Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྐུ་གཤེགས་ཁའི་ཞལ་ཆེམས་དབོན་ཤེས་རབ་འབྱུང་གནས་ཀྱིས་ཡི་གེར་བཏབ་པ།།
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསྐུ་གཤེགས་ཁའི་ཞལ་ཆེམས་དབོན་ཤེས་རབ་འབྱུང་གནས་ཀྱིས་ཡི་གེར་བཏབ་པ།། next

སྐུ་གཤེགས་ཁའི་ཞལ་ཆེམས་དབོན་ཤེས་རབ་འབྱུང་གནས་ཀྱིས་ཡི་གེར་བཏབ་པ།།

ན་མོ་རཏྣ་གུ་རུ། འདི་ལྟར་འགྲོ་བའི་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་དུ་བྱོན་ནས། གདུལ་བྱ་རིགས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་ནི་མཛད། སངས་རྒྱས་ཀྱི་འདུལ་བར་བྱ་བ་ཐམས་ཅད་ནི་ཡོངས་སུ་རྫོགས། མྱ་ངན་ལས་འདས་པ་ཆེན་པོས་མྱ་ངན་ལས་འདའ་བར་ནི་ཉེ། ཚེས་ཉི་ཤུ་ལྔའི་དགོང་མོ་ནུབ་མོ་ལ་བབ་པའི་དུས་སུ་སློབ་དཔོན་གདན་ས་བ་དང༌། སྒོམ་པ་ཞལ་སྔ་རྣམ་པ་དང༌། བདག་ཅག་ཞབས་ཏོག་པ་དང་བཅས་པ་གཡུ་ཁང་དུ་ཞུགས་ཀྱི་འགྲམ་དུ་བྱོན་ནས་བཞུགས་པ་ལ་ཞལ་སྔ་ནས་ཁྱོད་བསྟན་པ་ཇི་ཙམ་གནས་ཚུལ་དེ་ཐོན་གསུངས་ནས། བདག་གི་བསྟན་པ་ཇི་ཙམ་གནས་ཞེས་རྩིས་པ་དེ་དང་སློབ་དཔོན་པས་ཞུས་པའི་གསུང་ལན་གཉིས་པོ་དེ་སྙན་དུ་གསོལ། དེའི་རྗེས་ལ་འོད་ཟེར་གྲགས་ན་རེ། བཀའ་ཆེམས་ཀྱི་ཡི་གེ་བར་འདི་མཛད་པ་ཡིན་ཟེར་སློབ་དཔོན་པས་ཞུ་བ་ཞུས་ན། འབུས་སྣ་དྲངས་པའི་ངེད་ཅག་རྣམས་ཀྱིས་ལུས་འཁོར་བ་མ་སྟོངས་ཀྱི་བར་དུ་འབུལ་བ་ལགས་ཞུས་པས་ཁྱེད་ཀྱི་ལུས་འབུལ། གྱེན་དུ་འགྲོ་བའམ། ཐུར་དུ་འགྲོ་བའམ། ཐད་སོར་འགྲོ་བའམ། ལུས་ངག་ཡིད་གསུམ་དེ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་དབང་དུ་བྱས་པའི་ལུས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པའི་ལུས་འདི་འབུལ་ཞུས་པས། འོ་ན་ལུས་ཀྱི་དུམ་བུའི་ཆ་ཤས་ཕུལ་ན་ཇི་ཙམ་འོང་གསུངས། དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་དབང་དུ་བྱས་པས་འདི་ནས་བར་ཁང་ཡན་ཆད་ཙམ་དུ་གོམ་པ་སོང་བ་དེས་ཀྱང༌། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཆིས་ཞུས་པས། འོ་དེ་ཡིན་ལུས་རང་ལ་ཡང༌། གྱེན་དུ་འགྲོ་བའི་ཐུར་དུ་འགྲོ་བའམ། ཐད་སོར་འགྲོ་བའམ་ལུས་ཀྱི་ཆ་ཤས་ཙམ། བྱེ་བྲག་ཐ་དད་པའི་དུམ་བུ་རེ་རེ་ཡང་འདྲ་ན་ལུས་ངག་ཡིད་གསུམ་གྱིས་མ་ལུས་པ་ཕུལ་ན་ལྟ་ཅི་སྨོས་ཏེ་བསམ་གྱིས་གར་ཁྱབ་བརྗོད་ཀྱིས་གར་རྫོགས་གསུངས། དེ་ནས་ཡང་ཞུས་པ། སྐད་ཅིག་ཀྱང་མི་འབྲལ་བ་སྨོན་ལམ་འདེབས་པ་ལགས་པས་ཐུགས་ལ་འདོགས་པར་ཞུ་ཞུས་པས། སྨོན་ལམ་གདབ་པའི་དགོས་པ་དེར་འོང་བ་ཡིན་གསུངས། དེ་ནས་ཅུང་ཟད་ཅིག་ལོན་པ་དང༌། ཁྱེད་རྣམས་ལ་ཆོས་ཤིག་བསྟན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཐེག་པ་ཆེན་པོ་བླ་ན་མེད་པའི་ཆོས་གསུངས། ཆོས་དེ་དག་གང་ཡིན། ཉོན་མོངས་པ་ཕྱག་རྒྱ་ཆེན་པོར་རྟོགས་པ་དེ་ཡིན། ཉོན་མོངས་པ་ཕྱག་རྒྱ་ཆེན་པོར་རྟོགས་པའི་རྣལ་འབྱོར་པ་ལ། ཉོན་མོངས་པ་དང་ལྡན་པར་བལྟས་ན་ཉེས་པ་ཆེན་པོ་བསྐྱེད་པར་འགྱུར་བ་ཡིན། དེའང་ཇི་ལྟ་བུ་ཡིན་ན། ཁྱོད་ཀྱིས་ཀོ་ཀ་ལི་ཀའི་གཏམ་རྒྱུད་དེ་ཁོང་རྣམས་ལ་ཤོད་གསུངས། བདག་གིས་ཀྱང་འོ་ལེ་ཙམ་དུ་ཀོ་ཀ་ལི་ཀ་དགེ་སློང་སྡེ་སྣོད་གསུམ་པ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་དེས་ལྗོངས་སུ་ཁྱིམ་བདག་ཅིག་ལ་དད་པར་བྱས་ཏེ་འདུག་པ་ན་འཕགས་པ་ཤཱ་རི་བུ་དང༌། མོ་འགལ་གྱི་བུ་ཆེན་པོ་གཉིས་ཀྱང་དེར་བྱོན་པ་ལ་ཀོ་ཀ་ལི་ཀས་བཀུར་སྟི་ཆེན་པོ་བྱས་ཏེ་དད་པར་བྱས་ནས་འཕགས་པ་རྣམ་གཉིས་ཀྱང་ས་ཕྱོགས་དེར་ཕུག་གཅིག་ནང་དུ་མཚན་མོ་བཞུགས་སོ། །རེ་ཞིག་ན་བ་ལང་རྫི་བོ་ཞིག་དང་བ་ལང་རྫི་མོ་གཉིས་ཀྱང་ཕུག་དེ་རུ་ཞུགས་ཏེ་དེའི་མཚན་མོ་ལོག་པར་སྤྱད་ནས། བ་ལང་རྫི་བོ་དེ་བྲེལ་བའི་སྟབས་ཀྱིས་སྔོན་ལ་ལངས་ནས་སོང་ངོ༌། །ནངས་པར་གྱི་དུས་བ་ལང་རྫི་མོ་ཕུག་ནས་བྱུང་ཞིང༌། དེའི་རྗེས་ལ་འཕགས་པ་གཉིས་ཀྱང་བྱོན་པ་ཀོ་ཀ་ལི་ཀས་མཐོང་སྟེ་བུ་མོ་དེས་ལོག་པར་སྤྱད་པའི་མཚན་རྟགས་ཀྱང་མཐོང་བ་དང་ཀོ་ཀ་ལི་ཀའི་རྟོག་པ་ལ་བ་ལང་རྫི་མོའི་མཚན་མ་ལྟར་ན། དགེ་སྦྱོང་འདི་གཉིས་ཀྱིས་འདི་ལ་ལོག་པར་སྤྱད་པར་ངེས་ཏེ་འདི་གཉིས་ནི་ཉེས་པར་གཅོད་པ་ཡིན་ནོ། །ཞེས་བསྐུར་བ་བཏབ་པས། ཚེ་འདི་ཉིད་ལ་ལུས་ལ་ཡུངས་དཀར་ཀྱི་འབྲུམ་བུས་གང་བར་གྱུར་ཏེ་དེ་ལ་ཆུ་སེར་བབ་ནས། དེ་ཤུ་བར་གྱུར་ཅིང་དེ་འབྲས་སུ་གྱུར་ནས་སེམས་ཅན་མནར་མེད་པར་སྐྱེས་ཞེས་གསུང་བར་གདའ་ཞུས་པས། འོ་དེ་ཁོ་ན་ཡིན། དེ་ཡང་འཕགས་པ་ལ་ཉོན་མོངས་པ་མེད་པ་ལ་ཉོན་མོངས་པ་དང་ལྡན་པར་བལྟས་པས་དམྱལ་བར་ལྟུང་བ་ཡིན། ཉོན་མོངས་པ་ཕྱག་རྒྱ་ཆེན་པོར་རྟོགས་པ་འདི་ཡོད་ན། སྔགས་དང་མཚན་ཉིད་འདུལ་བ་ཐམས་ཅད་དུ་ཉེས་པ་གཏན་མེད་དུ་བཞེད་དེ། དེ་ཡང་འདུལ་བར་ནི་དགེ་སྦྱོང་གི་འབྲས་བུ་རྣམ་པ་བཞི་ཐོབ་ནས་ཉེས་པ་མེད་པ་དང༌། སྔགས་མཚན་ཉིད་ཐམས་ཅད་དུ། དེ་ཁོ་ན་ཉིད་རིག་པ་ལ་ཉེས་པ་མེད་པར་གསུངས་ཀྱང༌། ཡང་སངས་རྒྱས་ཀྱི་ས་མན་ཆད་དུ་སྒྲིབ་པར་འགྱུར་བ་དང༌། རྒྱུ་མཚན་འགའ་ཞིག་གིས་དོགས་མཐའ་འཐེན་པ་འདི་ངའི་གྲུབ་མཐའ་མིན་ན། སྔགས་དང་འདུལ་བའི་ཁྱད་པར་འདི་ཅི་ཡིན། སློབ་དཔོན་གྱིས་གཅིག་གསུངས་དང་གསུངས། སློབ་དཔོན་གྱིས་ཉོན་མོངས་པ་འདུལ་བས་འདུལ་བ། བསལ་གཞག་མེད་པར་རྟོགས་པ་གསང་སྔགས་སུ་མཆིའམ་ཞུས་པས། དེ་ཡིན་ཡང་མི་གསུངས། མིན་ཡང་མི་གསུངས། དེ་ནས་ཅུང་ཟད་ཅིག་ལོན་པ་དང༌། གསང་སྔགས་ཀྱི་ཁྱད་པར་ཡོན་ཏན་གྱིས་འབྱེད་པ་ཡིན་ཏེ་ལམ་དུ་བཏང་བས་ལམ་དུ་གཏོང་བའི་ལུས། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང༌། ཡི་དམ་ལྷ་དང་བླ་མ་དང་ཕྱག་རྒྱ་ཆེན་པོ་རེ་རེ་བྱེ་བྲག་ཐ་དད་པས། ཡོན་ཏན་ཐ་དད་དུ་འོང་བ་ཡིན་གསུངས་ནས། གསང་སྔགས་ཐམས་ཅད་བསྡུས་པའི་བརྗོད་བྱ། ཉམས་ལེན་འདི་ཡིན་བྱ་བ་ཞིག་ཀྱང་གསུངས། དེའི་རྗེས་ལ། དཔོན་སྒོམ་པས་ད་ལྟར་གསུང་བ་དེ་ལྟར་བགྱིས་པས། འདི་ཀུན་ཕྱག་རྒྱ་ཆེན་པོའི་སྒོམ་མེད་པ་ནི་མེད། ང་འབུ་ཀུན་གྱི་སྤྱོད་པ་མ་ཡག་པ་བག་ཙམ་ལ་བརྟེན་ནས་འཐབ་པ་དང་འབར་བ་དང༌། ལོག་པར་བལྟས་པ་ཐམས་ཅད་བཤགས་ལགས་ཞུས་པས། ཁྱོད་ཀྱི་དེ་ལ་སྐྱོན་མེད། བརྩེ་བ་ཆེན་པོས་གཞན་ཉེས་པ་བཟློག་ཅིང་ལེགས་པ་ལ་སྦྱོར་བས་བཟང་ན་དགའ་བ་ཡིན། འོན་ཀྱང་བཤགས་པས་མི་འདག་པ་མེད་པས་ཐམས་ཅད་མ་ཤེས་ཀྱང་འདག སེམས་སུ་ཤེས་ཀྱང་འདག སྒྱུ་མར་ཤེས་ཀྱང་འདག་ཕྱག་རྒྱ་ཆེན་པོར་ཤེས་ཀྱང་འདག་སྟེ་ཆོས་ལྔ་པོ་མ་གཏོགས་པ་མེད། དེ་རེ་རེ་སྐྱེས་ན་ཡང་སྡིག་པ་མི་དགེ་བ་མེད་པ་དེ་ཁྱོད་ཀྱིས་གོའམ་གསུངས། དེ་ནས་སང་ནངས་པར་ཁྱེད་ཀྱིས་ཁོང་རྣམས་ལ་གཏེར་ཆེན་པོ་བསྟན་པའི་མདོ་དེ་ཐོན་གསུངས། དེ་ལྟར་ཞུ་བགྱིས་ནས། དེ་ནས་གཟིམས་མལ་དུ་བྱོན། ནམ་དེའི་སྲོད་ལ་དཔོན་རྒན་དང་ང་ཅག་གཉིས་ཀྱིས་ཞབས་ཏོག་བྱས་པའི་དུས་སུ། ཞལ་སྔ་ནས་གསང་སྔགས་སུ་མཆོད་པ་ཕྱི་ནང་གཉིས་སུ་གསུངས་པ་དེ་རྣམས་ཀྱིས་ད་ལྟར་ངའི་ཞབས་ཏོག་བྱེད་པ་འདི་ལས་གཞན་མེད། ཆབ་ཀྱིས་ཞལ་བསིལ་བ་ཡོན་ཆབ། དེ་དང་འདྲ་ཐམས་ཅད་འདི་ཉིད་ཁོ་ན་ཡིན་གསུང་བ་དང་སྐབས་དེར་སྐུ་ཁམས་ཀྱི་གསེང་ཞིག་བྱུང་བས། དགེ་འདུན་ལ་ཞལ་སྟོན་པར་ཞུ་བ་ལ་ནི་མི་གནང་བར་འདུག ད་དགེ་འདུན་ལ་བཀའ་སྩལ་ཅིག་ཞུ་ཞུས་པས་ཚིགས་སུ་བཅད་པའི་བཀའ་གསུམ་པོ་འདི་གསུངས། དེར་སྐུ་བསྙེལ་བའི་སྟོབས་ཀྱིས་ཞུ་བ་ཡང་མི་སྤོབས། ཡིད་མྱ་ངན་གྱིས་གདུངས་ཀྱང་ཕྱིས་ཀྱི་ཁོ་ཐག་ཆོད་པར་འདོད་པས། ད་རྗེ་རིན་པོ་ཆེ་འདི་ནས་གཤེགས་ནས་སངས་རྒྱས་ཀྱི་ཞིང་ཁམས་ནི་གང་དུ་བཞུད། བདག་ཅག་རྣམས་གསོལ་བ་གང་དུ་གདབ་པའི་སངས་རྒྱས་ཀྱི་ཞིང་དང༌། དེ་ཇི་ལྟར་བཞུགས་ཚུལ་ཞིག་གསུང་བར་ཞུ་ཞུས་པས། སངས་རྒྱས་ཀྱི་ཞིང་ཁམས་གཞན་དུ་གཤེགས་པ་མི་མངའ། ཁྱེད་རང་གི་སེམས་ཉིད་ཕྱག་རྒྱ་ཆེན་པོ་དེ་དང་དབྱེ་བ་མེད་པའི་བཀའ་སྩལ་རྒྱ་ཆེར་གསུངས་ཏེ། དེ་ལྟར་ཡང༌། སངས་རྒྱས་ཞིང་ཁམས་འདི་ཡིན་གང་ན་ཡོད། །ཁྱོད་ཀྱི་སེམས་ཉིད་ཕྱག་རྒྱ་ཆེན་པོ་དང༌། །དབྱེར་མེད་གཅིག་ཏུ་གྱུར་པར་ང་བཞུགས་ཏེ། །རང་སེམས་སྒོམ་དང་འབྲལ་བར་མ་བྱེད་དང༌། །ང་དང་འབྲལ་བ་མེད་པ་དེ་ཉིད་ཡིན། །ཨོ་རྒྱན་ཛ་ལན་དྷ་ར་ལ་སོགས་པ། །གནས་ཤིག་བཞུགས་པ་ང་ལ་ག་ལ་ཡོད། །གསུངས་དེ་ནས་ངེད་རང་ཐམས་ཅད་ལུས་མཆོད་པའི་སྤྲིན་ཕུང་སྔོན་དུ་འགྲོ་བས་སོ་སོ་ནས་ཕྱག་ཏུ་ཕུལ་ནས། སྔ་མ་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལ་ལོག་པར་བལྟས་པ་ཐམས་ཅད་ནི་བཤགས། སྐད་ཅིག་ཀྱང་འབྲལ་བ་མེད་པར་ཞུས་པ་ལ། ཞལ་སྔ་ནས་དུས་རྟག་ཏུ་འབྲལ་བ་མེད་པ་དང༌། མི་མཉེས་པ་མ་བྱས་པའི་བཀའ་སྩལ་གསུང་སྟེ། དེ་ལྟར་ཡང༌། ཁྱོད་ཀྱིས་ང་ལ་མི་མཉེས་མ་བྱས་ཏེ། །ཞབས་འབྲིང་ཞབས་ཏོག་ཀུན་གྱིས་མཉེས་པར་བྱས། །རེས་འགའ་བཀའ་བཀྱོན་བརྩེ་བས་ཕན་དུ་རེ། །ང་ལ་མྱ་ངན་འདས་པ་མི་མངའ་སྟེ། །ཁྱོད་དང་རྟག་ཏུ་འབྲལ་བ་མེད་པ་ཡིན། །ཞེས་པ་དང༌། སངས་རྒྱས་འཇིག་རྟེན་དུ་བཞུགས་པ་མིན་ཡང༌། སྙིགས་མའི་དུས་འདིར་འགྲོ་ལ་ཕན་པ་བསྒྲུབ་པ་ང་ལ་མི་ཆེ་ཁྱོད་ལ་མི་ཆུང༌། ཆུར་མཉམ་ཞེང་དུ་མཉམ། བང་མཉམ་མཆོངས་པར་མཉམ། མངོན་པར་དགའ་བ་ལ་སོགས་པར་འགྲོ་བ་ཡང་མེད། སངས་རྒྱས་ཀྱི་ཞིང་ཡང་འདི་ཁོ་ན་ཡིན་ཤེས་པར་འབྱུང༌། བར་དེར་སློབ་དཔོན་གདན་ས་བས། དགེ་འདུན་སྤྱིའི་ཞུ་བ་རྗེ་རིན་པོ་ཆེ་རྟེན་འབྲེལ་ལ་མངའ་བརྙེས་པས་ཅིས་ཀྱང་ད་རེས་ཀྱི་སྐུ་ཁམས་འདི་མྱུར་དུ་དྭངས་པར་ཞུ་བ་ཕུལ་བ་ལ། ལན་ཅང་མི་གསུངས། དེ་ནས་དཔོན་སྒོམ་པས་ཡང་དང་ཡང་དུ། རྗེ་རིན་པོ་ཆེའི་འཕྲིན་ལས་དེ་སྔོན་ནི་ཅུང་ཟད་ཙམ་ཡིན། རྒྱས་པར་ནི་ད་གཟོད་འགྱུར་བས། ད་རེས་ཅིས་ཀྱང་མྱ་ངན་ལས་མི་འདའ་ བར་བཞུགས་པར་ཞུ་ཞེས་ཞུས་པས། བུ་དེ་མ་ཟེར། ངས་ཇི་ལྟར་བསྟན་པ་བཞིན་དུ་གྱིས། བླ་མས་ཇི་ལྟར་བསྟན་པ་བཞིན་དུ་བྱས་པས། དེས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱང་དེས་ཐོབ། ངའི་མི་དགོས་གཞན་བླ་མའི་གསུང་རྒྱབ་བསྐྱུར་རེ་རེ་ཙམ་ཡང་སྒྲུབ་པར་བྱེད་ན། ཁ་ཆེ་དགོན་པ་བས། ཟངས་དཀར་ལོ་ཙཱ་ལ་ཁྱོད་བོད་ལ་སོང་ལ་གཙུག་ལག་ཁང་རྣམས་གསོས་བགྱི་བའི་ཚིག་རྐྱང་པ་ཞིག་གསུངས་པས། བླ་མ་ཟངས་དཀར་བས་གསུང་དེ་ཉིད་ཀྱི་རྗེས་སུ་འབྲངས་ནས་བོད་ལ་བྱོན། རྫུན་ཚུན་ཆད་ཀྱིས་ནོར་བཙལ་ནས་ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ཐམས་ཅད་གསོས་པ་ཡིན། བླ་མ་དམ་པས་ཅི་གསུང་བ་དེ་སྒྲུབ་ན་ཡོན་ཏན་འབྱུང་བ་ཡིན་ཏེ། ཁྱོད་ཀྱིས་བྲམ་ཟེ་ཆེན་པོ་ལ་བྲམ་ཟེ་མོས་ཆང་བླུད་པའི་ལོ་རྒྱུས་དེ་ཤོད་གསུངས། བདག་གིས་འོལ་ལེ་བ་ཙམ་དུ་སློབ་དཔོན་བྲམ་ཟེ་དེ་རྒྱལ་པོའི་མཆོད་གནས་བྲམ་ཟེ་སྤུན་ལྔ་ཡོད་པའི་ཐ་ཆུང་ཡིན་པ་ལ། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་དེ་འདུལ་བར་དགོངས་ནས། བྲམ་ཟེ་མོ་སྤུན་བཞིར་སྤྲུལ་ནས་རྒྱལ་པོའི་ལྡུམ་ར་བཞུགས་ཏེ། ཕོ་བོ་ཆེན་པོ་བཞིའི་ཆུང་མར་བྱས་པས་ནུབ་མོ་ཡི་མུག་སྟེ་རབ་ཏུ་བྱུང་ངོ༌། །རེ་ཞིག་གདན་རབ་ཏུ་བྱུང་བ་དེ་རྒྱལ་པོའི་ལྡུམ་རར་ཕྱིན་པའི་དུས་སུ་མནའ་མ་བྲམ་ཟེ་མོ་བཞིས་ཐོད་པའི་ནང་དུ་ཆང་འཐུངས་པས། སྐུད་པོ་ཚུར་ཤོག་ཆང་འཐུང་ཟེར་རོ། །དེར་རབ་ཏུ་བྱུང་བའི་རྟོག་པ་ལ་བྲམ་ཟེ་ནི་ཐོད་པ་ལ་རེག་ཀྱང་མི་རེག་ན། ཆང་འཐུང་བ་ལྟ་ཅི་སྨོས་ཏེ། འདི་རྣམས་ནི་མཁའ་འགྲོ་མ་ཡིན་ངེས་པས་ཇི་ལྟར་གསུངས་པ་བཞིན་དུ་བྱའོ་སྙམ་ནས། ཆང་འཐུང་བའི་ནང་དུ་ལྡུམ་རའི་རྩི་ཤིང་སྣ་ཚོགས་པའི་གཟུགས་ བརྙན་ཤར་བ་མཐོང་ནས། དེ་ལ་བརྟེན་ནས་ཆོས་ཐམས་ཅད་སེམས་ཉིད་ཕྱག་རྒྱ་ཆེན་པོར་རོ་གཅིག་པའི་རྟོགས་པ་ཤར་བ་ལགས་པར་གདའ་ཞུས་པས། འོ་བྱུང་དེ་ཁོ་ན་ཡིན། བླ་མས་ཅི་གསུང་མིན་པ་གཞན་མེད་གསུངས། དེའི་ཕྱི་དེ་ཉིན་པར་གྱི་དུས་སུ་ཞབས་ཏོག་དང་མྱ་ངན་གྱིས་སེམས་རྣམ་པར་ཡེངས་ཀྱང་གཏེར་ཆེན་པོ་བསྟན་པའི་མདོ་དེ། མདོ་སྨད་པ་འབུམ་ཡིག་ཆེན་མོ་ཀློག་པའི་ཚུལ་དུ་ཁོང་རྣམ་པའི་དྲུང་དུ། གཡུ་ཁང་དུ་ལེགས་པར་ཀློག་ནས། དེའི་ནུབ་མོ་ནམ་ཕྱེད་དུ་ཉེ་བ་ན། ཞལ་སྔ་ནས། འཕགས་པ་དཀོན་མཆོག་བརྩེགས་པ་བྱ་བ་དཀའ་དཀའ་བཞིན་དུ་ལན་གཉིས་གསུངས། དེའི་རྗེས་ལ་དེ་རིང་གཏེར་ཆེན་པོ་ཁྱོད་ཀྱིས་བཏོན་ནམ་གསུངས། ང་འབུས་གཏེར་ཆེན་པོ་བསྟན་པའི་མདོ་ཁོང་རྣམ་པ་རྣམས་ཀྱི་སྙན་དུ་ཕུལ་ལགས་ཞུས་པས། ཁོང་རྣམ་པ་མཉེས་སམ་གསུངས་ཁོང་རྣམ་པ་ཤིན་ཏུ་ཡང་མཉེས་ཞུས་པས། དེ་ཡིན་ཆོས་དེ་ཤིན་ཏུ་ཟབ་པ་ཡིན་གསུངས། དེ་ཕྱིན་ཆད་གསུང་གཞན་གསུང་བར་མ་དྲན། དེས་ན་ཐ་མར་གསུངས་པ་དེ་འདི་ཁོ་ན་ལགས། གཞན་སྐུ་གསུང་ཐུགས་ཀྱི་མཛད་པ་ནི་མཐའ་མི་རྟོགས་པས་འབྲིར་མི་ལང༌། ཞལ་ཏའི་རྣམ་པའི་གསུང་གཞན་རྣམས་ནི་ཐམས་ཅད་དུ་ཡོངས་སུ་གྲགས། སྐུ་ཁམས་ཀྱི་མཐོ་དམན་ནི་བླ་མའི་སྐུ་ལ་ལོག་པར་བལྟས་པར་འགྲོ། ཐ་མར་གསུངས་པའི་ཆོས་ཀྱི་བཀའ་སྩལ། དུས་རྟག་ཏུ་བདེ་བ་ཆེན་པོའི་ས་ལ་བཞུགས་པར་ངེས་པ་འདི་ཉིད་ལགས། དྲན་པ་ཉམས་ཤིང་མ་ཤེས་པ་གདའ་ན་བཟོད་པར་གསོལ། བན་སྡེ་ཤེས་རབ་འབྱུང་གནས་ཀྱི་ཡི་གེ་རྫོགས་སོ།།


previousསྐུ་གཤེགས་ཁའི་ཞལ་ཆེམས་དབོན་ཤེས་རབ་འབྱུང་གནས་ཀྱིས་ཡི་གེར་བཏབ་པ།། next