Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
དྭགས་པོ་ཆོས་བཞིའི་འགྲེལ་པ་དོན་གསལ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousདྭགས་པོ་ཆོས་བཞིའི་འགྲེལ་པ་དོན་གསལ།། next

དྭགས་པོ་ཆོས་བཞིའི་འགྲེལ་པ་དོན་གསལ།།

ཨོཾ་སྭསྟི། །དུས་གསུམ་འགྲོ་བའི་སྐྱབས་མགོན་ཆོས་ཀྱི་རྗེ།། ལྷར་བཅས་འཇིག་རྟེན་སྒྲོན་མ་གཙུག་གི་རྒྱན། །མཁའ་མཉམ་གྲགས་པའི་དབང་ཕྱུག་རིན་པོ་ཆེ། །སྐུ་གསུང་ཐུགས་ལ་གུས་པས་ཕྱག་འཚལ་ལོ། །

ཇོ་བོའི་གདམས་པ་དྭགས་པོ་རིན་པོ་ཆེའི་ཐུགས་ཀྱི་ཡང་སྙིང་ཆོས་བཞི་འབྲི་བར་བྱ། འདི་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་རིན་པོ་ཆེའི་ཞལ་ནས། ཐུབ་པ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་ཀྱང༌། བླ་མ་རིན་པོ་ཆེ་སྒམ་པོ་པའི་ཉམས་ཀྱི་ཆོས་བཞི་པོ་འདིར་མ་འདུས་པར་མེད་དེ།

དེ་ཡང་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་རྣམ་པ་བཞི་ཡིན་གསུངས།

དེ་ལ་ཆོས་རྗེ་ཕག་མོ་གྲུ་པའི་ཞལ་ནས། ཆོས་ཆོས་སུ་མི་འགྲོ་བ་གང་ཡིན་སྙམ་ན། ཚེ་འདི་འབའ་ཞིག་དོན་དུ་གཉེར། འཇིག་རྟེན་གྱི་ཆོས་རྣམ་པ་བརྒྱད་ཁོ་ན་དོན་དུ་གཉེར་བ་ཞིག་ཡིན་ཏེ། དེ་ཡང་ངས་སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་བསྲུང་བ་དང༌། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལ་སོགས་པ་བྱས་ན་བདག་གིས་རྙེད་པ་ཆེ་འོང་སྙམ་ནས། རྙེད་ན་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག ངས་སྦྱིན་གཏོང་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་མ་བྱས་ན་མི་རྙེད་དེ་འོང་སྙམ་ནས་མ་རྙེད་ན་མི་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག ཡང་བདག་གིས་སྦྱིན་གཏོང་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་བྱས་ན་བདག་ལ་གྲགས་པ་ཆེན་པོ་འོང་སྟེ་འོང་སྙམ་ནས། གྲགས་པ་འོང་ཆེད་དུ་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་བྱེད་ནས། གྲགས་ན་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག །སྦྱིན་པ་ལ་སོགས་པ་མ་བྱས་ན་བདག་ལ་གྲགས་པ་ཆེན་པོ་མི་འོང་སྟེ་འོང་སྙམ་ནས། དེ་ལྟར་མ་བྱས་ནས་མི་གྲགས་ན་མི་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག ཡང་བདག་གིས་སྦྱིན་གཏོང་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་བྱས་ན་བདག་བདེ་བར་འོང་སྟེ་འོང་སྙམ་ནས། བདེ་བར་འོང་བར་འདོད་པས་དེ་ལྟར་བྱེད་ནས་བདེ་ན་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག སྦྱིན་གཏོང་ལ་སོགས་པ་མ་བྱས་ན་མི་བདེ་སྟེ་འོང་སྙམ་ནས་དེ་ལྟར་བྱེད་ནས་མི་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག ཡང་བདག་གིས་སྦྱིན་གཏོང་དང་ཚུལ་ཁྲིམས་བསྲུང་བ་དང་ཐོས་བསམ་བསྒོམ་པ་ལ་སོགས་པ་བྱས་ན་བདག་ལ་བསྟོད་པ་ཆེན་པོ་འོང་སྟེ་འོང་སྙམ་ནས་དེའི་ཆེད་དུ་དེ་རྣམས་བྱེད་ནས། བསྟོད་ན་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག སྦྱིན་གཏོང་ལ་སོགས་པ་མ་བྱས་ན་བདག་ལ་སྨོད་པར་འོང་སྙམ་ནས། དེ་ལྟར་སྨད་ར་མི་འོང་བའི་ཆེད་དུ་སྦྱིན་གཏོང་ལ་སོགས་པ་བྱེད་ནས་སྨད་ན་མི་དགའ་བ་སྟེ་འཇིག་རྟེན་གྱི་ཆོས་གཅིག དེ་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་པོ་དེ་ལས། རྙེད་ན་དགའ་བ། གྲགས་ན་དགའ་བ། བདེ་ན་དགའ་བ། བསྟོད་ན་དགའ་བ་དང་བཞི་པོ་འདོད་ཆགས་ཀྱིས་བསྡུས། མ་རྙེད་ན་མི་དགའ་བ། མ་གྲགས་ན་མི་དགའ་བ། མི་བདེ་ན་མི་དགའ་བ། སྨད་ན་མི་དགའ་བ་དང་བཞི་པོ་ཞེ་སྡང་གིས་བསྡུས། གཏི་མུག་ཤུགས་ལས་ཁྱབ། འཇིག་རྟེན་གྱི་ཆོས་བརྒྱད་པོ་ཡང་མདོར་བསྡུས་ན་འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་ལས་མ་འདས། འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་བླངས་པའི་ལས་ཅི་བྱས་པ་ཐམས་ཅད་མི་དགེ་བ་འབའ་ཞིག་གི་ལས་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས། ཡང་སློབ་དཔོན་འཕགས་པའི་བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །གྲགས་དང་མ་གྲགས་བདེ་དང་མི་བདེ་དང༌། །བསྟོད་སྨད་ཅེས་བྱར་འཇིག་རྟེན་ཆོས་བརྒྱད་པོ། །ཁྱོད་ཀྱི་ཡིད་ཡུལ་མིན་པར་མགོ་སྙོམ་མཛོད། །ཅེས་གསུངས་པས་ཆོས་ཆོས་སུ་འགྲོ་མི་འགྲོ་རང་གི་བསམ་པ་ལ་རག་ལས་ཏེ། རྩ་བ་སྨན་ཡིན་ན་སྡོང་པོ་དང་ཡལ་ག་དང་ལོ་འདབ་དང་འབྲས་བུ་ཐམས་ཅད་སྨན་ཡིན་ལ། རྩ་བ་དུག་ཡིན་ན་སྡོང་པོ་དང་ཡལ་ག་ལོ་འདབ་འབྲས་བུ་ཐམས་ཅད་དུག་ཡིན་པ་དང་འདྲ། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་པའི་ལུས་ངག་ཡིད་གསུམ་གྱིས་ལས་ཅི་བྱས་པ་ཐམས་ཅད་དགེ་བ་ཡིན་ཏེ། དེའི་རྒྱུ་མཚན་བྱང་ཆུབ་ཀྱི་སེམས་དེ་ཐོག་མ་དང་བར་དང་ཐ་མ་ཐམས་ཅད་དུ་དགེ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་གསུངས། དེ་ལྟར་ཆོས་ཆོས་སུ་མི་འགྲོ་བ་འཇིག་རྟེན་གྱི་ཆོས་རྣམ་པ་བརྒྱད་པོ་འབའ་ཞིག་གི་སྒོ་ནས་ཚེ་འདི་ཁོ་ན་དོན་དུ་གཉེར་བ་ཡིན་པས། དེའི་གཉེན་པོར་འཆི་བ་དང་མི་རྟག་པ་བསམ་སྟེ། དེ་ཡང་རང་ཅག་འཇིག་རྟེན་འདིར་ཡུན་རིང་པོར་མི་སྡོད། འཆི་དགོས། འཆི་ངེས་པར་འཆི། མི་ལྡོག་པར་འཆི། མྱུར་དུ་འཆི། མི་སྡོད་པར་འཆི། དུས་མ་ཐེབས། དབང་པོ་མ་ཚུད། དེ་རིང་མི་འཆི་བའི་གདེང་མེད། སང་མི་འཆི་བའི་ངེས་པ་མེད་དོ། །སློབ་དཔོན་ཞི་བ་ལྷའི་ཞལ་ནས། སང་ཙམ་འཆི་བར་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཉིད་བཤེས་པ་མ་ཡིན་ནོ། །ཞེས་གསུངས། ཟས་གོས་གཉིས་འཚོ་བའི་རྐྱེན་ཡིན་ཡང་ཟས་ཀྱི་བརྣང་ནས་འཆི་བའམ། ཟས་མ་ཞུ་བའམ། ཟས་ལ་དུག་བྱུང་བས་ཤི་བ་ཡང་དཔག་ཏུ་མེད། གོས་ཀྱིས་སུབ་ནས་ཤི་བ་ཡང་དཔག་ཏུ་མེད། ཟས་གོས་གཉིས་བསྒྲུབ་པའི་མཁོས་བཤམ་གྱིས་ཤི་བའམ་ཚོང་ལམ་དུ་ཤི་བ་ཡང་དཔག་ཏུ་མེད་དེ། ལུས་འདི་ལ་རྨ་ཁབ་མིག་ཙམ་ཞིག་བྱུང་ཡང་ཤི། རྩ་རྟ་རྔ་ཙམ་ཞིག་ཆད་ཀྱང་འཆི། འཆི་བའི་རྐྱེན་དུ་མ་གྱུར་པ་གང་ཡང་མེད་པས། འཇིག་རྟེན་འདིར་ཡུན་རིང་པོ་སྡོད་པའི་གདེང་སུ་ལ་ཡང་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡིས། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས། །འཆི་བ་ལ་ངེས་པ་མེད་པར་འཆི་སྟེ། སློབ་དཔོན་འཕགས་པའི་ཞལ་ནས། ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །ལ་ལ་བཙས་མ་ཐག་ཏུ་འཆི། །ཁ་ཅིག་མངལ་དུ་འཆི་བའང་མཐོང༌། །དེ་དག་རིམ་གྱིས་འཆི་འགྱུར་ན། །གསོན་པོའི་གདེང་ནི་སུ་ཞིག་མཆི། །ཞེས་པ་དང༌། གཞན་ཡང་མདོ་སྡེ་མཛངས་བླུན་ལས། སྐྱེས་པ་འཆི། འདུས་པ་འབྲལ། བསགས་པ་འཛད། བསླང་བ་འགྱེལ། ཞེས་རང་བཞིན་གྱི་གཏན་ཚིགས་བཞི་གསུངས། འཆི་བའི་ཚེ་ན་ལོངས་སྤྱོད། གཉེན་འདུན། མཛའ་བཤེས། འབྱོར་པ། ལང་ཚོ། དགྲ་ལ་སོགས་པ་ཐམས་ཅད་འཇོག ཐ་ན་རང་གི་ལུས་ན་མི་བཟོད། ཚ་མི་བཟོད། གྲང་མི་བཟོད། བཀྲེས་མི་བཟོད་པ་འདི་ཡང་འཇོག ནངས་མ་གཅིག་ཀྱང་མེད་པའི་གླགས་མེད་པ་ཡིན་ཡང་རོ་དེས་བྱུར་དེ་ནོན་ནས་སྒོར་མ་ཕྱིན་ནས་སྦྱོངས། ཚེ་ཐར་དུ་ལུས་པ་འདི་ཡིན་བྱ་བ་སུ་ཡང་མ་མཐོང་བས་འཆི་བ་དང་མི་རྟག་པ་ཡིན་པར་གོ་བར་བྱའོ། །ཚེ་འདིར་དར་ཅིག་ལ་སྐྱིད་པར་འདུག་ཀྱང་ཚེ་འདི་མི་རྟག་རི་གཟར་གྱི་ཆུ་དང་འདྲ་སྟེ། འདུས་པ་ཆེན་པོའི་ཏོག་ལས། གྲོགས་དག་ཚེ་འདི་མྱུར་དུ་འགྲོ་བ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན།། བྱིས་པའི་སྐྱེ་བོས་མ་རྟོགས་ནས། །མི་མཁས་འདོད་པའི་དྲེགས་པས་མྱོས། །ཞེས་པ་དང༌། འདུས་བྱས་གཡོ་བའི་རང་བཞིན་གང་ལ་ཡང་རྟག་པ་མེད། །ཆོས་ཀུན་རྣམ་པར་འཇིག་པར་འགྱུར་བ་བློ་དང་ལྡན་པས་ཤེས། །ཞེས་གསུངས། ལང་ཚོ་མི་རྟག་སྟེ། གཞོན་པ་རྒན་པོར་འགྲོ་བ་ལ་ཚེགས་མེད། མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་འགྲོ་སྟེ། ལུང་ལས། ལང་ཚོ་མི་རྟག་གཟུགས་ཀྱང་རྟག་མ་ཡིན། །ནད་མེད་མི་རྟག་འབྱོར་པ་རྟག་མ་ཡིན། །ཞེས་གསུངས། འབྱོར་པ་མི་རྟག་སྟེ། ཕྱུག་པོ་ཡོང་འཕྲོ་ལ་ལྟོགས་པར་སོང་བ་དཔག་ཏུ་མེད། ཁེ་དང་ཚོང་གིས་ནོར་གྱི་ཕུང་པོར་ཡོད་ཀྱང༌། དགྲས་ཁྱེར་ནས་སྤྲང་ལག་སྟོང་པར་བཏང་བ་ཡང་བསམ་གྱིས་མི་ཁྱབ་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། རྙེད་པ་མང་པོ་ཐོབ་གྱུར་ཅིང༌། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང༌། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས། གཞན་ཡང༌། ཨ་ཅང་སོགས་ལ་དགའ་བ་ཡང༌། །འབྱོར་པ་གཞན་གྱི་དབང་དུ་འགྱུར། །སྦྲང་མས་འབད་དེ་བསགས་པ་ཡང༌། །སྦྲང་རྩི་གཞན་དག་སྤྱོད་པར་སྣང༌། །ཞེས་གསུངས། མཛའ་བཤེས་ཀྱང་མི་རྟག་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང༌། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང༌། །འབྲལ་ཏེ་སོ་སོར་འགྲོ་གྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །མི་མཛའ་རྣམས་ཀྱང་སྨོས་ཅི་དགོས། །ཞེས་པ་དང༌། ཆོས་རྗེའི་ཞལ་ནས། བྱིས་པ་འཇའ་ཚོན་བལྟ་བ་བཞིན། །མཛའ་བཤེས་འགྲོགས་པ་དེ་དང་འདྲ། །ཞེས་གསུངས། དེས་ན་གང་གིས་ཀྱང་སྟོངས་པར་མི་འགྱུར་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདག་ཉིད་མལ་ན་འདུག་བཞིན་དུ། །གཉེན་བཤེས་མང་པོས་མཐའ་བསྐོར་ཡང༌། །སྲོག་གཅོད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་སྐྱབས་གཅིག་ནི། །བདག་གིས་དེ་ཡང་མ་བསྟེན་ནོ། །ཞེས་གསུང༌། །དེའི་དུས་སུ་ལས་གང་བསགས་པ་དེའི་རྗེས་སུ་འབྲང་བ་མ་གཏོགས་པ་གཞན་གང་ཡང་རྗེས་སུ་མི་འབྱུང་སྟེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །རྒྱལ་པོ་དག་ནི་གང་དང་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་གསུངས། བསོད་ནམས་བསགས་ན་ལོངས་སྤྱོད་དུ་འོང་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདོག་པ་ཐམས་ཅད་བསྟུན་ཏེ་བཏང༌། །བདག་གི་བདོག་པ་ཀུན་བོར་ནས། །གཅིག་པུར་ག་ཤེད་འགྲོ་དགོས་ན། །དགེ་བའི་ཕྱོགས་སུ་བཏང་བ་རྣམས།། ཉིད་ཀྱི་མདུན་དུ་དོང་བ་ཉིད། །ཅེས་པ་དང༌། བསོད་ནམས་ཀྱི་རྟོགས་པ་བརྗོད་པའི་མདོ་ལས། བསོད་ནམས་བསགས་པས་བདེ་བ་ཐོབ། དེ་ཕྱིར་མི་ཡིས་བསོད་ནམས་བསགས། །དེ་ཡང་ཡང་དང་ཡང་དུ་བསགས། །དེ་ཉིད་ལ་ཡང་བསྟུན་ཏེ་བྱ། །ཞེས་གསུངས། དེ་ལྟར་ཆོས་ཆོས་སུ་འགྲོ་བ་ལ་འཆི་བ་དང་མི་རྟག་པ་བསྒོམས་པས་ཚེ་འདི་ལ་བློ་ལོག་པ་ཞིག་དགོས། ཚེ་འདི་ལ་བློ་ལོག་པ་འདི་ལ་སྐྱེས་བུ་ཆུང་ངུའི་ལམ་རིམ་ཞེས་མིང་འདོགས་སོ། །དེ་རྣམས་གར་གཅེས་ན་མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ཆུ་ཕྲོག་ཅིག་འཐུང༌། ཉེ་དུ་དང་གཉེན་འབྲེལ་རྣམས་ཀྱིས་མཐའ་བསྐོར། དབུགས་རིང་དབུགས་ཐུང་བྱེད་པའི་སྐབས་སུ་སྐྱབས་དང་མགོན་ཆོས་མ་གཏོགས་པ་མེད་པས། དེ་ཁོ་ན་བཞིན་དུ་ཐུགས་ལ་བཞག་པར་ཞུ།།

དེ་ལྟར་ཆོས་ཆོས་སུ་སོང་ཡང༌། ཆོས་ལམ་དུ་འགྲོ་བ་ཞིག་དགོས་ཏེ། དེ་ཡང་ཚེ་འདི་ལ་བློ་ལོག་ཀྱང༌། ཚེ་ཕྱི་མ་ལ་ལྷ་དང་མིའི་གོ་འཕང་ལ་སོགས་པ་འཁོར་བའི་བདེ་འབྲས་དོན་དུ་གཉེར་ན། ཆོས་ལམ་དུ་མ་སོང་བས། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱ་སྟེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། ལྷ་དང་མི་དང་ངན་སོང་གནས་གསུམ་པོ། །འགྲོ་བ་རྒྱུད་ལྔའི་འཁོར་ལོ་འདི་དག་ཀྱང༌། །གར་བྱེད་ལྷ་བཞིན་མི་རྟག་མི་བརྟན་ན། །མཁས་པ་སུ་ཞིག་འདི་ལ་ཡིད་བརྟན་ཡོད། །འདི་ནི་སྡུག་བསྔལ་རང་བཞིན་ཆེན་པོ་ཡིན། །ཞེས་གསུངས། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། འཁོར་བ་པ་ལ་བདེ་བ་མེད། །མེ་ཡི་ནང་ན་བསིལ་བ་མེད། །མི་གཙང་བ་ལ་དྲི་ཞིམ་མེད། །ཅེས་གསུངས། །འགྲོ་བ་ན་རིགས་དྲུག སྐྱེ་བ་ན་གནས་བཞི། ལམ་རྒྱུད་ལྔ། མི་འདོད་བཞིན་དུ་འཁོར་བར་འཁོར་བ་འདི་རྣམས། སྡུག་བསྔལ་འབའ་ཞིག་ལས་མ་འདས་ཏེ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བླུན་རྨོངས་དང་བཀོལ་སྤྱོད། མི་ལ་བྲེལ་འཕོངས། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་ལྟུང་བྱེད་ལ་སོགས་པ་འགྲོ་བ་རིགས་དྲུག་སོ་སོ་ལ་སྡུག་བསྔལ་དཔག་ཏུ་མེད་དེ། དེ་ལས་ཀྱང་དམྱལ་བ་ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་ཉེ་འཁོར་གཉིས་ཏེ་བཅོ་བརྒྱད། སྡུག་བསྔལ་གྱི་ཚོར་བ་དར་དྲགས་ལ་ཡུན་རིང་བ། བརྣག་གིས་མི་བཟོད་པ། རྣ་བས་ཐོས་པ་ཙམ་གྱིས་ཁ་ནས་ཁྲག་དྲོན་མོ་སྐྱུགས་ནས་འཆི་བར་འགྱུར་ནུས་པ་བསམ་གྱིས་མི་ཁྱབ་སྟེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་མི་བཟོད་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ།། ཆར་ཡང་མི་ཕོད་འོལ་ཡང་མི་ཉེའོ། །ཞེས་གསུངས། ཚེ་རིང་ཐུང་གི་དབང་དུ་བྱས་ན། སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་པ་གྲང་བའི་དམྱལ་བའི་ཚེ་ཚད་དང༌། ཚ་བའི་དམྱལ་བའི་ཚེ་ཚད་ནི། ཡང་སོས་ལོ་དྲུག་རིམ་པ་བཞིན།། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །རབ་ཏུ་ཚ་བྱེད་མནར་མེད་ནི། །བར་གྱི་བསྐལ་པ་གཅིག་ཡིན་ནོ། །ཞེས་གསུངས། ཡི་དྭགས་ལ་ཡང་ཕྱིའི་སྒྲིབ་པ་ཅན་དང༌།  ནངགིསྒྲིབཅན ་དང༌། སྤྱི་མཐུན་གྱི་སྒྲིབ་པ་ཅན་དང༌། དེ་ལ་སོགས་པ་ཟས་ཀྱིས་བཀྲེས་ཤིང་སྐོམ་པས་གདུངས་ཏེ། སྡུག་བསྔལ་དར་དྲག་ལ་ཡུན་རིང་སྟེ། སློབ་དཔོན་འཕགས་པའི་ཞལ་ནས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌། །འཚལ་བའི་མཐུ་དང་ནུས་པ་མ་མཆིས་སོ། །ཞེས་གསུངས། ཚེའི་ཚད་ཀྱང་ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་པས། སྡུག་བསྔལ་བརྗོད་ཀྱིས་མི་ལང་བ་ཡོད་དེ་མགོ་སྨོས་པ་ཡིན་ནོ། །དུད་འགྲོ་ལ་ཡང་སྡུག་བསྔལ་རྒྱུན་དུ་འབྱུང་བ་ནི། །བླུན་ཅིང་རྨོངས་པ་བྱིངས་ན་གནས་པ། རྒྱ་མཚོ་ཆེན་པོའི་ནང་ན་ཆང་འགགས་ཀྱི་སྦངས་མ་ཙམ་ཉིང་ཤ་ཉིང་གིས་ཟ་བ་ལ་སོགས་པ་དང༌། ཁ་འཐོར་བ་ལ་སོགས་པས་ཀྱང་ཆེ་ཆེས་ཆུང་ཆུང་ཟ་བ་ལ་སོགས་པ་དང༌། འབྲོས་འདེད་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་མི་ཐེག་བཞིན་དུ་བཀལ་ནས་ལྕག་ཚན་གྱིས་འབྲབ་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིང་དང་བརྡེག་བཙོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་ལག་པས་བརྡེག་པ་དང༌། །ལྕགས་དང་ལྕགས་ཀྱུས་གདབ་ནས་བཏབ་སྟེ་བཀོལ། །ཞེས་གསུངས། མི་ལ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གསུམ་དང༌། སྐྱེ་བ་དང༌། རྒས་པ་དང༌། ན་བ་དང༌། འཆི་བའི་སྡུག་བསྔལ་བཞི་དང༌། དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པ་དང༌། གཉེན་བྱམས་པ་དང་བྲལ་གྱིས་དོགས་པ་དང༌། ཡོད་པ་འཚོ་སྐྱོང་མི་ཐུབ་པ་དང༌། མེད་པ་བཙལ་གྱིས་མི་རྙེད་པ་སྟེ་བཞི་དང་བརྒྱད། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། བྲེལ་ཞིང་འཕོངས་པ་ལས་ཀྱིས་དུབ། །བུ་ལོན་ན་ཚ་ཆུང་མས་གཙེས། །དགྲ་དང་འཕྲད་དོགས་བུ་ལ་ཆགས། །མི་ཡི་སྡུག་བསྔལ་དམྱལ་བ་བཞིན། །ཞེས་སོ། །དེ་ལྟར་མི་ལ་སྡུག་བསྔལ་བཅུ་གཅིག་ཡོད་དོ། །ལྷ་མ་ཡིན་ལ་ནི་ལྷའི་ལོངས་སྤྱོད་ལ་ཕྲག་དོག་གིས་སེམས་གདུངས་པ་དང༌། གདུག་སེམས་ཀྱི་སྡུག་བསྔལ་བ་དང༌། འཐབ་རྩོད་ཀྱིས་རྟག་ཏུ་སྡུག་བསྔལ་བའོ། །ལྷ་ཡང་ལྷ་མིན་གྱི་སྡུག་བསྔལ་དེ་དག་ཀྱང་ཡོད་པའི་སྟེང་དུ་འདོད་པས་ངོམས་པ་མེད་པ་དང༌། ལྷ་མ་ཡིན་དང་འཐབ་རྩོད་དགོས་པ་དང༌། འཆི་ལྟས་བྱུང་བའི་དུས་སུ་མནར་མེད་པའི་སེམས་ཅན་དམྱལ་བ་བས་ཀྱང་སེམས་ཀྱི་སྡུག་བསྔལ་ཆེ་བ་སྟེ། ངན་སོང་དུ་ལྷུང་བའི་སྡུག་བསྔལ་གྱིས་སྡུག་བསྔལ་ཏེ། ལྷ་གནས་ན་ཡོད་འཕྲོ་ལ་དམའ་མོར་ལྟུང་བ་ལ་ཚེགས་མེད་དེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ང་ལས་ནུས་སུམ་ཅུ་རྩ་གསུམ་གྱི་གནས་ན་བརྒྱ་བྱིན་བརྒྱ་རྩ་བཅུ་བཞིའི་ཚེ་ཐུབ་ཅིང༌། བརྒྱ་བྱིན་གྱི་སྟན་ཕྱེད་ལ་དབང་བ་ལ། རྒྱ་བྱིན་བསད་ལ་སྟན་གཅིག་ངའི་བྱ་བསམ་པ་བྱུང་བས་དེ་མ་ཐག་ཏུ་མར་སར་གྱི་གོང་བུ་བཞིན་དུ་ཞུ་སྟེ། འཛམ་བུའི་གླིང་དུ་ལྷུང་བ་ལྟ་བུ་སྟེ། དེ་ལྟར་ཡང་སློབ་དཔོན་འཕགས་པའི་ཞལ་སྔ་ནས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ནི། །ལས་ཀྱི་དབང་གིས་སླར་ཡང་ངན་སོང་ལྟུང༌། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །སླར་ཡང་འཁོར་བའི་ཡང་བྲན་ཉིད་དུ་འགྱུར། །ཞེས་དང༌། གཞན་ཡང་ལྷའི་བུ་ནོར་བུ་དྲི་མ་མེད་པ་སུམ་ཅུ་རྩ་གསུམ་གྱི་གནས་ན་ལྷའི་ལོངས་སྤྱོད་དགའ་བདེར་སྤྱོད་འཕྲོ་ལ། ལུས་ལ་དྲི་མ་ཞིམ་པ་བྲོ། ལུས་ལ་འོད་ཡོད་པ་ཡང་ཡལ། མེ་ཏོག་གི་རྒྱན་ཡོད་པ་ཡང་རྙིང༌། ལྷའི་བུ་དང་བུ་མོ་རྣམས་ཀྱིས་མི་འདོད་ཅིང་གླེས་ལ་བོར་བས། འདི་ཅི་ཡིན་སྙམ་པ་ལ། སྔར་གྱི་བསོད་ནམས་ནི་ཟད། ཕྱི་མ་ནི་མ་བསགས་པས་མ་ག་ཏའི་འདམ་རྫབ་ཏུ་ཕག་མོ་ལྟོ་སེར་ཞིག་གི་ལྟོ་བར་སྐྱེ་བར་མཐོང་བས། མ་བུ་གཅིག་པོ་ཤི་བའམ། རྔ་མོ་དེ་རྔེའུ་གཏོར་བའམ། ཉ་བྱེ་ཚན་ལ་འགྲེ་བ་ལྟ་བུར་སྡུག་བསྔལ་བ་སྟེ། སློབ་དཔོན་འཕགས་པས། ཉི་མ་ཟླ་བའི་ལུས་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་ཁྱབ་པར་བྱས་གྱུར་ཀྱང༌། །སླར་ཡང་མུན་ནག་སྨག་ཏུ་དེ་གྱུར་ནས། །རང་གི་ལག་པ་བརྐྱང་བ་མི་མཐོང་འགྱུར། །ཞེས་གསུངས་སོ། །གཟུགས་ཁམས་དང་གཟུགས་མེད་པའི་ཁམས་གཉིས་པོ་ནི་འགྱུར་བའི་སྡུག་བསྔལ་དང་འདུ་བྱེད་པའི་སྡུག་བསྔལ་གཉིས་ལས་མ་གྲོལ་ནས་རྟག་པར་སྡུག་བསྔལ་ལོ། །འགྲོ་བ་རིགས་དྲུག་ལ་དྲག་ཤོས་ལྷ་དང་མི་ཡིན་ན་ཡང༌། སྡུག་བསྔལ་དེ་འདྲ་ན། འཁོར་བ་ནི་མེ་འབར་བའི་ཁང་པའམ་བཙོན་ར་དང་འདྲ། མེ་མར་མུར་གྱི་འོབས་དང་འདྲ། མི་གཙང་བའི་དོང་དང་འདྲ་སྟེ། འཁོར་བ་འདི་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ནོ། །དེ་ལྟར་འཁོར་བའི་ཉེས་དམིགས་བསམས་པས། འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་པ། དེ་ལ་འཇིགས་ཤིང་མི་འདོད་པས་རང་ཉིད་ཞི་བ་དང་བདེ་བ་འདོད་པས་འཁོར་བ་ལས་ངེས་པར་འབྱུང་འདོད་པའི་བསམ་པ་སྐྱེས་ནས། ཚངས་པར་སྤྱོད་པས་ཁམས་གསུམ་འདོད་པའི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་ཐོབ་སྟེ། སྲེད་དང་བྲལ་ལ་ཡང་སྲིད་མེད་བྱ་བ་ཡང་དེ་ལ་ཟེར། ངེས་འབྱུང་གི་ཚུལ་ཁྲིམས་བྱ་བ་ཡང་དེ་ལ་ཟེར། སློབ་དཔོན་འཕགས་པའི་ཞལ་སྔ་ནས། འཁོར་བ་ལ་ཡིད་མ་བྱུང་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །སྡུག་བསྔལ་གདུང་བ་མེད་པར་ནི། །སྐྱེ་བོ་སྐྱོ་བ་སྐྱེ་མི་འགྱུར། །ཞེས་གསུངས། དེ་ལྟར་ཆོས་ལམ་དུ་འགྲོ་བ་ལ་འཁོར་བའི་ཉེས་དམིགས་བསམས་པས། འཁོར་བ་མཐའ་དག་ལ་བློ་ལོག་པ་ཞིག་དགོས་གསུངས། འདི་ལ་ཇོ་བོ་རྗེ་ཆེན་པོས་སྐྱེས་བུ་འབྲིང་གི་ལམ་རིམ་ཞེས་མིང་འདོགས་སོ།།

དེ་ལྟར་ཆོས་ལམ་དུ་སོང་ཡང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ལམ་གར་འགྲོ་ཆ་མེད་པས། ལམ་གྱི་འཁྲུལ་པ་སེལ་བ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ལ་བློ་ལོག་པ་ཞིག་དགོས་ཏེ། དེ་ཡང་ལམ་གྱི་འཁྲུལ་པ་གང་ཡིན་ན། ཉན་ཐོས་དང་རང་སངས་རྒྱས་ཡིན་ཏེ། དེ་ཡང་འཁོར་བའི་སྡུག་བསྔལ་ལ་འཇིགས་པས་རང་ཉིད་གཅིག་པུ་ཞི་བ་དང་བདེ་བར་འདོད་པས། ཚངས་པར་སྤྱད་པས་རྒྱུན་དུ་ཞུགས་པ་ཐོབ། དེ་ནས་བརྩོན་འགྲུས་ཆེར་བརྩམས་པས་དགྲ་བཅོམ་པ་ཐོབ་པ་ལ་སོགས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་དེ་དག་ཀྱང་འཁོར་བ་ལས་ཐར་བ་ལ་སྟོང་པ་ཉིད་རྟོགས་དགོས་པས། སྟོང་ཉིད་ཀྱི་རྟོགས་ཚོད་ཉན་ཐོས་རྣམས་བྱང་ཆུབ་སེམས་དཔའི་ས་ལྔ་པ་དང་མཉམ། རང་སངས་རྒྱས་ནི་བྱང་ཆུབ་སེམས་དཔའི་ས་དྲུག་པ་དང་མཉམ་ཞེས་བྱ་བར་ས་བཅུའི་མདོ་ལས་གསུངས་ཏེ། སྟོང་པ་ཉིད་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པའི་ལུས་གཅིག་གིས་གནས་པ་ཡིན་ཏེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བར། །དེ་སྲིད་ལུས་གཅིག་ཡེ་ཤེས་ཀྱི། །ཏིང་འཛིན་དྲེགས་པས་མྱོས་དེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་བརྩོན་དགའ་ཞིང༌། །བསོད་ནམས་ཡེ་ཤེས་ཉེར་འཕེལ་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གཉིས་པོ་དེ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གྱི་འཁྲུལ་པའམ་བགེགས་ཡིན་ཏེ། སློབ་དཔོན་ཐོགས་མེད་ཀྱི། བྱང་ཆུབ་སེམས་དཔའི་ས་ལས། དམྱལ་བར་གནས་པས་བྱང་ཆུབ་ལ། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །དེ་ནི་གཏན་གྱི་བྱང་ཆུབ་གེགས། །ཞེས་གསུངས། དེ་དག་ཀྱང་འཚང་རྒྱ་བར་བྱེད་པ་ལ་གདོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་ཏེ། རྒྱུད་ལས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་པ་དང༌། རྒྱལ་བའི་ཡུམ་སྡུད་པ་ལས། བྱང་ཆུབ་སེམས་མེད་རྒྱལ་འབྱུང་འཇིག་རྟེན་ཡོད་མེད་ན། །འབྲས་བུ་བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འབྱུང༌། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་མེད་ན་སངས་རྒྱས་འཇིག་རྟེན་དུ་མི་འབྱུང༌། དེ་མ་བྱུང་ན་ལེགས་པར་གསུངས་པའི་ཆོས་མི་འོང༌། དེ་མ་བྱུང་ན་ལེགས་པར་སྤྱོད་པ་མི་འོང༌། དེ་མ་བྱུང་ན་བརྒྱ་བྱིན་ལ་སོགས་པའི་མངོན་མཐོ་དང་ཉན་ཐོས་ལ་སོགས་པའི་ངེས་ལེགས་མི་འབྱུང་བའི་ཕྱིར། བྲམ་ཟེ་ཆེན་པོའི་ཞལ་ནས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ།། ཞེས་གསུངས་པས་ལམ་གྱི་འཁྲུལ་པ་སེལ་བ་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་དགོས་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་དེ་སྙིང་རྗེ་ལས་སྐྱེ། སྙིང་རྗེ་བྱམས་པ་ལས་སྐྱེ། རྗེ་ཕག་མོ་གྲུ་པའི་ཞལ་སྔ་ནས། བྱམས་པའི་ཆུ་བོ་མི་གཅོད་ཅིང༌།། སྙིང་རྗེའི་རྩ་བ་རབ་བརླན་ཏེ། །བྱང་སེམས་ལྗོན་ཤིང་རབ་རྒྱས་ནས། །དོན་གཉིས་འབྲས་བུ་སྨིན་མཛད་གསོལ། །ཞེས་གསུངས། བྱམས་པ་ནི་སེམས་ཅན་བདེ་བ་དང་ལྡན་པར་འདོད་པ་ཡིན། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པ་ཡིན། བྱང་ཆུབ་ཀྱི་སེམས་ནི་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་བསམ་པ་ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། མངོན་རྟོག་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས། དེ་ཡང་སེམས་ཅན་ཐམས་ཅད་མར་ཤེས་ན་བྱམས་པ་སྐྱེ། གང་ལ་བྱམས་པ་སྐྱེས་པ་ན། སྙིང་རྗེ་རང་ཤུགས་ཀྱིས་སྐྱེ། སྙིང་རྗེ་སྐྱེས་ན་སྡུག་བསྔལ་དང་འབྲལ་འདོད་པ་སྐྱེ། སྡུག་བསྔལ་ཐམས་ཅད་དང་བྲལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་མིན་པ་གཞན་མེད་པས། སངས་རྒྱས་ཐོབ་པར་འདོད་པའི་བློ་སྐྱེ་སྟེ། བཅོམ་ལྡན་འདས་བྱམས་པའི་ཞལ་ནས། སངས་རྒྱས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་པ་དང༌། མདོ་ལས། གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་བརྒལ་བ་པོ། །ཉོན་མོངས་བརྒལ་ལ་ཕྱག་འཚལ་ལོ། །ཞེས་གསུངས། །སངས་རྒྱས་ཐོབ་པར་འདོད་པའི་བློ་སྐྱེས་ན། སངས་རྒྱས་ཐོབ་པར་བྱེད་པའི་རྒྱུ་འཇུག་པ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཐེག་པ་ཆེན་པོ་གསང་སྔགས་ལྟར་ན་བསྐྱེད་རྫོགས་རྣམ་པ་གཉིས་ཉམས་སུ་ལེན་པའི་རྩོལ་བ་ལ་འཇུག་པ་འོང་བས། འདི་རྣམས་ཐམས་ཅད་འབྲེལ་པ་ཅན་དུ་འབྱུང་ངོ༌། །དེ་ལ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པའི་རྒྱུ་ངེས་པ་བྱང་ཆུབ་ཀྱི་སེམས་དེ་རྣམ་པ་བཞིའི་སྒོ་ནས་བསྐྱེད་པར་བྱ་སྟེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་དང་ནི་བཞི་ཡིན་ཏེ། །རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན། །ཞེས་གསུངས་ཏེ། རྒྱུའི་རྐྱེན་ནི་གདོད་མ་ནས་སེམས་ཅན་ལ་བརྩེ་སེམས་གནས་པས་ཁྲ་དང་སྤྱང་ཀི་ལ་ཡང་བརྩེ་སེམས་ཡོད་པ་དེའོ། །བདག་པོའི་རྐྱེན་ནི། བླ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། རང་བས་གཞན་གཅེས་ཀྱི་བློ་དང་ལྡན་པ་ཞིག་ལས་སེམས་བསྐྱེད་པའི་ཆོ་ག་བླང་བར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས། དམིགས་པའི་རྐྱེན་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་བསམ་པ་རྒྱུན་ཆད་མེད་པར་བྱ་སྟེ། སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་ནས། ཕན་པར་བསམ་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །གང་གི་མཉམ་མེད་སེམས་ཅན་གྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་པ་དང༌། །སློབ་དཔོན་བི་མ་ལ་མི་ཏྲིའི་ཞལ་ནས། གཞན་ཕན་ལས་ལ་མཐུ་མེད་ཀྱང༌། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་དེ་ཡི་བློ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་གཞུག །ཞེས་གསུངས། དེ་ལྟ་བུའི་སེམས་བསྐྱེད་མི་ཉན་སྙམ་ན། ཡང་དང་ཡང་དུ་གོམས་པར་བྱས་པས་སྐྱེ་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། གོམས་ན་སླ་བ་མི་འགྱུར་བའི།། དངོས་དེ་གང་ཡང་ཡོད་མ་ཡིན། །དེས་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས། །གང་གི་མི་ཐོས་འཇིགས་པ་ཡང༌། །དེ་དག་མེད་ན་མི་དགེར་འགྱུར། །ཞེས་གསུངས་པས་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ། རྒྱལ་བའི་ཡུམ་སྡུད་པ་ལས། ཆུ་ཡི་ཐིགས་པ་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོང་འགེངས་པ་ལྟར། །དང་པོའི་སེམས་ཀྱིས་བྱང་ཆུབ་ཞི་བ་ཐོབ་མིན་ཏེ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་མ་ཐག་པའི་རྐྱེན་ནི། རང་བས་གཞན་གཅེས་ཀྱི་བསམ་པ་རྒྱུད་ལ་སྐྱེས་པ་སྟེ། དེ་ཡང༌། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་སུ་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སློབ་དཔོན་ཞི་བ་ལྷས་གསུངས་པ་དང༌། ཡང་དེ་ཉིད་ཀྱི་ཞལ་སྔ་ནས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་ལེགས་བརྟན་ཟུང༌། །ཞེས་གསུངས། དེ་ལྟ་བས་གཞན་གཅེས་ཀྱི་བློ་རྒྱུད་ལ་སྐྱེས་པའི་དུས་སུ་དེ་མ་ཐག་པའི་རྐྱེན་ཞེས་བྱ་སྟེ། དེ་ལྟར་ཡང༌། བདག་དང་གཞན་དུ་མཉམ་པའི་སེམས་ཉིད་དམ། །བདག་ལས་གཞན་གཅེས་སྡུག་པ་ཐོབ་ནས་ནི། །གཞན་གྱི་དོན་གང་རང་གི་དོན་གང་ཡིན། །ཞེས་གསུངས། དེ་བས་ན་ལམ་གྱི་འཁྲུལ་པ་སེལ་བ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། ཉན་ཐོས་དང་རང་སངས་རྒྱས་ལ་བློ་ལོག་པ་ཞིག་དགོས་གསུངས། འདི་ལ་ཇོ་བོ་ཆེན་པོས་སྐྱེས་བུ་ཆེན་པོའི་ལམ་རིམ་ཞེས་མིང་འདོགས་སོ།།

འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པས། དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་ལ་བློ་ལོག་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་བར་འགྱུར། །ཞེས་གསུངས། དེ་ལ་འཁྲུལ་པ་གང་ཡིན་ན། ཉོན་མོངས་པ་དང་རྣམ་པར་རྟོག་པ་ཡིན་ཏེ། སཾ་བྷུ་ཊ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་བྱེད་པ་མེད་པར་འགྱུར། །ཅེས་པ་དང༌། བྲམ་ཟེ་ཆེན་པོའི་ཞལ་སྔ་ནས། རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས།། འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་ལྟར་འགྲོ། །རྟོག་པས་དཀྲུགས་པས་རྨོངས་པ་གཟུགས་མེད་པས། །ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་འགྱུར། །ཞེས་གསུངས། །དེ་ལ་སྤྱིར་སེམས་ཀྱི་གནས་ལུགས་གདོད་མ་ནས་བདག་མེད་པ་ཞིག་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས། དེ་ལྟར་བདག་མེད་པ་ལ་མ་རིག་པས་བདག་ཏུ་འཁྲུལ། དེས་བདག་གཞན་ལ་སོགས་པ་འཁྲུལ་ཏེ། དེས་ལས་སྣ་ཚོགས་གསོག་སྟེ། ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་ཏེ་སྡུག་བསྔལ་བའོ། །དེ་ལྟར་ཡང༌། ཇི་སྐད་དུ། འཕགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་གཉིས་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཉེས་ཀུན་དེ་ཡི་རྩ་བ་ཅན། །འདི་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་གསུངས་པ་དང༌། རྒྱལ་བའི་ཡུམ་སྡུད་པ་ལས། །བདག་དང་བདག་གི་ཆོས་གཉིས་ཡང་དག་མི་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་འཛིན་རྣམ་པར་བྱང་བར་གསུངས། །ཞེས་པ་དང༌། ཡང་དེ་ཉིད་ལས། འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུ་འཁོར་བའི་འཁོར་ལོར་འཁྱམས། །འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཚུད་འདྲར་ཤེས་ན། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་པའང་ལས་ཡིན་ཏེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ཅེས་པ་དང༌། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདག་དང་བདག་གིར་འཛིན་པས་ཆགས། །དེ་གནོད་པ་ལ་ཞེ་སྡང་ངོ༌། །དེ་ལ་ཉེས་ཚོགས་ཀུན་འབྱུང་ཞིང༌། །འགྲོ་བ་ཀུན་ནས་ཉོན་མོངས་འགྱུར། །ཞེས་པ་དང༌། ཡང་དེ་ཉིད་ཀྱི་ཞལ་ནས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་ཡོད་པ་ཀུན། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་སྟེ། །འདྲེ་ཆེན་དེ་ཀོས་ཁྱོད་ལ་ཅི་ཞིག་བྱ། །ཞེས་གསུངས། དེ་ལྟར་བདག་ཏུ་འཛིན་པས་ལས་བསགས། ལས་ཀྱིས་འཁོར་བ་མཐོ་དམན་དུ་སྡུག་བསྔལ་ཏེ། ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་པ་དང༌། མངོན་པ་མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་གསུངས། དེ་ལ་སངས་རྒྱས་ཀྱི་གསུང་རབ་དང༌། །བསྟན་བཅོས་རྣམས་ནས་ལས་ཀྱི་དབྱེ་བ་མང་དུ་གསུངས་ཀྱང༌། མདོར་བསྡུ་ན་དགེ་བ་དང་མི་དགེ་བ་གཉིས་སུ་ཤེས་པར་བྱ་སྟེ། དེ་ལ་མི་དགེ་བའི་ལས་ཀྱིས་ངན་འགྲོ་དང་སྡུག་བསྔལ་འབྱུང་སྟེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བ། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་པ་དང༌། སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས། དགེ་བའི་ལས་ཀྱིས་མཐོ་རིས་ཀྱི་བདེ་བ་འབྱུང་སྟེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ།། དགེ་བས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །བསམ་གཏན་ཚད་མེད་གཟུགས་མེད་ཀྱི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཞེས་པ་དང༌། དབུ་མ་བཞི་བརྒྱ་པ་ལས། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཐོབ་བྱེད། །ཅེས་པ་དང༌། ལུང་ལས། སྐྱེ་དགུ་རྣམས་ནི་བདེ་བ་མངོན་པར་འདོད། །སྐྱེ་དགུའི་བདེ་བ་ལོངས་སྤྱོད་མེད་ལ་མིན། །ལོངས་སྤྱོད་སྦྱིན་ལས་འབྱུང་བ་མཁྱེན་པས་ན། །ཐུབ་པས་དང་པོ་སྦྱིན་པའི་གཏམ་དག་གསུངས། །ཞེས་གསུངས་སོ། །མདོར་ན་དགེ་བ་དང་མི་དགེ་བ་གང་ཡིན་ཡང༌། འཁྲུལ་པ་ཡིན་པར་གཅིག་པར་ཤེས་པར་བྱའོ། །དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་ཉིད་ཀྱང་འདུས་བྱས་དང་རྒྱུ་རྐྱེན་གྱིས་བསྐྱེད་པ། དེ་ལས་བྱས་པའི་ཆོས་ལ་མི་རྟག་པས་ཁྱབ་པ་དེ་ཡང་འཁྲུལ་པ་ཡིན་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །ཞེས་པ་དང༌། ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས། །ཡང་ནི་ཕུན་ཚོགས་པ་ཡང་སྐམ་པར་འགྱུར། །ཞེས་པ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་ནས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །སྟོང་ཉིད་ལྟ་དང་དེ་འགལ་བས། །སྟོང་པ་ཉིད་ནི་བསྒོམ་པར་བྱ། །སྟོང་ཉིད་རྟོགས་པས་གྲོལ་འགྱུར་གྱིས། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས། འཁྲུལ་པ་དེ་ཉིད་གདོད་མ་ཉིད་ནས་ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས་པ་སྐྱེ་བ་མེད་པར་རྟོགས་པའི་དུས་སུ། སྤང་བླང་མེད་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར་བ་ཡིན་ཏེ། སློབ་དཔོན་འཕགས་པའི་ཞལ་སྔ་ནས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་ཡོད་པ་མ་ཡིན་ཏེ། །འཁོར་བའི་དེ་ཉིད་ཤེས་པ་ལ། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་པ་དང༌། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་ཏེ། དེ་རྟོགས་པར་བྱེད་པ་སུ་ལ་རག་ལས་ན། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་ལ་མོས་གུས་བྱས་པས་རྟོགས་པར་འགྱུར་བ་མ་གཏོགས་པ། གཞན་ཚིག་ཏུ་བརྗོད་པ་དང་བློས་དཔྱོད་པའི་ཡུལ་མ་ཡིན་པས། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏས་ཀྱང་རྟོགས་པ་མ་ཡིན་ཏེ། ཀུན་དགའ་བོ་སྡེ་སྣོད་གསུམ་ལ་མངའ་བརྙེས་ཀྱང༌། འཕགས་པ་འོད་སྲུང་སྒོམ་ཆེན་ཞིག་གིས་གྲོལ་བ་ལྟ་བུ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ། བྲམ་ཟེ་ཆེན་པོ་ས་ར་ཧས། མཆོད་རྟེན་གྱི་དྲུང་དུ་སེམས་ཐག་གཅོད་པའི་མན་ངག་བསྟན་པས། ནུབ་གཅིག་གིས་གྲོལ་བ་ལྟ་བུ་དང༌། སློབ་དཔོན་ཆེན་པོ་ནཱ་རོ་པཎ་ཆེན་གྱི་ཤེས་རབ་ལ་འཛམ་བུ་གླིང་པའི་ཤེས་རབ་ཀྱིས་བཅུ་དྲུག་ཆར་ཡང་མི་ཕོད་པ་ཡོད་ཀྱང༌། ཏིལླི་པ་སྒོམ་ཆེན་ཞིག་ལ་དཀའ་བ་བཅུ་གཉིས་ཀྱིས་མཉེས་པར་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལྟ་བུ་ལགས་པས། མཁས་པ་པཎྜི་ཏ་ཆེན་པོ་ཐམས་ཅད་ཀྱང༌། རྣལ་འབྱོར་པ་ཀུ་སཱ་ལི་ཉམས་མྱོང་དང་རྟོགས་པ་ཅན་རེའི་དྲུང་དུ་ཕྱིན་ནས་མོས་གུས་བྱས་པས་གྲོལ་བ་ཤ་སྟག་ཡིན་ཏེ། དེ་ལྟ་བུའི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་འཆར་བར་བྱེད་པ་དེ་ལ་ཕྱིའི་རྐྱེན་བླ་མ་དམ་པ་ཞིག་ལ་མོས་གུས་ཀྱིས་བསྙེན་བཀུར་བ་དང༌། ནང་གི་རྐྱེན་བསོད་ནམས་བསགས་པ་མ་གཏོགས་པ་གཞན་གྱིས་རྟོགས་པ་མ་ཡིན་ཏེ། དགྱེས་པ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བསྟེན་པ་དང༌། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་དང༌། རྒྱལ་བའི་ཡུམ་སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཐམས་ཅད་མ་རྫོགས་པར།། དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་འགྱུར། །ཞེས་གསུངས། དེ་ལ་མོས་གུས་བྱ་བའི་བླ་མ་དེ་ཡང༌། མཚན་ཉིད་དང་ལྡན་པའི་བླ་མ་ཁྱད་པར་དུ་སེམས་ཉིད་ཀྱི་རྟོགས་པ་ཡོད་པའི་བླ་མ་ཞིག་ལ་མོས་གུས་བྱས་ཤིང་བསྙེན་བཀུར་བ་ལས་འབྱུང་སྟེ། དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ནི། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །ཞེས་གསུངས་པས། དེ་ལྟ་བུའི་བླ་མ་དེ་ལ་ཞེ་ཐག་པ་སྙིང་ཁུང་རུས་པའི་གཏིང་ནས། ང་ཅི་ཤེས་ཁྱོད་དེ་ཤེས་ཀྱི་ཚུལ་དུ་མོས་གུས་བྱས་པ་ལས་རྟོགས་པ་སྐྱེ་སྟེ། མོས་གུས་ཀྱི་ཚུལ་ལུགས་ཡང་བླ་མ་དེ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་སངས་རྒྱས་སུ་བལྟ་སྟེ། བླ་མ་ལ་སོ་སོ་སྐྱེ་བོའི་འདུ་ཤེས་སྐྱེས་ན། ཡོན་ཏན་གང་ཡང་གཏན་ནས་སྐྱེ་མི་སྲིད། བྱང་ཆུབ་སེམས་དཔར་མཐོང་ཡང་སེམས་བསྐྱེད་ཙམ་ཡང་སྐྱེའམ་མི་སྐྱེ་ཐེ་ཚོམ་ཟ་ན། རང་སེམས་རྟོགས་པ་ལྟ་ཅི་སྨོས། བླ་མ་ལ་སངས་རྒྱས་རང་དུ་མཐོང་ཡང་སྤྲུལ་པའི་སྐུར་མཐོང་ན་འགྲོ་བ་ལ་ཕན་པ་གྲུབ་ཙམ། ལོངས་སྐུར་མཐོང་ན་རང་གི་བསམ་པའི་དོན་གྲུབ་ཙམ་འབྱུང༌། མོས་གུས་ཀྱི་མཐར་ཐུག་པ་སངས་རྒྱས་ཆོས་ཀྱི་སྐུར་བལྟས་ནས་ང་ཅི་ཤེས་ཁྱོད་དེ་ཤེས་ཀྱི་ཚུལ་དུ་བྱས་པ་སེམས་ཉིད་ཀྱི་རྟོགས་པ་སྐྱེ་སྟེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས། བླ་མའི་ལུང་ལ་བསྒྲིམ་སྟེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་པ་དང༌། ཡང་དེ་ཉིད་ཀྱིས། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་ཏེ་རྟོགས། །ཞེས་གསུངས། རྟོགས་པ་སྐྱེ་བའི་ཚུལ་ལ་རིམ་གྱིས་པ་དང༌། ཅིག་ཅར་བ་གཉིས་ཡིན། དེ་ལ་ཅིག་ཅར་བ་ནི་གང་ཟག་དབང་པོ་རབ་སྐྱེ་བ་སྔ་མ་ཕན་ཆད་དུ་སྦྱངས་པ་དཔག་ཏུ་མེད་པ་སོང་བ་རྣམས། ཚེ་འདིར་བླ་མའི་མཚན་ཐོས་པའམ། ཞལ་མཐོང་བའམ་ཁྲིད་བྱས་མ་ཐག་ཙམ་གྱིས་སྟོང་ཉིད་ཀྱི་དོན་རྟོགས་པ་ལ་ཟེར་ཏེ། སྔ་མའི་སྦྱངས་པ་ལ་ལྟོས་ནས་དེ་ཡང་རིམ་གྱིས་པ་ཡིན་པ་རྗེ་ཕག་མོ་གྲུ་པས་བཞེད་དོ། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། གང་གི་མྱུར་དུ་ཤེས་བྱ་བ། །བླ་མའི་རིམ་པས་ཇི་ལྟར་བསྟན། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན།། དད་པ་ཡང་དག་བསྐྱེད་པ་དང༌། །རྣལ་འབྱོར་སྤྱོད་ཡུལ་གནས་པ་ཡིན། །ཅེས་གསུངས། རིམ་གྱིས་པ་ནི་བླ་མ་ལ་མོས་གུས་རིམ་གྱིས་བྱས་ཤིང་བསོད་ནམས་ཀྱི་ཚོགས་བསགས་པས་མངོན་པར་རྟོགས་པ་ཡང་དེའི་ཁ་ཚོན་ཙམ་སྐྱེ་བ་ཞིག་ཡིན་གསུངས། གཞན་ཡང་རྗེ་ཕག་མོ་གྲུ་པའི་ཞལ་སྔ་ནས། མོས་གུས་ཐོད་རྒལ་དུ་སྐྱེ་བ་རྣམས་ལ་ཐོད་རྒལ་བའི་རྟེན་གྱི་གང་ཟག་བྱ་བ་ཡང་གསུངས་སོ། །དེ་རྣམས་གང་ཡིན་ཡང་རང་གི་སེམས་སྐྱེ་བ་མེད་པར་རྟོགས་པའི་དོན་དེ་ལ་གོམས་པར་བྱ་བར་གསུངས་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས། ཟླ་བ་རྒྱས་འདྲ་བ་ནི་གོམས་པ་ལས་བྱུང་སྟེ། །གསལ་བར་བྱེད་པ་ས་མུན་ཉི་ཟླའི་འོད་འདྲར་སྤྱོད། །ཅེས་པ་དང༌། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། འགྲོ་སྙིང་རྣམ་དག་ཅེས་བྱ་བ། །ཐུབ་པ་ཆེན་པོ་ཡང་དག་བཞུགས། །ནམ་མཁའི་རང་བཞིན་དེ་ལས་ནི། །རྣལ་འབྱོར་པ་ཡི་བསམ་གཏན་བྱ། །ཞེས་གསུངས། སེམས་ཉིད་ཀྱི་དོན་རྟོགས་པ་དེ་ཉིད་མ་བཅོས་པར་བསྒོམ་པར་བྱ་སྟེ། སློབ་དཔོན་ཏོག་ཙེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་གསུངས་པ་དང༌། དགྱེས་པ་རྡོ་རྗེ་ལས། གང་ཡང་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །བསྒོམ་པ་ཉིད་ནི་སྒོམ་པ་མིན། །ཞེས་པ་དང༌། བྱམས་པའི་ཞལ་ནས། འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བ་ཤེས་པར་བྱ། །ཞེས་པ་དང༌། བྲམ་ཟེ་ཆེན་པོའི་ཞལ་ནས། རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་བསླད་དེ། །བདག་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག །ཅེས་གསུངས་སོ། །དེ་ལྟར་སེམས་གོམས་པ་ལས། སྣང་སེམས་གཅིག་ཏུ་འདྲེས་ཤིང་གཉིས་འཛིན་རང་སར་དག་པ་འབྱུང་སྟེ། བྲམ་ཟེ་ཆེན་པོའི་ཞལ་ནས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ང་ནི་འཁྲུལ་པ་ཆད། །ད་ནི་སུ་ལ་ཡང་འདྲི་བར་མི་བྱའོ། །ཞེས་གསུངས། དེ་ལྟར་ཤེས་ན་ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུ། འཁྲུལ་པ་ཡེ་ཤེས་སུ་འཆར་ཏེ། དེ་ཡང་ཉོན་མོངས་པའི་གཙོ་བོ་དུག་ལྔ་ལ་ཡེ་ཤེས་ལྔ་འབྱུང་ལ། གཞན་རྣམ་པར་རྟོག་པ་ཕྲ་རགས་ཇི་སྙེད་ཐམས་ཅད་ཀྱིས་ཀྱང་ཡེ་ཤེས་བྱེ་བྲག་དེ་སྙེད་རེ་རེ་བསྐྱེད་དེ། སློབ་དཔོན་བིརྺ་པའི་ཞལ་སྔ་ནས། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ། །རྟག་ཏུ་བསྟེན་ཅིང་སྤྱད་པར་བགྱི། །ཞེས་པ་དང༌། རྒྱུད་བླ་མ་ལས། དབང་པོ་ལྔ་རྣམས་གནས་གྱུར་ན། །དོན་ཀུན་འཇུག་དང་ཀུན་བྱེད་དང༌། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང༌། །རྣལ་འབྱོར་དམ་པའང་ཐོབ་པར་འགྱུར། །ཞེས་པ་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས། དབང་པོ་གང་དང་གང་ལམ་ཉིད། །དེ་དེའི་རང་བཞིན་ཕྱིར་ལ་འགྲོ། །ཕན་པ་མཆོག་གི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་རང་བཞིན་བྱེད། །ཅེས་པ་དང༌། ཡང་སློབ་དཔོན་བིརྺ་པའི་ཞལ་ནས། ས་གསུམ་མཐར་ཕྱིན་གསུམ་ཕྲག་གསུམ་གནས་འགྱུར། །ཤེས་བརྒྱད་གྱུར་པ་ཡེ་ཤེས་ལྔར་གྱུར་ཏེ། །ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པ། །ཆོས་སྐུ་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག །ཅེས་གསུངས་སོ། །དེ་ལྟར་འཁྲུལ་པ་ཡེ་ཤེས་སུ་ཤར་བའི་དུས་སུ། དཔེར་ན་ཆུ་དྭངས་པའི་ནང་དུ་ཉི་ཟླ་ལ་སོགས་པའི་གཟུགས་བརྙན་ཤར་བ་དང་འདྲ་བར་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་ཤར་ནས་འབད་པ་མེད་པར་གཞན་གྱི་དོན་ལྷུན་གྱིས་གྲུབ་པ་དང༌། རྒྱུན་ཆད་པ་མེད་པར་རང་ཤུགས་ཀྱིས་འབྱུང་སྟེ། སློབ་དཔོན་བྲམ་ཟེ་ས་ར་ཧའི་ཞལ་ནས། ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་ཁྱེར་ནས་གདོད་ནས་འབྲས་བུར་གནས། །ཞེས་པ་དང༌། ཡང་སེམས་ནི་ངོ་བོ་ཉིད་ཀྱིས་དག་པས་ན། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ༌། །ཞེས་པ་དང༌། ཡང་ཇི་སྐད་དུ། སྙིང་རྗེ་མ་གཏོགས་གཞན་ཕན་འབྲས་བུ་འཛིན། །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །སྟོང་པའི་སྟོང་པ་དམ་པའི་མེ་ཏོག་རྒྱས། །སྙིང་རྗེ་རྣམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་མིན་ནོ། །ཞེས་གསུངས། གཞན་ཡང་སློབ་དཔོན་ཆེན་པོ་བྲམ་ཟེ་ས་ར་ཧའི་ཞལ་ནས། གང་དང་གང་གི་བསམ་པ་ཡིས། །མི་རྣམས་ཀྱིས་ནི་ཡིད་སྦྱར་ནས། །དེས་ནི་དེ་ཡི་སྔོན་འགྲོ་བ། །ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །ཞེས་གསུངས། དེ་ལྟར་འཁྲུལ་པ་ཡེ་ཤེས་སུ་འཆར་བ་འདི་ལ། ཇོ་བོ་བཀའ་གདམས་པ་ཀུན་ན་རེ། བདག་མེད་རྣམ་པ་གཉིས་བསྒོམ་པས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་གསུང་བར་གདའ་སྟེ། བླ་མ་རིན་པོ་ཆེའི་ཞལ་ནས། རང་གི་སེམས་སྐྱེ་བ་མེད་པར་རྟོགས་པས་དངོས་པོ་སྟེ་མཚན་མར་འཛིན་པ་ཐམས་ཅད་ལས་བློ་ལྡོག། དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་ལ་བློ་ལོག་པས་འཁྲུལ་པ་དེ་ཉིད་གཉིས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་གསུངས་སོ། །དེ་བས་ན་འཁྲུལ་པ་ཡེ་ཤེས་སུ་འཆར་གསུངས་སོ། །དེ་བས་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པས། དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་ལ་བློ་ལོག་པ་ཞིག་དགོས་གསུངས། དེ་ལ་མདོར་བསྡུ་ན་རྟེན་གྱི་གང་ཟག་ལས་དང་པོ་བ་ཞིག་འཚང་རྒྱ་བར་བྱེད་པ་ལ། བློ་ཆོས་སུ་འགྲོ་བ་ཞིག་དགོས། ཆོས་ལམ་དུ་འགྲོ་བ་ཞིག་དགོས། ལམ་འཁྲུལ་པ་སེལ་བ་ཞིག་དགོས། །འཁྲུལ་པ་ཡེ་ཤེས་སུ་ཤར་བ་ཞིག་དགོས། བཞི་པོ་དེ་ཚང་ན་རྟེན་གྱི་གང་ཟག་ཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཞིག་ཡིན་པས་དེ་ཁོ་ན་བཞིན་དུ་ཉམས་སུ་ལེན་པར་ཞུ། །ལྔ་བརྒྱ་དུས་ཀྱི་མཚུངས་མེད་ཆོས་ཀྱི་རྗེ། །སྒམ་པོ་པ་ཡི་དམ་ཆོས་ཚིགས་བཞི་འདི། །དཔལ་ལྡན་ཕག་མོ་གྲུ་པ་ཆོས་ཀྱི་རྗེའི། །སྲས་ཀྱི་ཐུ་བོ་འཇིག་རྟེན་གསུམ་གྱི་མགོན། །འགྲོ་བའི་བླ་མ་འབྲི་གུང་རིན་ཆེན་གྱི། །ཞལ་ནས་བྱུང་བ་བདུད་རྩི་ལྟ་བུའི་ཆོས། །སྒྲོ་སྐུར་སྤངས་ཤིང་གུས་པས་བླངས་པ་ཡི། །བླ་མ་དམ་པའི་གསུང་ངག་རིན་པོ་ཆེ། །རང་གི་སློབ་མར་གྱུར་པ་མ་གཏོགས་པ། །བླ་མ་མེད་ཀྱང་དཔེ་འདི་སྦྱིན་མི་བྱ། །བདག་གིས་ཞུ་བ་ཕུལ་བའི་དོན་འདི་ལ། །རིགས་ལྡན་རྣམས་ཀྱང་ངག་ལ་ཉན་པར་ཞུ། །དེས་ཐོབ་དགེ་བ་དྲི་མེད་གང་ཡིན་དེས། །དྲི་མེད་མཆོག་གི་གོ་འཕང་གནས་ཐོབ་ཤོག།


previousདྭགས་པོ་ཆོས་བཞིའི་འགྲེལ་པ་དོན་གསལ།། next