Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སེང་གེའི་འགྲེལ་ཆུང༌།


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསེང་གེའི་འགྲེལ་ཆུང༌། no next

སེང་གེའི་འགྲེལ་ཆུང༌།

ཨོཾ་སྭ་སྟི། །དགེ་ལེགས་ཀྱིས་རབ་ཏུ་རྒྱལ་བར་གྱུར་ཅིག །རང་བྱུང་འོད་གསལ་བྱང་ཆུབ་སེམས་ཀྱི་སྐུ། །དཔལ་ཆེན་བདུད་འཇོམས་ཡེ་ཤེས་མཁྱེན་པར་ལྡན། །ཆོས་རྒྱལ་བླ་མེད་རྣམ་གྲོལ་འཁོར་ལོས་བསྒྱུར། །ལྷ་མིའི་སྟོན་པ་འབྲི་གུང་བཞུགས་ལ་འདུད། །ཞིང་ཁམས་མི་མཇེད་པདྨོའི་ཚལ་དབུས་འདིར། །འདུལ་མཛད་སྟོན་པ་ཐུགས་རྗེའི་འོད་ཕྲེང་ཅན། །ཤཱཀྱའི་རྒྱལ་པོ་ཁྲི་གདུགས་ཉི་མ་ཤར། །གཟི་བརྗིད་བདེ་སྐྱིད་དཔལ་དེས་ཕྱོགས་བཅུར་ཁྱབ། །འདི་ལྟར་ངེད་ཅག་སྙིགས་མའི་སེམས་ཅན་ཐམས་ཅད་ཀྱིས་སྟོན་པ་དང༌། སྐྱབས་དང་འདྲེན་པ་གཅིག་པུར་གྱུར་པ། བདེ་བར་གཤེགས་པ་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་རྣམས་ལས། ཐབས་མཁས་ཤིང་ཐུགས་རྗེ་ཁྱད་པར་དུ་འཕགས་པ། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ལུས་ཅན་ཐམས་ཅད་ཐར་པའི་གཞལ་ཡས་ཁང་དུ་ཁ་ལོ་བསྒྱུར་བ་དང༌། འཁོར་བའི་རྒྱ་མཚོ་ཇི་སྙེད་པར་མགོན་པོ་རིན་པོ་ཆེ་རྣམ་པ་གསུམ་མི་ཟད་པའི་གཏེར་ཆེན་པོ་ལ་མངའ་མཛད་པ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་ཕྱོགས་བཅུར་གྲགས་པ་དེ་འཇིག་རྟེན་གྱི་ཁམས་འདིར་བྱོན་སྟེ། དེ་ཡང་སྔོན་ཐོག་མའི་ཚེ། ཡུན་རིང་པོ་ནས་ཐུགས་བསྐྱེད་རྣམ་པར་དག་པ་ཡོངས་སུ་རྫོགས་པར་ནི་གྱུར། གྲངས་མེད་པའི་བསྐལ་པར་བྱ་དཀའ་བའི་མཛད་པ་འབྲས་བུ་དང་བཅས་རླབས་པོ་ཆེའི་ཁུར་རྣམ་པ་ཤིན་ཏུ་མཐར་ཕྱིན་པས། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ། ཡོངས་སུ་སྐྱོབ་པ་མེད་པ་རྣམས་ལ། དམ་པའི་ཆོས་བསྟན་པའི་ཕྱག་རྐྱང་བས་ནི་རབ་ཏུ་སྟོན། ཉོན་མོངས་པའི་མེས་རབ་ཏུ་བརྡུངས་པ་རྣམས་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆུ་རྒྱུན་གྱིས་ཤིན་ཏུ་བསིལ་བ་ནི་བགྱིས། སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་སྨིན་ལ་རྣམ་པར་གྲོལ་ནས། བླ་ན་མེད་པའི་བྱང་ཆུབ་རིན་ཆེན་གྱི་གླིང་དམ་པ་དེར་འགོད་པར་མཛད་པའི། རྒྱལ་བ་རྒྱ་མཚོའི་ཚོགས་སྲས་དང་བཅས་པ་རྣམས་ཀྱིས་རབ་ཏུ་སྔགས་ཤིང༌། ཁྱད་པར་དུ་བཀུར་ལ། ལེགས་པར་སྟོད་ཅིང་གསུང་དབྱངས་ཕྱོགས་བཅུའི་ཞིང་དུ་སྒྲོག་པར་འགྱུར་བ་ལགས་ན། ལྷ་དང་མིའི་འཇིག་རྟེན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་བདག་ཅག་བདེ་བར་གཤེགས་པ་ཐུགས་རྗེ་དང་ལྡན་པ་དེའི་གདུལ་བྱར་གྱུར་ཅིང༌། སངས་རྒྱས་ཀྱི་ཞིང་འཁོད་པའི་བསྐལ་བ་དང་ལྡན་པ་རྣམས་ཀྱིས། འདུལ་མཛད་སྟོན་པ་དེ་ཉིད་ཀྱི་རིགས་མི་འཆོལ་བར་འགྱུར་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་ཁོང་དུ་ཆུད་པར་འགྱུར་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁུངས་གང་ལགས་པ་ཁོང་དུ་ཆུད་པར་འགྱུར་བ་དང༌། གཞན་གྱིས་དྲིང་ལ་མི་འཇོག་པར་སྐུ་དྲིན་གཞལ་དུ་མེད་པ་དྲན་པའི་སྒོ་ནས་བྱས་པ་བཟོ་ཞིང༌། མཛད་པ་དང་གསུང་གི་རྗེས་སུ་བསྒྲུབ་པར་འགྱུར་བ་དང༌། སྐྱེས་བུ་དམ་པ་མཁས་པར་གྱུར་པ་རྣམས་ཀྱིས་རབ་ཏུ་མངགས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་གཟེངས་བསྟོད་པར་འགྱུར་བ་དང༌། ཐོས་པ་དང༌། ཐོས་ནས་ཀྱང་དགའ་བ་དང་དད་པ་སྐྱེས་པ་ཙམ་གྱིས་རང་གཞན་གྱི་དོན་ཆེན་པོ་འཐོབ་བོ། །ཞེས་བསོད་ནམས་ཀྱི་ཡོན་བཤད་པར་གྱུར་པ་དང༌། གནས་འདི་ནི་ཟང་ཟིང་གིས་མ་སྦགས་ཤིང་འཕགས་པའི་གཏམ། ཤཱཀྱའི་སྲས་དགེ་སྦྱོང་བསོད་ནམས་པ་བདག་ལའང་འོས་ཤིང༌། ཐུབ་པའི་བསྟན་པ་གསལ་བར་འགྱུར་བའི་སླད་དུ།

མཛད་པའི་ཚུལ་དང༌། རིམ་པ་མདོར་བསྡུས་པའི་ཡི་གེ་འགོ་སྨོས་པར་བྱ་སྟེ།

དེ་ཡང་གང་ཞེ་ན། ཐོག་མར་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་བརྩེ་བ་ཆེན་པོས་ཞིང་འདི་བཟུང་བའི་མཛད་པ་དང་གཅིག བར་དུ་དཀའ་བ་སྤྱད་པ་རླབས་པོ་ཆེས་ཐུབ་པའི་དབང་པོའི་གསུང་རབ་འདི་ཡང་དག་པར་སྒྲུབ་པའི་མཛད་པ་དང་གཉིས། མཐར་འབྲས་བུ་ཕུན་སུམ་ཚོགས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་དང་གསུམ་མོ། །

ཐོག་མར་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་མཛད་པ་ལ་དོན་གཉིས་ཏེ། ཀུན་ནས་ཡོངས་སུ་སྣང་བའི་ཐུགས་བསྐྱེད་པ་དང་གཅིག བླ་མར་གྱུར་པའི་མཆོག་གིས་ཐུགས་བསྐྱེད་པ་དང་གཉིས་སོ། །

ཡོངས་སུ་སྣང་བ་ལའང་གཉིས། འདུལ་བའི་སྡེ་སྣོད་ལས་ཇི་ལྟར་སྣང་བ་དང༌། མདོ་སྡེའི་སྡེ་སྣོད་ལས་ཇི་ལྟར་སྣང་བ་རྣམ་པ་གཉིས་སོ། །

བླ་མར་གྱུར་པ་མཆོག་ལ་དོན་ལྔ་སྟེ། དུས་གང་གི་ཚེ་ཐུགས་བསྐྱེད་པ་དང་གཅིག སྐུ་སྐྱེ་བ་ཇི་ལྟར་བཞེས་པ་དང་གཉིས། སྟོན་པ་གང་གི་དྲུང་དང་གསུམ། ཚུལ་ཇི་ལྟར་བསྐྱེད་པ་དང་བཞི། ཐུགས་བསྐྱེད་པས་ཁྱད་པར་དུ་ཇི་ལྟར་འཕགས་པ་དང་རྣམ་པ་ལྔའོ། །

བར་དུ་ཐུབ་པའི་དབང་པོའི་གསུང་རབ་ཡང་དག་པར་བསྒྲུབས་པའི་མཛད་པ་ལ་དོན་བདུན་ཏེ། ལྟོས་མེད་མི་ཟད་སྦྱིན་པས་བསྒྲུབས་པའི་མཛད་པ་དང་གཅིག གཙང་མའི་ཚངས་སྤྱོད་ཚུལ་ཁྲིམས་ཀྱིས་བསྒྲུབས་པའི་མཛད་པ་དང་གཉིས། ཞི་དུལ་དེས་པ་བཟོད་པས་བསྒྲུབ་པའི་མཛད་པ་དང་གསུམ། མ་ཞུམ་མི་སྐྱོ་བརྩོན་འགྲུས་ཀྱིས་བསྒྲུབས་པའི་མཛད་པ་དང་བཞི། ཏིང་ངེ་འཛིན་རྩེ་གཅིག་བསམ་གཏན་གྱིས་བསྒྲུབས་པའི་མཛད་པ་དང་ལྔ། རྣམ་འབྱེད་དོན་རྟོགས་ཤེས་རབ་ཀྱིས་བསྒྲུབས་པའི་མཛད་པ་དང་དྲུག དེ་དག་མཐར་སོན་པའི་བསྒྲུབས་པའི་མཛད་པ་དང་རྣམ་པ་བདུན་ནོ། །

མཐར་འབྲས་བུ་ཕུན་ཚོགས་པ་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་ལ་དོན་རྣམ་པ་གསུམ་སྟེ། གང་གིས་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་དང་འབྱོར་པ་ཟིལ་གྱིས་མནན་པ་ངོ་མཚར་རྨད་དུ་བྱུང་བ་སངས་རྒྱས་ཀྱི་མཛད་པ་དང་གཅིག གང་གིས་འཇིག་རྟེན་གྱི་ཁམས་དཀའ་ཐུབ་དང་བརྟུལ་ཞུགས་ཟིལ་གྱིས་མནན་པ་ངོ་མཚར་རྨད་དུ་བྱུང་བ་སངས་རྒྱས་ཀྱི་མཛད་པ་དང་གཉིས། གང་གིས་འཇིག་རྟེན་གྱི་ཁམས་ཀྱི་སྡིག་པ་ཅན་གྱི་དཔུང་ཟིལ་གྱིས་མནོན་པ་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་མཛད་པ་དང་རྣམ་པ་གསུམ་མོ། །

ངོ་མཚར་རྨད་དུ་བྱུང་བའི་མཛད་པ་དང་པོ་ལ་ལྔ་སྟེ། དགའ་ལྡན་དུ་བཞུགས་པའི་མཛད་པ་དང་གཅིག ལྷུམས་སུ་ཞུགས་པའི་མཛད་པ་དང་གཉིས། སྐུ་བལྟམས་པའི་མཛད་པ་དང་གསུམ། གཞོན་ནུ་རོལ་རྩེད་གྱི་མཛད་པ་དང་བཞི། བཙུན་མོའི་འཁོར་བསྟེན་པའི་མཛད་པ་དང་རྣམ་པ་ལྔའོ། །

དགའ་ལྡན་ན་བཞུགས་པའི་མཛད་པ་ལ་དོན་གཉིས་ཏེ། གནས་སྐབས་དེ་ཉིད་ན་བཞུགས་པའི་མཛད་པ་དང་གཅིག མཐའ་ཐུག་ཐུགས་ཀྱི་དགོངས་པའི་མཛད་པ་དང་རྣམ་པ་གཉིས་སོ། །

ཐུགས་ཀྱི་དགོངས་པའི་མཛད་པ་ལའང་དོན་གཉིས་ཏེ། དགོངས་པའི་རྒྱུ་མཚན་བསྐུལ་བ་དམ་བཅས་པའི་སྤྱི་དོན་དང་གཅིག རྒྱུ་མཚན་དང་ལྡན་པའི་མཛད་པ་བྱེ་བྲག་གི་དོན་དང་རྣམ་པ་གཉིས་སོ། །

མཛད་པ་བྱེ་བྲག་གི་དོན་ལ་གསུམ། མཆོག་དང་མཆོག་མ་ཡིན་པའི་ཁྱད་པར་བསྟན་པའི་ཕྱིར་འཛམ་བུའི་གླིང་དུ་རིག་བྱེད་བཞག་པའི་མཛད་པ་དང་གཅིག སུས་ཀྱང་རྒོལ་བར་མི་ནུས་ཤིང་ལེགས་པར་སྤྱད་པ་འབྲས་བུ་དང་བཅས་པ་བསྟན་པའི་མཛད་པ་དང་གཉིས། ལྷ་རྣམས་ལ་ལེགས་པར་གདམས་ཤིང་རྒྱལ་ཚབ་དབང་བསྐུར་བའི་མཛད་པ་དང་རྣམ་པ་གསུམ་མོ། །

ལྷུམས་སུ་ཞུགས་པའི་མཛད་པ་ལ་ལྔ་སྟེ། ཁྱད་པར་ཅན་གྱིས་སྔ་ལྟས་བསྟན་པ་དང་གཅིག ཞབས་འབྲིང་བའི་རྣམ་འཕྲུལ་དང་གཉིས། སྐུ་གཟུགས་ཀྱི་རྣམ་པ་ཇི་ལྟ་བུ་དང་གསུམ། ལྷུམས་ན་ཇི་ལྟར་ཞུགས་པ་དང་བཞི། འཕྲིན་ལས་ཇི་ལྟ་བུ་མཛད་པ་དང་ལྔའོ། །

ཇི་ལྟར་ཞུགས་པའི་ཚུལ་ལ་ཡ་མཚན་གྱི་མཛད་པ་ལྔ་དང་ལྡན་ཏེ། སྡུག་བསྔལ་དང་བྲལ་ཞིང་བདེ་བླག་ཏུ་ཞུགས་པ་ཡ་མཚན་དུ་ཆེ་བ་དང་གཅིག རྣམ་པར་དག་ཅིང་གཙང་བར་ཞུགས་པ་ཡ་མཚན་དུ་ཆེ་བ་དང་གཉིས། སྲུང་མ་དང་བཅས་ཏེ་བར་ཆད་མེད་པར་ཞུགས་པ་ཡ་མཚན་དུ་ཆེ་བ་དང་གསུམ། སྐུ་ཡོངས་སུ་རྫོགས་ཏེ་མ་ཚང་བར་མེད་པར་ཞུགས་པ་ཡ་མཚན་དུ་ཆེ་བ་དང་བཞི། མངོན་སུམ་དུ་མཐོང་ཞིང་སྒྲིབ་པ་མེད་པར་ཞུགས་པ་ཡ་མཚན་དུ་ཆེ་བ་དང་རྣམ་པ་ལྔའོ། །

ཕྲིན་ལས་ཀྱི་མཛད་པ་སྒོ་རྣམ་པ་བཞི་དང་ལྡན་ཏེ། མུན་ཚོགས་འཇོམས་པ་སྒྲོན་མེའི་སྒོ་དང་གཅིག ཆོས་ཀྱི་འཁོར་ལོ་རྣམ་གྲོལ་གྱི་སྒོ་དང་གཉིས། ཟུག་རྔུ་སེལ་བ་སྨན་གྱི་སྒོ་དང་གསུམ། ཐབས་མཁས་ཕན་འདོགས་གཉེན་བཤེས་ཀྱི་སྒོ་དང་བཞིའོ།།

འདྲེན་པ་སྐུ་བལྟམས་པའི་མཛད་པ་ལ་དོན་གསུམ་སྟེ། བཀྲ་ཤིས་འབྱོར་ལྡན་གྱི་དུས་གང་ལགས་པ་དང་གཅིག ས་ཕྱོགས་ཡིད་འོང་གི་གནས་གང་ལགས་པ་དང་གཉིས། ཁྱད་པར་དུ་འཕགས་པའི་བལྟམས་ཚུལ་གང་ལགས་པ་དང་གསུམ་མོ།།

ཁྱད་པར་དུ་འཕགས་པའི་བལྟམས་ཚུལ་ལ་ལྔ་སྟེ། ལྷ་མིའི་འཇིག་རྟེན་དཔང་པོར་གྱུར་ཅིང་གནོད་པ་དང་རྩོད་པ་དང་བྲལ་ནས་ཁྱད་པར་དུ་འཕགས་པ་དང་གཅིག མི་ཤིགས་པ་རྡོ་རྗེའི་སྐུ་བརྙེས་པས་སེང་གེའི་རྩལ་བསྟན་ཅིང་སེང་གེའི་སྒྲ་བསྒྲགས་པ་ཁྱད་པར་དུ་འཕགས་པ་དང་གཉིས། རྣམ་པར་རོལ་པའི་ཆོ་འཕྲུལ་གྱིས་ཡ་མཚན་གྱི་བཀོད་པ་བསྟན་པ་ཁྱད་པར་དུ་འཕགས་པ་དང་གསུམ། སྐྱེ་དགུའི་བསམ་པ་ཡིད་བཞིན་དུ་འགྲུབ་སྟེ་དོན་དང་ལྡན་པའི་མཚན་རྩོལ་བ་ཁྱད་པར་དུ་འཕགས་པ་དང་བཞི། གཞུང་སྨྲ་བའི་མཁྱེན་པ་དང་མངོན་པར་ཤེས་པ་དང་ལྡན་པའི་གཟིགས་པས་མི་འགྱུར་བའི་ལུང་བསྟན་པ་ཁྱད་པར་དུ་འཕགས་པ་དང་ལྔའོ།།

གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ལ་དོན་གསུམ་སྟེ། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་སྒྲ་གསལ་བར་བྱེད་པ་ཡི་གེའི་རིག་བྱེད་བསྟན་པའི་རོལ་རྩེད་དང་གཅིག ཚད་གྲངས་ཀྱི་དབྱེ་བ་གཏན་ལ་འབེབ་པར་བྱེད་པ་རྩིས་ཀྱི་རིག་བྱེད་བསྟན་པའི་རོལ་རྩེད་དང་གཉིས། སྐུའི་མཐུ་སྟོབས་སྒྱུ་རྩལ་ཕུན་སུམ་ཚོགས་པ་བསྟན་པའི་རོལ་རྩེད་དང་རྣམ་པ་གསུམ་མོ། །

སྒྱུ་རྩལ་བསྟན་པ་ལ་དོན་གསུམ་སྟེ། ཞབས་མཐེ་བོང་གིས་མཐུ་རྩལ་བསྟན་པ་དང་གཅིག ཕྱག་སོར་མོའི་མཐུ་རྩལ་བསྟན་པ་དང་གཉིས། འཕོང་ལ་སོགས་པའི་མཐུ་རྩལ་བསྟན་པ་དང་གསུམ་མོ། །

བཙུན་མོའི་འཁོར་བསྟན་པའི་མཛད་པ་ལ་དོན་གསུམ་སྟེ། ཁྱད་པར་ཅན་གྱི་དགོས་ཆེ་གང་ལགས་པ་དང་གཅིག ཁབ་ཏུ་ བཞེས་ཚུལ་གང་ལགས་པ་དང་གཉིས། ཁབ་ན་བཞུགས་པའི་ཚུལ་གང་ལགས་པ་དང་གསུམ་མོ། །

དགོས་ཆེ་ལ་རྣམ་པ་གཉིས་ཏེ། གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང༌། སྔོན་གྱི་རྒྱལ་བ་རྣམས་ཀྱི་རྗེས་སུ་འཇུག་པའོ། །

བཞུགས་པའི་ཚུལ་ལ་ཆེ་བའི་ཡོན་ཏན་རྣམ་པ་བཞི་དང་ལྡན་ཏེ། ཕོ་བྲང་དམ་པ་གནས་ཀྱི་ཆེ་བའི་ཡོན་ཏན་དང་གཅིག ཕུན་སུམ་ཚོགས་པ་ལོངས་སྤྱོད་ཀྱི་ཆེ་བའི་ཡོན་ཏན་དང་གཉིས། འཁོར་ལོས་བསྒྱུར་བ་རྒྱལ་སྲིད་ཀྱི་ཆེ་བའི་ཡོན་ཏན་དང་གསུམ། ཞི་བ་ཆགས་བྲལ་ལྷ་ཆོས་ཀྱི་ཆེ་བའི་ཡོན་ཏན་དང་བཞིའོ། །

དེ་ལྟར་བཙུན་མོའི་འཁོར་བསྟན་པའི་མཛད་པ་དང་གཅིག གཞོན་ནུ་རོལ་རྩེད་ཀྱི་མཛད་པ་དང་གཉིས། སྐུ་བལྟམས་པའི་མཛད་པ་དང་གསུམ། ལྷུམས་སུ་ཞུགས་པའི་མཛད་པ་དང་བཞི། དགའ་ལྡན་དུ་བཞུགས་པའི་མཛད་པ་དང་ལྔས་ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱིས་མཛད་པ་དང་པོ་བསྟན་པའོ།།

ངོ་མཚར་རྨད་དུ་བྱུང་བའི་མཛད་པ་གཉིས་པ་ལ་གསུམ་སྟེ། སྐུ་རབ་ཏུ་གཤེགས་པའི་མཛད་པ་དང་གཅིག དཀའ་བ་སྤྱད་པའི་མཛད་པ་དང་གཉིས། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་དང་གསུམ་མོ། །

རབ་ཏུ་བཤེགས་པའི་མཛད་པ་ལ་དོན་གསུམ་སྟེ། འཕགས་པའི་ཚོགས་དང་ལྷའི་ཚོགས་ཀྱིས་བསྐུལ་བའི་དོན་དང་གཅིག ཐུགས་དགོངས་ལྷག་པའི་བསམ་པ་གཡོ་བ་མེད་པའི་མཐུ་རྩལ་བསྟན་པའི་དོན་དང་གཉིས། དཀའ་ཐུབ་ཀྱི་རྩལ་དུ་རང་བྱུང་གི་བསྙེན་པར་རྫོགས་པའི་དོན་དང་གསུམ།

དང་པོ་བསྐུལ་བ་ལ་གསུམ་སྟེ། རོལ་མོ་སིལ་སྙན་གྱི་སྒྲས་བསྐུལ་བ་དང་གཅིག མི་རྟག་པའི་སྣང་བས་བསྐུལ་བ་དང་གཉིས། རྣམ་གྲོལ་གྱི་གནས་ཚངས་པར་སྤྱོད་པས་བསྐུལ་བ་དང་གསུམ་མོ། །

ལྷག་བསམ་གྱི་མཐུ་རྩལ་བསྟན་པ་ལ་གཉིས། ས་སྟེང་སྐྱེ་བོ་འདོད་ལྡན་གྱི་དཔུང་ཚོགས་མགོ་རྨོངས་པར་བགྱིས་པ་དང་གཅིག གཙང་མའི་ལྷ་ལ་སོགས་པ་དཀར་པོའི་ཕྱོགས་ཀྱི་དཔུང་ཚོགས་ཀྱིས་ཞབས་འབྲིང་བགྱིས་པ་དང་གཉིས་སོ། །

བསྙེན་པར་རྫོགས་པའི་དོན་ལ་གཉིས་ཏེ། དགེ་སློང་གི་ཡོ་བྱད་ཅི་ལྟར་བཞེས་པ་དང་གཅིག དགེ་སློང་གི་སྤྱོད་པ་ཇི་ལྟར་མཛད་པ་དང་གཉིས་སོ། །

དཀའ་བ་སྤྱད་པའི་མཛད་པ་ལ་དོན་ཉེར་གཉིས། དཀའ་ཐུབ་ཅན་གྱི་མན་ངག་མངོན་དུ་མཛད་པ་དང་གཅིག དཀའ་བ་སྤྱད་པའི་ཚུལ་ཇི་ལྟ་བུ་བསྟན་པ་དང་གཉིས། དཀའ་བ་སྤྱད་པའི་དགོངས་པ་གང་ཡིན་པ་དང་གསུམ་མོ། །

དཀའ་བ་སྤྱད་པའི་ཚུལ་ལ་ལྔ་སྟེ། གནས་དང་གཅིག འཚོ་བ་དང་གཉིས། ཏིང་ངེ་འཛིན་དང་གསུམ། སྤྱོད་ལམ་དང་བཞི། ཡུན་ཇི་སྲིད་པ་དང་ལྔའོ། །

བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་ལ་དོན་ལྔ་སྟེ། ངལ་ཞིང་དུབ་པ་སྦྱོར་བའི་མཐའ་སྤང་བའི་མཛད་པ་དང་གཅིག བྱང་ཆུབ་སྙིང་པོར་གཤེགས་པའི་ཤུལ་ཇི་ལྟར་བརྒྱན་པའི་མཛད་པ་དང་གཉིས། གང་ཡང་འཇིག་རྟེན་གྱི་མུན་པ་འཐིབས་པའི་གནས་སྣང་བར་བྱེད་པ་དང་གསུམ། ཆོས་ཀྱི་བདེ་བ་དང་རྗེས་སུ་མཐུན་པའི་གདན་བཞེས་པའི་མཛད་པ་དང་བཞི། རྡོ་རྗེའི་གདན་དེ་ལ་ཇི་ལྟར་བཞུགས་པའི་མཛད་པ་དང་ལྔའོ། །

དེ་ལྟར་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་དང་གཅིག དཀའ་བ་སྤྱད་པའི་མཛད་པ་དང་གཉིས། སྐུ་རབ་ཏུ་གཤེགས་པའི་མཛད་པ་དང་གསུམ་གྱིས་ངོ་མཚར་རྨད་དུ་བྱུང་བ་སངས་རྒྱས་ཀྱིས་མཛད་པ་གཉིས་པ་བསྟན་པའོ།།

ངོ་མཚར་རྨད་དུ་བྱུང་བའི་མཛད་པ་གསུམ་པ་ལ། དོན་བླ་ན་མེད་པ་རྣམ་པ་གསུམ་སྟེ། བདུད་ཀྱི་སྡེ་འཇོམས་པའི་མཛད་པ་བླ་ན་མེད་པ་དང་གཅིག རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་བླ་ན་མེད་པ་དང་གཉིས། ཆོས་ཀྱི་འཁོར་ལོ་སྐོར་བའི་མཛད་པ་བླ་ན་མེད་པ་དང་གསུམ།

བདུད་སྡེ་བཅོམ་པའི་མཛད་པ་ལ་གསུམ། བདུད་ཀྱིས་གོ་བར་མཛད་པ་དང་གཅིག བདུད་སྡེ་ཇི་ལྟར་ལྷགས་པ་དང་གཉིས། འཇོམས་པར་མཛད་པ་ཉིད་དང་གསུམ་མོ། །

འཇོམས་པར་མཛད་པ་ཉིད་ལ། མཐར་ཕྱིན་པའི་མཛད་པ་ལྔ་སྟེ། སྐུའི་གཟི་བརྗིད་མཐར་ཕྱིན་པས་བདུད་སྡེ་བཅོམ་པ་དང་གཅིག གསུང་གི་སྒྲ་དབྱངས་མཐར་ཕྱིན་པས་བདུད་སྡེ་བཅོམ་པ་དང་གཉིས། ཐུགས་ཀྱི་དགོངས་པ་མཐར་ཕྱིན་པས་བདུད་སྡེ་བཅོམ་པ་དང་གསུམ། ཡོན་ཏན་གྱི་བཀོད་པ་མཐར་ཕྱིན་པས་བདུད་སྡེ་བཅོམ་པ་དང་བཞི། འཕྲིན་ལས་ཀྱི་རོལ་པ་མཐར་ཕྱིན་པས་བདུད་སྡེ་བཅོམ་པ་དང་ལྔའོ། །

རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་ལ་གསུམ་སྟེ། ཐུགས་གང་ལ་མཉམ་པར་བཞག་ཅིང་ཇི་ལྟར་ཐུགས་སུ་ཆུད་པས་སངས་རྒྱས་པ་དང་གཅིག དུས་ཀྱི་རྒྱལ་པོ་གང་གི་ཚེ་སངས་རྒྱས་པ་དང་གཉིས། སངས་རྒྱས་ནས་རྣམ་པར་འཕྲུལ་པ་ཇི་ལྟ་བུ་བསྟན་པ་དང་གསུམ་མོ། །

ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ལ་དོན་གསུམ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་དོན་དང་གཅིག ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་དོན་དང་གཉིས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོ་འཕྲུལ་དང་བཅས་པའི་དོན་དང་གསུམ་མོ། །

ཇི་ལྟར་བསྐོར་བའི་དོན་ལ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སྟེ། བླ་ན་མེད་པའི་སྟོན་པ་ཕུན་སུམ་ཚོགས་པ་དང་གཅིག དོན་ཆེན་འགྲུབ་པ་དུས་ཀྱི་ཕུན་སུམ་ཚོགས་པ་དང་གཉིས། མཆོག་གི་བསྟན་པ་གནས་ཀྱི་ཕུན་སུམ་ཚོགས་པ་དང་གསུམ། སྐལ་ལྡན་གདུལ་བྱ་འཁོར་གྱི་ཕུན་སུམ་ཚོགས་པ་དང་བཞི། ཐོག་མཐར་དགེ་བ་ཆོས་ཀྱི་ཕུན་སུམ་ཚོགས་པ་དང་ལྔའོ། །

ཆོས་ཀྱི་འཁོར་ལོར་ཆོ་འཕྲུལ་དང་བཅས་པའི་དོན་ལ་བཞི་སྟེ། ཡོངས་སུ་གྲགས་པའི་ཆོ་འཕྲུལ་ཆེན་པོ་གྲོང་ཁྱེར་གཉན་ཡོད་དུ་ བསྟན་པ་དང་གཅིག ཆོ་འཕྲུལ་ཆེན་པོ་གྲོང་ཁྱེར་གསལ་ལྡན་དུ་བསྟན་པ་དང་གཉིས། ཡོངས་སུ་གྲགས་པའི་ཆོ་འཕྲུལ་ཆེན་པོ་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བསྟན་པ་དང་གསུམ། ཡོངས་སུ་གྲགས་པའི་ཆོ་འཕྲུལ་ཆེན་པོ་གྲོང་ཁྱེར་ཡངས་པ་ཅན་དུ་བསྟན་པ་ལ་སོགས་པ་དང་རྣམ་པ་བཞིའོ། །

དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དང་གཅིག རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་དང་གཉིས། བདུད་སྡེ་བཅོམ་པའི་མཛད་པ་དང་གསུམ་གྱིས་ངོ་མཚར་རྨད་དུ་བྱུང་བ་སངས་རྒྱས་ཀྱིས་མཛད་པ་གསུམ་པ་བསྟན་པའོ།།

དགུང་ལོའི་སྐབས་ཀྱང་སྨོས་པར་བྱ་སྟེ། ཡབ་རྒྱལ་པོའི་ཕོ་བྲང་དུ་ཐུབ་པ་དགུང་ལོ་ཉི་ཤུ་རྩ་གསུམ་གྱི་བར་དུ་བཞུགས་སོ། །དེ་ནས་དགུང་ལོ་དྲུག་གི་བར་བཙུན་མོའི་འཁོར་གྱི་དབུས་ན་བཞུགས་སོ། །གང་ཡང་ཐུབ་པ་དགུང་ལོ་ཉི་ཤུ་རྩ་དགུ་བཞེས་པའི་ཚེ་རབ་ཏུ་གཤེགས་སོ། །དེ་ནས་དགུང་ལོ་དྲུག་གི་བར་དུ་དཀའ་ཐུབ་ཀྱི་འཚལ་དུ་བཞུགས་ཏེ། གང་ཡང་ཐུབ་པ་དགུང་ལོ་སུམ་ཅུ་རྩ་ལྔ་བཞེས་པའི་ཚེ་རྫོགས་པའི་བྱང་ཆུབ་ཆེན་པོར་བརྙེས་སོ། །དེ་ནས་དགུང་ལོ་བཞི་བཅུ་ཞེ་བདུན་གྱི་བར་དུ་ཆོས་ཀྱི་འཁོར་ལོ་ཆོ་འཕྲུལ་དང་བཅས་པ་བསྐོར་ཞིང་བསྟན་པ་མཛད་དོ། །གང་ཡང་ཐུབ་པ་དགུང་ལོ་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་འཚོ་ཞིང་གཞེས་སོ། །

དེ་ལྟར་ངོ་མཚར་རྨད་དུ་བྱུང་བ་སངས་རྒྱས་ཀྱི་མཛད་པ་རྣམ་པ་གསུམ་གྱིས། མཐར་འབྲས་བུ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་བསྟན་ཏོ། །དེའི་གོང་དུ་བྱ་དཀའ་བའི་སྤྱོད་པས་ཐུབ་པའི་དབང་པོའི་གསུང་རབ་འདི་ཡང་དག་པར་སྒྲུབ་པའི་མཛད་པ་སྟོན་ཏོ། །དེའི་གོང་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་བརྩེ་བ་ཆེན་པོས་ཞིང་འདི་བཟུང་བའི་མཛད་པ་བསྟན་ཏོ། །

དེ་ལྟར་རྣམ་པ་གསུམ་གྱིས། ངེད་ཀྱི་སྟོན་པ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པའི་མཛད་པའི་རིམ་པ་དག་འགོ་སྨོས་པའི་ཚིག་གིས་བརྗོད་པ་ཡིན་ལ། དེའི་གོང་དུ་བརྗོད་པའི་རྒྱུ་མཚན་རྣམ་པ་བདུན་དང་བཅས་ཏེ་བསྟན་པ་ལགས་སོ། །དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་དང༌། སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་རྣམ་པར་རོལ་པ་དང༌། བསམ་གྱིས་མི་ཁྱབ་པའི་ཡུལ་དེ་དག་ཞིབ་མོ་དང༌། རྒྱས་པར་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པའི་དྲིན་ཐོབ་ཅིང༌། སྟོན་པའི་གསུང་རབ་རྒྱ་མཚོ་ཉིད་ཀྱི་རྗེས་སུ་འབྲངས་ནས། ཡང་དག་པའི་ཤེས་རབ་ཀྱིས་མིག་དང༌། ཕྱིན་ཅི་མ་ལོག་པའི་བློ་གྲོས་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་པར་བྱས་ཏེ། ཇི་སྲིད་སེམས་ཅན་གྱི་ཁམས་དང༌། ཆོས་ཀྱི་དབྱིངས་དང༌། དེ་བཞིན་ཉིད་མཉམ་ཞིང༌། སྐྱོན་ཐམས་ཅད་དང་བྲལ་བ་དང༌། ཡོན་ཏན་མཐར་ཕྱིན་པ་དང༌། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་གཙང་བ་དང་དམ་པའི་བདག་དང༌། བདེ་བ་དང༌། རྟག་པའི་སྐུ་མྱ་ངན་ལས་མི་འདའ་བ་དང༌། ཆོས་ཀྱི་འཁོར་ལོ་ནུབ་པར་མི་འགྱུར་བ་དང༌། རྒྱལ་སྲས་དགེ་འདུན་གྱི་ཚོགས་རྒྱུན་མི་འཆད་ཅིང༌། འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་ཁོ་ནར་བཞུགས་པ་ཉིད་དུ་རིག་པར་བྱ་བས་(གངས་ཅན)། འདི་ནི་དགེ་སྦྱོང་བསོད་ནམས་པ་ཆོས་དང་ལྡན་པའི་གཏམ་ཅི་འབྱོར་པ་དག་ལགས་སོ། །

ཨེ་མ་ཧོ། འཛམ་གླིང་བྱང་ཕྱོགས་རི་རྒྱུད་འདི་རུ། ཤཱཀྱ་སེངྒེའི་བསྟན་པ་རྒྱས་པའི་ཚེ། །ཆོག་ཤེས་སྦྱངས་སྡོམ་འཕགས་པའི་རྩལ་རྫོགས་ཤིང༌། །ཚངས་སྤྱོད་ཆོས་སྒྲ་སྒྲོག་ལ་ཡི་རང་ངོ༌། །ངོ་མཚར་གནས་འདིར་དང་བའི་སེམས་བསྐྱེད་ནས། །སྙན་པའི་ཚིག་གིས་དོན་འདི་བརྗོད་པའི་མཐུས། །འགྲོ་རྣམས་གོ་འཕང་གྱ་ནོམ་སྐལ་ལྡན་ཞིང༌། །མཐར་ཕྱིན་རྒྱལ་བའི་མཛོད་ལ་དབང་བསྒྱུར་ཤོག །ངེད་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བའི་བླ་མ་དམ་པ་དེ། འཇིག་རྟེན་དུ་བྱོན་པའི་མཛད་པའི་རིམ་པ་མདོར་བསྡུས་པ། དོན་གྲུབ་དགའ་སྟོོན་གྱི་བསྟི་གནས་ཞེས་བྱ་བ། ཤཱཀྱའི་དགེ་སློང་བསོད་སྙོམས་པ་ཤེས་རབ་དཔལ་གྱིས་ཡི་གེར་བྲིས་ལ། བཀྲ་ཤིས་ཤིང་རྟག་ཏུ་དགེ་བར་གྱུར་ཅིག།། །།


previousསེང་གེའི་འགྲེལ་ཆུང༌། no next