིང་རྗེ་དང་དད་པ་ཡང་ཇེ་ཆུང་ལ་འགྲོ་ནས་ནག་པོ་ཁ་འབྱམས་དུ་འགྲོ་བའི་དོགས་ཀྱང་ཡོད། དེ་ལྟར་སོང་ན་རྟོགས་པ་ལ་བོགས་མི་ཐོན། བསྒྱུར་བ་ཡང་མང༌། རང་རེ་ཡང་ཉེས་པ་ལ་འཇུག བདུད་ཀྱི་ལྕགས་ཀྱུས་ཟིན་དོགས་ཡོད་པས་བླ་མ་དམ་པའི་ངག་སྨན་བཞིན་དུ་བཀུར་རོ།།

སྤྲོས་བྲལ་ཐ་མ་ནི་སེམས་རང་ངོ་ཤེས་ཙམ་རྟོག་པ་མ་གྲུབ་པར་ཤེས། མྱོང་བ་ནང་དུ་མ་གྲུབ་པར་མི་ཤེས། རང་གི་སེམས་ལ་བག་ཙམ་འཐོབ་ཀྱང༌། ཆོས་ཟབ་པ་དང་རྒྱ་ཆེ་བ་བལྟས་ཀྱང་མི་གོ །རང་གི་སེམས་ངོ་ཤེས་ཀྱང་སྒོམ་མཐར་ཐུག་ཏུ་མི་ཤེས། བྱིས་པ་ཆུང་ངུས་ཟླ་བའི་དཀྱིལ་འཁོར་མཐོང་བ་དང་འདྲ། འདིའི་དུས་སུ་བླ་མ་དང་བྲལ་བའི་ཐབས་མེད།

བོགས་འདོན་པར་བྱེད་པ་ནི་ཞེན་པ་རྣམ་གསུམ་བཏང༌། རང་གི་ལུས་ལོངས་སྤྱོད་གཉེན་འདུན་གསུམ་ལ་ལྟོས་པ་མེད་པར་བྱ། བླ་མ་དམ་པ་དང་གདམས་ངག་རིན་པོ་ཆེ་དང་རང་གི་རྟོག་པ་གསུམ་ལ་ཡང་དང་ཡང་དུ་ངེས་ཤེས་ཁྱད་པར་ཅན་བསྐྱེད། སྨྲ་བཅད་པའམ་དབེན་པར་བསྡད། གསོལ་བ་དྲག་ཏུ་བཏབ་དེ་ལྟར་བྱས་ནས་སྐད་ཅིག་གིས་བོག་ཐོན་ནོ། །

སྤྲོས་བྲལ་རང་ལ་ཡང་ཅིག་ཅར་དང༌། ཐོད་རྒལ་དང་རིམ་གྱིས་དང་གསུམ་དུ་གནས་ཏེ། ཅིག་ཅར་ནི་དང་པོ་རང་ནས་སྤྲོས་བྲལ་མཐར་ཐུག་པ་འཆར། ཐོད་རྒལ་ནི་རེས་མཐོ་རེས་དམའ། རིམ་གྱིས་པ་ནི་རིམ་པས་འཆར་རོ།།

དུ་མ་རོ་གཅིག་རབ་ཀྱི་དུས་སུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས། སྣང་བ་དང་སེམས་གཅིག་ཏུ་ངེས་དོན་དམ་པའི་བདེན་པར་གོ །མངོན་པར་ཤེས་པ་ལ་སོགས་པའང་འོང༌། རང་གི་ཡི་དམ་གྱི་དངོས་སམ། སྨིན་ལམ་དུ་ལུང་སྟོན་པའང་འོང༌། ཕྲག་དོག་རྩ་བ་ནས་ཞི།

རོ་གཅིག་འབྲིང་གི་དུས་སུ་སྣང་བ་དང་སེམས་གཅིག་ཏུ་ངེས། ལུས་དང་སེམས་དང་སྣང་བ་གསུམ་གཅིག་ཏུ་འདྲེས་པའི་ཉམས་ཀྱང་སྐྱེ། སྣང་བ་ཉིད་ཀྱང་འདི་ན་རྩི་ཤིང་ནགས་ཚལ་ཐམས་ཅད་སྣང་ཡང་ཚུར་རོ་གཅིག་གོ །དེ་བཞིན་དུ་རྒྱ་མཚོ་ཆེན་པོ་རོ་གཅིག་པ་བཞིན་དུ་སེམས་ཉིད་ཀྱི་ངང་འབའ་ཞིག་ཏུ་ཐིམ། ཕྱི་རོལ་གྱི་གདུལ་བྱ་རྣམས་ལ་མོས་གུས་ཅན་ཕན་པ་དང་གནོད་པ་མི་མཐུན་པར་བལྟས་ན་ཡང་འབྱུང༌། སྒོམ་འདི་བས་ལྷག་པ་མེད་སྙམ་པ་ཡང་འབྱུང༌། དེའི་དུས་སུ་སེམས་ཅན་ཡང་རང༌། བླ་མ་ཡང་རང་སྙིང་རྗེ་བྱ་བ་མེད་མཉམ་པའི་བདུད་འོང་དོགས་ཡོད། བླ་མ་ལ་མོས་གུས་བྱ་བ་ལོགས་ན་མེད་རང་གི་སེམས་སུ་འདུག་སྙམ་པའང་འོང༌། དེ་ལ་དགོངས་ནས་བླ་མ་རིན་པོ་ཆེས་ཀྱང༌། གཞན་ཕན་གྱི་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱིས་མཆོག་ཏུ་ཙིར་གྱིས་བཟུང༌། །ཅེས་པ་དང༌། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་རྡོ་རྗེ་སློབ་དཔོན་མི་སྤང༌། ཞེས་པའོ། །འདི་འང་བླ་མ་ལ་མོས་གུས་བྱས། སེམས་ཅན་ལ་སྙིང་རྗེ་བསྐྱེད། དབེན་པར་བསྡད། འདས་མ་འོངས་ཀྱི་དོན་དྲན་པ་སྤང༌། སྣང་བ་ལ་ཐུགས་ཕྲད་ཙམ་བྱ། རེས་ཚོགས་སུ་བསྡད། རེས་དབེན་པར་བསྡད། ཕྱིར་ལ་(རིའམ་ས་གཏོད་)དམིགས་པ་ལ་དྲག་ཏུ་ཡང་རེས་བསྡད། ནང་དུ་སེམས་ལ་ཡང་བལྟ། བལྟ་མཁན་རང་ལ་ཡང་བལྟ། དེ་ལྟར་བྱས་ན་མཚོ་ལ་ཁ་བ་བབས་པའམ། ནགས་མཐུག་པོ་ལ་མེ་ཤོར་བའམ། དུག་ལྔ་སྨན་དུ་བསྒྱུར་བའམ། རྒྱ་མཚོ་ཆེན་པོའི་རླབས་ཞི་བ་བཞིན་དུ་རབ་ཏུ་འགྲོ་བ་ལ་ཚེགས་མེད།

རོ་གཅིག་ཐ་མ་ནི་རང་གི་ལུས་སེམས་སྣང་བ་གསུམ་དབྱེར་མི་ཕྱེད། རེས་སེམས་སུ་འདུག་པ་ཙུག་འོང༌། རེས་དབྱེར་མེད་བྱེད་པ་ལ་ངེས་མེད། ས་ལ་སོགས་པ་སྲ་འཐས་ཅན་དུ་ཡང་སྣང༌། ཕྲག་དོག་སྤོང་མི་ནུས། ལས་རྒྱུ་འབྲས་ལ་མི་འཛེམ། སྔོན་གྱི་ཤེས་པ་དང་རང་གི་ཤེས་པ་གཉིས་ལ་ཁྱད་མེད་སྙམ་པ་ཡང་རེས་འོང༌། ཆོས་བྱེད་པ་ལ་ལྐོག་མི་ཐུབ། རེས་མཁའ་ལྟ་ཙ་ན་མཐར་ཐུག་འདི་རང་ཡིན་སྙམ་པའི་ཉམས་སྐྱེ།

བོགས་འདོན་པར་བྱེད་པ་ནི། ཁྱད་པར་དུ་ཡང་སྣང་བ་ལ་ཕྱིར་(རི་ལ་སོགས་པ་ལ་)གཏད་ཅིང་ལན་རེ་བསྒོམ། སྤྱིར་ནམ་མཁའ་གསུམ་འདྲེས་པ་(སྟེང་འོག་བར་གསུམ་ལ་)ཡང་བསྒོམ། ཐེག་ཆེན་རྣལ་འབྱོར་བསྒོམ། བླ་མ་ལ་མོས་གུས་ཁྱད་པར་དུ་བཅས། ཚོགས་གསོག་པའི་རིགས་ཐམས་ཅད་བྱ། ད་ལྟའི་(དྲན་པས་)དྲན་པ་རང་ལ་ཅེ་རེ་གཟུང༌། མཆོག་ཏུ་འགྲོ་བ་ལ་ཚེགས་མེད་དོ།།

བསྒོམ་དུ་མེད་པ་ལ་བཞི་སྟེ། རབ་ནི་མཉམ་རྗེས་མེད་པ་འོང་སྟེ། བསྒོམ་མི་དགོས་པའི་སྒོམ་མེད་དོ། །བསྒོམ་པས་ཤེས་པ་རང་རྩ་བ་ནས་ཆོད་པའི་དུས་སུ། སྒོམ་མཁན་རང་ཡང་མ་གྲུབ། སྒོམ་ཡང་མ་གྲུབ་པས། བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་གོ་བས་ཡང་མེད་དོ། །སྒོམ་པའི་འོད་གསལ་དང་ཤི་བའི་འོད་གསལ་གཉིས་གཅིག་ཏུ་གྱུར་ཏེ། ནམ་མཁའ་ལ་སྤྲིན་དྭངས་པའི་ཆུ་བོའི་རླབས་ཞི་བ་བཞིན་དུ་འོད་གསལ་གཉིས་གཅིག་ཏུ་གྱུར་ཅིང༌། ཆོས་སྐུ་འབའ་ཞིག་ཏུ་འགྱུར་བ་ནི་མཐར་ཐུག་པའི་སྒོམ་མེད་དོ། །སྤྲོས་བྲལ་སྐྱེས་པ་ཡན་ཆད་ལ། མཚམས་མེད་པའི་ལས་དང་རྩ་ལྟུང་མ་བྱུང་ན་དེ་ཉིད་དུ་སངས་རྒྱས་ནས་བར་དོའི་སྣང་བའི་དོད་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་ཤར་ནས་སེམས་ཅན་གྱི་དོན་བྱེད་པའོ། །ཚེ་འདིར་འཆར་བའི་སྒོམ་མེད་མཐར་ཐུག་ནི། རང་སེམས་སངས་རྒྱས་སུ་ལྷན་གྱིས་གོ་ནས་སྤང་བྱ་སྤང་རྒྱུ་མེད། གཉེན་པོ་བསྟེན་པར་བྱ་རྒྱུ་དང་བྲལ། བྱ་སེམས་དང་བྲལ། ཤི་མ་ཤི་མེད་སྙམ་པའི་ངེས་ཤེས་གཏིང་ནས་གོ་སྟེ་མཉམ་རྗེས་མེད་པར་ངེས་ཤེས་ལྷངས་ཀྱིས་སྐྱེས་ནས་གཞན་སྣང་མཁའ་འགྲོས་བསྐོར་བའམ། ལུས་དུ་མར་མཐོང་བའམ། མོས་གུས་ཅན་གྱིས་རྟེན་གྱི་གང་ཟག་ལ་སངས་རྒྱས་རང་གི་སྣང་བ་ཤར་ནས་ཀྱང་འོང༌། ངག་ཅི་སྨྲས་ཀྱང་ཆོས་སུ་འགྲོ། ལུས་སྤྱོད་པ་ཅི་བྱས་པས་ཀྱང་སེམས་ཅན་དད་ནུས། གནས་གར་བསྡད་ཀྱང་བྱིན་རླབས་སྐྱེ། གྲོགས་མེད་པར་གཅིག་པུར་བསྡད་ཀྱང་ལུང་པ་ཐམས་ཅད་དུ་གར་ཕྱིན་པ་ཐམས་ཅད་ཀྱང་འཇིགས་པ་མེད། རེས་བྱིས་པའི་སྤྱོད་པ་བྱེད། རེས་འཇིག་རྟེན་འདི་ལ་དགའ་སྙམ་པའི་བསམ་པ་ཡང་གཞན་ལ་འོང༌། དོན་མདོར་བསྡུ་ན་བྱ་སེམས་དང་བྲལ་བའོ། །

སྤྱིར་སྒོམ་མེད་མཐར་ཕྱིན་པ་ལ། སེམས་ཅན་ལ་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ། ལས་རྒྱུ་འབྲས་མངོན་སུམ་དུ་འགྱུར། ཚིག་ཐམས་ཅད་སྐྱེ་མེད་ཀྱི་དོན་དུ་མཐོང༌། གང་ལ་ཡང་ཞེན་པ་མེད། གཙང་བཙོག་གི་རྣམ་པར་རྟོག་པ་ཆུང༌། གསང་བའི་གནས་བསྟན་ཀྱང་ངོ་ཚ་རྒྱུ་མེད་སྙམ་པའི་སེམས་སྐྱེ། དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་མཆོད་པ་འབུལ་ཞིང༌། སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱེད། བདག་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་ཨང་སྙམ་པའི་ངེས་ཤེས་ཁྱད་པར་ཅན་སྐྱེ། སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་འགྱུར་རོ། །བླ་མ་རྗེ་བཙུན་ཐུགས་རྗེ་དང་རྟོགས་པ་མཉམ་དུ་འདྲེས་པའི་ཞལ་གྱི་དཀྱིལ་འཁོར་ནས་འོངས་པའི་ཉམས་ཀྱི་གདམས་ངག་བླ་མ་གོང་མ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པ་དང༌། ཉིད་ཀྱི་ཐུགས་ལས་འཁྲུངས་པའི་ཉམས་མྱོང་རྣམས་ཆུ་སྣོད་གཅིག་ནས་གཅིག་ཏུ་འབྱོ་བ་བཞིན་དུ་རྡོ་རྗེ་འཆང་གི་རིགས་ཀྱི་རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་ལ་སྣང་བའོ། །


previousའཇིག་རྟེན་མགོན་པོའི་ཟབ་ཆོས་རྣལ་འབྱོར་བཞི་ལྡན།། next