Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྗེའི་ཚིག་གསུམ་གནད་ཀྱི་གདམས་པ།།
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousརྗེའི་ཚིག་གསུམ་གནད་ཀྱི་གདམས་པ།། next

རྗེའི་ཚིག་གསུམ་གནད་ཀྱི་གདམས་པ།།

ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས། །སྤྲོས་པའི་མཚན་མ་མི་མངའ་ཞིང༌། །དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །རིན་ཆེན་བླ་མའི་ཞབས་ལ་འདུད། །དེ་ཡི་ཞལ་ནས་ལེགས་གསུངས་པ།། བདུད་རྩི་གནད་ཀྱི་མན་ངག་འདི། །གུས་བསྟེན་སློབ་མས་སྐུལ་ཕྱིར་ནི། །བརྩེ་བས་མན་ངག་གསུང་བཞིན་འབྲི། །བུ་གཅིག་གུས་པས་ཚུར་ཉོན་དང༌། །རྙེད་དཀའ་བའི་དལ་འབྱོར་ཐོབ་པ་འདི། །མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །དེ་ཕྱིར་ཚེ་འདིའི་འདུན་པ་སྤོངས། །རིགས་དྲུག་འཁོར་བའི་དུ་ཁཿལ། །མེ་དོང་ལྟ་བུར་བསམས་ལགས་ན། །དེ་ལས་ཐར་བྱེད་དམ་པའི་ཆོས། །གནས་ལུགས་དོན་ལ་གོམས་པར་མཛོད། །འཁོར་བའི་རྒྱུད་ལས་ཐར་ལགས་ཀྱང༌། །བརྩེ་བའི་མ་རྣམས་བོར་ལགས་ན། །ཉན་རང་དམན་པའི་བྱང་ཆུབ་ཡིན། །སེམས་གསུམ་འབྲལ་མེད་བསྒོམ་ཞིག་གསུངས། །ཚེ་འདི་དོན་ཆེན་སྒྲུབ་ལགས་ན། །ཚད་ལྡན་བླ་མ་རིན་ཆེན་གྱི། །ཅི་གསུང་བཀའ་བཞིན་བསྒྲུབ་པ་ཡིན། །དངོས་གྲུབ་འབྱུང་གིས་མོས་གུས་གྱིས། །རང་གཞན་དོན་འབྱུང་རྫོགས་སངས་རྒྱས། །སྒྲུབ་བྱེད་གནད་ཀྱི་མན་ངག་ནི། །ཟུང་འཇུག་ལམ་གྱི་མཆོག་གྱུར་པ། །ཚིག་གསུམ་གནད་ཀྱི་མན་ངག་འདི་ལྟར་བྱ་གསུངས། སངས་རྒྱས་རྣམས་ཀྱི་གཞུང་ལམ་འདི། །ཚེ་འདིའི་ལྟོས་ཐག་བཅད་ནས་ཀྱང༌། །ཉམས་ལེན་འབྲལ་མེད་བརྩོན་འགྲུས་ཀྱིས། །སྙིང་ལ་ཞོག་ཅིག་སྐྱེས་བུ་རྣམས། །

འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་གྱི་སྟོན་པ་ཐུབ་པ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་གྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། ཆོས་དེ་རྣམས་ཉམས་སུ་ལེན་པ་ལ་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ན་ཡང་མདོར་བསྡུས་ན།

པཎྜི་ཏ་སྒྲོ་འདོགས་ཕྱི་ནས་གཅོད་པ་དང༌། ཀུ་སཱ་ལི་སྒྲོ་འདོགས་ནང་ནས་གཅོད་པ་གཉིས་ཡིན་ཏེ། དེ་ཡང་པཎྜི་ཏ་སྒྲོ་འདོགས་ཕྱི་ནས་གཅོད་པ་བྱ་བ་སྟེ། བཤད་པའི་བླ་མ་མང་པོ་བསྟེན། བཀའ་བསྟན་བཅོས་སམ་མདོ་སྡེ་དང༌། རྒྱུད་སྡེ་རྣམས་ལ་ཐོས་བསམ་གྱིས་ཤེས་བྱ་བསྐྱངས་པས་ནམ་ཞིག་ན། ཆོས་རྣམས་ནམ་མཁའ་ཕྱིས་བལྟས་ཆོས་སུ་འགྲོ་བར་གསུངས་པ་མི་འདུག་པས། བསྒོམ་པ་མེད་ཀྱང་ཅི་ཞིག་ལྟར་ལ་ཤེས་པ་ཁ་ནང་དུ་ལོག་སྟེ་སེམས་ལྷན་ཅིག་སྐྱེས་པའི་དོན་རྟོགས་ནས་རྟོགས་པ་འཆར་བ་ཡང་ཡོད་པར་འདུག་གསུངས།

གཉིས་པ་ཀུ་སཱ་ལི་སྒྲོ་འདོགས་ནང་ནས་གཅོད་པའི་ལུགས་ནི། ཆོས་མང་པོ་གཅིག་ཐོས་བསམ་མ་བྱས་ཀྱང༌། བླ་མ་དམ་པ་གཅིག་དང་མཇལ། མོས་གུས་བྱས་ཏེ་གསུང་རྡོག་པོ་གཅིག་ཙམ་ལ་གཙིགས་སུ་བྱས་ནས་བསྒོམས་པས། བླ་མའི་བྱིན་རླབས་དང་རང་གི་མོས་གུས་ཀྱི་ཤུགས་ཀྱིས་རང་གི་སེམས་ལྷན་ཅིག་སྐྱེས་པ་སྐྱེ་འཆི་མེད་པའི་དོན་རྟོགས་ཏེ། རྟོགས་པ་ཕུན་སུམ་ཚོགས་པ་ཤར་བའི་དུས་སུ། བཀའ་སྡེ་སྣོད་ཀྱི་དོན་མ་ལུས་པ་ཁོང་དུ་ཆུད་ཅིང་སྣང་བ་དཔེ་ཆར་འཆར་བ་ཡིན། དེ་ཙ་ན་པཎྜི་ཏ་མང་པོས་མཐའ་བསྐོར་ཡང༌། ཆོས་ཀྱི་ལན་འདེབས་པ་ལ་ཐོགས་པ་མེད་ཅིང་ཉམ་ང་མེད་པ་འབྱུང༌། དེ་ལ་སྒོམ་འབྱུང་གི་ཤེས་རབ་ཟེར་བ་ཡིན་ལ། རྣལ་འབྱོར་པ་སེང་གེ་ལྟ་བུ་བྱ་བ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། འོ་ན་དེ་ལྟ་བུ་རང་ཨེ་ཡོད་དམ་སྙམ་ན་ཡོད་དེ་སློབ་དཔོན་བིརྻ་པ་ལྟ་བུའམ། ཏོག་ཙེ་ལྟ་བུ་ཡིན། བླ་མ་ནཱ་རོ་པས་ཏིལླི་པ་མཉེས་པར་བྱས་པ་ལ་བརྟེན་ནས། ནཱ་རོ་པའི་ཐུགས་ལ་ཚིག་དོན་མ་ལུས་པ་དུས་གཅིག་ལ་འཁྲུངས་པ་ཡིན་གསུངས།

དེ་ལྟར་ལུགས་གཉིས་ལས་འོ་སྐོལ་གྱི་བཀའ་བརྒྱུད་རིན་པོ་ཆེ་འདི་ཀུ་སཱ་ལི་སྒྲོ་འདོགས་ནང་ནས་གཅོད་པའི་ལུགས་ཡིན་གསུངས། དེ་ཡང་ངེད་ཀུ་སཱ་ལི་པ་ཡིན་ཟེར་ནས། གདམས་ཆུང་འགའ་རེ་ཡི་གེར་བྲིས་ནས། དེ་དར་གྱིས་དཀྲིས། མཆན་ཁུང་བསེ་དྲི་ཁ་ཤོས་གཅིག་ཏུ་བཅུག་ནས། འདི་ན་སུ་ལ་ཡང་མེད་པའི་གདམས་པ་ཡོད་པ་ཡིན་ཟེར་བ་དེ་ལ་ཀུ་སཱ་ལི་པ་མི་ཟེར། འོ་ན་གང་ཡིན་ན་རྗེ་རིན་པོ་ཆེའི་ཞལ་ནས། ཆོས་གཅིག་ཉམས་སུ་བླངས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་གོ་རྟོགས་སྐྱེ་བ་གཅིག་བྱུང་ན་དེ་ཀུ་སཱ་ལི་པ་བྱ་བ་ཡིན་གསུངས། ཆོས་གཅིག་ཉམས་སུ་བླངས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་གོ་ནུས་པའི་ཆོས་དེ་གང་ཡིན་སྙམ་ན། བླ་མ་རིན་པོ་ཆེའི་ཞལ་ནས། དེ་ཚིག་ཉུང་ལ་དོན་འདྲིལ་བ་ཉམས་སུ་བླང་བདེ་བ། ཚིག་རྡོག་པོ་གསུམ་ལས་མེད་ཀྱིས་ཁྱེད་ཀྱིས་འདི་བློ་ལ་ཟུང་ལ་ཉམས་སུ་ལོངས་གསུངས། དེ་གང་ཡིན་ན། ལུས་འདི་ཙུག་སྡོད་ལ་སེམས་འདི་ཙུག་ཞོག་དང༌། ཡོན་ཏན་འདི་འདྲ་ཞིག་སྐྱེ་ཡིས་བྱ་བ་གསུམ་པོ་འདི་ལས་མེད་པ་ཡིན་གསུངས། འདི་ལ་ཡང་སངས་རྒྱས་ཀྱི་ཆོས་རེ་རེ་ལུས་སེམས་ཀྱི་བཞག་ཐབས་མི་འདྲ་བ་རེ་རེ། དེ་རྣམས་ལ་ཡོན་ཏན་གྱི་སྐྱེ་ཚུལ་ཐ་དད་པ་རེ་རེ་སྟེ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་པ་ཡིན་ཏེ།

ད་རེས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལྟ་བུ་གཅིག་ལ་མཚོན་ན། གསུམ་ཡིན་ཏེ། དངོས་པོའི་གནས་ལུགས་དང༌། ལམ་ཉམས་སུ་ལེན་པའི་ཐབས་དང༌། འབྲས་བུ་སྐྱེ་བའི་ཚུལ་དང་གསུམ་ལས།

དངོས་པོའི་གནས་ལུགས་ནི་ལུས་འདི་གདོད་མ་ནས་དཔའ་བོ་མཁའ་འགྲོའམ་ད་ལའི་རང་བཞིན་སངས་རྒྱས་གཅིག་ཡིན་ཏེ། གསང་བ་འདུས་པ་ལས། ས་ཆུ་སྤྱན་དང་མ་མཱ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་ད་ལའི་མཆོག །ཅེས་གསུངས་པས་ཤེས་ལ། སེམས་ཀྱི་རང་བཞིན་ནི་གདོད་མ་ནས་རྣམ་པར་དག་པའི་ཆོས་ཀྱི་སྐུ་སངས་རྒྱས་ཡིན་ཏེ། འདའ་ཀ་ཡེ་ཤེས་ནས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །གསུངས་པ་ཡིན། ལུས་སེམས་གཉིས་ཀྱི་གནས་ལུགས་འདི་རྟོགས་ན་སངས་རྒྱས་ཡིན་ལ། མ་རྟོགས་ན་འཁོར་བའི་སེམས་ཅན་ཡིན་ཏེ། དབུ་མ་ནས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །འཁོར་བའི་མཚན་ཉིད་ཤེས་པ་ལ། །མྱ་ངན་འདས་ཞེས་བརྗོད་པ་ཡིན།། གསུངས་པས། གནས་ལུགས་དེས་མ་ཕན་པར་དེ་མངོན་དུ་གྱུར་པར་བྱེད་པ་ལ།

ལམ་ཐབས་ཉམས་སུ་བླངས་པའི་རིམ་པ་གསུངས་པ་ཡིན་པས། ལུས་འདི་ཙུག་སྡོད་ལ། སེམས་འདི་ཙུག་ཞོག་དང༌། ཞེས་པ་འདི་གསུངས་པ་ཡིན། འོ་ན་ལུས་ཅི་ཙུག་འཇོག་པ་ཡིན་སྙམ་ན། བླ་མས་བསྟན་པ་འདི་ཙུག་འཇོག་པ་ཡིན། བླ་མས་བསྟན་པ་གང་ཡིན་ན། བསམ་གཏན་གྱི་འཁྲུལ་འཁོར་གནད་བརྒྱད་དང་ལྡན་པར་འཇོག་པ་ཡིན་ཏེ། རྐང་པ་དཀྱིལ་ཀྲུང་བཅའ་བ་དང༌། ལག་པ་མཉམ་བཞག་བྱ་བ་དང༌། སྒལ་ཚིགས་སྲང་བ་དང༌། ཡང་མགྲིན་པ་གུག་བར་བྱ། མིག་སྣ་རྩེར་དབབ། ལྕེ་རྐན་ལ་སྦྱར། དབང་པོ་ཐུར་དུ་འཆང་བ། དཔུང་པ་རྒོད་གཤོག་བཞིན་ཡངས་པར་བྱ་སྟེ། ལུས་གནད་བརྒྱད་པོ་དེ་ལས་མ་གཡོས་པར་སྡོད་པ་དེ་ལ་ལུས་འདི་ཙུག་སྡོད་བྱ་བ་ཟེར་བ་ཡིན་གསུངས། སེམས་འདི་ཙུག་ཞོག་དང་བྱ་བ་སེམས་ཅི་ཙུག་འཇོག་པ་ཡིན་སྙམ་ན། སེམས་བླ་མས་བསྟན་པ་དེ་ཙུག་འཇོག་པ་ཡིན་ཏེ། གང་ཡིན་ན་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དུ་འཇོག་པ་ལ་ཟེར་བ་ཡིན་པས་ལུས་དེ་ཙུག་གཏད་ནས། དང་པོ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཀྱི་སྟེང་དུ་མ་ཡེངས་པར་སིང་ངེ་འཇོག་པ་ཡིན། གཉིས་པ་དེའི་རྗེས་ལ་རང་གི་ལུས་ཡི་དམ་གྱི་ལྷའི་སྟེང་དུ་བརྒྱན་ལ་སོགས་པ་གསལ་བར་འཇོག་པ་ཡིན། གསུམ་པ་དེའི་རྗེས་ལ་ལུས་ཁོང་སྟོང་སྙིང་པད་མ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་རྩ་བའི་བླ་མ་གསལ་བར་བསྒོམ། བཞི་བ་བློ་སྔ་ཕྱིའི་བར་དེར་བླ་མས་བསྟན་པ་བཞིན་དུ་སེམས་དེ་བཞིན་ཉིད་མ་བཅོས་པའི་ངང་དུ་འཇོག་པ་ཡིན་ཏེ། དེ་ལྟར་བཞག་པས་སེམས་རྣམ་པར་མི་རྟོག་པ་དེའི་ངང་དུ་གནས་ཀྱིན་འདུག་ན། དེ་སྐྱེ་བ་མེད་པའི་སྒོ་བྱ་བ་ཡིན་པས། དེ་ལ་དགའ་བ་མི་བྱ་བར་གནས་ཚད་དུ་ བཞག དེ་ལ་མི་གནས་པར་རྣམ་རྟོག་སྣ་ཚོགས་སུ་སྐྱེ་ན་འགག་པ་མེད་པའི་སྒོ་བྱ་བ་ཡིན་པས། དེ་ལ་མི་དགའ་བ་མི་བྱ་བར་བྱང་ཆུབ་ཀྱི་སེམས་དང༌། ཡི་དམ་དང་བླ་མ་བསྒོམ་མོ། །སེམས་མི་རྟོག་པ་ལ་མི་གནས་པར་རྟོག་པ་སྐྱེ། རྟོག་པ་ལ་ཡང་མི་གནས་པར་འཕྲོ་ན། གནས་པ་མེད་པའི་སྒོ་བྱ་བ་ཡིན་པས། ཆགས་སྡང་མི་བྱ་བར་གང་བྱུང་ཡོན་ཏན་དུ་ཤེས་པར་བྱས་ལ། སེམས་མ་བཅོས་པ་ལ་བཞག ལྔ་བ་བསྔོ་བ་ཞེ་ཐག་པ་ནས་བྱ། དེ་སེམས་འདི་ཙུག་བྱ་བྱ་བ་ཡིན། དེ་ལྟར་ལམ་ལྔ་ལྡན་ཉམས་སུ་བླངས་པས།

འབྲས་བུའི་འབྱུང་ཚུལ་ནི། ཡོན་ཏན་འདི་འདྲ་གཅིག་སྐྱེ་ཡི་བྱ་བ་ཡིན་གསུངས། ཡོན་ཏན་ཅི་འདྲ་གཅིག་སྐྱེ་ན་བླ་མས་བསྟན་པའི་ལུས་སེམས་གཉིས་ཀྱི་དགེ་སྦྱོར་སྐྱེ་བ་དེ། དེ་ཡང་དང་པོ་ལུས་དེ་ལྟར་བཞག་པས་ལུས་ཀྱི་ཡོན་ཏན་གཅིག་སྐྱེ། རྐང་པ་དཀྱིལ་ཀྲུང་བཅས་པས་ཟས་མི་འཇུ་བ་མི་འོང༌། ཁ་སྨྲས་ཀྱི་བར་དུ་མི་ཚུགས། གནད་དེས་ས་རླུང་ལ་གནད་དུ་འགྲོ་ཞིང༌། ས་རླུང་དབང་དུ་འདུ་བའི་ཡོན་ཏན་འབྱུང་བ་དང༌། ལག་པ་མཉམ་བཞག་བྱས་པས། མེ་རླུང་ལ་གནད་དུ་འགྲོ་ཞིང༌། མེ་རླུང་དབང་དུ་འདུ་བའི་ཡོན་ཏན་འབྱུང་བ་དང༌། གནད་དེས་བདེ་བའི་ཏིང་ངེ་འཛིན་འབྱུང་བ་ཡིན། ཚིགས་སྲང་པ་དང༌། དཔུང་པ་ཡངས་པར་བྱས་པས། ཁྱབ་བྱེད་ཀྱི་རླུང་ལ་གནད་དུ་འགྲོ་ཞིང་དབང་དུ་འདུས་རླུང་རང་གནས་སུ་ཚུད་པས། རྩ་ཟུག་རླུང་ཟུག་སྙིང་ཟུག་ཡོང་བའི་སྐྱོན་མི་འབྱུང་བ། མགྲིན་པ་དགུ་བར་བྱས་པས་རྩ་མགོ་མནན་པས། རླུང་གི་རླུང་ལ་གནད་དུ་འགྲོ་ཞིང༌། དབང་དུ་འདུས་པའི་ཡོན་ཏན་འབྱུང༌། མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །རླུང་གི་རླུང་ལ་གནད་དུ་འགྲོ་ཞིང༌། དབང་དུ་འདུས་པའི་ཡོན་ཏན་འབྱུང༌། མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །ལྕེ་རྐན་ལ་སྦྱར་བ་དང༌། དབང་པོ་ཐུར་དུ་འཕྱང་པས། ཆུ་རླུང་ལ་གནད་དུ་འགྲོ་ཞིང་དབང་དུ་འདུས་པ་ཡིན། ཁ་ཆུ་སྣ་ཆུ་མི་འབྱུང་ངོ༌། །མིག་སྣ་རྩེར་ཕབ་པས་ནམ་མཁའི་རླུང་ལ་གནད་དུ་འགྲོ་ཞིང༌། དབང་དུ་འདུས་པ་ཡིན། དེས་གསལ་བའི་ཏིང་ངེ་འཛིན་སྐྱེའོ། །ཡང་འཁྲུལ་འཁོར་དེ་ལ་གནས་པས་ལུས་ངག་མི་དགེ་བ་བདུན་སྤངས་པས། སྤོང་བ་བདུན་གྱི་ཚུལ་ཁྲིམས་འོང་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་འོང༌། ལུས་གནད་དེས་རྟོག་པ་གཞན་དུ་མ་སྤངས་པས་ལྷག་པ་སེམས་ཀྱི་བསླབ་པར་འོང༌། ལུས་སེམས་གཉིས་སྟོང་པར་ཤེས་པའི་ལུས་གནད་རེ་ལ། ཡོན་ཏན་དང་སྐྱོན་སྐྱེད་པར་ཤེས་པའི་དུས་སུ་ལྷག་པ་ཤེས་རབ་ཀྱི་བསླབ་པར་འོང་གསུངས། ཡང་འཁྲུལ་འཁོར་ལ་གནད་དུ་བསྣུན་པས་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་བྱང་ཆུབ་སྙིང་པོ་ལ་བྱོན་ནས་སངས་རྒྱས་པའི་འཁྲུལ་འཁོར་ནས་བཟུང་ནས། ཐ་མ་གཉིད་ལོག་པའི་ལུས་གནད་ཀྱི་བར་དུ་ལུས་གནད་ཐ་དད་པའི་སྒོ་ནས་སེམས་ཅན་གྱི་དོན་འབྱུང་བ་ནི་སྤྲུལ་པའི་སྐུ་ཡིན། ལུས་གནད་དེས་ལུས་ལ་ཐིག་ལེ་གནས་པས། རང་བཞིན་བདེ་བ་ཆེན་པོར་ལོངས་སྤྱོད་པའི་ལྷར་ཤར་བའི་སྒོ་ནས་སེམས་ཅན་གྱི་དོན་འབྱུང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། འཁྲུལ་འཁོར་དེ་ལ་གནད་དུ་བསྣུན་པས། སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུར་རྟོགས་པ་ནི། ཆོས་ཀྱི་སྐུའི་སངས་རྒྱས་ཡིན་ཏེ། འཇམ་དཔལ་ནས། རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་གསུངས་པ་དེ་ལྟ་བུ་ཡིན་གསུངས། དེ་ནས་སངས་རྒྱས་སངས་རྒྱས་པའི་དུས་སུ་ཡང་ལུས་གནད་དེ་ཉིད་ཀྱིས་དོན་གྲུབ་པར་མཛད་པ་ཡིན། དེའི་དུས་སུ་ཕྱག་གཡས་པ་ནམ་མཁའ་ལ་མ་སླང་སྟེ། ས་མནོན་མཛད་ནས་སངས་རྒྱས་པ་ཡིན་ཏེ། དེ་ལ་དགོས་པ་ཁྱད་པར་ཅན་གཅིག་ཡོད་པར་འདུག་གསུངས། དེས་མྱ་ངན་ལས་པའི་ཆོས་ཐམས་ཅད་ལུས་གནད་དུ་གོ་བ་བྱ་བ་དེ་ལྟ་བུ་ཡིན་ལ། ཡང་ལུས་གཡས་སུ་ཡོ་ན་ཞེ་སྡང་སྐྱེ་ཞིང་ཕོ་གདོན་གྱིས་བར་དུ་གཅོད། གཡོན་དུ་ཡོ་ན་ཆགས་པ་སྐྱེ་ཞིང་མོ་གདོན་གྱིས་བར་དུ་གཅོད། རྒྱབ་ཏུ་དགྱེ་ན་ཀླུ་བཙན་གྱིས་བར་དུ་གཅོད། མདུན་དུ་དགུ་ན་གཏི་མུག་སྐྱེ་ཞིང་ས་བདག་གིས་བར་དུ་གཅོད། དེ་ལྟར་དུག་གསུམ་སྐྱེད་པས་ལུས་ངག་ཡིད་གསུམ་གྱིས་ལ་སོགས་པས། རིགས་དྲུག་ཏུ་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་དུ་འཁོར་བར་འཁྱམས་པར་ཤེས་པ་ནི་འཁོར་བའི་འདུག་ལུགས་གོ་བ་ཡིན་ཏེ། མཚན་བརྗོད་ལས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །ཞེས་གསུངས་པ་ཡང༌། དེ་ལྟ་བུ་ཡིན་གསུངས། དེས་ན་ལུས་གནད་རེ་རེས་འཁོར་འདས་ཀྱི་བྱུང་ཚུལ་ཐ་དད་པ་བསྐྱེད་པར་ཤེས་པའི་དུས་སུ། གསང་བ་རྟེན་འབྲེལ་ལུས་གནད་ཤེས་པ་བྱ་བར་འོང༌།

ཡང་དེར་འཁྲུལ་འཁོར་གྱི་ཡོན་ཏན་ཐོབ་པས་འཁྲུལ་འཁོར་གྱི་དངོས་གྲུབ་བྱ་བ་ཡོང་བ་ཡིན་གསུངས། དེ་ཙ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་གནད་ཀྱི་འཁོར་ལོ་གཅིག་པུ་གོ་བས་ཆོས་ཐམས་ཅད་གོ་བ་ཡིན་པས་ཆོས་ཆུང་བ་མིན་གསུངས། ནང་རྟེན་འབྲེལ་ལུས་ཀྱི་འཁྲུལ་འཁོར་དུ་གོ་བའི་དུས་སུ། དགེ་སྦྱོར་ཅི་བྱས་པ་ཐམས་ཅད་ལུས་གནད་དུ་གོ་བ་དང༌། ཕྱིའི་སྣང་བ་ཐམས་ཅད་ལུས་གནད་དུ་གོ་བ་སྟེ། བསམ་པ་དེས་གསང་བ་རྟེན་འབྲེལ་ལུས་བྱིན་གྱིས་རླབས་ནས་ལུས་དེ་འཁྲུལ་འཁོར་གྱི་ལུས་སམ། རྟེན་འབྲེལ་གྱི་སྐུ་བྱ་བ་གཅིག་ཏུ་གྱུར་པའི་དུས་སུ། ལྟ་སྟངས་ལ་སོགས་ལུས་ཀྱི་གནད་རེ་རེས་སེམས་ཅན་གྱི་གནད་རེ་རེས་སེམས་ཅན་གྱི་དོན་མང་པོ་འགྲུབ་པ་དང༌། རང་གི་ལུས་མཐོང་བ་ཙམ་གྱིས་གཞན་གྱི་ཡོན་ཏན་བསྐྱེད་ཅིང་སྐྱོན་སེལ་བར་ནུས་པ་འབྱུང་གསུངས། གསང་བ་རྟེན་འབྲེལ་སྣང་བ་བྱིན་གྱིས་རླབས་པའི་དུས་སུ། རྡོ་རྗེ་ལུས་ཀྱི་གནས་ལུགས་མངོན་དུ་གྱུར་པ་ཡིན་བྱ་བའི་སྙན་པ་བྱུང་ནས། གཞན་གྱིས་བསྙེན་བཀུར་བྱེད་པ་འོང༌། འཁྲུལ་འཁོར་གཙིགས་སུ་བྱེད་པའི་འཁོར་འདུས་ནས་རང་གི་དོན་གྲུབ་འོང་བ་དང༌། གང་དུ་ཕྱིན་པ་ཐམས་ཅད་དུ་འཁྲུལ་འཁོར་གྱིས་འཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་སྨིན་གྲོལ་བྱེད་པ་འབྱུང་སྟེ། དེ་ཆོས་ཆེ་བ་ཡིན་གསུངས།

གཉིས་པ་སེམས་ལྔ་ལྡན་གྱི་སྟེང་དུ་བཞག་པའི་ཡོན་ཏན་ནི། དང་པོ་བྱང་ཆུབ་ཀྱི་སེམས་ཀྱི་སྟེང་དུ་སེམས་བཞག་པའི་ཡོན་ཏན་ནི། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་པའི་དུས་སུ། ཆགས་སྡང་ལ་སོགས་པའི་རྟོག་པས་མ་གཙེས་པར་ལུས་སེམས་བདེ་བ་ནི་བདེ་བ། གཞན་དོན་དུ་གསལ་བ་ནི་གསལ་བ། བྱང་ཆུབ་ཀྱི་སེམས་དེ་གསལ་ཡང་དེ་ལས་གཞན་པའི་རྟོག་པ་མེད་པ་ནི། མི་རྟོག་པར་འོང་གསུངས། ཡང་བསམ་པ་བྱང་ཆུབ་ཀྱི་སེམས་དེས་ཞེ་སྡང་ལ་སོགས་པའི་རྟོག་པ་སྤངས་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། གཞན་དོན་དེའི་སྟེང་ན་སེམས་གནས་པ་ནི་ཏིང་ངེ་འཛིན་གྱི་སླབ་པ་ཡིན། བསམ་པ་བཟང་པོ་རེ་རེས་འཕྲིན་ལས། བསམ་གྱིས་མི་ཁྱབ་པ་འགྲུབ་པར་ཤེས་པའམ། སེམས་སྟོང་པ་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་རྟོགས་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པར་འོང་གསུངས། ནང་རྟེན་འབྲེལ་བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་དེས། གསང་བ་རྟེན་འབྲེལ་ལུས་བྱིན་གྱིས་བརློབ་པ། རྡོ་རྗེའི་ལུས་དེ་ཉིད་ཀུན་རྫོབ་བྱང་སེམས་ཐིག་ལེས་གང་བས་ལུས་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པ་དང༌། ཕྱིའི་སྣང་བ་ཐམས་ཅད་སྒྱུ་མར་འཆར་བ་དང༌། ལུས་མཐོང་བ་ཙམ་གྱིས་ཕ་རོལ་གྱི་ཞེ་སྡང་ལ་སོགས་པ་ཞི་བར་ནུས་པ་དང༌། གཞན་བློ་གཏོད་ཅིང་བག་ཕེབས་པ་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བར་ནུས་པ་འབྱུང༌། གསང་བ་རྟེན་འབྲེལ་བྱང་ཆུབ་སེམས་ཀྱི་ལུས་དེས། ཕྱི་རྟེན་འབྲེལ་སྣང་བ་བྱིན་གྱིས་བརླབས་ཏེ། བྱང་ཆུབ་ཀྱི་ཐུགས་འབྱོངས་པ་ཡིན་བྱ་བའི་སྙན་པའི་སྒོ་ནས་གཞན་བསྙེན་བཀུར་དང་ཞབས་ཏོག་བྱེད་པ་དང༌། སེམས་གསུམ་ལ་གཙོར་བྱེད་པའི་འཁོར་འདུས་ནས་རང་གི་འཕྲིན་ལས་སྒྲུབ་པ་དང༌། གང་དུ་ཕྱིན་པ་ཐམས་ཅད་དུ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་སེམས་ཅན་སྨིན་གྲོལ་བྱེད་པ་དང༌། སེམས་བསྐྱེད་ཞུ་བ་མང་པོ་འབྱུང་བ་དང༌། རིན་པོ་ཆེའི་བྱེ་བྲག་མང་པོ་འབུལ་བ་འབྱུང་གསུངས། མཐར་ཐུག་སངས་རྒྱས་སྤྲུལ་པའི་སྐུར་བྱོན་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་མཆོག་དང་སྐྱེ་དམན་སྤྲུལ་པའི་སྒོ་ནས་སེམས་སྨིན་གྲོལ་བྱེད་པ་འབྱུང༌། ཡང་དོན་བྱེད་མཁན་དང་བྱ་རྒྱུ་དང་བྱས་པ་ལས་བྱུང་བའི་འབྲས་བུ་གསུམ་རང་གི་སེམས་ལ་སེམས་སྟོང་ཉིད་དུ་རྟོགས་པ་ནི་ཆོས་སྐུ་ཡིན་ལ། སྣང་བ་དང་སྟོང་པ་གཉིས་སུ་མེད་པར་བདེ་བ་ཆེན་པོར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ། །དཔལ་ལྡན་རྡོ་རྗེ་འཆང་ལ་འདུད། །ཅེས་གསུངས་པ་ཡང་དེ་ལྟ་བུ་ལ་ཟེར་བ་ཡིན་གསུངས། མ་སེམས་ཅན་མར་མ་ཤེས་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་མ་ཤེས་པས་མ་རིག་པ། དེས་བདག་གཞན་དུ་བཟུང་བས་ལས་བསགས་ནས་སྲིད་པ་གསུམ་དུ་འཁོར་བར་ཤེས་པའི་དུས་སུ་འཁོར་བའི་འདུག་ལུགས་ཤེས་པ་ཡིན། དེས་ན། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ཡང་དེ་ལྟ་བུ་ཞིག་ལ་ཟེར་བ་ཡིན། དེས་ན་བྱང་ཆུབ་ཀྱི་སེམས་གཅིག་པུ་གོ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་གོ་བ་ཡིན་གསུངས། སྡུད་པ་ལས། བྱང་ཆུབ་སེམས་མེད་རྒྱལ་འབྱུང་འཇིག་རྟེན་ཡོད་མེད་ན། །འབྲས་བུ་བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འབྱུང༌། །གསུངས་པ་ཡང་དེ་ལྟ་བུ་ཞིག་ལ་ཟེར་བ་ཡིན་གསུངས། གཉིས་པ་ཡི་དམ་གྱི་ལྷ་ལ་སེམས་བཞག་པའི་ཡོན་ཏན་གང་ཡིན་ནི། རང་གི་སེམས་ཡི་དམ་གྱི་ལྷ་རྒྱན་ཆ་ལུགས་ལ་སོགས་པ་གསལ་བའི་དུས་སུ་དགེ་སྦྱོར་ཅི་བྱས་པ་ཐམས་ཅད་ཀྱང་ལྷའི་རྣམ་པར་འཆར་བ་དང༌། ཕྱིའི་སྣང་བ་ཐམས་ཅད་ལྷར་འཆར་ཞིང་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་འཆར་ཏེ། དེ་ལྟར་རང་ལྷར་གསལ་བའི་དུས་སུ། ལུས་སེམས་གཉིས་བདེ་ཆེན་དུ་ཤར་བ་ནི་བདེ་བ། རང་ལྷར་གསལ་བ་ནི་གསལ་བ། རང་སེམས་ལྷའི་རྒྱན་ཆ་ལུགས་ལ་སོགས་པར་གསལ་ཀྱང་དེའི་རྗེས་སུ་རྟོག་པ་མི་འབྲང་པ་ནི་མི་རྟོག་པར་འོང་གསུང༌། ཡང་གསལ་བའི་དུས་སུ་ཐ་མལ་དང་ཞེ་སྡང་ལ་སོགས་པའི་རྟོག་པ་སྤངས་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷ་གསལ་བའི་སྟེང་དུ་སེམས་གནས་པ་ནི་ཏིང་ངེ་འཛིན་གྱི་བསླབ་པ། ཕྱག་མཚན་ལ་སོགས་པའམ་རྒྱན་ལ་སོགས་པ་རེ་རེས་འཕྲིན་ལས་ཐ་དད་པ་འགྲུབ་པར་ཤེས་པའི་ལྷ་སེམས་སྐྱེ་བ་མེད་པར་ཤེས་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པར་འོང་བ་ཡིན་གསུངས། དེ་ལྟར་ན་ནང་རྟེན་འབྲེལ་སེམས་ཡི་དམ་ལྷར་གསལ་བའི་བསམ་པ་དེས། གསང་བ་རྟེན་འབྲེལ་ལུས་བྱིན་གྱིས་བརླབས་པའི་དུས་སུ། རྡོ་རྗེའི་ལུས་ལ་རྩ་དང་རླུང་དང༌། ཐིག་ལེ་དང་ཡི་གེ་དང་གནས་ཀྱི་ཚུལ་དུ་ལྷའི་རང་བཞིན་དུ་ཡོད་པ་དང་གཉིས་སུ་མེད་པར་གྱུར་ཏེ་ལུས་ལྷའི་རང་བཞིན་དུ་གྱུར་པའི་དུས་སུ། རྒྱུད་དག་པ་རྣམས་ཀྱིས་ལྷར་མཐོང་བ་དང༌། སྤྱན་གཟིགས་པ་ཙམ་གྱིས་གདོན་སྐྲག་པ་དངངས་ནུས་པ་དང༌། མཆིལ་མ་བཏབ་པས་ནད་ཞི་བ་དང༌། ལུས་ཀྱིས་རེག་པ་ཙམ་གྱིས་གནོད་པ་ལ་སོགས་ཞི་བར་འབྱུང་གསུངས། གསང་བ་རྟེན་འབྲེལ་ལུས་ལྷར་སྣང་བ་དེས། ཕྱིའི་རྟེན་འབྲེལ་སྣང་བ་བྱིན་གྱིས་བརླབས་ཏེ། ཡི་དམ་ལྷ་ལ་བརྟན་པ་ཐོབ་པ་ཡིན་བྱ་བའི་སྒོ་ནས་བསྙན་བཀུར་དང་ཞབས་ཏོག་བྱེད་པ་འབྱུང་བ་དང༌། དཔའ་བོ་དང་ཌཱ་ཀི་ཐམས་ཅད་དབང་དུ་འདུ། ལྷའི་ཏིང་ངེ་འཛིན་ལ་མནོ་བསམ་བྱེད་པའི་འཁོར་འདུས་ནས་འཕྲིན་ལས་སྒྲུབ་པ་དང༌། གང་དུ་ཕྱིན་ཡང་ཐམས་ཅད་དུ་དབང་ཞུ་བ་དང༌། བསྐྱེད་རྫོགས་ཞུ་བ་མང་པོ་བྱུང་ནས་གཞན་དོན་རྒྱ་ཆེན་པོ་འགྲུབ་པ་དང༌། ཡེ་ཤེས་ཀྱི་ཆོས་སྐྱོང་བ་ཐམས་ཅད་དབང་དུ་འདུས་ནས་འཕྲིན་ལས་བཞི་ཡིས་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པ་འབྱུང་གསུངས། མཚན་བརྗོད་ནས། རྒྱུ་འཕྲུལ་དྲྭ་བའི་ཚུལ་སྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཞེས་གསུངས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། མཐར་ཐུག་སངས་རྒྱས་པའི་དུས་སུ། ལྷ་སྐུ་སྣ་ཚོགས་སུ་སྣང་ཞིང༌། དོན་དམ་པ་ཆོས་ཀྱི་སྐུར་རྟོགས་པ་ནི། ཆོས་ཀྱི་སྐུར་སངས་རྒྱས་སུའོ། །ལྷའི་སྐུ་བདེ་བ་ཆེན་པོ་དང་སྟོང་པ་གཉིས་སུ་མེད་པ་བདེ་བ་ཆེན་པོར་ལོངས་སྤྱོད་པ་ནི། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་སྐུར་གྱུར་ནས་དཀྱིལ་འཁོར་གྱི་འཁོར་ལོར་སྣང་ནས། ལྷ་དཔའ་བོ་གཅིག་པའི་སྣང་བའི་སྒོ་ནས་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་དུ་འབྱུང་བ་ནི་ལོངས་སྐུའི་སངས་རྒྱས་ཡིན་ཏེ། རྡོ་རྗེ་འཕྲེང་བ་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང༌། །ཞེས་གསུངས་པ་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། ཡང་རང་ལྷར་མ་ཤེས་ཤིང་ཐ་མལ་དུ་ཞེན་པས་དུག་གསུམ་གྱིས་ལུས་ངག་ཡིད་གསུམ་གྱིས་ལས་བསགས་པས། ཁམས་གསུམ་སྐྱེ་འཆིའི་དུ་ཁཿལ་ཟོ་ཆུན་གྱི་ཁྱུད་མོ་བཞིན་འཁོར་བར་གོ་བ་ནི་འཁོར་བའི་འདུག་ལུགས་གོ་བ་སྟེ། སྡུད་པ་ནས། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཞེས་གསུངས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། དེ་ལྟར་གོ་བས་འཁོར་འདས་ཐམས་ཅད་གོ་བ་བྱ་བ་ཡིན་ཏེ། ཆོད་དེ་ཆེ་བ་ཡིན་གསུངས།།

གསུམ་པ་སྙིང་གི་དཀྱིལ་དུ་བླ་མའི་སྟེང་དུ་སེམས་བཞག་པའི་ཡོན་ཏན་ནི། བླ་མ་གསལ་ཞིང་རང་གི་སེམས་དང་བླ་མའི་སྐུ་གསུང་ཐུགས་དབྱེ་བ་མེད་པར་གྱུར་ཏེ་རང་སེམས་བླ་མ་སོང་བའི་དུས་སུ། དགེ་སྦྱོར་ཅི་བྱས་ཐམས་ཅད་བླ་མའི་འཕྲིན་ལས་སུ་འཆར་བ་དང༌། ཕྱིའི་སྣང་བ་ཐམས་ཅད་བླ་མའམ་སློབ་དཔོན་དུ་འཆར་ལ་བླ་མའི་སྟེང་དུ་སེམས་གནས་ཤིང་གསལ་དུས་སུ་ལོག་རྟོག་གི་ལུས་སེམས་མ་གཙེས་ཏེ། ལུས་སེམས་བདེ་ལ།

རང་སེམས་བླ་མར་གསལ་བ་ནི། གསལ་བ་ཡིན། བླ་མའི་འཕྲིན་ལས་སྣ་ཚོགས་གསལ་ཡང་དེའི་རྗེས་སུ་རྟོག་པ་མི་འབྲང་བ་ནི་མི་རྟོག་པའོ། །ཡང་བླ་མའི་སྟེང་དུ་སེམས་གནས་པའི་དུས་སུ་ཉོན་མོངས་པའི་རྟོག་པ་སྤངས་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ།

ཕྱི་ནང་གསང་གསུམ་གྱི་བླ་མའི་སྟེང་ན་སེམས་གནས་པ་ནི། ཏིང་ངེ་འཛིན་གྱི་བསླབ་པ་ཡིན། བླ་མའི་འཕྲིན་ལས་སྣ་ཚོགས་ཤེས་པའམ།

བླ་མར་འཛིན་པའི་སེམས་སྐྱེ་བ་མེད་པར་ཤེས་པ་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པར་འོང་གསུངས། ནང་རྟེན་འབྲེལ་རང་གི་སེམས་བླ་མར་གསལ་བའི་བསམ་པ་དེས། གསང་བ་རྟེན་འབྲེལ་ལུས་བྱིན་གྱིས་བརླབས་ཏེ། རང་ལུས་བླ་མའི་སྐུར་གྱུར་པའི་དུས་སུ། གཞན་གྱི་ལམ་སྣ་འདྲེན་པའི་བླ་མ་བྱ་བར་རེད་ནས། གཞན་སངས་རྒྱས་ལ་འགོད་པའི་ནུས་པ་འབྱུང་བ་དང་མཚན་ཐོས་པའམ་གསུང་ཙམ་གྱིས་གཞན་དད་གུས་སྐྱེ་ནུས་པ་དང༌། དགེ་སྦྱོར་ལ་སོགས་ཡོན་ཏན་བསྐྱེད་པ་དང༌། སྐྱོན་འདག་ནུས་པ་འབྱུང༌། ཡང་གསང་བ་རྟེན་འབྲེལ་ལུས་ཀྱིས་སྣང་བ་བྱིན་གྱིས་བརླབས་ཏེ་མཚན་ཉིད་དང་ལྡན་པའི་བླ་མ་ཡིན་བྱ་བའི་སྙན་པའི་སྒོ་ནས་གཞན་བསྙེན་བཀུར་དང་ཞབས་ཏོག་བྱེད་པ་འབྱུང་བ་དང༌། མོས་གུས་ལ་གཙིགས་སུ་བྱེད་པའི་འཁོར་འདུས་ནས། རང་གི་འཕྲིན་ལས་སྒྲུབ་པ་དང༌། སངས་རྒྱས་སུ་ལྟ་བ་དང༌། གང་དུ་བྱོན་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་མཛད་པ་ཐམས་ཅད་ཀྱིས། སེམས་ཅན་སྨིན་ཅིང་གྲོལ་བའི་འཕྲིན་ལས་གྱི་དོན་འགྲུབ་པ་ཡིན་གསུངས། མཚན་བརྗོད་ནས། འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །གསུངས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། མཐར་ཐུག་སངས་རྒྱས་པའི་དུས་སུ། རང་སེམས་བླ་མ་དག་པ་གཉིས་ལྡན་ཆོས་ཀྱི་སྐུའི་སངས་རྒྱས་སུ་འགྱུར་ལ། དེའི་ངང་ལ་གནས་པ་དང་སྟོང་པ་གཉིས་སུ་མེད་པར་བདེ་ཆེན་དུ་ལོངས་སྤྱོད་པས་ལོངས་སྐུའི་སངས་རྒྱས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་བླ་མར་སྣང་བ་དང༌། ཚོགས་ལམ་ཆེན་པོ་ལ་སྤྲུལ་སྐུའི་བླ་མར་སྣང་བ་ནས་བཟུང་སྟེ་ལོ་ཀའི་སྲིན་བུ་ལ་བུང་བའི་སྐད་དུ་ཆོས་སྟོན་པའི་བླ་མའམ། ཀ་ཁ་སློབ་པ་ལ་སོགས་པའི་སྒོ་ནས་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་འབྱུང་བར་གོ་བ་མྱ་ངན་ལས་འདས་པའི་འདུག་ཚུལ་ལོ། །

དགོས་འདོད་ཐམས་ཅད་འབྱུང་བ་ནི། ཆོས་གསུམ་དང་ལྡན་པའི་རིན་པོ་ཆེ། །ཞེས་གསུངས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། ཡང་དང་པོ་བླ་མ་མ་གཤེགས་བར་དུ་མོས་གུས་མ་ཤེས། ཐ་མར་ལོག་པའི་སློབ་དཔོན་གྱིས་ཟིན་ཏེ། སློབ་དཔོན་གྱི་རྟེན་འབྲེལ་མ་འགྲིག་པས། སྲེད་ལེན་དང་ལས་ཀྱི་དུཿཁའི་འཁྲུལ་འཁོར་དུ་གྱུར་ཏེ། འཁོར་བར་འཁོར་བ་ཤེས་པ་ནི་འཁོར་བའི་འདུག་ཚུལ་ཡིན་ཏེ། སྡུད་པ་ནས། རྐྱེན་རྣམས་འཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང༌། །མ་རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། བླ་མའི་མོས་གུས་གཅིག་པུ་གོ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་གོ་བ་ཡིན་ཏེ། དེ་ཡང་ཆོས་ཆུང་བ་མིན་གསུངས་སོ།།

བཞི་པ་ཕྱག་རྒྱ་ཆེན་པོ་ལ་སེམས་མ་ཡེངས་པའི་ངང་དུ་སེམས་བཞག་པའི་ཡོན་ཏན་ནི། བླ་མ་སྔ་ཕྱིའི་བར་དེ་སེམས་མ་བཅོས་པ་སོ་མའི་ངང་དུས་དེར་ཐང་ལྷོད་ཐམས་ཅད་བྲལ་བར་བཞག་པས། བླ་མས་བསྟན་པའི་དགེ་སྦྱོར་གཅིག་སྐྱེ་སྟེ། དེ་ཅི་འདྲ་གཅིག་སྐྱེ་ན། སེམས་རྣམ་པར་མི་རྟོག་པ་གསལ་སིང་ངེ་བ་སྐད་ཅིག་མ་ཙམ་ཞིག་སྐྱེ་སྟེ། དེ་ག་བླ་མས་བསྟན་པའི་ཕྱག་རྒྱ་ཆེན་པོ་ཡིན། ངོ་ཤེས་པར་བྱས་ནས་སྐྱོང་དགོས་ཏེ། དེ་ག་རང་སེམས་སངས་རྒྱས་ཆོས་སྐུ་ཡིན། སེམས་རྟོག་མེད་གསལ་སྟོང་སྐད་ཅིག་མ་དེ་ག་སྒོམ་ཡིན་དགེ་སྦྱོར་ཡིན་ཏེ། དེ་ག་ལ་བླ་མ་ཏིལླི་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་རིག་ཉིད་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པ་ཡང་དེ་ལ་ཟེར་བ་ཡིན། བླ་མ་ནཱ་རོ་པས། མི་མནོ། མི་བསམ། མི་སེམས། མི་སྒོམ། མི་དཔྱད། སེམས་ཡང་དག་པ་ཉིད་དུ་གྲོལ། ཞེས་གསུངས་ཡང་དེ་ལ་ཟེར་བ་ཡིན་གསུངས། སེང་གེ་བཟང་པོས་མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ཡང་དེ་ག་ལ་ཟེར། དབུ་མ་ནས། སེམས་ནི་སེམས་སུ་མ་མཆིས། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པ་ཡང་དེ་ལ་ཟེར། བྲམ་ཟེ་ཆེན་པོའི་ཞལ་ནས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ཡང་དེ་ག་ཡིན། རྣམ་སྣང་བྱང་ཆུབ་པའི་རྒྱུད་ལས། གང་ལ་བརྟག་བྱ་རྟོག་བྱེད་ཡོད། །དེ་ནི་བྱང་ཆུབ་ཡོད་མ་ཡིན། །བྱང་ཆུབ་ནམ་མཁའི་མཚན་ཉིད་ནི། །རྟོག་པ་ཐམས་ཅད་སྤངས་ཕྱིར་རོ། །ཞེས་གསུངས་པ་ཡང་དེ་ཡིན། དེ་དགེ་སྦྱོར་ཡིན་སྒོམ་ཡིན། དེ་ཁྱད་དུ་མི་གསད་པར་ལྟོ་གོས་ལ་གྱོང་སྐུར་ནས། དབེན་པ་བསྟེན་ལ་སྐྱོང་བ་གལ་ཆེ་གསུངས། བླ་མ་རིན་པོ་ཆེའི་ཞལ་ནས། དགེ་སྦྱོར་སྐད་ཅིག་མ་དེ་སྐྱོང་བ་ཡང༌། དཔེར་ན་མེ་དོན་དུ་གཉེར་བ་གཅིག་གིས་སྤྲ་བ་དང་མེ་རྡོ་དང་མེ་ལྕགས་དང་སྐྱེས་བུའི་རྩོལ་བའི་རྟེན་འབྲེལ་བསྒྲིགས་པས། མེ་རྟ་དམར་བ་ཞིག་བྱུང་བ་དེ་ཁྱད་དུ་མ་བསད་པར་གསོ་བའི་དུས་སུ། མེ་ལྕེ་ལ་སོགས་དལ་བུས་མ་གསོས་པར་ས་རྡོ་བཏབ་ན་མེ་དེ་འཆི་བ་ཡིན། དགེ་སྦྱོར་སྐད་ཅིག་མ་ཙམ་དེ་མ་བསྐྱང་བར་གཏུམ་མོ་ལ་སོགས་པའི་དགེ་སྦྱོར་གཞན་བསྒོམས་ན། སྐད་ཅིག་མ་ཙམ་དེ་ཡལ་ནས་འགྲོ་བ་ཡིན། ཡང་མེ་དེ་ཡང་ལ་སོགས་དལ་བུས་གསོས་ཏེ། ས་རྡོ་མ་བཏབ་ན་མེ་དེ་ཤིག་ཙམ་ནས་ལ་སོགས་པ་ཇེ་ཆེ་ཇེ་ཆེ་སོང་ནས། གཟོད་ས་རྡོ་བཏབ་ཀྱང་ནགས་ཚལ་ལ་སོགས་སྲེག་པའི་གྲོགས་སུ་འགྲོ་བ་ཡིན། དེ་དང་འདྲ་བ་དགེ་སྦྱོར་སྐད་ཅིག་མ་དེ་རང་དབེན་པ་བསྟེན་ཅིང་བསྐྱངས་ཏེ་གཏུམ་མོ་ལ་སོགས་པ་དམིགས་པ་གཞན་མང་པོ་མ་བྱས་ན། དགེ་སྦྱོར་སྐད་ཅིག་མ་གཅིག་དང་གཉིས་ལ་སོགས་པར་རྒྱུན་ཇེ་རིང་ཇེ་རིང་སོང་ནས་གོམས་པའི་དུས་སུ། གཏུམ་མོ་ལ་སོགས་དགེ་སྦྱོར་གང་བསྒོམ་ཡང་ཕྱག་རྒྱ་ཆེན་པོའི་ངང་དུ་ལྷན་ལྷན་འགྲོ་བ་གཅིག་ཡོང་བ་ཡིན། གསུངས། ཡང་མེ་ཆུང་ངུ་རེ་རླུང་ཆེན་པོ་གཅིག་གིས་བུས་པས་འཆི་བ་ཡིན། དེ་དང་འདྲ་བར་དགེ་སྦྱོར་བརྟན་པ་མ་ཐོབ་པ་དེ་ལ་ཉོན་མོངས་པ་ལ་སོགས་པའི་རྟོག་པ་ཕྲ་བས་ཀྱང་གནོད་པ་ཡིན། ཡང་མེ་ཆེན་པོ་འབར་བའི་དུས་ན་རླུང་ཆེན་པོ་བྱུང་ན་ཡང་ནགས་ཚལ་སྲེག་པའི་གྲོགས་སུ་འགྲོ་བ་ཡིན། དེ་དང་འདྲ་བར་དགེ་སྦྱོར་ལ་བརྟན་པ་ཐོབ་པའི་དུས་སུ་ཉོན་མོངས་པ་ལ་སོགས་པའི་རྟོག་པ་ཅི་བྱུང་ཡང༌། དགེ་སྦྱོར་དེའི་གྲོགས་སུ་འགྲོ་སྟེ། ནགས་ཚལ་སྲེགས་པའི་མེ་ལ་རླུང་ཆེན་པོ་ཡང་གྲོགས་སུ་འགྱུར། སྐྱེས་བུ་ཡེ་ཤེས་སྤྱན་ལ་ཉོན་མོངས་གྲོགས་སུ་འགྱུར་བྱ་བ་དེ་ལ་ཟེར་བ་ཡིན་གསུངས། འདི་རྩེ་གཅིག་གི་དགེ་སྦྱོར་ཡིན་གསུངས། རང་བཞིན་ངོ་བོ་མཚན་ཉིད་གསུམ་ལས་འདི་སེམས་ཀྱི་རང་བཞིན་གསལ་བ། སྟོན་གྱི་ནམ་མཁའ་དག་པ་ལྟ་བུ་དེ་ལ་རྣམ་པར་རྟོག་པས་གོ་མ་འགགས་པ་ཞིག་ཡོང༌། སེམས་ཅན་རྣམ་རྟོག་སྤོངས་ལ་སེམས་མི་རྟོག་པ་དེ་མེ་ལོང་གཡའ་དག་པ་ལྟར་གསལ་བ་ཞིག་འོང་སྟེ། དེ་ག་ལ་གསལ་སྟོང་ནམ་མཁའ་མཐའ་དབུས་མེད་པར་གསུངས་པ་ཡིན། ཉམས་སུ་མྱོང་བ་མངོན་པ་རྟོག་པ་གསུམ་ལས་ཨེན་ཅིག་བླ་མ་ཉམས་སུ་ལེན་མཛད་པ་ཡིན། ཉམས་བདེ་བ་གསལ་བ་མི་རྟོག་པ་གསུམ་ལས་དགེ་སྦྱོར་དེའི་ངང་ལ་གནས་པའི་དུས་སུ་ལུས་ཡང་ཞིང་ཟོ་མདོག་བདེ་བ་དང༌། སེམས་ཉོན་མོངས་པ་ལ་སོགས་པའི་རྟོག་པས་དབེན་ཞིང་བདེ་སིང་ངེ་འདུག་པ་ནི་བདེ་བ་ཡིན། ཡང་སེམས་རྟོག་པས་སྟོང་པའི་ངང་ལས་སིང་ངེ་གསལ་བའམ། དེའི་ངང་ནས་སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་གསལ་བ་ནི་གསལ་བ་ཡིན། མི་རྟོག་པ་དེའི་དུས་སུ་སེམས་སྟོང་པའམ། དབང་པོ་ལྔའི་ཡུལ་ལྔ་གསལ་ཀྱང་དེ་དག་གི་རྗེས་སུ་རྟོག་པ་མི་འབྲང་པ་ནི་མི་རྟོག་པ་ཡིན། ཉམས་འདི་ཁྲིད་བྱེད་པའི་བླ་མ་མིན་པ་ལ་བཤད་ན་ཡལ་འགྲོ་བ་ཡིན་པས་མི་བཤད་པ་གལ་ཆེ་གསུངས། ཡང་མཚན་བཅས་སམ་མཚན་མེད་ཀྱི་དགེ་སྦྱོར་གང་ལ་ཡང་གནད་དུ་བསྣུན་པའི་དུས་སུ། མཉམ་རྗེས་གང་ཡང་རུང་སྟེ་སྐྱོན་དང་ཡོན་ཏན་གང་བྱུང་ཡང༌། ད་འདི་ལས་བྱུང་འདུག་སྙམ་པ་ཤེས་པ་དེ་ཉམས་མྱོང་བྱ་བར་འོང་བ་ཡིན་ཞིང་དངོས་པོ་བསམ་པ་གསུམ་ལས། རྩེ་གཅིག་གི་དུས་སུ་འདིར་སྣང་སེམས་གཉིས་ལ་དབང་མ་ཐོབ་པས། ཞིང་གིས་སྒྱུར་བས་ཞིང་གཙོ་ཆེ་བ་ཡིན་གསུངས། དེ་ཡང་རྫས་དང་ལུས་དང་ཉམས་གསུམ་ལ་ཞེན་པ་བོར་ནས་དབེན་པ་བསྟེན་ཅིང་རྩེ་གཅིག་གི་དགེ་སྦྱོར་བསྐྱངས་པས། དེ་ལས་བོགས་ཐོན་ནས་སྤྲོས་བྲལ་གྱི་དགེ་སྦྱོར་འཆར་ཏེ། དགེ་སྦྱོར་རྩེ་གཅིག་འདིའི་ངང་ནས་བླ་མའི་བྱིན་རླབས་གཅིག་དང་རང་གི་མོས་གུས་ཀྱི་ཤུགས་ཀྱིས་སེམས་སྐྱེ་འཆི་མེད་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རང་གི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུར་ལྷན་གྱིས་རྟོགས་ཏེ། སེམས་ཀྱི་རྩ་བ་ཆོད་པ་ཞིག་འབྱུང་བ་དེ་སྤྲོས་བྲལ་གྱི་དགེ་སྦྱོར་ཡིན། འདི་ལ་རྟོགས་པར་མཛད་དེ་སེམས་ཀྱི་ངོ་བོ་མཐོང་བ་ཡིན་གསུངས། ངོ་བོ་དེ་ཡང་སྐྱེ་འགག་གི་ཆོས་ཐམས་ཅད་དང་བྲལ་བ་ཞིག་ཡིན། རྟོགས་པ་དེས་ཉོན་མོངས་པ་མངོན་དུ་རྒྱུ་སྤངས་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་འོང་ལ། སེམས་སྐྱེ་འཆི་མེད་པའི་ངང་དུ་གནས་པ་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེ་བའི་ངོས་ནས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པར་འོང་བ་ཡིན། སེམས་སྐྱེ་མེད་རྩ་བྲལ་དུ་རྟོགས་པ་དེའི་ངང་ནས་ཆོས་སྤྱི་བྱེ་བྲག་ཐམས་ཅད་ཤ་མོའི་སུལ་ཆེ་བའམ། རྒྱུ་འབྲས་མ་འདྲེས་པར་མཁྱེན་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པར་འོང་གསུངས་སོ། །དེ་ལྟར་རང་གི་སེམས་ཆོས་སྐུར་རྟོགས་པའི་དུས་སུ་དགེ་སྦྱོར་ཅི་བྱས་པ་ཐམས་ཅད་ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པ་འཆར་ཞིང༌། སྣང་བ་ཐམས་ཅད་ཆོས་སྐུར་འཆར་བ་ཡིན། ནང་རྟེན་འབྲེལ་བསམ་པས་གསང་བ་རྟེན་འབྲེལ་ལུས་བྱིན་གྱིས་བརླབས་པའི་དུས་སུ། རང་གི་ལུས་འོད་དམ་འཇའ་ཚོན་ལྟ་བུ་ཞིག་ཏུ་གྱུར་ཏེ། རང་གི་ལུས་གཞན་གྱིས་མཐོང་བའམ་མཚན་ཐོས་པའམ་གསུང་ཐོས་པ་ཙམ་གྱིས། ཡིད་ཆགས་པ་དང་གཞན་གྱི་སེམས་ཀྱི་མདུད་པ་གྲོལ་བར་ནུས་ཤིང་རྟོགས་པ་སྐྱེ་བར་ནུས་པ་དང༌། དགེ་སྦྱོར་སྐྱེ་བར་ནུས་པ་འབྱུང༌། ཚིག་གིས་སྨོན་ལམ་བཏབ་པ་དང་བདེན་པ་ཐམས་ཅད་འགྲུབ་པ་དང༌། རབ་གནས་བྱས་པའི་དུས་སུ་མེ་ཏོག་འཆགས་པ་དང༌། ཆོས་མང་པོ་འབུལ་བ་འབྱུང་བ་དང༌། ཁྱད་པར་དུ་རཏྣི་གླེགས་བམ་མང་པོ་འབུལ་བ་ཡོང་བ་ཡིན་གསུངས། ཡང་གསང་བ་རྟེན་འབྲེལ་ལུས་དེས་ཕྱི་རྟེན་འབྲེལ་སྣང་བ་བྱིན་གྱིས་བརླབས་པའི་དུས་སུ་རྟོགས་པ་ཕུན་སུམ་ཚོགས་པ་མངའ་བ་ཡིན་ཞེས་པའི་སྒོ་ནས་བསྙེན་བཀུར་དང་ཞབས་ཏོག་དཔག་ཏུ་མེད་པ་བྱེད་པ་འོང༌། སྙིང་པོའི་དོན་གཙིགས་སུ་བྱེད་པའི་འཁོར་འདུས་ནས་རང་གི་དོན་སྒྲུབ་པ་འབྱུང་བ་དང༌། གང་དུ་བྱོན་པ་ཐམས་ཅད་དུ་བདག་མེད་པའི་སེང་གེའི་སྒྲས་སེམས་ཅན་སྨིན་གྲོལ་བྱེད་པ་འབྱུང་གསུངས། འཇམ་དཔལ་ནས། དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། ཞིང་དངོས་པོ་བསམ་པ་གསུམ་ལས། སྤྲོས་བྲལ་གྱི་དུས་སུ། བསམ་པ་གཙོ་ཆེ་བ་ཡིན་ཏེ། ཞིང་རང་གི་སེམས་ཀྱིས་བྱེད་པར་གོ་བས་ཡིན་གསུངས། འོ་ན་སྤྲོས་བྲལ་རྟོགས་པ་ཡིན་ན། ཉམས་དང་རྟོགས་པའི་ཁྱད་པར་གང་ཡིན་སྙམ་ན། རྩེ་གཅིག་གི་དུས་ན་ངེས་ཤེས་མ་སྐྱེས་ཏེ། སེམས་ཀྱི་རྩ་བ་མ་ཆོད་པས། བདེ་གསལ་མི་རྟོག་པ་གསུམ་ལ་རློམས་སེམས་ཞེན་པ་ཡོད་ལ། སྤྲོས་བྲལ་གྱི་དུས་ན་རང་གི་སེམས་སྐྱེ་འཆི་མེད་པར་རྟོགས་ཏེ་ངེས་ཤེས་སྐྱེས་པས་སེམས་ཀྱི་རྩ་བ་ཆོད་པའི་སྟོབས་ཀྱིས་ཉམས་ལ་སོགས་པ་ལ་རློམས་པའམ། ཞེན་པའི་མཁན་པོ་མེད་པར་རྟོགས་པས་རྟོགས་པར་འོང་བ་ཡིན་གསུངས། འོ་ན་ལྟ་བ་དང་རྟོགས་པའི་ཁྱད་ཅི་ཡིན་ན། རྗེ་རིན་པོ་ཆེའི་ཞལ་ནས་བཀའ་བརྒྱུད་རིན་པོ་ཆེ་འདི་ལ་ལྟ་བ་མེད་པ་ཡིན་གསུངས། འོ་ན་ཡང་ལྟ་བའི་མཆོག་བླ་མ་ལ་སངས་རྒྱས་སུ་ལྟ་བ་མ་གཏོགས་པ་གཞན་མེད། འོན་ཀྱང་སྤྱི་ཙམ་གྱི་དབང་དུ་བྱས་ན་ཐོས་བསམ་གྱི་སྒོ་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པར་འདུག་སྙམ་པའི་སྙམ་ཙམ་གྱི་ཤེས་པ་དང་བྲལ་བ་དེ་ལྟ་བ་ཡིན་ལ། སྙམ་བྱེད་ཀྱི་ཤེས་པ་དང་བྲལ་བའི་ཤེས་པ་དེ་རང་སྐྱེ་འཆི་མེད་པར་སྐྱེ་མེད་དང་ལྷན་གྱིས་རྟོགས་པ་དེ་ལ་རྟོགས་པ་ཟེར་བ་ཡིན་གསུངས། དེ་ལ་དགོངས་ནས་ཆོས་རྗེས། གྲུབ་མཐའ་བློ་ཡི་མདུད་པ་ལ། །སངས་རྒྱས་དགོངས་པ་འཁྲུལ་པ་ཡིན། །ལར་མ་གོ་བ་ལ་སྟོན་པར་ཟད། །འདི་འདྲ་གཅིག་བྱ་བའི་བརྗོད་པ་ཐམས་ཅད་དང་བྲལ་བ་གཅིག་ཡིན་གསུངས། འོ་ན་མཉམ་བཞག་དང་རྗེས་ཐོབ་ཀྱི་ཁྱད་པར་གང་ཡིན་ཞེ་ན། རྗེ་རིན་པོ་ཆེ་ཞལ་ནས། སྤྱི་ཙམ་གྱི་དབང་དུ་བྱས་ན། སྟན་ལ་འདུག་རུང་འགྲོ་ཡང་རུང་སྟེ་མཚན་མ་ཅན་ནམ་མཚན་མ་མེད་པའི་དགེ་སྦྱོར་གྱི་སྟེང་ན་སེམས་གནས་པ་དེ་མཉམ་བཞག་ཡིན། འགྲོ་ཡང་རུང་སྟན་ལ་འདུག་ཀྱང་རུང་སྟེ། དེ་དག་ལས་གཞན་པའི་རྟོག་པ་སྐྱེ་བ་དེ་མཉམ་བཞག་ལས་ལངས་པ་ཡིན་ལ། རྗེ་རིན་པོ་ཆེ་བཞེད་ཀྱི་དེ་དང་ཁྱད་པར་གྱི་ཆོས་ཡིན་པས། སེམས་རྣམ་པར་མི་རྟོག་པ་དེ་མཉམ་གཞག་ཡིན་ལ། དེའི་རྗེས་སྣང་བ་ཐམས་ཅད་མི་བདེན་པ་སྒྱུ་མར་འཆར་བ་ནི་རྗེས་ཡིན་ཏེ། དེས་མི་ཕྱིན་པ་ལ་མིའི་རྗེས་འོང་བ་དང་འདྲ་གསུངས། ཁ་ཅིག་མི་རྟོག་པའི་རྗེས་ཆགས་སྡང་སྐྱེ་བ་དེ་ལ་རྗེས་ཡིན་ཟེར་ཏེ། དེ་མི་འཐད། དེ་ལྟར་སོང་ན་མི་ཕྱིན་པའི་རྗེས་ལ་སྤྲེའུའི་རྗེས་བྱུང་བ་དང་འདྲ་གསུངས། འོ་ན་གང་ཡིན་ན་ཉོན་མོངས་པ་དེ་ས་བོན་མ་རིག་པ་བག་ལ་ཉལ་མི་གསལ་བའི་ཚུལ་དུ་རྒྱུད་ལ་ཡོད། ཆགས་སྡང་དེ་དེའི་རྗེས་ཡིན་གསུངས། མཆོག་གསུམ་ལས་འཆི་བ་ལ་དབང་མ་ཐོབ་པས་མཆོག་ཆུང་ངུ་ཡིན། རྒྱ་གསུམ་ལས་སྤྲོས་བྲལ་གྱི་རྟོག་པ་དེས་རྣམ་རྟོག་རྩ་བྲལ་དུ་རྟོགས་པས་རྟོག་པའི་རྒྱ་ལས་གྲོལ་བ་ཡིན་གསུངས། སྤྲོས་བྲལ་གྱི་དགེ་སྦྱོར་དེ་ཡང་ཞེན་པ་གསུམ་བཏང་ནས་རི་ཁྲོད་ལ་སོགས་ལ་གོམས་པར་བྱས་པས། དེ་ལས་ཀྱང་བོགས་ཐོན་སྟེ་རོ་གཅིག་གི་རྟོགས་པ་འཆར་ཏེ། ཇི་ལྟ་བུ་གཅིག་འོང་ན། སྣང་བ་དང་སེམས་གཉིས་སུ་མེད་པར་རྟོགས། ཡུལ་ཡུལ་ཅན་གཉིས་སུ་མེད་པར་གོ སྣང་སྟོང་གཉིས་མེད་དུ་ཤེས་ཏེ་ཟུང་འཇུག་གི་རྟོགས་པ་འཁྲུངས་པ་ཡིན་གསུངས། འོ་ན་སྤྲོས་བྲལ་དང༌། རོ་གཅིག་གི་ཁྱད་པར་གང་ཡིན་སྙམ་ན། སྤྲོས་བྲལ་གྱི་དུས་ན་སེམས་སྟོང་པར་རྟོགས་ཀྱང་སྣང་བ་སྟོང་པར་མ་རྟོགས་ལ། རྒྱུ་འབྲས་བག་ཙམ་གོ་ཡང་རྒྱུ་འབྲས་མཐའ་དག་མ་གོ ཉོན་མོངས་པ་རགས་པ་སྤངས་ཀྱང་མངོན་དུ་རྒྱུ་བག་རེ་སྐྱེ། སྐྱེ་བ་ལ་དབང་ཐོབ་ཀྱང་འཆི་བ་ལ་དབང་མ་ཐོབ། རོ་གཅིག་གི་དུས་སུ་སྣང་སེམས་གཉིས་སུ་མེད་པར་རྟོགས། ཉོན་མོངས་པ་མངོན་དུ་རྒྱུ་མི་སྐྱེ། སྐྱེས་ཀྱང་དགེ་སྦྱོར་འཆར། འདི་སེམས་ཀྱི་མཚན་ཉིད་ཡིན་པས་འཁོར་འདས་དུ་མར་སྣང་ཞིང་རྒྱུ་འབྲས་མཐའ་དག་གོ། སྐྱེ་འཆི་གཉིས་ཀ་ལ་དབང་ཐོབ། རོ་གཅིག་གི་དུས་སུ་མཉམ་པ་ཉིད་རྟོགས་པས་དངོས་པོ་གཙོ་ཆེ། ཟུང་འཇུག་རྟོགས་པས་མཆོག་འབྲིང་པོ་འོང་སྟེ། རྟོགས་པ་དེའི་ངང་དུ་ལུས་འོད་དམ་འཇའ་ལྟ་བུར་འབྱོངས་ཏེ། ལུས་ཤུལ་དུ་མ་ལུས་ཏེ་འཆི་རྒྱུ་མེད་པས་སྐྱེ་འཆི་གཉིས་ཀ་ལ་དབང་ཐོབ་སྟེ་ར་ཛ་ཨིནྡྲ་བྷུ་ཏིའམ། བྲམ་ཟེ་ཆེན་པོ་ལྟ་བུ་ཡིན་གསུངས། དེ་ལྟར་ཟུང་འཇུག་ཏུ་སོང་བས་ལུས་རྒྱ་ལས་གྲོལ་ཏེ། མཆོག་འབྲིང་པོ་ཡིན་གསུངས། རོ་གཅིག་དེ་ཡང་སྤྲོས་མེད་དམ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ བརྟེན་ཅིང་གོམས་པར་བྱས་པས། སྒོམ་མེད་ཀྱི་རྟོགས་པ་འཆར་ཏེ། སེམས་གདོད་མ་ནས་སྟོང་ཞིང་རྣམ་པར་དག་པ་དང༌། རོ་གཅིག་མན་ཆད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་རྐྱེན་གློ་བུར་གྱི་དྲི་མ་དག་པར་བྱས་པས་ཡིན། བསྒོམ་བྱ་སྒོམ་བྱེད་དང་བྲལ་ཞིང་མཉམ་རྗེས་མེད་པའི་དག་པ་གཉིས་ལྡན་དྲི་མེད་ཆོས་ཀྱི་སྐུའི་སངས་རྒྱས་སུ་འཆར་བ་ཆུ་ལ་ཆུ་བཞག་པའམ་མར་ལ་མར་བཞག་པ་ལྟར། ཆོས་ཀྱི་སྐུར་སངས་རྒྱས་ཏེ་རང་བཞིན་གྱི་དོན་འགྲུབ་པར་བྱས་པ་ཡིན་གསུངས། མཆོག་གསུམ་ལས་འདི་མཆོག་ཆེན་པོ་ཡིན། སྣང་བ་རབ་ཆོད་པས་སྣང་བའི་རྒྱ་ལས་གྲོལ་བ་ཡིན་གསུངས། འོ་ན་རོ་གཅིག་དང་སྒོམ་མེད་ཀྱི་ཁྱད་གང་ཡིན་སྙམ་ན། རོ་གཅིག་གི་དུས་སུ་མྱོང་བ་ཆ་ཕྲ་མོ་ཞིག་ཡོད། སྒོམ་མེད་ཀྱི་མྱོང་བ་ཆ་ཕྲ་མོ་ཞིག་རྩ་བ་ནས་སྤངས་ཏེ་དྲི་མ་མེད། སྣང་བ་ཐམས་ཅད་གཉིས་མེད་ཀྱི་ངང་དུ་ཞི། མཉམ་གཞག་འབའ་ཞིག་ཡིན་གླང་ཆེན་བཞུགས་ཀྱང་མཉམ་བཞག་ལ། བཞེངས་ཀྱང་མཉམ་པར་བཞག་པ་བྱ་བ་ཡང་དེ་ག་ལ་ཟེར་བ་ཡིན་གསུངས། འཁོར་བའི་ས་བོན་བག་ཆགས་དང་བཅས་པ་རྩ་བ་ནས་སྤངས་ཏེ། སྤོང་བ་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའི་ཡོན་ཏན་མངའ་ཞིང༌། སྐུ་གསུམ་ཡེ་ཤེས་ལྔར་སངས་རྒྱས་པ་ཡིན་ཏེ། མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་གསལ་བ་དང་འདྲ་བར། ཆོས་སྐུ་དག་པ་གཉིས་ལྡན་དུ་སངས་རྒྱས་ཏེ་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན། དེ་ལྟར་ཆོས་ཀྱི་སྐུ་དག་པ་གཉིས་དང་ལྡན་པ་དེའི་ངང་ནས། སེམས་ཅན་གྱི་ཁམས་དང་བག་ལ་ཉལ་དང་བསམ་པའི་ཚོགས་ཐམས་ཅད་དང་རྒྱུ་འབྲས་ཐམས་ཅད་མ་འདྲེས་པར་མཁྱེན་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་ལ། ཡང་རང་དོན་ཆོས་ཀྱི་སྐུ་རྟོགས་པའི་བདག་རྐྱེན་དང་གདུལ་བྱ་གྱེན་དུ་ཕྱོགས་པའི་གཞན་རྐྱེན་དང༌། སྔོན་དུ་ཐབས་གོམས་པར་བྱས་པའི་རྟེན་འབྲེལ་གསུམ་འཛོམས་པ་ལ་བརྟེན་ནས། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་སུ་བྱོན་ནས་དོན་བྱེད་པ་དང༌། ཚོགས་ལམ་མན་ཆད་རྣམས་ལ་མཆོག་དང་སྐྱེ་བ་དམན་པའི་སྤྲུལ་པ་སྣ་ཚོགས་སུ་བྱོན་ནས། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་དང་ཁྱབ་པ་དང་རྒྱ་ཆེ་བ་དང༌། རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་འབྱུང་བ་ནི་མྱ་ངན་ལས་འདས་པའི་འདུག་ལུགས་ཡིན། ཆོས་རྗེའི་ཞལ་ནས། སྐྱོན་དག་ཡོན་ཏན་རབ་རྫོགས་པ། །སངས་རྒྱས་སྐུ་གསུམ་ངོ་མཚར་ཆེ། །ཞེས་གསུངས་པ་ཡང་དེ་ལྟ་བུ་གཅིག་ལ་ཟེར་བ་ཡིན་གསུངས། ཡང་སེམས་ཅན་གྱི་དེ་ཁོ་ན་ཉིད་དེ་རྒྱལ་བ་སྲས་དང་བཅས་པ་བསྐྱེད་པའི་མ་ཡིན་ཏེ། དེ་མ་ཤེས་པ་ནི་མ་རིག་པ་ཡིན། མ་རིག་པ་དེ་ལས་སྣང་བ་གསུམ་འབྱུང་སྟེ། དེ་ཡང་སྣང་བ་ལས་མ་རིག་པ་ལས་གྱུར་པའི་རྟོག་པ་བདུན་འབྱུང༌། མཆེད་པ་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གཉིས་འབྱུང༌། ཉེར་ཐོབ་ལས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འབྱུང་སྟེ། རང་བཞིན་བརྒྱད་ཅུའི་རྣམ་པར་བསྟེན་ནས་བདག་གཞན་དུ་འབྱུང༌། དེར་ཆགས་སྡང་གཉིས་ཀྱིས་ལུས་ངག་ཡིད་གསུམ་གྱི་ལས་བསགས་ནས། སྲིད་པའི་རྩེ་མོ་ནས་མནར་མེད་ཀྱི་བར་དུ་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་དུ་འཁོར་བར་འཁྱམས་པ་ཤེས་པ་ཡིན་ཏེ། རྣམ་འགྲེལ་ལས། བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་གཉིས་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཞེས་གསུངས་པའི་ཚུལ་ཡིན་གསུངས། དེ་འཁོར་བའི་འདུག་ལུགས་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གཅིག་པུ་གོ་བས། འཁོར་འདས་ཀྱི་ཆོས་ཐམས་ཅད་གོ་བ་ཡིན་ཏེ། དེ་ཡང་ཆོས་ཆུང་བ་མིན་གསུངས། ཀླུ་སྒྲུབ་ཀྱིས། སྟོང་པ་ཁོ་ནའི་ཆོས་རྣམས་ལ། །སྟོང་པ་ཁོ་ན་སྐྱེ་བར་ཟད། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལས་སེམས་གཞན་ཅི་ཡང་མེད། །ཅེས་གསུངས་པའམ། ཆོས་རྗེས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གསུངས་པ་ཡང་དེ་ལྟ་བུ་ལ་ཟེར་བ་ཡིན་གསུངས།།

ལྔ་བ་བསྔོ་བ་ལ་སེམས་བཞག་པའི་ཡོན་ཏན་གང་ཡིན་སྙམ་ན། དམིགས་པ་མེད་པའི་བསྔོ་བ་བྱ་སྟེ། སེམས་བསྔོ་བའི་རང་བཞིན་དུ་གྱུར་པའི་དུས་སུ། དགེ་སྦྱོར་ཅི་བྱས་པ་ཐམས་ཅད་བསྔོ་བའི་རྣམ་པར་འཆར་བ་དང༌། བསྔོ་བའི་སྣང་བ་ཐམས་ཅད་བསྔོ་བའི་བྱེད་ལས་སུ་འཆར་བ་འབྱུང༌། ཡང་བསྔོ་བ་འགྲུབ་པའི་དུས་སུ་ལུས་སེམས་བདེ་བ་ནི་བདེ་བ་ལ། བསྔོ་བའི་རྣམ་པ་གསལ་ བ་ནི་གསལ་བ་ཡིན་ལ་བསྔོ་བ་བསྔོའོ། །རྒྱུ་བསྔོས་པ་གསུམ་གསལ་ཀྱང་དེའི་རྗེས་སུ་རྟོག་པ་མི་འབྲང་བ་ནི་མི་རྟོག་པ་ཡིན་གསུངས། ཡང་བསྔོ་བ་བྱེད་པའི་དུས་སུ་ཞེ་སྡང་ལ་སོགས་རྟོག་པ་སྤངས་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་འོང༌། བསྔོ་བའི་རྣམ་པ་ལ་སེམས་གནས་པ་ནི་ལྷག་པ་སེམས་ཀྱི་བསླབ་པ། ཞིང་བསམ་དངོས་པོ་གསུམ་རང་གི་སེམས། སེམས་སྟོང་པར་རྟོགས་པ་ནི་ཤེས་རབ་ཀྱི་བསླབ་པ་ཡིན་གསུངས། ནང་རྟེན་འབྲེལ་བསྔོ་བའི་བསམ་པ་དེས། གསང་བའི་རྟེན་འབྲེལ་ལུས་བྱིན་གྱིས་བརླབས་སྟེ། ལུས་དེ་བསྔོ་བ་བྱེད་པའི་དུས་སུ་གཞན་གྱི་དགེ་བ་མི་འཛད་པའི་གཏེར་དུ་སྦེད་པའི་སྣང་བ་འབྱུང༌། ཕྱིའི་རྟེན་འབྲེལ་སྣང་བ་བྱིན་གྱིས་བརླབས་པའི་དུས་སུ། བསྔོ་བ་ལ་གཙིགས་སུ་བྱེད་པ་ཡིན་ཞེས་པའི་སྒོ་ནས་གཞན་བསྙེན་བཀུར་བྱེད་པ་འབྱུང་བ་དང༌། བསྔོ་བ་ལ་སོ་ནམ་བྱེད་པའི་འཁོར་འདུས་ནས། རང་གི་དོན་སྒྲུབ་པ་དང༌། གང་དུ་ཕྱིན་པ་ཐམས་ཅད་དུ་བསྔོ་བའི་འཕྲིན་ལས་ཀྱིས་སེམས་ཅན་སྨིན་གྲོལ་བྱེད་པ་འབྱུང་གསུངས། མཐར་ཐུག་སངས་རྒྱས་པའི་དུས་སུ་སྤྲུལ་སྐུ་གསུམ་གྱི་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འབྱུང་བ་ནི་སྤྲུལ་པའི་སྐུ་ཡིན། འཁོར་གསུམ་མི་རྟོག་པའི་མི་དམིགས་པ་སྟོང་ཉིད་དུ་རྟོགས་པ་ནི་ཆོས་ཀྱི་སྐུ་ཡིན་ལ། ཟུང་འཇུག་གཉིས་སུ་མེད་པའི་བསྔོ་བས་སྣང་བ་དང་སྟོང་པ་གཉིས་སུ་མེད་པར་བདེ་ཆེན་དུ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་ཡིན་ཏེ། མདོ་ལས། ཐབས་དང་ཤེས་རབ་རྐང་གཉིས་གཤོག་པ་བརྐྱང་བྱས་ནས། །གར་འདོད་སར་ཕྱིན་བདེ་བའི་གནས་ཐོབ་འགྱུར། །ཞེས་པ་ཡང་དེ་ལྟ་བུ་ལ་ཟེར་བ་ཡིན་གསུངས། ཡང་བསྔོ་བ་མ་ཤེས་པའམ། ཤེས་ཀྱང་མི་དམིགས་པའི་བསྔོ་བས་མ་ཟིན་པས། འཁོར་བར་འཁྱམས་པར་ཤེས་དུས་སུ་བསྔོ་བའི་གོ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་གོ་ནུས་པ་ཡིན་ཏེ། དེ་ཆོས་ཟབ་པ་ཡིན་གསུངས། སྡུད་པ་ནས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། གསུངས་པ་ཡང་དེ་ལྟ་བུ་ལ་ཟེར་བ་ཡིན་གསུངས། དེ་ནས་ལྔ་ལྡན་ལྟ་བུ་གཅིག་ལ་གནད་དུ་བསྣུན་པའི་དུས་སུ་འཁོར་འདས་ཀྱི་ཆོོས་ཐམས་ཅད་གོ་ནས་འོང་བ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་པས་འདུ་མི་བྱེད། །ཅེས་པ་དང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཡིན། །ཞེས་པ་དང༌། བག་ཆགས་དག་ལས་བྱུང་བས་ན། །བག་ཆགས་ས་བོན་དག་ཏུ་བཤད། །བག་ཆགས་རྗེས་མཐུན་འཚོགས་པ་ན། །སྲིད་པའི་མྱུ་གུ་དེས་སྐྱེད་དེ། །ཞེས་གསུངས་པ་ཡང་དེ་ལྟ་བུ་ལ་ཟེར་བ་ཡིན་གསུངས། དེ་རྣམས་ཀྱིས་ཀུ་སཱ་ལི་སྒྲོ་འདོགས་ནང་ནས་གཅོད་པའི་ལུགས། བླ་མའི་རྒྱ་རྡོག་པོ་རེ་རེ་ལ་ནན་ཏན་དུ་བྱས་བྱས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་གོ་ནུས་པ། ལུས་འདི་ཙུག་སྡོད་ལ། སེམས་འདི་ཙུག་ཞོག་དང༌། ཡོན་ཏན་འདི་འདྲ་ཞིག་སྐྱེ་ཡིས་བྱ་བའི་གསུང་རིན་པོ་ཆེ་ལ་བརྟེན་པའི་ཆོས་གཅིག་སྙན་དུ་གསོལ་བ་ལགས། ད་བསྔོ་བ་མཛད་པར་ཞུ་འཚལ། སྔོན་དབྱངས་ཡང་དལ་འབྱོར་སྡོང་པོ་ལ། །བསླབ་གསུམ་དྲི་མེད་ཡལ་ག་ཅན། །དྲན་ཤེས་མོས་གུས་ལོ་འདབ་རྒྱས། །བྱང་ཆུབ་མེ་ཏོག་འབྲས་ལྡན་པའི། །གུས་བསྟེན་སློབ་མས་ཞུས་པ་ཡིན། །གསུམ་ཚན་བཅུ་ཡི་མན་ངག་འདི། །བཀོད་པའི་དགེ་བ་རྒྱ་མཚོའི་དེས། །འགྲོ་ཀུན་ལྔ་ལྡན་རབ་བརྟེན་ནས། །མི་ཤེས་སྡུག་བསྔལ་སྤངས་ནས་ཀྱང༌། །ཡེ་ཤེས་ལྔ་ལྡན་རྫོགས་སངས་རྒྱས། །སྐུ་ལྔ་དབྱེར་མེད་རྡོ་རྗེ་འཆང༌། །འགྲོ་མགོན་བླ་མ་རིན་ཆེན་གྱི། །སྐུ་ཡི་བཀོད་པ་གར་བཞུགས་སུ། །མཐའ་ཡས་ཡེ་ཤེས་སྤྱོད་ནུས་ཤོག །འགྱུར་མེད་མོས་གུས་ཏིང་འཛིན་གྱིས། །སྐུ་གསུང་ཐུགས་གསང་མཛོད་འཛིན་ཤོག །འགྲོ་མགོན་རྗེ་ཡི་བཀའ་དྲིན་གྱིས། །དགོས་འདོད་ནོར་བུ་སེམས་ལ་རྙེད། །ཆགས་སྡང་གཉིས་ཀྱི་སྡོས་ཐག་བཅད། །འཁོར་འདས་གཉིས་ཀྱི་རེ་དོགས་བྲལ། །རོ་མཉམ་ངང་ནས་བྱང་སེམས་འཕེལ། །མཉམ་བཞག་ནང་དུ་གཞན་དོན་རྫོགས། །ལྷ་དང་རང་སེམས་དབྱེར་མེད་པས། །གཅིག་པུར་བསྡད་ཀྱང་འཕྲིན་ལས་རྒྱས། །ཞེན་མེད་ཆོས་སྐུའི་མོས་གུས་ཀྱིས། །རང་སེམས་རྟོགས་པའི་རྣལ་འབྱོར་བདེ། །མད་ཀྱང་ཀུ་རེ་བགྱིས་པ་ལགས། །འགྲོ་མགོན་རྗེ་ཡི་གསུང་བཞིན་བཀོད། །འདི་ལ་འགལ་འཁྲུལ་མཆིས་སྲིད་ན། །ཉམས་རྟོགས་ལྡན་ལ་བཟོད་པར་གསོལ། །སློབ་དཔོན་པད་མས་བྱིན་གྱིས་བརླབས་པའི་གནས། ཡོན་ཏན་རིན་པོ་ཆེ་གཅལ་དུ་བཀྲམ་པའི་གཅལ་ཀ་ཕྱུགས་སྐྱོངས་སུ། ཤཱཀྱའི་དགེ་སློང་མན་ཛྙུ་ཤྲི་ཞེས་བྱ་བས། གསུང་རིན་པོ་ཆེ་བདུད་རྩི་ཚིགས་གསུམ་གནད་ཀྱི་མན་ངག་ཅེས་བྱ་བ། གུས་པ་དང་བརྩེ་བའི་བསམ་པས་ཡི་གེར་བཀོད་པའོ།།


previousརྗེའི་ཚིག་གསུམ་གནད་ཀྱི་གདམས་པ།། next