Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལྔ་ལྡན་ཤོག་ཁྲ་མའི་ཆོས།།
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousལྔ་ལྡན་ཤོག་ཁྲ་མའི་ཆོས།། next

ལྔ་ལྡན་ཤོག་ཁྲ་མའི་ཆོས།།

ན་མོ་གུ་རུ། བླ་མ་རིན་པོ་ཆེ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བླ་མ་ནཱ་རོ་པས་ཏཻ་ལོ་པ་བཙལ་ལུགས་དང་དཀའ་བ་སྤྱད་ལུགས་དང་ཆོས་གནང་ལུགས་ནི། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་ལུས་སེམས་གཉིས་ཀྱི་གནས་ལུགས་ལ། ལམ་ཉམས་སུ་བླངས་པས་འབྲས་བུ་ཇི་ལྟར་འབྱུང་བའི་ཚུལ་བྱ་བ་དེ་གཞན་དུ་གསལ་ལོ། །ཉམས་མྱོང་རྣལ་འབྱོར་བཞིའི་རིམ་པ་འཆར་བ་ལ་བཅུ་ཆོས་ཀྱི་གནད་ཟིན་མ་ཟིན་བསྟན་པ་ནི། རྗེ་རིན་པོ་ཆེའི་ཞལ་ནས་ཤོར་ས་བཞིར་མ་ཤོར། གོལ་ས་གསུམ་དུ་(གསུམ་གསུམ་དྲུག་ཏུ་བསྡུས་པའི་ཆོས།) མ་གོལ་བའི་སྒོམ་དེ་གང་ཡིན་ན་བཞག་ཐབས་གསུམ་ཡིན་གསུང༌། སོ་མར་བཞག་པ། མ་བཅོས་པར་བཞག་པ། ལྷུག་པར་བཞག་གསུངས། སོ་མ་ལ། རྩྭ་སོ་མ། རི་སོ་མ། ཆུ་སོ་མ། མ་བཅོས་པ་གསུམ་ལ། སེམས་ཕྱིར་ཡང་མི་སྤྲོ། ནང་དུ་ཡང་མི་བསྡུ། སྒོམ་དུ་ཡང་མི་གཟུང༌། ལྷུག་པ་ལ་གསུམ། གྱི་ན། རང་ག རང་ལུགས་སུ་བཞག་ལ་བསྒོམ། དེ་ལྟར་བསྒོམས་པས། བཞག་སར་ལྟེངས་པ་དང༌། ལྟེངས་པ་འབྱམས་པ་གཉིས་བྱུང་ན་ལྷན་ཅིག་སྐྱེས་སྦྱོར་སྒོམ་གསུངས། དེ་ལྟར་བསྒོམས་པས་རྣལ་འབྱོར་བཞིའི་རིམ་པ་འཆར་ཏེ། དང་པོ་རྩེ་གཅིག དེ་ནས་སྤྲོས་བྲལ། དེ་ནས་རོ་གཅིག དེ་ནས་སྒོམ་མེད་ཞི་གནས་བྱིང་བ། འཆར་གསུངས། རྒོད་པ། དང་པོ་རྩེ་གཅིག་ནས་གང་ཟག་གི་སྒྲ་མི་འཇུག་གསུངས། དམ་པའི་ཆོས་འདུལ་བ་ནས་ཚེ་(རིག་པ་ལ་ཚེ་ཟེར། ཚུལ་ཁྲིམས་ལ་ཚེ་ཟེར།) དང་ལྡན་པ་བྱ་བར་མིང་བཏགས། ཇོ་བོས་སྐྱེས་བུ་ཆུང་ངུ་སྐྱེས་བུ་འབྲིང༌། སྐྱེས་བུ་ཆེན་པོ་བྱ་བ་གསུངས། གང་བ་ཁམས་གསུམ་རྒྱུད་ཉོན་མོངས་པས་གང་བ། ཟག་པ་ངན་སོང་གསུམ་དུ། གཉིས་པ་རྒྱུད་དགེ་བས་གང་ཞིང་བྱང་ཆུབ་ཆེན་པོར་ཟག་པའོ། །གང་ཟག་ལ་སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་གཉིས་ཡིན་ཏེ་དང་པོ་ནི་ལྟུང་བའོ། །རྣལ་འབྱོར་བྱ་བ་སེམས་རྣལ་མ་ལ། ཆོས་ཉིད་རྣལ་མ་འབྱོར་བ་ལ་བྱ་གསུངས། རྩེ་གཅིག་ལ་རྟོགས་པ་མི་འདོད་པར་ཉམས་སུ་འདོད་པ་ཡང་ཡོད། ཚལ་པ་དང་འབྲུག་པ་གཉིས་ཉམས་སུ་འདོད། འགའ་ཞིག་རྟོགས་པར་འདོད་པ་ཡང་ཡོད། རྩེ་གཅིག་རབ་འབྲིང་གསུམ་དུ་བྱས་ནས། རབ་སྤྲོས་བྲལ་ཆུང་ངུ༌། འབྲིང་རྩེ་གཅིག ཐ་མ་ཉམས་ཡིན་གསུངས། ཡང་ཆོས་རྗེ་ཡབ་སྲས་ཀྱི་བཞེད་པས། ཉམས་ཡིན་བྱ་བར་ཡང་མི་བཞེད། རྟོགས་པ་ཡིན་བྱས་ན་ཉམས་མཐོ་དམན་ཆུའི་རྦ་རླབས་དང་འདྲ་གསུངས། འོ་ན་བཞེད་པ་གང་ཡིན་སྙམ་ན། སེམས་ལ་ངོ་བོ་རང་བཞིན། མཚན་ཉིད་གསུམ་དུ་ཡོད་པས། རྩེ་གཅིག་གི་དུས་སུ་སེམས་ཀྱི་ངོ་བོ་སྟོང་པར་རྟོགས་པ་ཡིན། སྤྲོས་བྲལ་གྱི་དུས་སུ་རང་བཞིན་གསལ་བར་རྟོགས། རོ་གཅིག་དུས་སུ་མཚན་ཉིད་གཉིས་སུ་མེད་པར་རྟོགས་པ་ཡིན། རྣལ་འབྱོར་བཞི་ཚིགས་བཅད་མ་ནས། རྩེ་གཅིག་དུས་སུ། འདི་རྣམས་ལུགས་གཅིག་ཡིན། དང་པོ་རྟོགས། རང་བཞིན་གསལ་བར་རྟོགས་པ་ཡིན། སྤྲོས་བྲལ་དུས་སུ་ངོ་བོ་སྐྱེ་འགག་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས། གཉིས་པ་རྟོགས། རོ་གཅིག་དུས་སུ་གསུམ་པ་ཤེས་གསུང་ངོ༌། །དེ་ལ་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་པ་ཞིག་ཞག་བདུན་དུ་མཉམ་པར་བཞག་གོ །དེ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པས་བར་མ་བཅད་ན་ངེས་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་གསུངས། སངས་མ་རྒྱས་པ་དེ་གང་གིས་ལན་སྙམ་ན། ཉོན་མོངས་པ་དང་རྣམ་པར་རྟོག་པས་བར་དུ་བཅད་པས་ལན་པ་ཡིན། དེ་ལ་འབྲུག་པ་ལ་སོགས་པ་འགའ་ཞིག་སྤྲོས་བྲལ་རྟོགས་ན་རྟོག་པ་མི་སྐྱེ་བར་འདོད་ལོ། །ཆོས་རྗེ་ཡབ་སྲས་ཀྱི་བཞེད་པ་སྒོམ་མེད་རྟོགས་ཀྱང་རྟོག་པ་སྐྱེ་གསུངས། དེ་ལ་བཅུ་ཆོས་འདི་སྟོན་པའི་དུས་ནམ་ཡིན་སྙམ་ན། བཅུ་ཆོས་རོ་གཅིག་རྟོགས་པའི་ལག་ཆ་ཡིན་གསུང་བས། རོ་གཅིག་རྟོགས་པ་ཉུང་དུ་འགྲོ། རོ་གཅིག་རྟོགས་ནས་དེ་བས་ཀྱང་ཉུང་དུ་འགྲོ། སྒོམ་མེད་རྟོགས་ནས་རྟོགས་པ་རྣམས་ལ་རན་པ་ཡིན་གསུངས། རྩེ་གཅིག་དང་སྤྲོས་བྲལ་གྱི་དུས་སུ་ཏིང་ངེ་འཛིན་དུ་འགྱུར། རོ་གཅིག་གི་དུས་སུ་ཉེ་བར་བསྒྲུབ་བར་དུ་འགྱུར། སྒོམ་མེད་ཀྱི་དུས་སུ་ཡོན་ཏན་དུ་འགྱུར། དེ་ལྟར་ཡང་དང་པོ་ཏིང་ངེ་འཛིན་དུ་འགྱུར། གཉིས་པ་ལམ་དུ་ཡོན་ཏན་འབྱུང༌། གསུམ་གསུང་ཀྱང་རྟོགས་པ་རབ་འབྲིང་གསུམ་ཀར་སྐྱེ་བའི་དུས་སུ་དགོས་གསུངས། ན་གོང་ནས་གོང་དུ་ན་འཕར་བ་ཡིན་གསུང་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང༌། ཅེས་གསུངས་སོ། །སྤྲོས་བྲལ་གྱི་དུས་སུ་ཚོགས་པ་སྐྱོང་བ་ལ་མི་དབང༌། དེ་ཅིས་ཏེ་ཞེ་ན་མཉམ་རྗེས་ཡོད་པའོ། །མཉམ་བཞག་ལ་སྤྲོས་བྲལ་ཡིན་ཡང༌། རྗེས་རྣམ་པར་རྟོག་པ་ལངས་པས། དེས་གཞན་གྱི་སྐྱོན་སྤོང་བ་དང༌། ཡོན་ཏན་བསྒྲུབ་པར་མི་ནུས་པ་ཡིན། རང་ཉིད་ལ་རྗེས་ཤེས་ཡོད་པའི་གནད་ཀ་ཡིན། སྤྲོས་བྲལ་གྱི་རྟོགས་པ་ཡོད་པའི་རྣལ་འབྱོར་པ་དེས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། ལུས་ལོངས་སྤྱོད་ལ་སོགས་པས་མཆོད། གནས་དབེན་པ་རིའམ། གངས་སམ། ནགས་ཁྲོད་དུ་སྒོམ་པས་རོ་གཅིག་གི་རྟོགས་པ་འཆར་ཏེ། དཀར་དམར་རྣམ་པ་སྣ་ཚོགས་རྣམས། །རང་གི་སེམས་སུ་ལྷན་ཅིག་གོ། །གཟུང་འཛིན་གྱི་རྩ་བ་སྦད་ཀྱིས་ཆོད། །གཉིས་སྣང་གི་འཁྲུལ་པ་ངང་གིས་ཞི། །ཅེས་པ། རོ་གཅིག་གི་རྟོགས་པ་སྐྱེས་ནས་རྣམ་རྟོག་སྐྱེའམ་མི་སྐྱེ་གླེང་སློང་བྱུང་བས། སྐྱེའམ་མི་སྐྱེ་ན་སོ་སོ་སྐྱེ་བོ་དང་ཁྱད་པར་མེད་པར་སྐྱེ་གསུངས། རྗེས་ལ་ཁྱད་པར་ཡོད་དམ་མེད་ན་ཡོད། སོ་སོ་སྐྱེ་བོའི་རྟོག་པ་རང་རྒྱུད་པ་ཡིན། རྟོགས་ལྡན་གྱི་རྟོགས་པ་སྐྱེས་པ་སྐྱེ་མེད་བྱ་བ་ཡིན་གསུངས། རྟོག་པ་རང་རྒྱུད་པ་མིན་གསུངས། དེ་ལྟར་ཡང༌། གཟུང་འཛིན་བག་ཆགས་སྣ་ཚོགས་རྣམས། སྒོམ་རོ་གཅིག་གི་དུས་སུ་ལྷོངས་པ་ཡིན། །ལྷོངས་རྒྱུ་གོང་དུ་སོང་བ་ཡིན། །ཉོན་མོངས་ལ་གབ་ས་མེད་པ་ཡིན། །རིག་པ་སྤྱང་པོར་འགྱུར་བ་ཡིན། །ཅེས་གསུངས་སོ། །ད་ལྟ་རྟོགས་ལྡན་ལ་ཉོན་མོངས་པ་དེ་མི་ཡོང་དུ་ཤ་བ་ལ་ཟེར་ཏེ། དེ་མ་ཡིན། རྟོགས་ལྡན་ལ་ཡང་ཉོན་མོངས་པ་རྣམ་རྟོག་སྐྱེ། སྐྱེས་པ་དེ་ཆོས་ཉིད་ཕྱག་རྒྱ་ཆེན་པོར་མ་སོང་བས་དེ་ལྟ་བུ་ཡིན། གཅིག་གིས་ཆོས་རྗེ་ལ། བླ་མ་ལྡུམ་ལྟ་བུ་ལ་ཇོ་མོ་ཡོད་ལོ་བྱས་པས། ཇོ་མོ་ཡོད་ཀྱང་ཆོས་སྐུ་ཡིན་གསུང་ལོ། །རྗེ་སྒམ་པོ་པའི་སློབ་མ་རྣལ་འབྱོར་ཆོས་གཡུང་གིས་ཆགས་པ་སྤྱད་ཟེར་བ་རྗེ་སྒམ་པོ་པས་གསན་པས། ཆོས་གཡུང་ཁྱོད་ཀྱིས་བུད་མེད་ལ་སྤྱད་དམ་བྱས་པས་སྤྱད། ཕྱག་རྒྱ་ཆེན་པོ་ལས་མ་འདས་པར་འདུག་ཟེར་ལོ།། དེ་མིན་ན་དཔལ་ཕག་མོ་གྲུ་པ་ཙམ་ཞིག་ཡིན་ལོ། །ལ་སྟོད་དམར་པོ་ལ་འདོད་ཆགས་ཆོས་སྐུར་རྟོགས་པའི་སྒོམ་ཡོད་ལོ། །བླ་མ་ལྷ་བས་གཙང་ནས་མར་བྱོན་པས། ལ་སྟོད་དམར་པོའི་དགོན་པ་གཟིགས་སུ་བྱོན་པས། བཅུ་ཆོས་ཀྱི་གནད་འདི་ཡོད་ན་གྲུབ་ཐོབ་ཡོངས་སུ་ཕེབས་པ་ཆོས་རྗེ་རིན་པོ་ཆེ་ལྟ་བུ་སྐྱོན་མེད་ཡོན་ཏན་རྫོགས་པ་འབྱུང་བ་ཡིན་གསུངས། ཁོང་གཅིག་པོ་ལ་གནད་འདི་མེད་པས་གྲུབ་ཐོབ་སྐྱོན་ཅན་དུ་གྱུར་པ་ཡིན་གསུངས། དེ་ལ་བཅུ་ཆོས་འདི་ཡ་གི་སངས་རྒྱས་མན་ཆོད་ནས། རྩེ་གཅིག་ཡན་ཆད་ལ་དགོས་གསུངས། ཐ་ན་བཟོ་བྱེད་པ་ཡན་ཆད་ལ་དགོས་ཏེ། དཔལ་གྱི་བསམ་ཡས་བརྩིགས་ཙ་ན་རྒྱལ་པོས་ཐོ་རངས་སྐད་རིངས་བཏང་ནས། ཐམས་ཅད་ཀྱིས་བཟོ་བཀའ་རྒྱ་ཅན་སྒོམས་ཤིག་བྱ་བའི་སྐད་གཏོང་ལོ། །དེ་ཡང་བཅུ་ཆོས་ཀྱི་གནད་ཡིན་གསུངས། སྐུ་འབག་གཅིག་འདུག་པ་ལ་ཆུ་རྟེན་ཆེན་པོ་གཅིག་ལ་ཕྱག་གཉིས་ཀས་འཆང་བ་ཞིག་འདུག་ལོ། བླ་མ་ཞང་ཚལ་པ་ལ་ཞེ་སྡང་ཆོས་སྐུར་རྟོགས་པའི་སྒོམ་ཡོད་ལོ། །ལོ་རས་ཆུང་པ་ལ་གཏི་མུག་ཆོས་ཀྱི་སྐུར་རྟོགས་པའི་སྒོམ་ཡོད་ལོ། །རོ་གཅིག་རྟོགས་པའི་དུས་སུ་བག་ཆགས་ལ་གནས་ས་མེད་པས་རྒྱུ་འབྲས་མྱུར་བ་ཡིན། བླ་མ་གཏུམ་སྐོམ་གྲིར་གྲོངས། བླ་མ་ལྟུམ་འདོད་ཆགས་ཀྱིས་ཁྱིམ་བཙུན་དུ་གྱུར། རྗེ་རིན་པོ་ཆེ་ལ་རྨུ་གབ་བྱུང་བ་ཡིན་གསུང༌། ཕྱག་རྒྱ་ཆེན་པོ་མི་རྟོགས་པ་ཡིན་ཀྱང༌། ད་རེས་འདི་ནས་རྟོགས་མི་རྟོགས་གཅིག་སྟོན་གསུངས། རྟོགས་པ་ལ་རབ་འབྲིང་ཐ་མ་གསུམ། ཐ་མ་ལ་འདོད་ཆགས་ཀྱི་རྟོག་པ་གཅིག་སྐྱེ་བ་དེ་ལ་གནད་ཀྱིས་མ་ཟིན་ན་ལོངས་སྤྱོད་ཆགས་ཅན་གཅིག་གི་དབང་དུ་ཕར་འཆོར། ཞེ་སྡང་གི་རྟོག་པ་སྐྱེས་ནས་དེ་ལ་གནད་ཀྱིས་མ་ཟིན་ན། ལོངས་སྤྱོད་དགྲ་ལ་ཕར་འཆོར། གཏི་མུག་ལ་གཉིས། རྒོད་པ་རྣམ་པ་སྣ་ཚོགས་སུ་འཕྲོ་བ་དང༌། བྱིང་བ་གཏི་མུག་གི་གཉིད་གཉིས་ལ་གནད་དུ་མ་སོང་ན་ལོངས་སྤྱོད་ས་བདག་ལ་འཆོར། དེ་ བཞིན་དུ་ང་རྒྱལ་དང་ཕྲག་དོག་ལ་སོགས་པ་ཐམས་ཅད་དེས་འགྲེའོ། །རྟོགས་པ་རབ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག ཚད་མེད་པ་ བཞི། ཐོས་བསམ་སྒོམ་གསུམ། བྱམས་པ། སྙིང་རྗེ། བྱང་ཆུབ་སེམས། བླ་མའི་མོས་གུས་ཡོད་ན་ཕར་འགྲོ། འབྲིང་པོ་ལ་ཞིང༌། ཁང་པ། མཁར། ཉི་མ་ཟླ་བ། ལ་ཆེ་བཙན་དྲེགས་པའི་དབང་དུ། སྤྲིན་པ་ལ་སོགས་པའོ། །སྔོན་ལ་ཕར་འགྲོ་ལ་རྒྱས་པར་བཤད། དེ་ནས་ཚུར་འདུ་རྒྱས་པར་བཤད། དེ་ནས་མགོ་གཉན་འཛིན་པ་རྒྱས་པར་བཤད་པ་ནི། འདོད་ཆགས་ལ་སོགས་པ་རྣམས་ལ་གནད་དུ་མ་སོང་ན་འཁོར་དུ་འདོད་ཆགས་སྤོང་མི་ནུས་པ་ཆགས་པ་སྤྱོད་པ་འབྱུང༌། ཞེ་སྡང་ལ་ཞེ་སྡང་སྤོང་མི་ནུས་པར་འཁོར་དུ་འཐབ་མོ་མོད་པ་འབྱུང༌། གཏི་མུག་གིས་མཛེ་པའམ། འདྲེ་གནོད་ཅན་འབྱུང༌། ང་རྒྱལ་ཅན། སྐྱེ་ས་ང་བཟང༌། ཡོན་ཏན་ང་ཆེ། ཤེས་རབ་ང་ཆེ། སྒོམ་སྲན་ང་ཆེ་སྙམ་པའི་ང་རྒྱལ་སྤོང་མི་ནུས་པ་ཆགས། ཕྲག་དོག་ཅན་ཕྲག་དོག་སྤོང་མི་ནུས་པ་འབྱུང་ངོ༌། །རབ་མོས་གུས་ཅན་རང་ལ་ཞུ། མོས་གུས་གཞན་ལ་བྱེད་པ་འབྱུང༌། ཡང་ན་མོས་གུས་གཅིག་པོ་ཆོག་ཟེར་བའི་རིགས་འབྱུང༌། བྱམས་པ་ལ་སེམས་ཅན་ལ་བྱམས་པ་ཆེན་པོའི་རིགས་འབྱུང༌། སྙིང་རྗེ་ལ་སེམས་ཅན་ལ་སྙིང་རྗེ་བ་དེའི་ཁ་འཛིན་པ་འབྱུང༌། བྱང་ཆུབ་ཀྱི་སེམས་དེས་འགྲེའོ། །གནད་དུ་སོང་མ་སོང༌། ཐོས་པ་ལ་ཐོས་པའི་ཁ་ཟིན་པས་སངས་རྒྱས་བྱང་ཆུབ་ཐོབ་འདོད་ན། ཐོས་པ་མང་པོའི་མི་ཕྱིར་འབྲོངས། བྱ་བ་ཡིན་ཟེར་ནས་ཁ་འཛིན། སློབ་དཔོན་པ་དང་ཐོས་པ་ཡེ་ཆུང་ཡིན་ཟེར་བ་བྱུང༌། བསམ་པ་ལ་འཆི་བ་དང་མི་རྟག་པ་མ་བསམས་ན་མི་ཕན་ཟེར་བ་བྱུང༌། སྒོམ་པ་དེས་འགྲེ། ཚུལ་ཁྲིམས་ལ། ཚུལ་ཁྲིམས་དགོས་པ་ཡིན། ཚུལ་ཁྲིམས་མེད་ན་རྟོགས་པ་མཐོ་ཡང་མི་ཕན་ཟེར་བ་འབྱུང༌། སྦྱིན་པ་ལ། སྦྱིན་པ་དགོས་པ་ཡིན། སློབ་དཔོན་པ་ཡང་ཕྱག་དམ་ཟེར་བ་འབྱུང༌། འབྲིང་པོ་ལ། ཞིང་ཁང་འདྲ་བ་ལ་སོགས་བྱ་མི་དགོས་པར་ནས་འབུལ་བ་ཡོང་བ་ལ། དེ་ཡང་དྲིན་དྲན་པ། སློབ་དཔོན་པ་ཡང་ངས་བསྐྱངས་པ་ལས་བྱུང་བ་ཡིན་ཟེར་བའམ། དེའི་རིགས་འབྱུང་ངོ༌། །ད་གསུམ་པ་སྐྱོན་མེད་པ་ཡོན་ཏན་རྫོགས་པ་མགོ་སྙམ་མི་འཛིན་པར་བྱེད་པ་ལ་ལྔ་ལྡན་སྒོམ་པར་བྱེད་པའི་ལག་རྗེས་བསྟན་པ་སྟོན། འདོད་ཆགས་ལ་རིགས་བཞི། རིགས་འདྲའི་བདེ་བ་མོ་ལ་སྒྱུར་བ་ནི་སླའོ། །གྱི་ནའི་བདེ་བ་གནས་སྦྱོང་གཅད། འདོད་ཆགས་ཀྱི་རྟོགས་པ་གྱ་གྱུ་ཙམ་པ་དེས་ཡི་དྭགས་ཀྱི་ལུས་ཆུ་སྔན་མ་ལེན་པ་ཡིན། དེ་གཅོད་པ་ལ་ཕྱག་རྒྱ་ཆེན་པོ་བསྒོམ། ཡང་ན་སེམས་སྐྱེད་ལུས་ཡི་དམ་གྱི་ལྷར་བསྒོམ། ལྟེ་བར་བླ་མ་དམ་པ་བསྒོམ། རིགས་འདྲ་དང༌། གྱེན་དང་ཡུལ་མེད་དང་ཡུལ་ཅན་ནོ། །དེ་ལ་དང་པོ། བླ་མ་དམ་པའི་སྐུ་ལས་ཡས་ཀྱི་མེ་འབར་བས། ཁོང་བའི་ནང་གི་རྣམ་པར་རྟོག་པ་ཐམས་ཅད་ཚིག་པར་བསམ། ཡུལ་མེད་ཀྱི་བདེ་བ་མཁའ་འགྲོ་མ་ཞེས་པ། ནམ་ཐོ་རངས་ཁར་ཡུལ་ཡིད་ལ་མེད་པའི་བདེ་བ་དེ་མཁའ་འགྲོ་མ་ཡིན་པས་ལམ་དུ་གཏོང་མི་དགོས། ཕྱག་རྒྱ་ཆེན་པོ་བསྒོམ། བླ་མ་ཞང་ཚལ་པས་སྤོས་ཁ་བ་ཆོས་ཞུར་ཕྱིན་པས་སྐུ་མཚམས་བཅད་ནས། ས་བདག་དང་བག་ཆགས་ངན་པ། མ་མཇལ་བས་ཞུ་ཕྱིན་བསྐུར་བས། རྣལ་འབྱོར་མའི་བརྒྱད་ཆ་ལ་ཐབས་ཤུགས་གནས་སྐམ་པོ་ལངས་ནས། སྐབས་སྐབས་སུ་རི་བོང་ཅན་ཐུར་ལ་རྒྱུག དེ་ལ་ཐབས་ཇི་ལྟར་བྱ་བ་ཞུས་པས། ཐབས་ཤུགས་གནས་སྐམ་པོ་ལངས་པས་མི་ལྟོ། རི་བོང་ཅན་ཐུར་ལ་རྒྱུག་པ་ལ་ཐུན་གཞུག་ལ་རླུང་སེམས་གཉིས་ཡིན། ཡི་གེ་ཧཾ་ལ་ལྷན་ལྷན་པ་གཉིས་གཉིས་གསུམ་གསུམ་བསྒོམས་གསུང་ལོ། །ཡུལ་ཅན་གྱི་བདེ་བ་ཉམས་སུ་བླང་ཞེས་པ། ཡུལ་མཚན་་ཉིད་དང་ལྡན་པ་ལ་ཉོན་མོངས་པ་སྐྱེ་བའོ། །སྐྱེ་བ་དེ་ལ་དམ་པ་རྒྱ་གར་གྱིས་བཞེད་པས། རྟོག་པ་སྐྱེས་མ་ཐག་ཏུ་གནད་དུ་མ་གཏང་ན་རྟོག་པ་རགས་པར་སོང་ནས་མགོ་མི་ནོན་གསུངས་ནས་སྐྱེས་མ་ཐག་སྒོམ་ལོ། །དམ་པ་རྒྱ་གར་འབུར་འཇོམས་བྱེད། དེ་ཡང་ཟབ་པ་ཡིན་ཏེ། ཨ་མའི་བུ་ཆུང་བསྐྱངས་པ་དཀའ། ཞེས་པ་ནི། རྟོག་པ་འབུར་བྱུང་བ་དང་ཉམས་སུ་བླངས་པས། ཡང་འབྲས་བུའི་དུས་སུ་འཁོར་བཙུན་ཆུང་ཆུང་ངུན་མ་དང༌། ལོངས་སྤྱོད་ཡིན། རྟ་རྟེའུ་དང༌། སྣམ་བུ་ཚང་དུ་མ་ལོངས་པ་དང༌། དེས་འགྲེའོ། །དགའ་ཞིང་དགྲ་བྱུང༌། རམ་ཟླ་ཕྱི་ལ་རྒྱུག བདེ་ཆེན་ཡེ་ཤེས་དུས་གནད་འཆུགས། །རྒད་པོའི་ཞབས་ཏོག་སྒྱིད་པ་སྐྱུར། །ཞེས་པ་ནི་རྣམ་རྟོག་སྤྱད་པའམ་ཡལ་ནས་ཉམས་སུ་ལེན་པ་རྣམ་སང་གནངས་འབྲས་བུའི་དུས་སུ། འཁོར་དུ་རྒད་པོ་བུ་ཕོགས་བུ་མོ་རྫངས་ནས་རྒས་ཁ་འདིར་སློབ་དཔོན་བ་ཅན་དུ་མ་ཎི་འདྲེན་གྱིན་སྡོད་པ་ཡིན་ཟེར་བའི་རྒད་པོ། དུག་པོ་བྱིང་རྨེད་ཆད་པ་བཞིན་དུ་གཉའ་ཁུང་དུ་སྤུང་ངེ་བ་འོང༌། ཕྱག་རྟེན་ལ་རྟ་རྒན་ནམ། གླང་རྒན་ནམ། གོས་ཡིན་ན་རྙིང་པ་ཟད་པ་ཡོང་གསུངས། འགའ་ཞིག་སྦྱོར་བས་ཉམས་སུ་ལེན་སྟོན་པའི་བསྟན་པ་བག་ཙམ་གནོད། ཅེས་པ། སློབ་དཔོན་པདྨ་དང༌། རྒྱལ་པོ་ཆགས་སྤྱོད་ཅིང་ལམ་དུ་གཏོང༌། སློབ་དཔོན་པདྨ་ལིང་ག་ཕུར་བས་འཚོག་ཅིང༌། བདག་གི་ཞེ་སྡང་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དག་པར་གྱུར་ཅིག ཟེར་ཞིང་ལམ་དུ་གཏོང་ལོ། །དེ་གཉིས་ཤེས་པར་ནི་བྱ། ཉམས་ལེན་ནི་མི་བྱ་གསུངས། འོ་ན་ཇི་ཙམ་ན་ཉམས་ལེན་བྱ་སྙམ་ན། རྟོག་པ་གང་ཡིན་ཡང་སྦལ་རྒྱས་པ་ལ་ཉམས་བླང་གསུངས། བླ་མས་ཇི་ལྟར་གསུངས་པ་བཞིན། །ཐེན་ཐེན་པ་གཅིག་རྒྱབ་པ་ལ་བཏབ། །ནང་དུ་ཉོན་མོངས་རྩལ་རྫོགས་པས། །ཕྱི་རུ་ལོངས་སྤྱོད་མདངས་དང་ལྡན། །ལང་ཚོས་བརྒྱན་པའི་འཁོར་གྱིས་བསྐོར། །ཅེས་པ་ནི། འཁོར་དུ་ན་སོ་དར་ལ་བབ་པ། ལང་ཚོ་དང་ལྡན་པའི་འཁོར་འབྱུང༌། ལོངས་སྤྱོད་པ་རྟ་བཟང་པོའམ། གོས་སྣམ་ཡིན་ཡང་ལེགས་པ་ཡིད་དུ་འོང་བ་ལ་སོགས་པ་བྱུང༌། དེ་ཡང་རྟོག་པ་ཉལ་བ་ལ་སྐྱེས་ན་མི་ལང༌། ལངས་པ་ལ་སྐྱེས་ན་མི་ཉལ། འགྲོ་འཕྲོ་ལ་སྐྱེས་ན་མི་ལྡང༌། སྡོད་འཕྲོ་ལ་སྐྱེས་ན་མི་འགྲོ། མིག་ཕྱེ་བ་ལ་སྐྱེས་ན་མི་འཛུམ། བཙུམ་པ་ལ་མི་འབྱེད། སྤྲང་པོའི་གཏམ་རྒྱུད་དང༌། དཔལ་ཆེན་རྡོ་རྗེ་ཡེ་ཤེས་ཀྱི་གཏམ་རྒྱུད་གཉིས་གོ་སླའོ། །དེས་ན་རྒྱུ་ལ་ལས་སུ་མ་སོང་བར། བར་ཆད་བསྲུང་བ་ནན་ཏན་བྱ། རགས་པ་བྱུང་ན་གཞི་ནས་སྐྱར། ཕྲ་བ་བྱུང་ན་ཐད་ཀར་གཅོད། ཅེས་གསུངས། འདོད་ཆགས་ཀྱི་རྟོག་པ་ལམ་དུ་གཏང་བ་ནི། བདག་གི་འདོད་ཆགས་ཀྱི་རྟོག་པ་འདིས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག ཉོན་མོངས་པའི་སྒྲིབ་པ་དག་པར་གྱུར་ཅིག ཤེས་བྱའི་སྒྲིབ་པ་དག་སྐྱེས་པའི་དགའ་ཚོར་ཡང་མི་བྱ། ཡི་མུག་ཀྱང་མི་སྒོམ། ཡན་པར་ཡང་མི་གཏང༌། བདག་ཏུ་ཡང་མི་བཟུང་གསུངས། བྱུར་དང༌། གྱོད་དང༌། ལྟོ་འགོང་དང༌། ཕུང་འདྲེ་དང༌། ཉེས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་དག་པར་གྱུར་ཅིག བྱས་ལ་ལམ་དུ་བཏང༌། ཐུན་ཚོད་ཉམས་སུ་མྱོང་བས་བཟུང༌། གསུངས། དེ་ནས་སེམས་བསྐྱེད་དེ། ཡང་འོག་མ་རྒྱས་ཤོས་ཟབ་གསུང་ངོ༌། །དེ་ནས་ལྷ་སྒོམ་པ་ལ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་དང་གསུམ་མོ། །བྱིང་ནས་གཉིད་དུ་འགྲོ་ན་མས་ཡར་གསལ་གདབ། རྒོད་ནས་རྟོག་པ་འཕྲོ་ན་ཡས་མར་གསལ་གདབ། བྱིང་རྒོད་གཉིས་མེད་ཁམས་བཟང་ངན་ཐད་ཀར་དུས་གཅིག་ལ་བཀྲ་ལམ་སྒོམ་གསུངས། གཞན་ཡང་མ་གསལ་ན་སྤྱན་དབུས་མ་གསལ་གདབ། དེ་ནས་བླ་མ་སྒོམ་པ་ནི་གདན་ཁྲི་རྒྱབ་ཡོལ་དང་བཅས་པ་སྒོམ། དེ་ནས་བསྔོ་བ་བྱ་བ་ནི། ཉལ་ཡོད་ན་ལངས་ནས་བསྡད། རྐང་པ་དཀྱིལ་ཀྲུང་བྱ། ལག་པ་ཐལ་མོ་སྦྱར། ངག་ཏུ་གསུང་སྙན་པོའི་སྒོ་ནས་བྱ་གསུངས། དེ་འདོད་ཆགས་ལ་གནད་དུ་གཏོང་བའི་ཐབས་སོ། །ཞེ་སྡང་ལ་གནད་དུ་གཏང་དུ་བཏུབ་པ་དང་མི་བཏུབ་གཉིས། མི་བཏུབ་པ་ནི། རང་གི་དཔེ་རྟེན་ཕ་དང་མ། བཞི་སྡེ་བླ་མའི་སྐུ་འཁོར་ལ། ཞེ་སྡང་བསྐྱེད་པར་མི་བྱའོ། །སྐྱེས་ན་སྤོངས་སེམས་གནད་ཀྱིས་བཟུང༌། དེ་རང་ཉམས་ལེན་ཡིན། དེས་ན་ཡར་བཟང་རྟོག་གི་གསེབ་ཏུ་རྟོག །དུག་རྟ་སྨན་གྱིས་བྱས་པའི་དཔེ་གསུངས། དེ་ཡ་གིར་བཤད། དེ་ནས་དགྲ་ལ་སྐྱེ་བའི་ཞེ་སྡང་ལ་སྒོམ་པ་ནི་གོང་མས་འགྲེ། ལར་ཞེ་སྡང་ལ་གནད་དུ་གཏོང་བ་བཅུ་ཆོས། འདོད་ཆགས་ལ་སུམ་ཆོས། གཏི་མུག་ལ་ཀུན་ཏུ་འགྲོས་ན་འཆི་བ་དང་འོད་གསལ་གཉིས་སོ། །ད་རྟོག་པ་བཟང་རྟོག་ལ་གནད་དུ་གཏོང་བ་ནི། མོས་གུས་ལ་མཚོན་ན། བླ་མ་ལ་མོས་གུས་དུང་པ་སྐྱེས་མ་ཐག་ཀྱང་མ་ཡིན། སྐྱེས་མ་ཐག་ནས་མིག་ནས་མཆི་མ་འདོན་པ་དང་ངག་ཏུ་ཐོན་ནས་ཀྱང་མ་ཡིན། (དགག་ཕྱོགས་ལམ་དུ་བཏང་ནས) ནས་སྒྲུབ་ཕྱོགས་ཉམས་སུ་བླང་གསུངས། མོས་གུས་དུང་དུང་ བའི་དུས་སུ་ (ལམ) མལ་དུ་གཏང༌། དགག་ཕྱོགས་ལམ་དུ་བཏང་བ་དང་སྒྲུབ་ཕྱོགས་ལམ་དུ་བཏང་བའོ། །འབྲི་གུང་ དབོན་རིན་པོ་ཆེའི་ཞལ་ནས། དགེ་བའི་བཤེས་གཉེན་པ་འགའ་ཞིག་བཟང་རྟོག་ལམ་དུ་གཏོང་ཟེར་ཏེ། བཟང་རྟོག་ལམ་དུ་གཏོང་གཏོང་ན། ངན་རྟོག་ལམ་དུ་གཏོང་བཞིན་དུ། བདག་གི་མོས་གུས་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མོས་གུས་ཀྱིས་གཙོ་བྱས་པའི་ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་དག་པར་གྱུར་ཅིག་ཟེར་རམ་སྟེ་དེ་ནི་མི་འོང་ལགས་གསུང་ལོ། རིན་པོ་ཆེ་སོགས་པའི་ཞལ་ནས། ལན་གཅིག་སྤྱན་སྔར་དགེ་བའི་བཤེས་གཉེན་གཅིག་གཉིས་དང་ཉེ་གནས་པ་ཡང་གཅིག་གཉིས་ཡོད་ཙ་ན། གཅིག་གིས་ཆོས་ཤིག་དྲིས་དང་གསུང་བས། དགེ་བའི་བཤེས་གཉེན་གཅིག་གི་ཞལ་ནས། སངས་རྒྱས་ཀྱི་ས་ན་སེམས་ཡོད་དམ་མེད་དྲིས་པས། གཅིག་གི་ཞལ་ནས་སེམས་ཡོད། ཡོད་ལུགས་ད་ལྟའི་འདི་ཀ་བཞིན་དུ་ཡོད་བྱས་པས། སངས་རྒྱས་རྟོག་པ་དང་བཅས་པར་ཐལ་བྱས་པས། རྟོག་པ་ཡོད་ན་ཅི་སྟོ་སྟེ། ཁྱབ་པ་མ་གྲུབ་བྱས་པས། ཁྱབ་པ་གྲུབ་སྟེ་བྱམས་པའི་ཞལ་ནས། སེམས་དང་སེམས་བྱུང་ཁམས་གསུམ་པ། སྒྲ་རྟོག་རྣམ་པ་ཅན་རྟོག་ཡིན། །བྱས་པས། བྱམས་པའི་ཁ་ལ་གཏད་པ་མེད་ཟེར་ལོ། །ཆོས་རྗེ་ཞལ་ནག་རོག་སོང་ནས། ཨན་ཙམ་ཞིག་ན། སྒོམ་རིན་སློབ་དཔོན་ལ་ཆོས་ཤིག་དྲིས་དང་གསུང་ལོ། །ཞེ་སྡང་ལ་ཞེ་སྡང་འདག་པའི་མཐུ་བདོག་གམ་མི་བདོག་བྱས་པས། མེད་གསུང་ལོ། །འོ་ན་བདག་གི་ཞེ་སྡང་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དག་པར་གྱུར་ཅིག་བྱས་པའི་མི་འདག་གམ་བྱས་པས། འོ་འདུ་ཏ། འོ་འདུ་ཏ། བདག་གི་ཞེ་སྡང་འདིས་བདག་གི་ཞེ་སྡང་འདག་པར་གྱུར་ཅིག་བྱས་ན་མི་འདག བདག་གི་ཞེ་སྡང་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དག་པར་གྱུར་ཅིག་བྱས་ན་འདག་དེ་བསམ་པ་རྒྱ་ཆེན་པོ་དེས་འདག་པ་ཡིན་གསུངས། འོ་ན་བཟང་རྟོག་ལམ་དུ་གཏོང་བ་ཡོད་དམ་མེད་བྱས་པས། ཡོད་གསུང་ངོ༌། །འོ་ན་ཇི་ལྟར་གཏོང་ཞུས་པས། དགག་ཕྱོགས་ལམ་དུ་གཏོང་བ་དང༌། སྒྲུབ་ཕྱོགས་ལམ་དུ་བཏོང་བ་གཉིས་ཡིན་གསུངས། དགག་ཕྱོགས་ལ་བདག་གི་མོས་གུས་འདིས་ བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག ཉོན་མོངས་པའི་སྒྲིབ་པ་དག་པར་གྱུར་ཅིག ཤེས་བྱའི་སྒྲིབ་པ་དག་པར་གྱུར་ཅིག་བྱ། དེ་དགག་ཕྱོགས་ལམ་དུ་བཏང་བའོ། །སྒྲུབ་ཕྱོགས་ལམ་དུ་གཏང་བ་ནི། བདག་གི་མོས་གུས་འདིས་བླ་མ་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག སངས་རྒྱས་ཀྱི་བསྟན་པར་དར་ཞིང་རྒྱས་པར་གྱུར་ཅིག མ་མཁའ་དང་མཉམ་པའི་སེམས་ཅན་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག་བྱ། དེ་སྒྲུབ་ཕྱོགས་ལམ་དུ་བཏང་བའོ། །དེ་རྣམས་གསུངས་པ་དང་ཆོས་དེ་སུ་ལ་ཡོང་ངམ་སྙམ་པ་ན་སུ་ལ་ཡང་མ་བྱུང༌། ཆོས་ལ་བདག་པོ་དགོས་པ་ཡིན་གསུངས། ཐུན་ཚོད་ཉམས་སུ་མྱོང་བས་བཟུང༌། །ཞེས་པ། སྔར་དང་མི་འདྲ་གསུངས། ལམ་དུ་བཏང་ཞིང་མོས་གུས་ཀྱང་བསྐྱེད། དེ་ནས་སེམས་བསྐྱེད། མོས་གུས་ཀྱང་བསྐྱེད། ལྷ་བསྒོམ་མོས་གུས་ཀྱང་བསྐྱེད། ཕྱག་རྒྱ་ཆེན་པོ་བསྒོམ། བསྔོ་བ་བྱ། རྗེས་ལ་ཕྱག་རྒྱ་ཆེན་པོ་སྔ་མ་ཅག་གེའི་ཡུན་ཙམ་ཞིག་བསྒོམ། བཟང་རྟོག་ཐམས་ཅད་དེས་འགྲེའོ། །རྟོག་པ་འབྲིང་པོ་ལ། རགས་པ་བྱུང་ན་གཞི་ནས་བསྐྱར་ཅེས་པ་གོ་སླའོ། །ཕྲ་བ་བྱུང་ན་ཐད་ཀར་བཅོས། ཞེས་པ། སའམ་རྡོའམ་ཤིང་མེའམ་ཆུའམ། བེམ་བོ་ལ་ཞེས་དེ་རྣམས་དང་མོས་གུས་སྡེབ་པ་ཡིན་གསུངས། ཞེ་སྡང་སྐྱེས་པས་ལས་མི་གསོག་པར་འདོད་པ་ཡོད་དེ། ཆོས་རྗེའི་བཞེད་པས་ལས་གསོག་པར་བཞེད་པ་འདུག་པས་ཟབ་གསུངས། དེ་རྣམས་ཀྱིས་སྐྱོན་མེད་ཅིང་ཡོན་ཏན་རྫོགས་པར་བྱ་བ་དང༌། མགོ་སྙོམ་མི་འཛིན་པར་བྱེད་པ་ལགས། ལྔ་ལྡན་སྡོམ་པ་ཐལ་ནས། ད་དེ་དག་གི་ལག་རྗེས་བསྟན་པ་ནི། རྟོག་པ་རབ་འབྲིང༌། ཐ་མ་གསུམ་ལ། དེ་ལ་འདོད་ཆགས་ལམ་དུ་བཏང་བས། ནང་དུ་རང་གི་ཉོན་མོངས་པ་འདག ཕྱི་ནས་འཁོར་འདོད་ཆགས་ཤས་ཆུང་བ་འབྱུང༌། སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའི་རིགས་འབྱུང༌། ལྷ་སྒོམ་པ་ལ་ལག་རྗེས་བཞི། རྣམ་པ་གསལ་བས་དབང་པོ་དྲུག་པོ་འབྱུང༌། ང་རྒྱལ་བརྟན་པས་རིགས་མི་འདོར་བ། དབང་སྐྱབས་ལ། འདིར་འདུལ་བ་འཛིན་པའི་སློབ་མ་དགེ་བཤེས་ཉང་གོལ་ལྟ་བུའོ། །རྣམ་དག་དྲན་པ་ལ་གཉིས། ཀུན་རྫོབ་ལྷ་སོ་སོའི་རྣམ་པར་དག་པ་ཞེན་པ་ཆུང༌། དོན་དམ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པས། ཕྱག་རྒྱ་ཆེན་པོ་རྟོགས་པ་འབྱུང༌། བླ་མ་བསྒོམས་པས་རང་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བྱིན་རླབས་འབྱུང༌། ཕྱི་རོལ་ནས་སློབ་མ་མོས་གུས་ཅན་འབྱུང༌། ཕྱག་རྒྱ་ཆེན་པོ་བསྒོམ་པས་མཉམ་དུ་འཚང་རྒྱ་གསུངས། ད་བསྔོ་བ་བྱེད་པའི་དུས་སུ་ཉལ་ན་ཡར་ལངས། འགྲོ་འཕྲོ་ཡིན་ན་བསྡད། རྐང་པ་དཀྱིལ་ཀྲུང་བྱ། ལག་པ་ཐལ་མོ་སྦྱར། ངག་སྙན་པའི་གསུང་དང་བཅས་པས་བསྔོ་བ་བྱ། ལུས་འཁྲུལ་འཁོར་ལེགས་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ། གསུང་སྙན་པའི་མདངས་དང་བཅས་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ། ཡིད་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ། དེས་དུག་གསུམ་འགྲེའོ། །བཟང་རྟོག་ལ་རབ་མོས་གུས་ལམ་དུ་བཏང་བའི་ལག་རྗེས་ལ། དགག་ཕྱོགས་ལམ་དུ་བཏང་བས་ཉོན་མོངས་པ་དག་པ་འབྱུང༌། སྒྲུབ་ཕྱོགས་ལམ་དུ་བཏང་བས་མོས་གུས་ཅན་དེ་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་འགྱུར། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་བྱེད་པར་འགྱུར། སེམས་བསྐྱེད་པ། ལྷ་སྒོམ་པ། ཕྱག་རྒྱ་ཆེན་པོ་བསྒོམ་པ། བསྔོ་བ་བྱེད་པ་དེ་ཚོ་སྔ་མ་དང་འདྲའོ། །རྟོག་པ་བཟང་རྟོག་ཐམས་ཅད་དེས་འགྲེའོ། །རྟོག་པ་ངན་པ་དང་བཟང་པོ་གཉིས་ལས་སློབ་མ་གྲངས་འགྲུབ། འབྲིང་པོ་ལ་ཡོན་བདག་འགྲུབ་གསུངས། འདིའི་སྐབས་སུ་རྒྱུ་གཅིག་སྟོན་པ་ཡིན། རྟོག་པ་ལ་གང་ཉེ་བ། སྤང་དཀའ་བ་དེ་ལ་གནད་དུ་སོང་ན་ཉེ་གནས་འགྲུབ། དེ་བས་སླ་བ་རྣམས་ལ་གྲྭ་བ་འགྲུབ། རྟོག་པ་ཟ་ཟི་ཕྲ་མོ་རྣམས་ལ་ཡོན་བདག་འགྲུབ། རྟོག་པ་བཟང་པོ་དང་ངན་པ་གཉིས་ལ་གནད་དུ་སོང་ནས་འབྲིང་པོ་ལ་གནད་དུ་མ་སོང་ན། མི་ཆེན་པོ་དང༌། འབྲིང་པོ་དབང་དུ་འདུས། མི་ཆུང་སྒོག་ག་ན་ངན་མི་མགུ་བ་ཡིན་གསུངས། ཕྲ་མོ་ལ་གནད་དུ་སོང་ནས་དེ་མིན་གཉིས་ལ་གནད་དུ་མ་སོང་ན། མི་ཆུང་ཆུང་མགུ་ཡང་ཆེན་པོ་མི་མགུ་བ་ཡོང་བ་ཡིན་གསུང་ངོ༌། །སྣང་བ་སྣ་ཚོགས་ལ་གནད་དུ་སོང་ན་སྣང་བ་འུར་ལངས་པ། ཕོ་འགམ། མོ་འདུར། བྱིས་པ་ཏེ་ཏེ་བརྡུང༌། དེ་ཆུ་རང་འཕྲོག་པ་དེ་སྣང་བ་ཐམས་ཅད་ལ་གནད་དུ་སོང་བས་ཡོང་བ་ཡིན་གསུངས། དེས་ལྔ་ལྡན་སྒོམ་པ་དང་དེའི་ལག་རྗེས་བསྟན་པའོ། །གསུམ་པའོ། །ད་དེ་ཉམས་སུ་བླངས་པའི་འབྲས་བུ་སྟོན། དཔལ་ཕག་མོ་གྲུ་པའི་ཞལ་སྔ་ནས། སྒྲུབ་པ་བྱས་པའི་འབྲས་བུ་དེས།། རང་གཞན་གཉིས་ཀྱི་འདོད་པ་འགྲུབ། །འཁོར་བ་མུ་མཐའ་མེད་པ་རུ། །སེམས་ཅན་རྣམས་ལ་སྨན་གྱུར་ཅིག །ཅེས་གསུངས་པས། ཆོས་བྱས་འབྲས་བུ་གང་ཡིན་ན། གྲགས་པ་དང་སྙན་པ། རྙེད་པ་དང་བཀུར་སྟི། འཁོར་དང་ལོངས་སྤྱོད་ཐམས་ཅད་ཆོས་བྱས་པའི་ཡོན་ཏན་ཡིན་ཏེ་འབྲས་བུ་མིན་གསུངས། འབྲས་བུ་གང་ཡིན་ན། མ་ནམ་མཁའ་མཉམ་པའི་སེམས་ཅན་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །འབྲས་བུ་ཆོས་ཀྱིས་ཕན་ཐོགས་པའོ། །ཆོས་ཉམས་སུ་ལེན་པ་ལ་སློབ་མ་ཡོང་པས། དེ་ལ་འབྲས་བུ་བཞི་འབྱུང་གསུངས། ཞེ་སྡང་ལྟ་བུ་ལ་དབང་གི་འབྲས་བུ་རང་བས་ལྷག་པའི་རིན་པོ་ཆེ་སྐྱོན་མེད་ཡོན་ཏན་ལྡན་པ་འབྱུང༌། བྲལ་འབྲས་དེའི་མི་མཐུན་བྲལ། ཞེས་པ་རྟོག་པ་ཡོད་ན་ཞེ་སྡང་དང་བྲལ་བའོ། །དེ་ཡང་ངོ་མཚར་ཅན་དུ་མཆིས། རྣམ་སྨིན་ཞེ་སྡང་སྐྱེ་ན་ཡང༌། དབང་དུ་མི་འཆོར་ཉམས་སུ་ལེན་མཁན་དེ་ཡང་ངོ་མཚར་ཅན་དུ་མཆི། རྒྱུ་མཐུན་རྟོགས་པ་ཡོད་ན་ཡང༌། །ཞེ་སྡང་མི་སྤོང་དེ་ལ་སྤྱད། །དེ་ལམ་གྱི་དུས་སུ་སྐྱེས་པ་ནོར། །འབྲས་བུའི་དུས་སུ་ཕུན་ཚོགས་འཁོར། །མི་སྤང་མཉམ་པ་ཉིད་དུ་རོལ། །འོག་མ་གོང་མར་འཕོ་བ་ཡིན། །དུས་གསུམ་ཐམས་ཅད་དེས་འགྲེའོ། །རབ་མོས་གུས་ལ། རང་བས་ལྷག་པའི་རིན་པོ་ཆེ། །སེམས་ཅན་དོན་ལ་ཆགས་ཐོགས་མེད། །སྐྱོན་མེད་ཡོན་ཏན་ལྡན་པ་འབྱུང༌། བྲལ་འབྲས། བླ་མའི་སྐུ་གསུང་ཐུགས་དང་འཕྲིན་ལས་ལ་ལོག་ལྟའི་བློ་དང་བྲལ་བ་འབྱུང༌། རྣམ་པར་སྨིན་པའི་འབྲས་བུ་ལ། མོས་གུས་ཡང་ཡོད། ཉམས་ལེན་ཡང་བྱེད་པ་འབྱུང༌། རྒྱུ་མཐུན་པའི་འབྲས་བུ་ལ། མོས་གུས་གཅིག་པོས་ཆོག་ཟེར་བ་འབྱུང༌། རྟོག་པ་བཟང་རྟོག་དེས་འགྲེས་སོ། །འབྲིང་པོ་ཐད་ཀའི་སྣང་བ་ལ། དབང་གི་འབྲས་བུ་ལ། རང་བས་ལྷག་པའི་རིན་པོ་ཆེ། སྐྱོན་མེད་ཡོན་ཏན་ལྡན་པར་འབྱུང༌། རྗེ་བཙུན་གླིང་རས་ལྟ་བུ་ཞལ་མཐོང་བས་སྒོམ་སྐྱེས་པ་འབྱུང༌། བྲལ་འབྲས་དེའི་མི་མཐུན་བྲལ། ཅེས་པ། འཇིག་རྟེན་ནམ་སྣང་བ་ལ་ཞེན་པ་དང་བྲལ་བ་འབྱུང༌། རྣམ་སྨིན་ཉོན་མོངས་སྐྱེས་ནས། དབང་དུ་མི་འཆོར་ཉམས་ལེན་མཁས། ཞེས་པ། སྣང་བ་ཞེན་པ་སྐྱེས་ཡང་དབང་དུ་མི་འཆོར་བར་ཉམས་ལེན་མཁས་པ་འབྱུང༌། རྒྱུ་མཐུན་ལས་ངན་ཡོད་ན་ཡང༌། ལས་ངན་མི་སྤང་དེ་ལ་སྤྱོད། ཅེས་པ། ལྔ་ལྡན་གྱི་ཉམས་ལེན་ཤེས་ཀྱང་ཉམས་སུ་མི་ལེན་པའི། སྣང་བ་ལ་ཞེན་པ་ཆེ་བ། འཇིག་རྟེན་བློས་གཏོང་མི་ནུས་པ་འགའ་ཞིག་འབྱུང༌། ཡང་ལན་གཅིག་གི་དུས་སུ། སྣང་བ་ཐད་ཀའི་ཉམས་ལེན་ལ་ཡོན་ཏན་ལ་ཡོན་བདག་འགྲུབ་གསུངས། དབང་གི་འབྲས་བུ་ལ། ཡོན་བདག་པའི་གསེབ་ནས་ཀྱང་སྐྱོན་མེད་ལ་ཡོན་ཏན་རྫོགས་པ་འགའ་ཞིག་འབྱུང་གསུངས། བྲལ་བའི་འབྲས་བུ་ལ། ཡོན་ཏན་བདག་པ་ཡིན་ཀྱང་འཇིག་རྟེན་ལ་ཞེན་པ་དང་བྲལ་བ་འགའ་ཞིག་འབྱུང་གསུངས། རྣམ་པར་སྨིན་པའི་འབྲས་བུ་ལ། བླ་མ་དེའི་ཆོས་ཉམས་ལེན་གང་ཡིན་པ་ཤེས་པ། ཞེན་པའི་དབང་དུ་མི་འཆོར་བ་འགའ་ཞིག་འབྱུང་གསུངས། རྒྱུ་མཐུན་པའི་འབྲས་བུ་ལ། ང་སློབ་དཔོན་ཐ་སེ་མོའི་ཡོན་བདག་ཡིན་ཟེར་ནས། ཁེ་གྲགས་རྐེ་འཐེན་པ། ཞེན་པ་ཆེ་བ་འགའ་ཞིག་འབྱུང་གསུང་ངོ༌། །དེ་ཚོ་འབྲས་བུ་བཞི་ལ་བརྗེད་ཐོ་ཙམ་ཡིན། དེ་ལྟར་ཆོས་ལྔ་ལྡན་གྱི་ཉམས་ལེན་འདི་ལ། བཀའ་སྡེ་སྣོད་གསུམ་ཚང༌། རྒྱུད་སྡེ་བཞི་དང༌། བདེན་པ་བཞི་དང༌། བདག་མེད་གཉིས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག ལྟ་བ་སྒོམ་པ་སྤྱོད་པ་གསུམ། རྒྱུ་དང་ལམ་དང་འབྲས་བུ་གསུམ། ཚད་མེད་པ་བཞི། ཐབས་མཁས་པ་དང༌། ཤེས་རབ་ཟབ་མོ་གཉིས། རྣམ་པར་ཐར་པའི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཐམས་ཅད་ཚང་བར་བརྩི་བ་སྟེ། སྒོ་གསུམ་ཆོས་ཀྱི་སྒོ་ཐམས་ཅད་ཚང་གསུང་ངོ༌། དགེ་བ་འདིས་མཚོན་འཁོར་འདས་ཀྱིས། །དུས་གསུམ་བསགས་དང་ཡོད་པ་ཡི། །མཁའ་མཉམ་སེམས་ཅན་མ་ལུས་རྣམས། །ཚེ་འདིར་སངས་རྒྱས་ཐོབ་པར་ཤོག། །


previousལྔ་ལྡན་ཤོག་ཁྲ་མའི་ཆོས།། next