Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཆོས་ཀྱི་རྗེ་དཔལ་ཕག་མོ་གྲུ་པའི་རྣམ་པར་ཐར་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཆོས་ཀྱི་རྗེ་དཔལ་ཕག་མོ་གྲུ་པའི་རྣམ་པར་ཐར་པ།། next

ཆོས་ཀྱི་རྗེ་དཔལ་ཕག་མོ་གྲུ་པའི་རྣམ་པར་ཐར་པ།།

ཨོཾ་སྭ་སྟི། ཐུབ་པ་ཆེན་པོའི་སྐུ་གསུང་ཐུགས་ཉིད་ཀྱིས།། ཕྲིན་ལས་འགྲོ་བའི་ཕན་བདེ་ཆུ་སྣོད་ཟླ་བ་བཞིན། །རྣམ་དག་ཡོན་ཏན་བདག་ཉིད་རིན་ཆེན་ལ། །གུས་པས་ཕྱག་འཚལ་རབ་ཏུ་སྐྱབས་སུ་མཆི། འདིར་འཇིག་རྟེན་གསུམ་གྱི་མགོན་པོ་རིན་པོ་ཆེ་དཔལ་ཕག་མོ་གྲུ་པ་དེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོར་སངས་རྒྱས་ཤིང༌། ཚོགས་གཉིས་རྫོགས་པའི་འབྲས་བུ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཇི་ལྟར་མཛད་པ་དང༌། ཇི་ལྟར་སྣང་བ་དེ་ཐམས་ཅད་བདག་ཅག་གདུལ་བྱ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། རྫོགས་པའི་སངས་རྒྱས་ཐོབ་པར་མཛད་པ་ཁོ་ན་ཡིན་པས། དེའི་རྗེས་སུ་བསླབ་པར་བྱའོ། །དེ་ཡང་འདི་སྐད་བདག་གིས་ཐོས་ཤིང་ཅུང་ཟད་མཐོང་བའི་དུས་ཤིག་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་དབུས་ཀྱི་ལྟེ་བར་གྱུར་པ། གླིང་བཞི་པ་བར་མ་ལྷོའི་འཛམ་བུའི་གླིང་དུ་ཐུབ་པ་ཆེན་པོ་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་བྱུང་བའི་བསྟན་པ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་རྒྱས་པར་ལུང་བསྟན་པ་ཡིན་ལ། བསྟན་པ་དེ་ཡང་རྒྱས་པར་བྱེད་པའི་བྱེད་པ་པོ། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་སམ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་ལགས་མོད་ཀྱང༌། ཡུལ་ཁམས་ཀྱི་རྒྱལ་ཁམས། གདུང་ཆོས་ནི་སྦས། མི་ནག་ལ་ནི་མཇིང་ཆེ། སོ་རྣོ་ལ་ནི་ལྟག་ཚན་མཐུག གདོང་ཆེ་ལ་བྱས་པ་ནི་བཟོ། ཁས་བླངས་པའི་བྱ་བ་ནི་མཐར་འདོན། བྱས་སྟབས་དང་ལག་རྗེས་ནི་རླབས་ཆེ། དགེ་བ་དང་མི་དགེ་བ་གཉིས་གང་བདེན་ཆ་མེད་པའི་ས་ཕྱོགས་དེར་གདུལ་བྱ་དེ་ལྟ་བུ་དགོངས་ནས་ཁ་བ་ཅན་གྱི་རི་རྒྱུད་ཕྱུག་ཕྲུག་གི་ཡང་སྙིང༌། འབྲི་དམ་པ་ཆོས་ཀྱིས་ཕྱུག་པ། སེར་སྐྱའི་གཞི་ལྟ་བུ། རྨེ་མདོར་གྱི་ལུང་པ། རྨེ་ཤོང་གི་སྟག་ངོས་སབ་ཁང་དེར། དེ་ཡང་སྤྱིར་ཆོ་རིགས་ཕུན་སུམ་ཚོགས་པ་ལགས་མོད་ཀྱང༌། ཐུབ་པ་ཆེན་པོའི་བསྟན་པ་ནི། རིགས་གཙོ་བོ་མ་ཡིན། རུས་གཙོ་བོ་མ་ཡིན་པ་ལ་དགོངས་ནས། ཡབ་འཕན་ཐོག་ཨ་ཐར་བྱ་བ་དང༌། ཡུམ་ཁུ་འཛུ་ཨ་ལྕམ་བྱ་བའི་སྲས་སུ་སྐུ་འཁྲུངས་སོ། །སྐུ་ཆུང་ངུའི་དུས་ནས་མངོན་པར་ཤེས་པ་མངའ་བ་ལ། ཡུམ་གྱིས་ཆུང་སྙམ་ནས། སྤྱན་སྔར་ཆུ་བཙགས་པས། མ་དང་བུ་ལ་ངོ་ཚ་མི་ཤེས་པ་དགོངས་ནས་ཐུགས་ཀྱིས་ཁྲེལ་བས། མ་ཞིང་དག་པས་མངོན་ཤེས་ཞག་བདུན་འགྲིབས་གསུངས། བླ་མ་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས། ཁོ་ བོའི་ཡབ་ནི་མི་ཤིན་ཏུ་ནག་པ། སྡིག་པ་ལ་དགའ་བ། ཉེས་སྤྱོད་ལ་འཇུག་པ། ངན་པ་ཞིག་ཡིན་ཏེ། ཁོ་བོ་དེ་འདྲའི་བུར་སྐྱེས་གསུང་བར་གདའ་སྐད། དེ་ཡང་ཡབ་ཡུམ་ཤིན་ཏུ་དབུལ་པོར་བཞུགས་ཤིང༌། འཚོ་བ་རྣམ་པར་མ་དག་པ་ལ་ལོངས་སྤྱོད་ཀྱང༌། ཇི་ལྟར་པད་མ་ལ་ཆུས་མ་གོས་པ་བཞིན་དུ་དགུང་ལོ་དགུ་ལོན་ཙ་ན། འཕགས་པ་རང་སངས་རྒྱས་ཀྱི་སྤྲུལ་པ། མཁན་པོ་ཡན་ཐུབ་ཀྱི་བུ་ཚུལ་ཁྲིམས་ལས་རབ་ཏུ་གཤེགས་ནས། མཚན་ཡང་རྡོ་རྗེ་རྒྱལ་པོ་བྱ་བར་བཏགས། མཁན་པོ་བའི་གནས་ན་གྱང་ཐུང་ཞིག་ཡོད་པ་ལ། མཁན་པོ་བ་བཞུད་པའི་དུས་སུ། གཉེན་པོ་ཡེ་ཤེས་སོང་ཟིན། ཉོན་མོངས་པ་མགོ་ཁྱོགས་གསུངས་ནས། གྱང་ཐུང་ལ་སྐུ་ཕྱམ་བཀལ་ནས་འགོང་མཛད་པར་གདའ། མཁན་པོ་བྱོན་པ་དང༌། གཉེན་པོ་ཡེ་ཤེས་བྱོན་འདུག ཉོན་མོངས་པ་མགོ་ནོན་གསུངས་ནས། ན་བཟའ་དང་སྐུ་ཐང་གསོལ་ནས། དཀྱིལ་ཀྲུང་མཛད་ནས་བཞུགས་པ་ཡིན་པར་གདའ། ཁོ་བོས་དེའི་དུས་ནས་སྤང་བྱ་དང་གཉེན་པོ་ངོ་ཤེས་པ་ཡིན་གསུངས། མཁན་པོ་བའི་གནས་དེ་རྨེ་ཤོད་བྱ་ཁྱི་ལྷ་ཁང་བྱ་བ། དེ་ནས་ལྷོ་ན་ཉི་མ་ལྔ་ཙམ་གྱི་ས་ན་འབྱི་ཁུ་ཡོར་བྱ་བ་མཁན་པོ་བའི་གནས་ཤིག་ཡོད། དེ་ན་ཚུར་མཁན་པོ་བ་བྱོན། བདེ་བར་གཤེགས་པ་ཡང་མཁན་པོ་བའི་ཕྱི་ལ་བྱོན་ནས་གནས་དེར་བཞུགས། མཁན་པོ་བའི་ཞབས་ཏོག་གསོལ་ཞིབ་འཐག་པ་དང༌། ཆབ་གདན་འདྲེན་པ་མཛད་པར་གདའ། མཁན་པོ་བའི་འདུག་གནས་སུ་མཁན་པོ་བའི་རྒྱབ་ཡོལ་ཞིག་ལྷ་བཟོ་མཁས་པ་ཞིག་གིས་རི་མོ་བྲིས་པ་ལ། བདེ་བར་གཤེགས་པའི་ཞལ་ནས། ཕྱེད་དེ་ང་རང་བྲི། ཕྱེད་དེ་ཁྱོད་རང་བྲིས་གསུངས་ནས་བར་དུ་ཡོལ་བ་ཞིག་བཏང་ནས། ཁྱོད་ཀྱང་ངའི་རི་མོ་ལ་མ་ལྟ། ང་ཡང་ཁྱོད་ཀྱི་རི་མོ་ལ་མི་ལྟ་གསུངས་ནས་བྲིས་པས། ཚར་བའི་དུས་སུ་པར་གཅིག་ལ་བླངས་པ་འདྲ་བ་ཞིག་བྱུང་བར་གདའ། སུས་སློབ་པ་ལ་སྐུལ་བ་མེད་ཀྱང༌། ཡི་གེ་སློབ་པ་ལ་མཁན་པོ་བའི་གསོལ་ཞིབ་འཐག་པའི་གྱང་ལོགས་ལ་སློབ་ཡིག་བརླན་ནས་སློབ་པར་མཛད་པ་དང༌། ཆབ་གདན་འདྲེན་པའི་ལག་ཏུ་བླངས་ནས་སློབ་པར་མཛད་པ་དང༌། མཁན་པོ་བའི་གསོལ་ཞིབ་ཀྱི་ཞིང་གཅིག་བྱེད་པ་ལ་སྐུ་རྒྱབ་ཏུ་རྡོ་བ་བསྣམས་ནས་ཕྱོགས་གཅིག་ཏུ་སྤུངས་པ་ལ་ཕུང་པོ་གཟིམས་གུར་ཙམ་ཞིག་ཡོད། དབུས་ནས་ཡོང་བའི་སྒོམ་ཆེན་པ་རྣམས་ཀྱིས་དེ་ལ་ཕྱག་དང་སྐོར་བ་བྱེད་པ་ལགས་པར་གདའ། ཡོན་བདག་པ་རྣམས་ཀྱིས་ཞོ་བསྡད་ཆང་བསྡད་ལ་རྡོ་རེ་བླངས་ནས་བྱིན་བརླབས་བྱས་པས་ཕན་པར་གདའ། དེ་ནས་འབུ་རིང་རྒྱལ་འབར་ལས་ཁམས་གསུམ་ས་དགུ་གསན། དེ་ཡང་ཐོས་པ་དང་བསམ་པ་ལ་སོགས་པ་རབ་ཏུ་བྱུང་བ་རྣམས་ཀྱི་ལས་དང༌། དཀར་པོའི་ཕྱོགས་ལ་མ་འགགས་ཤིང་སྟོབས་འཕེལ་བར་མཛད་ནས། དགུང་ལོ་བཅོ་བརྒྱད་ལ་ཡོན་ཏན་རིན་པོ་ཆེ་གཞོན་པའི་དུས་སུ་བསླབ་པར་བྱ་བ་དང༌། ཡོན་ཏན་རིན་པོ་ཆེ་དེ་ཡང༌། ཡོན་ཏན་གྱི་འབྱུང་ཁུངས་སྔོན་གྱི་བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོའི་གདན་ས། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་དགེ་བའི་བཤེས་གཉེན་ཡུལ་དབུས་གཙང་གི་རྒྱལ་ཁམས་ན་ཡོད་པ་བསྟན་པའི་ཕྱིར། དབུས་སུ་བྱོན། སོག་ན་ཡར་བྱོན་ཙ་ན། སོག་གི་དགེ་བསྙེན་ཆེན་པོ་དེས་བཀག་པས། རྗེ་བཙུན་ཁྲོ་རྒྱལ་གྱི་སྐུ་མཐེ་བོང་ཙམ་ཞིག་མདུན་གྱི་ནམ་མཁའ་ལ་བྱོན་པས། སྤྲིན་དེངས་པ་བཞིན་སོང༌། དེའི་ཉིན་པར་ནས་ཁོ་བོས་རྗེ་བཙུན་མི་གཡོ་བ་ལ་ཐུགས་དམ་མཛད་པ་ཡིན་གསུངས། སྐྱིད་ཤོད་དུ་བྱོན། སྟོད་ལུང་རྒྱ་དམར་གྱི་སར་ཆིབས་སྒ་ཕོག་ནས་དེར་བཞུགས་པ་ལགས་པར་གདའ། དེ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཤིང༌། སྔོན་སྦྱངས་པའི་ལས་འཕྲོ་ཅན་བསགས་པ་རབ་ཏུ་གྱུར་པ། བསོད་ནམས་ཀྱི་ཚོགས་ཀྱི་མཐུ་ཆེན་པོ་དང་ལྡན་པ་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱེད་པའི་སྟོབས་ཡོད་པ། ཕ་བཟང་གི་བུ། རྣོ་ལྕགས་ཀྱི་རྦ། ཆེ་བའི་བདག་ཉིད་ཅན་རྣམས་ཀྱི་ནང་ནས། ཁྱུ་མ་འཁྱར་ན་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་རིན་པོ་ཆེ་འགྲུབ་པ་ལ་ཚེགས་མེད་པར་བསྟན་པར་བྱ་བའི་ཕྱིར། ཕྱག་ན་དར་ཡུག་བཅོ་བརྒྱད་མངའ་བ་ལ། གཅིག་ཀྱང་མ་ལུས་པ་ཁམས་པ་མདོ་སྟོད་སྨད་ཀྱི་གནས་པོ་དང༌། གྲོགས་པོ་དང༌། བླ་མ་དང༌། སློབ་དཔོན་རྣམས་ལ་རྣམ་གཞག་ཏུ་མཛད་པ་ལགས་སོ། །དེ་ཡང་ཐོས་པ་དང་བསམ་པས་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ལ་སྒྲོ་འདོགས་གཅོད་པ་དགོས་པ་དང༌། སྐྱེས་བུ་ཡ་རབས་ཐམས་ཅད་ཀྱི་མཛད་པ་རིག་པའི་གནས་ཀྱིས་རབ་ཏུ་བརྒྱན་པ་ཡིན་པར་བསྟན་པ་དང༌། ཕྱི་དང་ནང་གི་སྒྲོ་འདོགས་གཅོད་པ་ལ་སངས་རྒྱས་གཉིས་པ་ལྟ་བུའི་པཎྜི་ཏ་གྲུབ་པ་ཐོབ་པ་རྣམས་ཀྱིས་དགོངས་པ་བསྟན་བཅོས་རྩོམ་པ་པོ་རྣམས་ཀྱི་བསྟན་བཅོས་ལ། ཐོས་པ་དང་བསམ་པ་གལ་ཆེ་བར་བསྟན་པའི་ཕྱིར། ཡོངས་ཀྱི་དགེ་བའི་བཤེས་གཉེན་སློབ་དཔོན་སྟོད་ལུང་པ་ལས་ཕ་རོལ་ཏུ་ཕྱིན་པ་དང་ཚད་མ་དང་ཆོས་མ་ལུས་པ་གསན། དགེ་བའི་བཤེས་གཉེན་ཨར་ལས་ཕར་ཕྱིན་གྱི་ཆོས་མ་ལུས་པ་གསན། དགེ་བའི་བཤེས་གཉེན་བྱ་འདུལ་བ་འཛིན་པས་མཁན་པོ་མཛད། དགེ་བའི་བཤེས་གཉེན་སྟོད་ལུང་པས་སློབ་དཔོན་མཛད། དགེ་བའི་བཤེས་གཉེན་ཨར་གྱིས་གསང་སྟེ་བ་མཛད་ནས་དགེ་སློང་མཛད། དགེ་བའི་བཤེས་གཉེན་ཕྱ་གཡོར་གཉིས་ལས་ཆོས་མང་དུ་གསན། ཉང་བྲན་ཆོས་ཡེ་ལས་གཅོད་ཆོས་གསན། བླ་མ་བུར་ལོ་རས་ལས་གདམས་ངག་མ་ལུས་པ་གསན། དེ་ནས་རྗེ་ས་སྐྱ་པའི་སྤྱན་སྔར་བྱོན། རྒྱུད་གསུམ་གདམས་ངག་དང་བཅས་པ་ཆོས་ཐམས་ཅད་མ་ལུས་པར་གསན་ནས་མཁྱེན་པར་མཛད། ལམ་འབྲས་ལ་ཡིག་སྣ་ལེགས་པ་ཞིག་མཛད་ནས། རྗེ་ས་སྐྱ་པ་མཉེས་སུ་རེ་ནས་གཟིགས་སུ་ཕུལ་བས། དགེ་བཤེས་ཁམས་པ་ཁྱོད་ཀྱིས་ངའི་ཇོ་སྲས་འདི་ཚོའི་སྐེ་གཅུ་བ་ཨེ་ཡིན་ཟེར། དེ་ནས་སུ་ལ་ཡང་མ་བསྟན། རྗེ་ས་སྐྱ་པ་ལ་ཁོ་བོ་ལ་སྒོམ་འདི་འདྲ་བ་ཞིག་ཡོད་ཞུས་པས། བཅོས་མིན་སེམས་ཀྱི་ངོ་བོ་མཐོང༌། །གཉུག་མ་སེམས་ཀྱི་རང་སྒོ་ཟད། །ཉམས་བདེ་སྟོང་གཉིས་ལ་རྒྱུན་ཆད་མེད།། དགེ་བཤེས་ཁམས་པ་འདི་ཡི་དུས་སུ་ཤེས་པའི་སྤུས་ཀ་ཐམས་ཅད་ཐོན་པ་ཡིན། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་གསུངས་ནས་མཐོང་ལམ་དུ་ངོ་སྤྲད། ཡང་དུས་གཅིག་གི་ཚེ། རྗེ་ས་སྐྱ་པའི་ཇོ་སྲས་ལོ་བཅུ་གཅིག་ལོན་པ་ཞིག་ལ། རྗེ་བཙུན་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་པུས་བཙུགས་ཀྱི་མངོན་རྟོགས་ཤིག་གསན་པ་ལ། ཇོ་སྲས་ན་བཟའི་ཐུ་བར་བཞུགས་སུ་བཅོལ་ནས་ཆོས་ཞུས་པ་ལ། ཉམ་མི་ང་བར་བཤད་པ་ལགས་པར་གདའ། དེ་ལ་མཉེས་ནས་རིགས་ཀྱི་བུ་ཡང་དགོས་པར་སྣང་གསུང་སྐད། དོན་གྱི་སྙིང་པོ་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེའི་ཐེག་པ་ལ་རྒྱུད་སྡེ་རིན་པོ་ཆེའི་མངའ་བདག་ཏུ་གྱུར་པ་རྣམས་ལ་ཐོས་པ་དང་བསམ་པ་མཐར་ཐུག་པར་མཛད་ཅིང༌། རྡོ་རྗེ་ཐེག་པའི་མངའ་བདག་ཏུ་གྱུར་པར་བཞུགས་པ་ལགས་སོ། །དེ་ནས་བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོ་ཆེན་པོ་ལྟ་བུ་ལ་སྙིང་པོར་གྱུར་པ། དོན་དུ་གཉེར་བྱ་འོ་མའི་ཐིགས་པ་གཅིག་པ་ལྟ་བུ། རྣལ་འབྱོར་གྱི་དབང་ཕྱུག་ཉམས་མྱོང་དང་རྟོགས་པ་ཅན་རྣམས་ལ་ཡོད་པར་དགོངས་ཤིང༌། དེ་བཞིན་དུ་བསྟན་པར་བྱ་བའི་ཆེད་དུ། གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་རྒ་ལོ་ལས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་མང་པོ་དང༌། ཡེ་ཤེས་མགོན་པོའི་སྒྲུབ་ཐབས་གསན་པ་དང༌། དམ་པ་རྒྱ་གར་ལས་ཉང་རོ་རྩིབས་ཀྱི་ལྷ་ཁང་དུ་རྨི་ལམ་དུ་ཞི་བྱེད་གསན་པ་དང༌། བླ་མ་འཇིམ་ལོ་ཙཱ་ལས་ཨུཥྞི་ཥ་འཇིམ་ལུགས་གསན་པ་དང༌། གཞན་ཡང་ཆོས་མང་དུ་གསན་པ་དང༌། བླ་མ་ཨ་སེང་ལས་ཆོས་མང་དུ་གསན་པ་དང༌། དམར་སྒང་བུ་ཁ་པ་ལས་གདམས་ངག་མང་དུ་གསན། བླ་མ་བྲག་དཀར་བ་ལས་ཆོས་མང་དུ་གསན། ངུར་སྨྲིག་པ་ནང་ཞིག་ནས་འཁྲུག་པ་བྱས་པས་དམྱལ་བར་འགྲོ་བར་དགོངས་ནས་རྟེན་འབྲེལ་གྱིས་བསྡུམས་པ་དང༌། དེ་ནས་ལ་སྟོད་དགོན་དཀར་བའི་སྤྱན་སྔར་བྱོན་ནས་ཕ་རོལ་ཏུ་ཕྱིན་པ་དང་ཆོས་མ་ལུས་པ་གསན། ཉིན་གཅིག་ཆོས་གསན་ཅིང་ཡོད་པ་ལ། དེའི་ཕ་ཏ་ན་གྲོང་ཆད་པོ་གཅིག་ཡོད་པ་ན། རྗེ་བཙུན་མི་ལ་བྱོན་ནས་མགུར་མཛད་པས། གསུང་ཙེར་གྱིས་སྙན་དུ་བྱོན་པ་དང༌། ཤིན་ཏུ་དད་པར་བྱུང་ནས་ཀོག་གིས་བཞེངས་ཙམ་ན། བླ་མ་ལ་སྟོད་དགོན་དཀར་བའི་ཞལ་ནས། དགེས་བཤེས་ཁམས་པ་རྣལ་འབྱོར་པ་སུ་ཐོད་ཐོད་ཀྱི་སར་འགྲོ་བ་མིན། བཞུགས་ལ་ཆོས་ཉོན་གསུངས། དེ་ནས་བཞུད་པ་མ་བྱུང་གསུང་ནི་གསན། ཞལ་ནི་མ་མཇལ་བ་ལགས་པར་གདའ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལས་ཆོས་མ་ལུས་པ་གསན། ཉང་སྒོམ་རྒད་པོ་ལས་ཁ་རག་སྐོར་གསུམ་གསན། སློབ་དཔོན་དཀོན་མཆོག་སྐྱབས་ལས་ཆུ་སྦྱིན་གསན། དབུས་གཙང་གཉིས་ཀྱི་མཁས་པ་བཙུན་པ་གྲུབ་པ་ཐོབ་པ་ཐམས་ཅད་ལ་མ་གཏུགས་པ་མེད་པར་གདའ། ལུང་དང་རིགས་པའི་དབང་ཕྱུག་ཏུ་བཞུགས་པ་ལགས་སོ། །ཇོ་མོ་ལྷ་རྗེ་མས་དབུ་མཛད་པའི་སྒོམ་མའི་སློབ་དཔོན་ཡང་བཅུ་གསུམ་བཞུགས། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ནོར་བཟང་ལྟར་ཕ་ཇོ་མ་ཇོ་དང་ཡོན་ཏན་ཅན་རྣམས་ལ་གདམ་ང་མེད་པར། བླ་མ་བཟང་ངན་མེད་པ་ཐམས་ཅད་ལ་གདམས་ངག་ཞུས་པས་གདམས་ངག་གི་དཔེ་བེའུ་བུམ་དཔལ་གྱི་ཕག་མོ་གྲུ་ནས། དཔལ་གྱི་ཆུ་བོ་རིར་སྦྲེང་ཀྱང་མི་ཟད་པར་མངའ་བར་གྲགས་པ་ལགས་སོ། །དེ་ནས་མཁན་པོ་ཞང་གིས་དབུས་སུ་གདན་དྲངས་ནས། བླ་མ་དམར་དང༌། སློབ་དཔོན་སྒོམ་ཆོས་དང༌། དགེ་བའི་བཤེས་གཉེན་རྒྱ་བ་རི་བ་དང༌། དགེ་བཤེས་པདྨ་དང༌། སློབ་དཔོན་ཉག་མོ་པ་དང༌། སློབ་དཔོན་བྱ་ཡུལ་བ་དང༌། དེ་རྣམས་ལས་ཆོས་མང་དུ་གསན། ཞོགས་ཀྱི་སངས་རྒྱས་དམྱལ་ཆུང་གི་སར་བྱོན། བྲག་ཕུག་ཅིག་ན་སྒོམ་མ་འགའ་དང་བཞུགས་ནས་འདུག དེ་ནུབ་དེར་བཞུགས་པས་སྒོམ་མ་གཅིག་ལ་སྔས་བྱས། གཅིག་ལ་སྟན་རྨང་བྱས། གཉིས་ལ་གློ་སྐྱོར་མཛད་ནས། དོ་ནུབ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གྲོས་ཞུའམ། རྗེ་བཙུན་མ་རྣལ་འབྱོར་མ་ལ་གྲོས་ཞུ། རྣལ་འབྱོར་མ་ལ་གྲོས་ཞུ་དགོས་ན་གསུངས་ནས། གཟིམས་ནས་སྔུར་བ་ལྷག་ལྷག་འདུག ཞུ་ནི་རྗེ་བཙུན་མ་ལ་ཞུ་སྟེ། སོང་ནི་གཉིད་དུ་སོང༌། སྒོམ་ཅན་འདིའི་སར་ཁོ་བོ་ལ་སྐུར་པ་མི་ཡོང་ན་རུང་སྟེ་དགོངས་པ་བྱུང་བ་དང༌། སྔུར་བ་ལྷག་ལྷག་པའི་ཁུང་ན་ཚུར་བོས་པ་དང༌། དགེ་བཤེས་ཁམས་པ་རྟོག་པ་དེ་འདྲ་མ་སྐྱེ། ང་ཁྱོད་ཀྱི་བླ་མར་གྱུར་པ་ཡིན། ཁྱོད་ལ་སྐུར་པ་མི་འོང༌། ཁྱོད་ཀྱི་ཕྱི་བཞིན་དུ་མཁའ་འགྲོ་མ་གསེར་གྱི་གཞོང་པ་ཐོགས་པ་བཞི་ཕྱི་བཞིན་དུ་འབྲང་བར་འདུག ཁྱོད་ལ་དགེ་འདུན་གྱི་ཚོགས་རྒྱ་ཆེན་པོ་འདུ་བར་འདུག སྔ་དྲོ་སྐུ་མཚམས་མཛོད། ཕྱི་དྲོ་དགེ་འདུན་ལ་ཆོས་སྟོན། ཟླ་བ་ཡར་ངོ་ལ་ཆོས་སྟོན། མར་ངོ་སྐུ་མཚམས་མཛོད་གསུངས། སློན་དཔོན་སངས་རྒྱས་དམྱལ་ཆུང་ལ་ཐིག་ལེའི་ཁྲིད་དང༌། ཆོས་མ་ལུས་པ་གསན་པ་དང༌། དགེ་བའི་བཤེས་གཉེན་དོན་སྡིངས་པ་ལས་སེམས་བསྐྱེད་དང་ཆོས་མང་དུ་གསན། གཡོར་སྟོད་ན་འཆོས་བྱ་བའི་གྲོང་ཆུང་ཞིག་ཡོད་པ་དེར་བྱོན། བདེ་བར་གཤེགས་པ་བསོད་སྙོམས་པར་བཞུགས་པས། ན་བཟའ་ཡང་བཟང་རྒྱུ་མེད། སྲང་མདོ་དེར་བཞུགས་པས། གྲོང་དེའི་བུ་མོ་འགའ་སྤྱན་སྔར་བྱུང་ནས། བྲོ་དཀྲབས། སྒྲ་བོ་ཆེ་དེ་ཁམས་པའི་དགེ་བཤེས་ཡིན། དོག་ལ་འཚམ་པ་དེ་འཆོས་མོའི་ཤར་མོ་ཡིན། ཟེར་ནས་བྲོ་མང་པོ་དཀྲབས། དེ་ལ་རྗེ་ཕག་མོ་གྲུ་པ་མཉེས་པ་ཡིན་པར་གདའ། མཁན་པོ་རིན་པོ་ཆེ་སྣ་ནམ་གྱི་རྗེ་དཔོན་ཡིན་ཡང༌། གཞི་ཏིག་པ་མི་མངའ་བས། ཐུགས་ཀྱིས་དགོངས་པས། བྱ་སའི་ཇོ་ བོ་ལྷ་ཆེན་འདི། ཡུལ་འདིའི་རྒྱལ་པོ་ལྟ་བུ་ཡིན། ངའི་སློབ་དཔོན་འདི་ཁོང་ལ་བཅོལ་ན་ཇོ་བོ་དང་གསུང་གླེང་འོང༌། ཇོ་བོ་དད་ནས་ཡོན་མཆོད་དུ་འོང༌། ཡོན་མཆོད་དུ་གྱུར་ན། ངེད་དཔོན་སློབ་ལ་དེས་ཆོག་དགོངས་ནས། མི་ཆོས་སུ་མཛད་ནས། བདེ་བར་གཤེགས་པ་གདན་དྲངས་ནས་ཁོ་བོའི་སར་བྱོན། ཇོ་བོ་བ་ལ་ངའི་སློབ་དཔོན་འདི་ཞག་འགའ་བཅོལ་བ་ཡིན་པས། འོ་མ་བརྒྱལ་བ་ཐུགས་ལ་འདོགས་པར་ཞུ་གསུངས། ཇོ་བོ་བས་དགེ་བཤེས་ཞང་དེ་ཙུག་བྱ་གསུངས། བདེ་བར་གཤེགས་པ་སྟེང་ཁང་དུ་བཞུགས་སུ་བཅོལ་ནས་བཞེས་པ་ཡར་བསྐྱལ། ཇོ་བོ་མི་ང་རྒྱལ་ཅན་ཡར་མ་བྱོན། བདེ་བར་གཤེགས་པ་ཐུགས་དམ་མཛད་པས་མར་མ་བྱོན། མཁན་པོ་རིན་པོ་ཆེ་ལན་གཅིག་ཉུལ་ཏུ་བྱོན། ད་དེ་ཡོན་མཆོད་དུ་གྱུར་ནས་ཡོད་དགོངས་ཙ་ན་གསུང་གཅིག་ཀྱང་མ་འདྲེས་པར་འདུག མཁན་པོ་བས་ཁྱོད་བཏེག་པས་མ་ཐེགས་པ་གཅིག་ཡིན། ནག་ཐེ་རེ་ཙམ། ད་སྡོད་ས་མེད་འདོང་གསུངས་ནས་མར་གདན་དྲངས་ནས་བྱོན། ཡོན་བདག་ཟི་རིན་འོད་ཀྱི་སྒོ་རྩར་བྱོན། ཡོན་བདག་ངའི་སློབ་དཔོན་འདི་ཞག་འགའ་བཅོལ་གསུངས་པས། དགེ་བའི་བཤེས་གཉེན་གྱི་སློབ་དཔོན་འདི་འབྲོམ་སྟོན་པ་ཨ་ཏི་ཤ་འདྲ་བ་ཞིག་ཡིན་ཏེ་འོང་ཟེར་ནས། འོང་རིང་པོ་གཅིག་བྱུང༌། མཁན་པོ་བ་ཐུགས་ཤིན་ཏུ་སྲ་བ་ཞིག་ཡིན་ཡང་སྤྱན་ཆབ་ཅིག་བྱོན་ནས། ཡོན་བདག་ངའི་སློབ་དཔོན་འདི་འབྲོམ་སྟོན་པ་ཨ་ཏི་ཤ་བས་མི་བཟང་ཡང་མི་ངན་པ་ཞིག་ཡིན་གསུངས། དེ་ནས་ཡོན་བདག་དེས་ཞབས་ཏོག་ཡུན་རིང་བར་བྱས། དེ་ནས་མཁན་པོ་བས་འོན་གྱི་མཚལ་སྒང་དུ་གདན་དྲངས་ནས་བཞུགས་སུ་གསོལ། མཁན་པོ་བ་ལན་གཅིག་བདེ་བར་གཤེགས་པའི་སྤྱན་སྔར་བྱོན་ཙ་ན། བཞུགས་གདན་ལ་ཁྲེས་པོ་མཛད་དེ་སྐུ་རྒྱབ་ཏུ་བསྣམས་ནས་སྐས་མགོ་ན་མར་བྱོན། ཐུགས་རྒོད་མ་མཛད། གར་བཞུད་པ་ཡིན་གསུངས་པས། ཁོ་བོ་འདིར་མི་འདུག ཡུལ་འདིར་འཁྲུགས་པ་ཡོད་པར་འདུག་གསུངས། མཁན་པོ་བས། དལ་རེས་གྱིས་དང་གསུངས་ནས། མཁན་པོ་སྐས་མགོ་ལ་ཡར་བྱོན་ནས། ཐུགས་རྒོད་འདི་འདྲ་མ་མཛད་གསུངས་ནས། འཁྲུགས་པ་འདི་ཙམ་རེ་མེད་པའི་ཡུལ་གང་ན་ཡང་མེད། སྡེ་འཁྲུགས་ནི་མིན། ཕ་སྤུན་གྱི་འཁྲུགས་པ་ཡིན་ཞུས་པས། སོམ་མེ་བ་ཞིག་མཛད་ནས། འོ་དགེ་བའི་བཤེས་གཉེན་པ་མད་པར་འདུག འཁྲུགས་པ་འདི་ཙམ་རེ་མེད་པའི་ཡུལ་གང་ན་ཡང་མེད། སྡེ་འཁྲུགས་སུ་མི་འདུག དགེ་བའི་བཤེས་གཉེན་པ་མད་པར་འདུག ཁོ་བོས་གསོལ་བ་བཏབ་པས་ཆོག གསུངས་ནས་མཉེས་པ་རབ་ཟད་མཛད་པས། ཆར་གྱི་རྒྱུན་ཆེན་པོ་བབ་པས་འཁྲུགས་པ་རང་ཞི་ལ་སོང༌། ཡང་ལན་གཅིག་པུ་གུ་དོའི་ལྟག་དེ་ན་ཡར་འབྱོན་གྱིན་ཡོད་ཙ་ན། ཕྱི་ན་ཡར་ལ་བཙུན་ཆུང་གཞོན་ནུ་ཞིག་རྟ་ བཟང་པོ་ཞིག་བཞོན་ནས་བང་བཏང་ནས་བྱུང༌། བདེ་བར་གཤེགས་པའི་གཞོགས་དེ་ན་ཡར་བྱོན། བདེ་བར་གཤེགས་པ་ལ་གཅིག་བལྟས། ཡང་གཅིག་བལྟས། ཡང་ཕྱི་མིག་གཅིག་བལྟས་ནས། རྟ་ལ་བཤལ་གྱིས་བབས་ནས་ཕྱག་འཚལ་ནས། ངའི་རྟ་འདི་ལ་ཆིབས་པར་ཞུ་ཟེར་ནས། རྟ་ལ་ཆིབས་སུ་བཅོལ་ནས། ཁོ་རང་གིས་རྟ་ཁ་ཁྲིད་ནས་ཨ་མའི་གོ་ཁར་གདན་དྲངས་ནས་ཆོས་ཞུས། དེ་ལ་ཉང་ཤན་གྲོང་བ་བྱ་བ་ངོ་མཚར་ཅན་ཞིག་བྱོན་པར་གདའ། ཨ་མའི་གོ་ཁར་ཚོགས་པ་བསྐྱངས་པས་གྲྭ་བ་མང་པོ་བྱུང་བར་གདའ། འོན་གྱི་སྦྲང་ཡུལ་མདའ་ན་ཕ་བོང་སྒང་བྱ་བའི་གནས་ཆུང་ཞིག་ཡོད། དེ་ན་དམྱལ་བ་འདུལ་བ་འཛིན་པ་བྱ་བ་ཞིག་ཡོད་པ་དེ་གྲོངས་པས། མཁན་པོ་ལ་མ་ཉེས་པའི་སྐུར་པ་བྱུང་བས། མཁན་པོ་བདེ་བར་གཤེགས་པའི་སྤྱན་སྔར་བྱོན་ནས། སློབ་དཔོན་ང་ལ་མ་ཉེས་པའི་སྐུར་པ་འདི་འདྲ་བྱུང༌། ཅི་བྱ་གསུངས། དགེ་བའི་བཤེས་གཉེན་ཅི་ཡང་མི་སྟོ། གྲྭ་ས་ཆེན་པོ་ཞིག་ཏུ་བྱོན་དང༌། སྐུར་པ་ཡང་དག ཡོན་ཏན་དཔག་ཏུ་མེད་པ་རྒྱུད་ལ་སྐྱེས་གསུངས། དེང་སང་གྲྭ་ས་དྲག་པ་ཅི་འདྲ་ཡོད་དམ་ཞུས་པས། དེང་སང་དྭགས་པོ་སྙི་སྒོམ་བྱ་བ་གྲགས་པ་ཤིན་ཏུ་ཆེ་བར་འདུག་པས། དགེ་བའི་བཤེས་གཉེན་དེར་འབྱོན་པ་ལགས་མོད་གསུངས། སློབ་དཔོན་གྱིས་གྲོགས་བྱེད་ན་ནི་འགྲོ། དེ་མིན་ན་ནི་མི་འགྲོ་ཞུས་པས། དགེ་བའི་ བཤེས་གཉེན་གྱིས་གྲོགས་བྱས་པས་ཆོག ཁོ་བོ་ལ་ནི་སྤྲོས་པ་མ་ཆོད་པ་སྤུའི་རྩེ་མོ་ཙམ་ཡང་མི་བདོག་གསུངས་ནས། དེ་ལྟར་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཅིང༌། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ལ་འགྲན་གྱིས་དོ་ཟླ་དང་བྲལ་བར་གྱུར་ཀྱང༌། མཚན་ཉིད་དང་ལྡན་པའི་བླ་མ་བདེ་བླག་ཏུ་རྙེད་ན་མ་འཁྲུལ་བའི་ཆོས་ཀྱི་མིག་གིས་རྩ་བའི་བླ་མ་དམ་པར་བཟུང་བར་བྱ་བ་དང༌། སློབ་མ་མཚན་ཉིད་དང་ལྡན་པའི་སྐྱོན་དག་པ་དང༌། ཡོན་ཏན་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་གཟིགས་ནས། ཚེགས་ལ་མི་ལྟ་བར་གྲོགས་བྱ་བར་བསྟན་པའི་ཕྱིར། མཁན་པོ་རིན་པོ་ཆེའི་ཞབས་ཏོག་མཛད་ནས། ཁོང་རྣམ་པས་སྤྱང་བརྩིགས་ན་མར་བྱོན། སྤྱང་བརྩིགས་རྒྱ་སྒོམ་མིག་རས་བྱ་བ། རྒྱ་ཕག་མོ་གྲུ་པ་ཡིན། སྤྱང་བརྩིགས་པའི་རྙེད་བྱེད་ཅིང་ཡོད་པ་ཡིན། ཁོང་རྣམ་པས་ཁོའི་སར་བྱོན། རྒྱ་སྒོམ་གྱིས་སྡེར་ཞིག་གི་ནང་དུ་ཇ་ཚུམ་ཞིག་བཅུག་ནས་ཁྱེར་བྱུང༌། གནས་བརྟན་གྱི་ཆབ་ཚ་འདི་དགེ་བའི་བཤེས་གཉེན་པ་དང༌། ཁོ་བོ་གཉིས་ལ་འདྲེན་པ་ཡིན་ནམ། གཞན་འགྲོན་པོ་ཡོད་གསུངས་པས། གཞན་མེད། ཁྱེད་རྣམ་གཉིས་ལ་ཆབ་ཚ་ཞུ་བ་ཡིན་ཟེར་སྐད། དེ་ནས་བདེ་བར་གཤེགས་པའི་ཞལ་ནས། ཆུ་ཁྱེར་ལ་ཤོག སྤྱད་ཁྱེར་ལ་ཤོག གསུངས་ནས་ཁོག་མའི་མཐའ་མཆུ་སྒྱེད་ཀྱིས་བསྐོར་ནས། རླན་མོ་མཛད་ནས་མཁན་པོ་དང༌། ཆོས་ཀྱི་གསུང་གླེང་འབའ་ཞིག་མཛད་པས། རྒྱ་སྒོམ་མིག་རས་དད་ནས། ཕར་ཀ་འདི་ན་དགོན་པ་ཞིག་ཡོད་པ་འབུལ། ཅིས་ཀྱང་ད་སྡོད་འབྱོན་པར་ཞུ་ཞུས་པས། འོ་གནས་བརྟན་གྱི་དགོན་པའི་མིང་ཅི་ཡིན་གསུངས། ཕག་མོ་གྲུ་བྱ་བ་ལགས་ཞུས་པས། གནས་བརྟན་གྱི་དགོན་པའི་མིང་བཟང༌། ཕག་ནི་སྐྱེ་མེད་ཆོས་ཀྱི་སྐུ། གྲུ་ནི་འགྲོ་བ་མ་ལུས་སྒྲོལ། ཁོ་བོས་སེམས་ཅན་ལ་ཕན་ཐོགས་པར་འདུག གནས་བརྟན་གྱི་དགོན་པར་ཁོ་བོ་ཅིས་ཀྱང་འབྱོན་གསུངས། མཁན་པོ་ཞང་གི་ཞལ་ནས། མང་ཡེས་གཉིས་ཀྱི་སོ་མཚམས་ཡིན། དེར་མི་ཟུག་གསུངས། དགེ་བའི་བཤེས་གཉེན་པ། ཁོ་བོས་མང་ཡེས་གཉིས་ཀྱི་སོ་མཚམས་པས། འཁོར་འདས་གཉིས་ཀྱི་སོ་མཚམས་ན་ཟུག་པ་ཡིན་གསུངས། ཕྱི་ནང་གནས་བརྟན་གྱིས་མང་སྨོན་ཚུན་སྐྱེལ་ཐུང་བྱས། དགོན་པ་ཕ་གི་ཡིན་ཟེར་ནས་གཟིགས་སུ་ཕུལ། མཉེས་ནས་ཅིས་ཀྱང་འབྱོན་པ་ཡིན་གསུངས། དེ་ནས་སྒམ་པོར་མང་སྐོལ་ཐོན་པའི་རྗེས་དེར་བྱོན། ཁོང་རྣམ་གཉིས་ལ་མང་སྐོལ་གྲང་མོ་དྲངས་པས། བདེ་བར་གཤེགས་པའི་ཐུགས་དགོངས་ལ། བླ་མ་སངས་རྒྱས་ཀྱི་ཉེ་གནས་ངོ་མཚར་རེ་ཆེ། མི་ཆད་ཆད་པ་ལ་ཇ་གྲང་གྲང་པ་འདྲེན་པ་ངོ་མཚར་ཆེ་དགོངས་པ་དང༌། མཁན་པོ་ཞང་གི་ཐུགས་དགོངས་ལ། རྣལ་འབྱོར་པ་ལ་ཞད་ཡོད་དོ། །མི་སོ་མ་འོང་མ་མྱོང་བ་ལ་ཇ་འདི་འདྲ་སྲོས་ནས་མི་འདྲེན་པ་དགོངས་པ་བྱུང་གསུངས། དེ་ནས་རྗེ་སྒམ་པོ་བའི་སྤྱན་སྔར་མཇལ། ལྷན་ཅིག་སྐྱེས་སྦྱོར་གྱི་སྒོམ་བཏབ་པས། དེ་ལ་རྗེ་ཕག་མོ་གྲུ་པའི་ཐུགས་མ་ཁེངས། དྭགས་པོ་རིན་པོ་ཆེའི་སྒོམ་ཡང་དེར་བེལ། འདི་ནི་ལྷན་ཅིག་སྐྱེས་སྦྱོར་བྱ་བ་བུད་མེད་ཀྱི་བལ་སྐུར་ནང་ཚུན་ཆོད་དུ་འོང་བ་ཡིན། གར་ཐོད་ཐོད་ན་ཡོད་པ་སྙམ་པ་ཞིག་དགོངས། དེ་ཡི་ཉིན་པར་ཐུགས་མ་ཁེངས་པ་ཞིག་སང་སྤྱན་སྔར་ཤོག་གསུངས་ནས་ཁོང་རྣམ་གཉིས་བྱོན། བདེ་གཤེགས་ཀྱི་ཞལ་ནས། ཁོ་བོ་ལ་སྒོམ་འདི་འདྲ་བ་ཞིག་ཡོད། རྗེ་ས་སྐྱ་པ་ལ་ཞུས་པས་མཐོང་ལམ་དུ་ངོ་སྤྲད་པ་ཡིན་བྱས་ནས་སྒམ་པོ་པ་ལ་ཞུས་པས། དགེ་བཤེས་ཁམས་པ་ཁྱོད་ཀྱི་སྒོམ་དེ་བས་ཟན་འདི་ཙམ་ཞིག་དགའ་གསུངས་ནས། ཕྱག་ལ་ཚད་མཛད། སྒོམ་དེ་ཡལ་ནས་ཐལ། ས་སྐྱ་པས་བཏབ་པའི་སྒོམ། རྗེ་སྒམ་པོ་པའི་སྤྱན་སྔར་ཞིག་བྱ་བའི་ཁ་སྐད་ཆེན་པོ་བྱུང་ བས། ས་སྐྱ་པ་མ་མཉེས་པ་ཡིན་པར་སྣང༌། དགེ་བཤེས་ཁམས་པ། ཁར་སང་གི་ལྷན་གཅིག་སྐྱེས་སྦྱོར་བྱ་བ་གར་ཐོད་ཐོད་ན་ཡོད་པ་ཞིག་ཡིན། ཁོ་བོས་དེ་རིང་ཁྱེད་ལ་ཕྱག་རྒྱ་ཆེན་པོའི་སྒོམ་འདེབས་པ་ཡིན་གསུངས། ཕྱག་རྒྱ་ཆེན་པོའི་སྒོམ་བཏབ། བདེ་བར་གཤེགས་པ་དེ་ཉིད་ཐུགས་ཁེངས། སློབ་དཔོན་སྟོད་ལུང་པའི་ཕར་ཚད་གཉིས་དང༌། རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོ་གཉིས་གཅིག་ཏུ་སོང༌། རྨོག་གི་སྤྱི་བོ་བཞིན་དུ་སོང༌། མཁན་པོ་དང་རྣམ་གཉིས་བྲང་ཁང་དུ་བྱོན་པས་ལམ་ཀ་ན་ཚུར་འབྱོན་པ་ལ། བདེ་བར་གཤེགས་པའི་ཞལ་ནས། དགེ་བའི་བཤེས་གཉེན་དེར་མད། དགེ་བའི་བཤེས་གཉེན་དེར་མད། ཁོ་བོས་ནི་སངས་རྒྱས་བཅོམ་ལྡན་འདས་དངོས་སུ་མཐོང་གསུང་སྐད། རྗེ་སྒམ་པོ་བ་ལ་སྒོ་སྲུང་ཞེས་ཤིག་ཡོད་པས། བདེ་བར་གཤེགས་པ་འབྱོན་པའི་དུས་སུ། ཞེས་ཀྱིས་རྨུག་ཏུ་ཡོང་བས། ཕྱག་གཉིས་ཀ་ཐལ་མོ་སྦྱར་ནས་འདུག་སྐད། མི་རྣམས་ཀྱིས་ཁམས་པ་གླེན་པ་ཁྱི་ཕར་བཙོག་པ་ཡིན། ཁྱི་ལ་རྫུ་བག་བྱེད་ས་མེད་ཟེར། ཁོ་བོས་རྗེ་རིན་པོ་ཆེའི་ཞེས་ལ་རྒྱག་གར་ཕོད་གསུངས། ཞེས་ཁྱི་ཡང་དེ་ཕྱིན་ཆད་མི་རྨུག་པ་ཡིན་པར་སྣང༌། མོས་གུས་ཆེ་བའི་ཡང་ཐག་ཆོད། རྗེ་སྒམ་པོ་བའི་ཞལ་ནས། རྗེ་བཙུན་མི་ལའི་ཚིག་བཞི་པ་ཞིག་ཉམས་སུ་བླངས་པས་དུས་དེང་སང་དགེ་བཤེས་ཁམས་པ་འདྲ་བ་ཞབས་དྲུང་དུ་ཚོགས་གསུངས། ནམ་ཚོགས་པའི་དུས་སུ་དགེ་བཤེས་ཁམས་པས་དབུ་མཛད་པ་གསུངས་པས་ཐམས་ཅད་ལ་མ་རན། ན་ནིང་ཕྱིས་ཏེ། སློབ་དཔོན་ལྷ་རྗེ་འདི་ལ་དགེ་བཤེས་ཁམས་པ་མིན་པ་གླེང་རྒྱུ་མི་འདུག་ཟེར། དགེ་བའི་བཤེས་གཉེན་ལྷ་སྡིངས་ཁང་པས་གཙོ་བྱས་པ་མི་ཟེར་བར། དགེ་བཤེས་ཁམས་པ་ཁོ་ན་གསུང་བར་འདུག་ཟེར་སྐད། བདེ་བར་གཤེགས་པ་རྗེ་ས་སྐྱ་པའི་དྲུང་ན་དབང་བསྐུར་ཞུ་བའི་དུས་སུ། སྐུ་སྐྱེད་ན་བུར་རྡོག་བསྣམས་ནས་ཚོགས་གྲལ་དུ་བཞུགས་ནས། ཚོགས་ལ་རོལ་པའི་དུས་སུ་རུང་ཆུ་ལ་བཏབ་ནས་གསོལ་བ་ལགས་པར་གདའ། ས་སྐྱ་པའི་ཞལ་ནས། དགེ་བཤེས་ཁམས་པ་ཁྱོད་ཀྱིས་དཔའ་བོ་མཁའ་འགྲོ་དང་ངའི་བར་དུ་དབྱེན་བྱེད་པར་འདུག་གསུངས། དེ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སངས་རྒྱས་ཀྱི་བསྟན་པའི་རྨང་རྡོ་ཡིན་པ་དང༌། གདམས་ངག་དང་རྗེས་སུ་བསྟན་པ་རྣམས་ཉམས་སུ་ལེན་པ་རྣམས་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་དང་བྲལ་བའི་གདམས་ངག་གིས་ཡོན་ཏན་སྐྱེད་པར་མི་ནུས་ཏེ། ཕུབ་མ་བརྡུངས་པ་དང་ཁྱད་མེད་པར་དགོངས་ཤིང་བསྟན་པའི་ཕྱིར། རྗེ་ས་སྐྱ་པ་ཆེན་པོས་དབང་བསྐུར་བའི་དུས་སུ། ཚོགས་ཀྱི་འཁོར་ལོའི་ཆང་ལྗགས་ལ་མ་བསྟར་ཅིང༌། བུ་རམ་ལ་རུང་ཆུ་བཏབ་ནས་གསོལ་བ་དང༌། གདམས་ངག་རྣམས་ཀྱི་རང་སྤྱོད་ཐ་དད་པ་རྣམས་ལ་གང་གིས་ཀྱང་གཡོ་བ་མེད་པ། རྡོ་རྗེའི་རི་ལྟ་བུར་བཞུགས་པ་ལགས་སོ། །དེ་ལྟར་བྱས་པས་སྐུ་བཙུན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པས། རྗེ་སྒམ་པོ་པ་རྗེ་བཙུན་མི་ལའི་ཞལ་སློབ་ཏུ་སོང་བས། དགོང་མོ་བདུད་རྩི་སྦ་ཕོར་རེ་གསོལ་བ་ཡིན་པར་གདའ། དེ་གསོལ་བའི་དུས་སུ་དགེ་བཤེས་ཁམས་པ་ཨེ་འབྱོན་ལྟོས་ཤིག་གསུངས་ནས། སྒོ་དྲུང་སུམ་རིམ་འཇོག་པ་ཡིན་པར་གདའ། ཉིན་གཅིག་གསོལ་ཞལ་སྦ་ཕོགས་གང་ཕྱག་ན་བསྣམས་ནས་ཡོད་པ་ལ། བདེ་བར་གཤེགས་པ་ཤད་ཀྱིས་བྱོན་པ་དང༌། བྲེད་པ་ལྟར་མཛད་ནས། དགེ་བཤེས་ཁམས་པ་འདི་རེ་འདི་རེ་གསུངས་ནས། གསོལ་ཞལ་གང་པོ་དེ་གནང་བས་ཐང་ལ་མ་བཞུགས་པར་ཞབས་གཉིས་ཀྱང་བགྲད་ནས་གསོལ་བས། མཁན་པོ་རིན་པོ་ཆེ་སྤྱན་སྔར་ཡོད་པས། སློབ་དཔོན་ཁམས་པའི་བཙུན་ཚུགས་དེ་ལ་དེ་རིང་སོང་རྒྱུ་ཞིག་ཡིན་གསུངས་པས། བདེ་བར་གཤེགས་པའི་ཞལ་ནས། རྗེ་རིན་པོ་ཆེ་ཉིད་ཀྱི་ཞལ་ཟས་ཀྱི་བདུད་རྩི་དེ་རིང་མྱོང་བ་ལགས་པར་གདའ། མོས་གུས་ཆེ་བའི་ཐག་དེས་ཆོད། རྗེ་སྒམ་པོ་པ་ལ་གསོལ་ཇ་བས་གསོལ་ཇ་འདྲེན་པའི་དུས་སུ། གསོལ་ལྷག་གསོལ་སྐྱན་གྱི་ནང་དུ་བླུགས་ནས། སྤྱན་སྔར་ཡོད་པའི་མི་ཆེན་པོ་རྣམས་ལ་དྲངས་པས། མཁན་པོ་ཞང་གི་ཐུགས་དགོངས་ལ། རྣལ་འབྱོར་པ་ལ་ཞད་ཡོད། འབགས་བཙོག་རེ་ཡང་མི་ཤེས་སྙམ་པ་དང༌། བདེ་བར་གཤེགས་པའི་ཐུགས་དགོངས་ལ། ཐེག་པ་ཆེན་པོའི་གསང་སྔགས་སུ་དངོས་གྲུབ་བགོ་བཤའ་བྱ་གསུང་བ་དེ་འདིར་དགོངས་པ་བྱུང་གསུངས། ཡང་ཉིན་གཅིག་བདེ་བར་གཤེགས་པ། རྗེ་སྒམ་པོ་བ་ལ་ཞུ་བ་གང་བྱེད་ཀྱང་སྐུ་སྐྱེད་ནས་མཎྜལ་ཞིག་བསྣམས་ནས། དེ་ཕུལ་ནས་ཞུ་བ་ལགས་པར་གདའ། ཉིན་གཅིག་མཎྜལ་ཕུལ་ནས། ཁོ་བོ་བླ་མ་རིན་པོ་ཆེ་ལ་ཞུ་རྒྱུ་ཞིག་ཡོད་ཞུས་པས། དགེ་བཤེས་ཁམས་པ་ཅི་འདོད་པ་ཞུས་གསུངས། ཟླ་བ་གཅིག་ལ་རབ་གནས་ཁ་གསུམ་དུ་མཛད་གསུང་བ་དེ་བདེན་ནམ་ཞུས་པས། དེ་ལོས་བདེན། དེ་ལ་ཚེགས་ཅི་ཡོད། རྟོག་པ་ཁ་གསུམ་དུ་གཏད་པས་ཆོག་པ་ཡིན་གསུངས། དེ་མི་དགོས་སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་བརྒྱ་བརྒྱ་འགྱེད་ནུས་པ་ཡིན་གསུངས། དགེ་བཤེས་ཁམས་པ་དེ་ལ་མཚར་རྒྱུ་ཅི་ཡོད་གསུངས། དེ་སྔོན་ཆད་གསུང་ལ་ཟིན་རིས་བྱེད་ཅིང་ཡོད་པ། ཟིན་རིས་ཀྱི་མཐའ་ཆོད་པར་མི་གདའ། བླ་མ་འདི་ལ་མོས་གུས་བྱེད་དགོས་པར་དགོངས་ནས། དེ་ཕྱིན་ཆད་ཟིན་བྲིས་ཀྱི་འཕྲོ་ཆད། ཐུགས་དམ་འབའ་ཞིག་ཏུ་མཛད་དོ།། བདེ་བར་གཤེགས་པ་དང༌། རིན་པོ་ཆེ་མཚུར་ཕུ་བ་དང༌། གསལ་སྟོང་ཤོ་རེ་དང་གསུམ་སྤྱིལ་པོ་གཅིག་ཏུ་བཞུགས་པ་ལ། གསལ་སྟོང་ཤོ་རེ་དུས་རྒྱུན་དུ་ཆང་གསོལ་དགོས་པར་གདའ། སློབ་དཔོན་སྒོམ་པས་ཆང་གི་བཅའ་ཁྲིམས་མཛད་པས་ལས་པ་ཁོང་རྣམ་གསུམ་ཅན་དུ་འོངས་པས། བདེ་བར་གཤེགས་པས་མཁྱེན་ནས། གསལ་སྟོང་གི་ཆང་གསོལ་རྒྱུ་བུམ་པ་ཡོད་པ་ཁོང་རང་ལ་སྦེད་ས་གཅིག་ཡོད་པ་དེར་སྦས་ནས་བཞག ལས་པ་རྣམས་ཀྱིས་ཁོང་རྣམ་པའི་ཁོག་མ་དང་སྣོད་ཚོ་བཅག ཆང་སྦས་པ་དེ་མ་རྙེད། གསལ་སྟོང་བྱུང་བས་ཁམས་པ་ཚོའི་ཞབས་འདྲེན་བྱས། ཁྱད་པར་དུ་ཁྱེད་རྣམ་གཉིས་ཀྱི་ཞབས་འདྲེན་བྱས། ད་ང་རང་འགྲོ་བ་ཡིན། དོ་ནུབ་ཀྱི་འཐུང་རྒྱུ་གཅིག་ཀྱང་མ་ལུས་ཟེར། བདེ་བར་གཤེགས་པའི་ཞལ་ནས། ཁྱོད་རང་གི་སྦེད་ས་དེ་ན་དོ་ནུབ་འཐུང་རྒྱུ་ཡོད་ཟེར། ཐུགས་ལ་བཏགས་ཐུགས་ལ་བཏགས་ཟེར་ནས་ཁོ་དགའ། ཕྱིས་ཁོ་འགྲོ་ཟེར། ཁྱོད་གཅིག་པུ་སོང་བས་གར་ཕན། ཐེལ་འདི་ན་ཁམས་པ་མི་གསུམ་དུ་གྲགས་པ་ཡིན། ཁྱོད་ཀྱིས་ལན་ན་ཡང་གསུམ་ག་འགྲོ་དགོས་གསུངས་ནས། ཁྲེས་པོ་བྱས་ནས་གསུམ་ག་མར་བྱོན། རྗེ་སྒམ་པོ་པ་ཡང་དགོན་སྟེང་ན་བཞུགས་པས། ཁྲེས་པོ་ཁུར་བ་གསུམ་སོང་བ་སུ་ཡིན་གསུངས། ཁམས་པ་མི་གསུམ་ཡིན་ཞུས་པས། གར་འགྲོ་བ་ཡིན་གསུངས། གསལ་སྟོང་གིས་ཆང་གི་བཅའ་ཁྲིམས་ལས་འགལ་བ་བྱས་པས། ཁོང་ལས་པ་ཚོས་སྣོད་རྣམས་བཅག་པས་ཀོ་ལོང་བྱས་ནས་འགྲོ་བ་ཡིན་ཞུས་པས། ཁོ་བོ་ནི་ཁོང་གསུམ་སྐྱོང་བ་ཡིན། ཁོ་བོ་ཡང་གཟིམ་ཆས་སྒྲོགས་ཤིག་གསུངས་ནས་མར་བྱོན་པས། དེར་ཐམས་ཅད་ཀྱིས་སྒམ་པོ་པ་ལ་ཞུ་བ་ཕུལ། ཁོང་རྣམ་པ་གསུམ་ལ་བཟོད་གསོལ་མཛད། ཁོང་རྣམ་གསུམ་ཞལ་དམ་རེ་མཛད་པ་ལ། བདེ་བར་གཤེགས་པས། ནགས་ཚལ་ཞིག་ཏུ་རས་པ་ལྔ་བརྒྱས་སྐོར་བ་ཞིག་བྱེད་པ་ཡིན་གསུངས། རིན་པོ་ཆེའི་ཚུར་ཕུ་བས་རིན་པོ་ཆེ་བྱོན་ཙ་ན་སྣང་བ་ཐམས་ཅད་འུར་བ་ཞིག་བྱེད་པ་ཡིན་གསུངས། གསལ་སྟོང་གི་གྲོང་ལྟག་ཅིག་ན། དགོན་ཆུང་ཞིག་བྱེད་ནས། ཡ་ཀི་ན་སློོབ་དཔོན་པ་བཞུགས་པ་ཡིན་ཟེར་ནས། སྒོམ་མ་སྦྱིན་པ་ཚོ་ཚེགས་ཆེ་བས་ཆང་བན་ཐང་ཁུར་བ་ཞིག་བྱེད་པ་ཡིན་གསུངས། ཁོང་རྣམ་པ་གསུམ་གྱིས་ཞལ་གདམས་ཐོག་ཏུ་སོང་བ་ཡིན་པར་གདའ། རྗེ་སྒམ་པོ་བའི་སྤྱན་སྔར་ཞུ་བ་ཚིག་གསུམ་གྱིས་རང་བྱུང་གི་ཡེ་ཤེས་ཐུགས་ལ་ཤར་ནས། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་ཐག་ཀྱང་དེར་ཆོད། གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་ཕྱི་ཤུན་དང་སྦུན་པར་སོང༌། བླ་མ་བཙལ་སེམས་ཀྱི་སྤྲོས་པ་ཡང་དེར་ཆོད། གདམས་ངག་བཙལ་སེམས་ཀྱི་རེ་འདོད་ཀྱང་དེར་ཞི། བླ་མ་ལ་སངས་རྒྱས་སུ་ཡང་དེར་མཐོང༌། བྱ་བྱེད་ཀྱི་སྤྲོས་པ་ཡང་དེར་ཆོད་པ་ལགས་ཏེ། དེ་ལྟར་ཡང༌། ཉམས་མྱོང་ལ་ཞེན་པ་མ་མཆིས་ན། །དཔེ་ཆ་ལ་ཆགས་པ་ག་ལ་མཆིས། །ཇི་སྙེད་ཀྱི་གྲོང་ཁྱེར་མ་ཟད་ན། །བཟའ་རྒྱུ་ལ་ཟད་པ་མ་མཆིས་པས། །ལྟོགས་ཀྱིས་དོགས་པ་ག་ལ་ཡོད། །འཆི་ས་བརླ་སྒང་འདྲ་བ་ལ། །ཡུལ་ཕྱོགས་ལ་དམིགས་པ་ག་ལ་ཡོད། །ཅེས་པ་དང༌། དཔོན་སློབ་ཀྱི་རྟེན་འབྲེལ་འཛོམ་ན། བསྟེན་ཡུན་རིང་ཐུང་མེད་པར་ཡོན་ཏན་གང་བྱོའི་ཚུལ་དུ་འོང་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། རྗེ་སྒམ་པོ་པ་ལ་ལོ་གཉིས་བསྟེན་ནས། དེ་ནས་ཡར་བྱོན། འོན་གྱི་སྤང་ཆུང་དུ་དགོན་པ་བཏབ་ནས་དེར་བཞུགས། གྲྭ་བ་བརྒྱད་ཅུ་ཙམ་བྱུང་བ་ལ་ཆོས་གསུངས། དེ་རྣམས་ཁྲིད་ཚར་བར་མཛད། དེ་ནས་རྒྱ་སྒོམ་མིག་རས་ཀྱིས་ངའི་དགོན་པ་འདིར་འབྱོན་པར་ཞུ། ཞལ་གྱིས་བཞེས་ནས་ལོ་མང་བར་སོང༌། ད་ཅིས་ཀྱང་འབྱོན་པར་ཞུ་ཟེར་ནས། ཞུ་བ་དྲག་པོ་ཕུལ་བས་གནས་བརྟན་བདེན། གནས་བརྟན་གྱིས་གསུང་བ་བཞིན་དུ་བྱེད་དགོས་གསུངས། དེ་ནས་མར་བྱོན་པ་ལ་ཆིབས་མེད་ནས་གནས་བརྟན་ལ་རྟ་རྒོད་མ་ཞིག་ཡོད་པ་དེ་གཡར་བས། དེ་ལ་ཆིབས་ཙ་ན། སུག་བཞི་ཀ་བ་བཙུགས་པ་བཞིན་སོང་ནས་གོམ་པ་སྤོ་རྒྱུ་མ་བྱུང༌། དེ་ནས་ཁམས་པ་ས་སྨད་པ་ཆོས་སྐྱབས་བྱ་བ་ལ། རྟ་ནག་བཟང་པོ་ཞིག་ཡོད་པ་གཡར་བས། ང་ལ་ཆིབས་སྒ་བ་བཅོལ་ན་གཡར། དེ་མིན་ན་མི་གཡར་ཟེར། ཆིབས་སྒ་བ་བཅོལ་བས་ཆོག་གསུངས་ནས་མར་བྱོན། ཚག་པོ་གཡུང་དྲུང་དགོས་བྱ་བ་ཞིང་གི་ཆུ་འཆུ་ཞིང་འདུག བདེ་བར་གཤེགས་པའི་ཡོན་བདག་ཡིན་པར་སྣང༌། ཡོན་བདག་ལ་ཚུར་ཤོག་ཅེས་གསུངས་ནས། ཡོན་བདག་ཚུར་བྱུང་བ་ལ། ཡོན་བདག ཁོ་བོ་མ་ཏ་འདི་ན་དོན་བསྙེགས་པ་ཞིག་ལ་འབྱོན་པ་ཡིན་གསུངས། ཡོན་བདག་གིས་སྐྱེལ་མ་བྱེད་དགོས་གསུངས། ཡོན་བདག་ན་རེ། ངས་ཁྱིམ་ནས་རལ་གུ་བླངས་ནས་འོང་ཞུས་པས། རལ་གུ་མི་དགོས། འདི་རང་གིས་ཆོག ཡོན་བདག་གིས་སྣ་དྲོངས་གསུངས། ཡོན་བདག་གིས་ལྕགས་སྐྱེམ་ཕྲག་ལ་ཁུར་ནས་མདུན་ན་མར་སོང་བའི་ཕྱི་ན་མར་བདེ་བར་གཤེགས་པས་བྱོན། སྔོ་འཇོངས་ཐང་ན་མར་ཕྱིན་པའི་དུས་སུ། ཆིབས་སྒ་བས་ཆིབས་དྲག་ཏུ་བཏང་བས། ཁོ་བོ་ཡོ། ཁོ་བོ་ཡོ་གསུངས། དེ་ནས་ཚ་རོང་ན་བཙད་པོ་འོད་ལྡེ་མགོན་བྱ་བ་ཡོད་པས། བཙད་པོ་ཇོ་བོ་བ་དེའི་སྒོ་ཁར་བྱོན་ནས། ཇོ་བོ་བ་ལ་སྒོར་མཛད་པ་གྱིས་གསུངས། ཇོ་བོ་སྒོར་བྱོན་པ་ལ་དར་ཤམ་ཞིག་གི་ཕྱག་རྟེན་བཏང་ནས། ཇོ་བོ་བ་ལ་ཞུ་ན། འོན་གྱི་སྤང་ཆུང་ན་ཡོད་པའི་ཁམས་པ་སྟོན་པ་དེ་ང་ཡིན། ཁོ་བོའི་ས་ཁུལ་མ་ཏ་འདི་ན་ཕག་མོ་གྲུ་ཟེར་བའི་དགོན་པ་ཞིག་ཡོད་པར་འདུག དེ་ན་ཁོ་བོ་ཅི་རིགས་པ་ཞིག་སྡོད་པ་ཡིན་པས། ཇོ་བོ་བས་སྤྱན་རས་ཀྱི་རྩ་བ་དང་ཐུགས་ལ་འདོགས་པར་ཞུ་གསུངས་པས། དེ་ཁོ་ན་བཞིན་ཞུ། གདུགས་ཚོད་ལ་ནང་དུ་འབྱོན་པར་ཞུ་ཞུས་པས། ཁོ་བོ་རྒྱལ་པོའི་ཕོ་བྲང་དུ་མི་འབྱོན་པའི་དམ་བཅའ་ཡོད་གསུངས་ནས། ནང་དུ་འབྱོན་མ་ཉན་ནས། ཕག་མོ་གྲུའི་རོང་འདི་ན་ཡར་བྱོན། བྱ་ཝང་ཞིག་ཀང་ཀ་རད་ཀང་ཀ་རད་ཟེར་ནས། ཕྱག་ཕྱི་བ་རྣམས་ལ་བྱ་ཝང་འདི་ཅི་ཟེར་ཨེ་ཤེས་གསུངས། མི་ཤེས་ཞུས་པས། བྱ་ཝང་འདི་ན་རེ། དགེ་བཤེས་ཁམས་པ་ཁྱོད་ཕུ་ནས་ཕྱིར་མི་ལྡོག་ཟེར། ཁོ་བོ་འདིར་བཞུགས་པ་འོང་བར་འདུག་གསུངས། མང་ཁར་སྒང་འདིར་བྱོན་ནས་གཟིགས་པས། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པད་མ་འདབ་བརྒྱད། ནགས་ཁྲོད་དབེན་པ་བསྟེན་དབང་གིས། །ཕྲད་ཅིང་རང་དབང་བསྟེན་མཛད་གསོལ། ཁོ་བོས་གསོལ་བ་བཏབ་པས་ཐེབས་པ་ཡིན། སྟོད་ཀྱི་ཤིང་ཆེན་འདི་ཅུང་ཉུང་ཙམ་གསུངས་ནས་མཉེས་པ་ཡིན་པར་སྣང༌། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱང༌། །ནགས་ཁྲོད་བྱང་ཆུབ་ཤིང་དྲུང་དུ། །བྱང་ཆུབ་མཆོག་ཏུ་སངས་རྒྱས་ཤིང༌། །མེ་ཏོག་ཟླ་མཛེས་ལ་སོགས་པ། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱང༌། །ནགས་ཁྲོད་དགོན་པར་དོན་ཆེན་སྒྲུབས།། དཔལ་གྱི་རི་དང་བྷེ་ཏའི་ཚལ། །གྲུབ་ཐོབ་གོང་མ་ཐམས་ཅད་ཀྱིས། །ནགས་ཁྲོད་དགོན་པར་དངོས་གྲུབ་བརྙེས། །རྗེས་སུ་འཇུག་པའི་སློབ་མ་རྣམས། །སྐྱོན་དག་ཡོན་ཏན་རབ་རྫོགས་པར། །ནགས་ཁྲོད་དགོན་པ་ཡིན་ནོ་ཞེས། །ཡང་དང་ཡང་དུ་བཀའ་བསྩལ་གསུངས། དེ་ལྟར་གནས་ཕུན་སུམ་ཚོགས་པ་ནགས་ཁྲོད་ཀྱི་དགོན་པ་རྒྱལ་བྱེད་ཀྱི་ཚལ་དེ་ལྟ་བུ་རྙེད་ནས། རང་གཞན་གྱི་དོན་ཕུན་སུམ་ཚོགས་པས་འཁོར་རྒྱ་མཚོ་ཆེན་པོ་ལྟ་བུ་སྐྱོང་བའི་ཐབས་འདི་ལྟར་བྱའོ། །ཞེས་བསྟན་པར་བཞེད་པས་སློབ་མའི་རྒྱུད་སྨིན་པ་དང༌། ཡོན་ཏན་རིན་པོ་ཆེའི་ཚོགས་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བ་དང༌། བཀྲ་ཤིས་པ་དང༌། བདེ་བ་དང༌། ལེགས་པའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་དུས་ཡིན་པ་དང༌། མཚམས་བཅད་ཅིང་སྒྲུབ་པ་ཉམས་སུ་ལེན་པ་རྣམས་ཟླ་བའི་སྒྲོན་མེས་གསལ་བར་གྱུར་པ་ལ་སོགས་པ་ཚུ་རོལ་མཐོང་བའི་རྟེན་གྱི་གང་ཟག་རྣམས་ཀྱིས་ཀྱང་ཕན་པ་མང་པོ་འབྱུང་བར་ཉམས་སུ་མྱོང་པས་འགྲུབ་པ་དང༌། མར་ངོའི་ཟླ་བ་ཕྱེད་ལ་ཐོས་པ་དང་བསམ་པ་དང་སྒོམ་པའི་ཡོན་ཏན་རིན་པོ་ཆེ་ཉིད་ཀྱིས་ཇི་ལྟར་བཞེད་ཅིང་གསུང་བ་ཐམས་ཅད་ཉམས་སུ་མྱོང་བར་འགྱུར་བ་དང༌། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་བ་དང༌། རྣལ་འབྱོར་པ་རང་ཉིད་ཀྱང་སྨྲ་བ་ལ་དགའ་བའི་ཉེས་པ་སྤང་བས་བསམ་གཏན་ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཐ་དད་པ་ལ་མཉམ་པར་གཞག་པས། སྔར་སློབ་མའི་རྒྱུད་སྨིན་པར་བྱས་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དེ། ཡེ་ཤེས་ཀྱི་ཚོགས་ཀྱིས་སྨིན་པར་བྱས་པས་ཚོགས་གཉིས་འཕེལ་ཞིང་མི་ཟད་པའི་གཏེར་ཆེན་པོ་ཐོབ་པར་འགྱུར་བ་དང༌། རང་གི་ཡོན་ཏན་ལ་བོགས་དཔག་ཏུ་མེད་པ་འབྱུང་བ་དང༌། དགེ་འདུན་གྱི་ཚོགས་པ་ལ་གསོལ་བ་འདེབས་པ་རྣམས་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་རློབ་པར་འགྱུར་བ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་དུས་ཤེས་པ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་པ་ལ་དགོངས་ནས། མར་ངོ་ལ་སྐུ་མཚམས་མཛད་པ་དང༌། དེ་ལ་ཟླ་བ་ཡར་ངོའི་དུས་སུ་སྐུ་མཚམས་ཤིན་ཏུ་དམ་པར་མཛད་ཅིང༌། ཕྱི་དྲོའི་དུས་སུ་སྐུ་གསུང་ཐུགས་ཀྱི་དགོངས་པ་རྫོགས་པར་མཛད་པ་དེ་ཡང༌། རྗེས་སུ་འཇུག་པ་རྣམས་དང༌། བསྟན་པའི་སྒོར་ཞུགས་སྤྱི་དང་འགྲོ་བ་ཐམས་ཅད་ལ་ཡང་གདམས་པ་མཛད་པ་ལགས་ཏེ། དེ་ཡང་འདིར་ངེད་སེམས་ཅན་རྣམས་ཀྱི་འདུག་ལུགས་ཀྱིས་ནི་གཞན་དག་ལེགས་པར་གནས་ཤིང༌། བདེ་བ་དང་སྐྱིད་པའི་དུས་སུ་ངོ་དགའ་དང་ཕྱེ་གཏོར་དགོས་པ་མེད་ཅིང་མི་འདོད་ཀྱང་བྱེད། ཤི་ཤི་ཆད་ཆད་དུ་ཕན་པ་དང་བདེ་བ་བསྒྲུབས་ཀྱང༌། སྡུག་ཅིང་ཕོངས་ནས་ཉམ་ཐག་པའི་དུས་སུ་ཉེས་པ་བརྗོད་ཅིང་སྤོང་བར་འགྱུར་བ་ཆོས་ཉིད་དུ་འདུག་ལ། སྐྱེས་བུ་ཆེན་པོ་དེ་ཉིད་ནི། བརྩེ་བ་ཆེན་པོས་ཀུན་ལ་བུ་བཞིན་གཟིགས། །ཕོངས་པར་གྱུར་ན་ཤིན་ཏུ་མི་གཏོང་ཞིང༌། །གནོད་པ་བྱས་ན་ཐུགས་རྗེས་བདེར་ཡང་འབྲེལ། །ང་འོ་ཟད་པས་འཁོར་གསུམ་ཡོངས་སུ་དག །ཅེས་པ་ལགས་ཏེ། ཡུལ་ཡང་མི་དགོས་པའི་དུས་སུ་ངོ་དགའ་དང་ཁ་གསག་དང་གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་ལ་སོགས་པ་མི་མངའ་ཞིང༌། ཕོངས་ཤིང་དགོས་པའི་དུས་སུ་བདེ་ཞིང་བདེ་བར་མི་གྱུར་བ་ནི་གཅིག་ཀྱང་མེད། བདག་ཉིད་ཀྱི་སྐྱིད་པ་ཐམས་ཅད་དང་གཞན་གྱི་སྡུག་བསྔལ་ཐམས་ཅད་རྗེས་ནས་ཁུར་དུ་བསྣམས་པར་མཛད་དོ། །དེ་ནས་མང་ཁར་གྱི་ཕུག་པ་མ་གིར་ལོ་གཉིས་བཞུགས། ནུབ་ཀྱི་ཕ་གིར་ལོ་བཞི། དིང་སང་གི་གཟིམས་སྤྱིལ་འདི་ཁམས་པ་ས་སྨད་པ་ཞིག་ལ་ཡོད་པར་གདའ། ཁམས་པ་དེས་བདེ་བར་གཤེགས་པ་གདུགས་ཚོད་ལ་སྤྱན་དྲངས་པས། བདེ་བར་གཤེགས་པའི་ཞལ་ནས། སྤྱིལ་པོ་བདེ་ཡང་ཡང་གསུངས། ངའི་འདི་ལ་མཉེས་ན་འབུལ་བར་ཞུ་ཞུས་པས། ཁོ་བོ་ཤིན་ཏུ་ཡང་མཉེས་སོ། ཁོ་བོའི་གཟིམས་ཆས་ད་ལྟ་རང་ཁྱེར་ལ་ཤོག་གསུངས་ནས། དེ་ནུབ་ནས་དེར་བཞུགས། དེ་ནས་ཉེ་གནས་རྣམས་ཀྱིས་སྤྱིལ་པོ་འདི་ལ་བཅོས་ཤིག་བྱེད་པར་ཞུ་ཞུས་པས། བཅོས་བྱེད་པ་རྟེན་འབྲེལ་གཏན་མི་བཏུབ། ཉིན་གཅིག་གིས་ཚར་ན་བཏུབ་གསུངས། དེ་ནས་བླ་མ་ཉག་སེས་ལྕང་ལྕུག་མདུད་པ་དགོས་པ་ཚུན་ཆད་བསགས་ནས། མི་མཁས་པ་མང་པོ་བོས་ནས་ཕྱིར་བཤིགས། དགོང་མོ་ཞལ་ལ་ཚུན་ཆོད་ཚར་བ་ཡིན་པར་སྣང༌། དེ་ལ་མཉེས་ནས་ཉག་སེ་ནི་བསམས་པ་ཙམ་གྱིས་གྲུབ། བསམ་གྲུབ་རས་ཆེན་དུ་ཐོགས་གསུངས། སྤྱིར་ཡོན་ཏན་རིན་པོ་ཆེ་སྐྱེ་བའི་དུས་ཐོ་རངས་ཡིན། སངས་རྒྱས་ཐམས་ཅད་ཀྱང་ཐོ་རངས་བྱང་ཆུབ་ཏུ་སངས་རྒྱས་པ་ཆོས་ཉིད་ཡིན། ཐབས་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱང་ཐོ་རངས་ཀྱི་དུས་སུ་མི་སྐྱེ་ཁ་མེད་ཡིན་གསུང་ཞིང༌། ཐོ་རངས་ཤིན་ཏུ་གདམས་པར་མཛད་ཅིང༌། དེའི་ཐུགས་ཀྱི་དགོངས་པ་ཟབ་མོ་རྣམས་སྲས་ཀྱི་དམ་པ་རྣམས་ལ་ཤུབ་ཐབས་སུ་མཛད་ཅིང༌། ཚོགས་སུ་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་དང༌། སྐུའི་དཀྱིལ་འཁོར་གྱིས་མངོན་སུམ་དུ་མཛད་པ་དང༌། ཐུབ་པ་ཆེན་པོ་བསྟན་པའི་བདག་པོ་སྐུ་འཁོར་དང་བཅས་པས་ཀྱང༌། གདུགས་ཚོད་ལ་མ་བབས་ཕན་ཆོད་དུ་ཐུགས་དམ་ལ་མཉམ་པར་གཞག་ཅིང༌། གདུགས་ཚོད་ལ་བབས་པའི་དུས་སུ། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཞིང་ལྷུང་ཟེད་བསྣམས་ཏེ་བསོད་སྙོམས་བཞེས་ནས་ཕྱག་བཅབས་ནས་ཆོས་གསུངས་པ་དང༌། སྒྲོ་འདོགས་གཅོད་པའི་གང་ཟག་རེ་རེ་ལ་སོགས་པའི་ཁྲིད་ཀྱི་སྤྲོས་པ་ཆོད་པར་མཛད་ཅིང༌། དགོང་ཇ་ཐོན་པའི་དུས་སུ་ཡུལ་བར་ལན་གཅིག་མཛད་པའི་རྗེས་ལ། སློབ་མ་སྣོད་དང་ལྡན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་ཏེ་ཉི་མའི་གུང་ནི་ཡོལ། སའི་ཁམས་དང་ཚད་པ་ནི་དྭངས། སེར་བུའི་ངད་བསིལ་བ་ནི་ལྡང༌། ཁམས་དང་དབང་པོ་ནི་བརྟས། གྲིབ་ཆུང་བསིལ་ལེ་གྲིབ་ཆེན་འུབས་སེའི་དུས་དེར། དགེ་འདུན་གྱི་ཚོགས་རྒྱ་ཆེན་པོ་འདུས་པ་ལ། མཐའ་དང་བྲལ་བའི་སེང་གེའི་ཁྲི་ལ་དབུ་མར་གནས་པའི་རིན་ཆེན་གྱི་གདན་བཤམས་ནས་སྐུ་དགྱེ་དགུ་མེད་པར་དྲང་པོར་བཞུགས་ཤིང་དཀྱིལ་ཀྲུང་ལེགས་པར་བཅས་ནས་ནི། ཤིན་ཏུ་ཞུམ་པ་མེད་པའི་སེམས་ཀྱིས་ནི་ལེགས་པར་ཤོད། །ཅེས་གསུངས་པ་ལྟར། འཕྲུལ་གྱི་སྤྱན་གྱིས་དགེ་འདུན་གྱི་ཚོགས་ལ་གཟིགས། དུང་གི་ཚེམས་བར་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། སེང་གེའི་རྒྱལ་པོའམ། བྱ་ཀ་ལ་པིང་ཀའམ། འབྲུག་གི་སྒྲའམ། ཚངས་པའི་དབྱངས་ལྟར་ཟབ་ཅིང་སྙན་པའི་གསུང་ཧ་ཅང་མང་བ་ཡང་མ་ཡིན་པ་དང༌། ཧ་ཅང་ཉུང་བ་མ་ཡིན་ཞིང༌། ལུང་དང་བཅས་པ་རིགས་པ་དང་བཅས་པ། མན་ངག་དང་བཅས་པ་ཉམས་སུ་མྱོང་བའི་གནད་ཟབ་མོ་དང་བཅས་པ་ཚོགས་ཀྱི་ཆོས་དང་དཔག་གི་ཆོས་དང༌། ཟབ་ཆོས་རྣམས་གསུངས་པས་ཚིམ་པར་མཛད་པ་དང༌། ཁམས་དང་བག་ལ་ཉལ་དང་བསམ་པའི་གནད་མངོན་དུ་གྱུར་ཅིང༌། ཚིམ་པར་སྟོན་པའི་གསུང་གི་སྒྲོ་འདོགས་དང༌། ཐེ་ཚོམ་གྱི་སྤྲོས་པ་ཆོད་ནས། འཇིག་རྟེན་ཡི་རང་ཞིང་གསུངས་པ་ལ་མངོན་པར་བསྟོད། ཅེས་གསུངས་པར་གྱུར་པ་ལྟ་བུ་ལགས་སོ། །གཞན་ཡང་ཆོས་དོན་དུ་གཉེར་བས་གཞན་གང་ཡང་དོན་དུ་གཉེར་བ་མ་ཡིན་པ་དང༌། མཛད་པ་ཤིན་ཏུ་རྣམ་པར་དག་པ་ལ་མི་ཆོས་ཀྱི་འདུན་མས་དགོས་པ་མེད་པར་བསྟན་པའི་ཕྱིར། ཞིང་ཁམས་དེ་ན་འདུས་པའི་གཙོ་མདུན་མེད། །ས་གཞི་ཉིད་ཀྱིས་དབང་བ་མ་བཟུང་ཞིང༌། །འདོད་པའི་ཡོན་ཏན་སྤངས་པ་ཤིན་ཏུ་བདེ། །སོ་ནམ་གནས་གཞི་སྤངས་པ་རྒྱལ་བའི་སྲས། །འཚོ་བ་བྱ་ཚོལ་བྱེད་པའི་བསོད་སྙོམས་པ།། ས་ཕྱོགས་གཅིག་ཏུ་ཡུན་རིང་མ་བཞུགས་ན། །སྐྱེས་ཆེན་དེ་ལ་མདུན་མས་ཅི་ཞིག་བྱ། །དབང་གི་རྒྱལ་པོ་དགོས་འདོད་འབྱུང་བ་ལྟར། །བདེ་བའི་འབྱུང་གནས་ཆོས་ཀྱི་རྒྱལ་པོ་ལ། །ལྷ་ཀླུ་གནོད་སྦྱིན་ཆོས་སྐྱོང་སྲུང་མ་རྣམས། །ཡུལ་དང་ཕྱོགས་སུ་བཅས་པས་སྲུང་བར་བྱེད། །མི་ཟད་གཏེར་ཆེན་དགོས་འདོད་ཆར་པ་ཡིས། །ཡུལ་ཁམས་ཐམས་ཅད་བདེ་སྐྱིད་དང་ལྡན་ན། །སུ་ཡི་མདུན་མས་དེ་ལ་ཅི་ཞིག་བྱ། །འདས་དང་མ་འོངས་དུས་གསུམ་མཁྱེན་པ་ཡི། །མངོན་པར་ཤེས་པ་ཐོབ་པའི་མཐུ་མེད་ཀྱང༌། །ཐམས་ཅད་མཁྱེན་པའི་གསུང་རབ་དམ་ཆོས་ཀྱི། །རྗེས་སུ་འབྲང་ཞིང་ཆོས་དང་བསྟུན་པ་ལ། །ཉེས་པ་མེད་ན་མདུན་མས་ཅི་ཞིག་བྱ། །ཐུབ་པའི་གསུང་དང་འགལ་བ་མེད་པ་ཡི། །རྒྱལ་བའི་སྲས་རྣམས་གང་དུ་ཕྱིན་ན་ཡང༌། །ལྷ་ཀླུ་གནོད་སྦྱིན་དྲི་ཟའི་གནས་ཀྱང་རུང༌། །གང་དུ་ཕྱིན་ཀྱང་ཀུན་གྱིས་བཀུར་བ་དང༌། །སྲུང་ཞིང་བཀུར་བསྟི་ཆེན་པོས་བཀུར་གྱུར་ན། །གཅིག་ཏུ་ཞེན་པའི་མདུན་མས་ཅི་ཞིག་བྱ། །ཞེས་པ་ལ་སོགས་པའི་མདུན་མ་མི་དགོས་པའི་རྒྱུ་མཚན་དཔག་ཏུ་མེད་པ་སློབ་མ་རྣམས་ལ་བསྟན་པ་ལགས་སོ། །ཡང་ཁྲིད་མཛད་ནས། ཟླ་བ་ཕྱེད་པོ་འདི་ལ་ཁོ་བོ་ཡང་བསྒོམ་པ་ཡིན། ཁྱེད་རང་ཡང་བསྒོམ་ལ་ཁོ་བོའི་མདུན་དུ་ཡོན་ཏན་ངོ་སོ་དང་བཅས་པ་ཁྱེར་ལ་ཤོག ཡང་སྐྱོན་རེ་ཁྱེར་ལ་ཤོག་གསུངས་པས། མི་མཐུན་པོ་རེ་དོགས་འཇིགས་གསུམ་ཡོད་པར་ནི་སོང༌། མཉེས་དང་མི་མཉེས་པ་མཐོ་དམན་དབང་ཆེན་པོ་ནི་འཛིན། ལེགས་ཉེས་ཀྱི་གསུང་གཅིག་གིས་གཏན་གྱི་སོ་ནམ་ཡོད་མེད་དུ་ནི་འགྲོ། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བས། རང་ལ་བྱ་ར་དགོས་པ་རྣམས་སྐུལ་མ་བཏབ་པས། ཡོན་ཏན་རིན་པོ་ཆེ་མི་སྐྱེ་དབང་མེད་འགྱུར་བ་དང༌། ཡང་དུས་རེ་ཤིག་ཐུགས་ཀྱིས་དགོངས་པ་ལ་བྲག་ཞུན་བཞེད་པ་ཞིག་བྱུང་བས། ཕོ་རོག་གཅིག་གིས་བྲག་ཞུན་ཞིག་བསྐྱལ། དེ་ལ་མཉེས་པ་ཡིན་པར་སྣང༌། རྗེ་སྒམ་པོ་བའི་དབོན་ཆུང་སྒོམ་ཆུང་འདིར་བྱོན་པ་ལ། བདེ་བར་གཤེགས་པའི་ཞལ་ནས། སློབ་དཔོན་གྱིས་ཁོ་བོ་ལ་ཆོས་འབྲེལ་ཞིག་ཞུ་གསུངས་ནས། བདེ་བར་གཤེགས་པའི་ཆོས་ཁྲི་དཀར་པོའི་ཁ་ལ། བདེ་བར་གཤེགས་པ་ཉིད་ཀྱི་བཞུགས་གདན་བཤམས་ནས། སློབ་དཔོན་སྒོམ་ཆུང་བཞུགས་བཅོལ། ཆོས་ཁྲིའི་མདུན་དུ་གཡང་ཤུན་ཞིག་བཏིང་བའི་ཁ་ལ་བདེ་བར་གཤེགས་པ་བཞུགས་ནས། ཕྱག་ཐལ་མོ་སྦྱར་བའི་བར་ན་སྤོས་ཤིག་བསྣམས་ནས་ཆོས་ཞུས་པས། ཉམ་མི་ང་བར་གསུངས་པས་ཤིན་ཏུ་མཉེས་སྐད། རྗེ་ཕག་མོ་གྲུ་པས། དགེ་བཤེས་བུ་སློབ་ཁམས་སུ་འགྲོ་བ་རྣམས་ལ་རྫོང་པ་གསེར་སྲང་གང༌། ཕྲུག་ཕྱམ་གཅིག ལ་ལ་ནི་དེའི་ཁ་ལ་ཏོ་པི་ཞིག་དང༌། བུམ་ཚེ་ཞིག་གནང་བ་ལགས་པར་གདའ་བ། ཉེ་གནས་ཀྱིས་ཁམས་པ་ཚོ་ལ་འདི་ཙམ་མི་གནང་བར་ཞུ། མི་ཚོས་འབར་ཡིན་འདུག་ཞུས་པས། རྗེ་རིན་པོ་ཆེ་བྱོན་ནས་ཁམས་པ་ཚོ་ལ་མ་བྱིན་གསུང་ཡང༌། མཎྜལ་ཞིག་ཕུལ་ནས་དེ་མི་གསུང་བར་ཞུ། འདི་ཚོ་ལ་ཁོ་བོ་མིན་པ་བསམ་རྒྱུ་མེད། ས་ཐག་རིང་པོ་ནས་འོངས། སྤྲིན་དཀར་པོ་ལ་ཚད་མ་ནི་བཙུགས། ཚེ་འདི་ལ་ད་ལན་མིན་པ་ཨེ་མཇལ་ནི་མི་ཤེས། དེ་མི་གསུང་བར་ཞུ། གནང་བར་ཞུ། ཐག་བཅད་པའི་གསུང་བྱོན་པས་དེ་ཕྱིན་ཆད་ཞུ་མི་མ་བྱུང་བར་གདའ། གྲྭ་བ་རྣམས་ཀྱིས་ཡར་ལ་ཚིགས་བཅད་བྱས་པར་གདའ། དགེ་བཤེས་ཁམས་པའི་སྤྱན་སྔ་འདིར། །ཁམས་འགྲོའི་ལུས་སུ་མ་སྐྱེས་ན། །ཆོས་དང་ཟང་ཟིང་གཉིས་ཀ་མེད། །ཀྱེ་མ་ཀྱི་ཧུད་ཇི་ལྟར་བྱ། །ཟེར་བ་ཡིན་པར་གདའ། ཡང་དུས་རེ་ཤིག་མཁན་པོ་བ་ལ་འོ་ཅག་གཉིས་སྐྱེ་བ་སྔ་མ་རྒྱ་ནག་ཏུ་རྒྱལ་བློན་གཉིས་སུ་སྐྱེ་བ་བཞེས་པ་ཡིན་གསུངས། དགེ་བའི་བཤེས་གཉེན་རྒྱལ་པོ་ཡིན། ཁོ་བོ་བློན་པོ་ཡིན་གསུངས། དེའི་དུས་སུ་ར་མ་དཀར་མོ་ཞིག་ཡོད་པ་བཞོས་ཤིང༌། འོ་སྐོལ་གཉིས་ཇའོ་བྱས་པ་ཡིན། དེང་སང་གི་གཙང་བུ་ར་སྐད་པ་འདི་ཡིན་གསུངས། འོ་ཅག་གཉིས་ཀྱིས་གཙུག་ལག་ཁང་ཞིག་བཞེངས་པ་ལ་བར་ཆད་བྱུང་ནས་འཕྲོ་ལུས་པ་ཡིན། ད་དགེ་བའི་བཤེས་གཉེན་པས་གཙུག་ལག་ཁང་ཞིག་བཞེངས་གསུངས། མཁན་པོས་གཙུག་ལག་ཁང་མི་འགྲུབ་ཞུས་པས། ཅིས་ཀྱང་བཞེངས་དང་འགྲུབ་གསུངས། རྗེ་རིན་པོ་ཆེའི་སྐུ་ཞིག་ཀྱང་བཞེངས། ཁོ་བོའི་སྐུ་ཞིག་ཀྱང་བཞེངས་གསུངས། དེ་ནས་མཁན་པོས་ངང་རྐྱལ་ལྷ་ཁང་བཞེངས་པར་གདའ། མཁན་པོ་སློབ་དཔོན་ཏོག་ཙེ་པའི་སྐུའི་སྐྱེ་བ་ཡིན་གསུངས། མཁན་པོ་ལ་ཕྱིས་མངོན་པར་ཤེས་པ་མངའ་བས། ང་འབུ་རྒྱལ་པོ་ཡིན་གསུང་བ་དེར་མི་འདུག ཁོང་རང་རྒྱལ་པོར་འདུག ང་འབུ་བློན་པོར་འདུག སློབ་དཔོན་ད་བཞུགས་ན་ཞུ་རྒྱུ་མང་པོ་ཡོད་གསུངས། སྟག་ལུང་ཐང་པ་ཡར་བྱོན་དུས་ཆབ་ཀྱིས་གདན་དྲངས་པས་འོམ་བུའི་ཕུང་པོ་ཞིག་འདུག་པ་ཕྱག་གིས་བཟུང་བས་མ་གྲོངས། དེ་ནས་སྤྱན་སྔར་བྱོན་པའི་དུས་སུ། འོམ་བུའི་ཕུང་པོ་ཁོ་བོ་ཡིན་གསུངས། ཆོས་རྗེ་རིན་པོ་ཆེ་ཁམས་ནས་ཡར་བྱོན་པའི་དུས་སུ། བདེ་བར་གཤེགས་པ་ལ་ཕྱག་རྟེན་ཇ་རྩེ་མོ་སྲང་དགུ་བཅུ། ཟི་ཕོལ་ཞོ་གསུམ། ཟབ་ཆེན་ཕོ་ལོང་རས་ཡུག་གཅིག ཐུད་ཀྱི་རྐྱལ་ཁྲིག་རྔ་འདྲ་བ་གཅིག ཕྱག་གིས་མི་བཞེས་པས། དེ་རྣམས་སྤྱན་སྔ་ན་ཡར་བཞག སྟག་ལུང་བ་སྐུ་ཐང་རྐྱང་བ་གཅིག་དང་ཅུམ་མེ་བཞུགས་ནས་སྣང་བ་ལ། འོ་དངོས་གྲུབ་ལེན་དགོས། ཁྱོད་ཀྱིས་འདི་ཚོ་ཚུར་སྣུར་གསུངས། ད་དབུ་སྔས་ཀྱི་ཀོང་ཙེ་དེར་ཆུག་གསུངས། ཆོས་རྗེའི་ཐུགས་དགོངས་ལ་ཆགས་མེད་འཛིན་མེད་ཞིག་རེ་བ་ལ། ཀོང་ཙེ་དང་ཡང་མངའ་བར་འདུག་སྙམ་པ་བྱུང༌། བདེ་བར་གཤེགས་པས་ཇ་རྩེ་མོ་དེ་ཤངས་ལ་ཞིག་བསྣམས་ནས། ཇ་བཟང་ཆེ་གེ་མོས། མང་གེ་མོས་གསུངས་ནས། བརྒྱ་ཅུ་ཙམ་སྤྱན་སྔར་གྲལ་བྱས་ནས། ཇ་ཞིམ་པོ་བྱས་ནས་དྲངས། ཆོས་ཀྱི་གསུང་གླེང་མང་པོ་མཛད། བདེ་བར་གཤེགས་པས་ཇ་མ་གསོལ་གོང་སྐམ་ཀྲོག་གེ་བཞུགས་པ་ཙུག་འདུག ཇ་གསོལ་བ་དང་གཟི་བརྗིད་ཆེ་བའམ། བྱིན་བརླབས་ཆེ་བ་བཞིན། ཆོས་རྗེའི་ཐུགས་དགོངས་ལ་མི་བྱ་བ་ཨ་ཕོ་རང་ཡིན། ངས་དཀའ་བ་དང་སྡུག་བསྔལ་དཔག་ཏུ་མེད་པ་བྱས་པས་བླ་མ་འདི་འདྲ་རྙེད་དགོངས་ན་མོས་གུས་དུང་དུང་བྱུང་བ་དང༌། འོ་དགེ་བསྙེན་ཁྱོད་མི་བྱ་བ་ཨ་ཕོ་རང་ཡིན། ངས་དཀའ་བ་དང་སྡུག་བསྔལ་དཔག་ཏུ་མེད་པ་བྱས་པ། བླ་མ་འདི་འདྲ་ཞིག་རྙེད་སྙམ་ན། དེ་ཁྱོད་ཀྱི་མཐུ་མིན། ཁོ་བོས་ཁྱོད་ཀྱི་ཕྱིར་དཀའ་བ་དང་སྡུག་བསྔལ་དཔག་ཏུ་མེད་པ་བྱས་པ་ཡིན་གསུངས་པ་དང༌། ཡང་ཆོས་རྗེ་རིན་པོ་ཆེ་ཞུ་བ་ཞིག་ཡོད་པས། ནམ་ཟླ་སོས་ཀ་གཅིག་ཟངས་གཅིག་ཡོད་པ་དེ་སེ་བའི་མེ་ཏོག་གིས་བཀང་ནས་ཕུལ་བ་ལ། ཟངས་གཞོང་འདི་ང་རང་གི་གཏོར་སྣོད་དུ་དགོས་སྙམ་པ་ཐུགས་ལ་ཁྲེལ་བ་བྱུང༌། ད་ཕུལ་ལ་ཐོངས་སྙམ་ནས་སྤྱན་སྔར་ཕྱག་ཏུ་ཕུལ་ནས། མདང་ཞག་མོས་གུས་ལ་ལྟེམ་རྐྱང་ཞིག་བྱུང་བ་སིང་སྒོམ་གྱི་ཚིག་གཅིག་ལ་བརྟེན་ནས་སོར་ཆུད། ད་མི་ཉམས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞུས་པས། སིང་སྒོམ་གྱི་ཁ་ལ་གཏད་པ་ཅི་ཡོད། སེ་བའི་མེ་ཏོག་དེ་རྟ་རྒྱབ་ན་ཕར་གཏོར། ཟངས་གཞོང་དེ་སྒོམ་པ་རང་ལ་གཏོད། གཏོར་གཞོང་དགོས་གསུངས་ནས་ཕྱིར་གནང་བ་དང༌། ཏིང་ན་ཕར་གཏོར། རྐྱང་ཕུ་བ་ཚུལ་ཁྲིམས་རྒྱལ་གྱིས་མེ་འཇལ་དུ་འོངས་པ་ལ། གྲུམ་པ་ཞིག་ཁུང་རྟུགས་སུ་སོང་བ་གསོད་དགོས་སྙམ་ནས་གསོད་ཚིས་བྱས་ཙ་ན། ཁོང་གི་སྤྱན་སྔར་འགྲོ་བས་ད་ལྟ་གསོད་པ་མི་འཐད། ཚུར་ལམ་གསོད་དགོས་སྙམ་ནས་རྡོས་རྫངས་ཡགས་བྱས་ནས་བཞག སྤྱན་སྔར་ཕྱིན་ནས་ཕར་འགྲོ་ཙ་ན། ཡོན་བདག ད་ཅིའི་སྲོག་ཆགས་དེ་མ་གསོད་ལ་ཐོངས་ཨང་གསུངས་པས། ཡོན་བདག་སྐྱེངས་ནས་མགྱོགས་པར་སོང་ནས་གཏོང་དགོས་བསམ་ཙ་ན་ཁོ་རང་ཡང་ཐོན་མ་ཐག་ཏུ་འདུག་སྐད། ཡང་ཚོགས་ན་ཆོས་གསུང་བའི་སྐབས་ན། དགེ་འདུན་རྣམས་ཐེལ་འདིའི་ཤིང་ལ་རུང་བ་མ་བྱེད། རུང་བ་བྱས་ན་ཁོ་བོའི་ཕྱག་མཛུབ་བཅད་པ་དང་ཁྱད་མེད་གསུངས། ཤིང་འདི་མེད་ན་བྱེ་མའི་རི་ཞིག་ཏུ་འགྲོ་བ་ལ་ཚེགས་མེད་གསུངས། རུང་བ་གཏན་མ་བྱེད་གསུང་སྐད། ཆོས་རྗེ་རིན་པོ་ཆེས་སྐམ་པོ་ཉག་མ་གཅིག་བཅག་ཙ་ན། ཤིང་དེ་ལ་རློན་པ་ཞིག་བྱུང་བས་ཤིང་དེ་ལ་ཕར་བཅིངས་ནས་དར་ཐོད་གཅིག་གི་བཟོད་གསོལ་མཛད་པར་གདའ། འ་ཞ་སྟོན་པ་ཡོན་ཏན་དཔལ་བྱ་བ་ཁོ་ཞུ་སྣ་གདོང་ནས་གསོལ་ཞོ་ལེན་ཅིང་ཡོད་པ། ཉིན་གཅིག་འཇང་འཕྲང་ན་མར་ཡོངས་ཙ་ན་གཉིས་དེར་སོང་བས། སྟོན་ཡོན་གྱི་རྟོག་པ་ལ་དེ་རང་ཡིན་སྙམ་པ་ཞིག་བྱུང༌། དེ་ནས་སྤྱན་སྔར་ཕྱིན་ཙ་ན། སྟོན་པ་ཡོན་ཏན་དཔལ་གྱི་རྗེས་སུ་ཡི་རང་འབུལ་བའམ་གསུང་ཡང་དུས་རེ་ཤིག་སྟག་ལུང་ཐང་པའི་ཞལ་ནས། དབུ་སྔས་ཀྱི་ཕྱག་མཛོད་དེའི་ནང་ན། བྱི་བ་དང་སྲེ་མོ་གཉིས་ལྷན་ཅིག་ཏུ་ཚང་བཅས་ནས་སྣང་ཞུས་པས། དེ་འདྲ་ན་ནི་ཁོ་བོ་ཡང་ཅི་ཞིག་ཡིན་པར་འདུག དེ་འདྲ་ན་ནི་ཁོ་བོ་ཡང་ཅི་ཞིག་ཡིན་པར་འདུག་གསུངས་ནས་མཉེས་པར་སྣང༌། བ་ཟི་རིན་ཆེན་འོད་ཀྱི་ཚ་འཇལ་དུ་འོངས་པ་ལ། ཁུ་བོས་དར་སྔོ་དམར་ཁ་དོ་སྐུར་བ་ལ། འདི་སློབ་དཔོན་ལ་འབུལ་བ་བས་ང་རང་གི་གཞུ་མཆོག་ལ་བཏགས་ན་སྙམ་པ་བྱུང་བ་ལ། སྤྱན་སྔར་ཕྱིན་ནས་དར་ཕྱག་ཏུ་ཕུལ་བ་ལ། ཡོན་བདག་རང་གཞུ་མཆོག་ལ་ཐོགས་གསུངས་ནས་ཕྱིར་གནང་བ་དང༌། སྤྱན་སྔར་དམྱལ་རས་ཀྱིས་བཅོམ་ལྡན་འདས་བདེ་མཆོག་གི་མངོན་རྟོགས་ཞུས་པས། ཁྱོད་འདོད་པ་དེ་འདི་མིན་ནམ་གསུངས། དམྱལ་རས་ཀྱིས་བལྟས་པས་བཅོམ་ལྡན་འདས་དངོས་སུ་བཞུགས་ནས་སྣང༌། གཞན་ཡང་སློབ་མའི་རྒྱུད་བྱིན་གྱིས་བརླབ་པ་དང༌། ནངས་པར་སྔ་མོ་ཤར་དུ་གཟིགས་ནས། ཨོཾ་ཨཿཧཱུྃཿ ཨོཾ་ཨཿཧཱུྃ་གསུངས་པ་དང༌། ཡང་ནུབ་གླིང་དུ་གཟིགས་ནས་ཨོཾ་ཨཿཧཱུྃ། ཨོཾ་ཨཿཧཱུྂ་གསུངས་ནས་རྒྱུད་བྱིན་གྱིས་རློབ་པ་དང༌། གཞན་ཡང་རྟེན་འབྲེལ་གྱི་གོ་ར་ཆེན་པོ་མཛད། མཁན་པོ་བ་སྤྱན་སྔར་འགྲོ་སྙམ་ནས་བྱོན་པས། མཁན་པོ་བའི་མདུན་དུ་ཐལ་བ་གཏོར། ཐལ་སྐོམ་དེ་རྡོབས། ཐེ་ལེས་ཐོབ་གསུངས། དེ་ཙུག་བྱས་པས་མཁན་པོ་ལོག་ནས་སོང༌། མཁན་པོ་ལ་ཡར་བྱོན། རྟེན་འབྲེལ་ཡིན་བྱས་པས། རྟེན་འབྲེལ་རང་ཡང་མང་ཐལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་ལ་རྟེན་འབྲེལ་བཅུ་གཉིས་ལས་མི་འདུག གསུངས་ནས་ཡར་བྱོན་པ་ཡིན་འདུག ཡང་ཚོགས་གྱེས་ནས་སྤྱན་སྔ་ནས་ཡར་བྱོན་པ་ཞིག་ལ། སིང་སྒོམ། ཁོ་བོའི་རྫས་དེ་ཀུན་ཡར་ཕྱོགས་ཤིག དེ་ནས་ཡར་ལ་སུ་མ་བཏང་གསུངས། ཆོས་རྗེ་རིན་པོ་ཆེ་དེ་ན་ཚུར་བྱོན་པས། ཁོ་ཡར་ཐོངས་གསུངས། སིང་སྒོམ་ན་རེ། ཁ་རེ་ནས་ལྕེ་བརྒྱ་བརྒྱ། རེས་མ་བཏང་རེས་ཐོངས། ངས་ཁྱོད་ཀྱི་གཅེས་ཕྲུག་འདི་ཀུན་མི་ཐུབ་ཟེར་སྐད། བདེ་བར་གཤེགས་པའི་ཞལ་ནས། སྟོང་གསུམ་སྟོང་གི་ཕ་རོལ་ན། །ཤར་ཕྱོགས་སྟོང་གི་ཕ་རོལ་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ན། །ཀུན་ཀྱང་བཛྲ་ཧེ་རུ་ཀཿ སིང་སྒོམ་ཡར་ཤོག་གསུངས་ནས་སྐུ་འགག་གོང་པ་ནས་ཁབ་ཅིག་བཏོན་ནས་སྣང༌། གཞན་སྒོམ་མ་ཐེབས་པ་ལ་རྟེན་འབྲེལ་སྤྱི་ཆོས་མཛད་པ་དང༌། བཀའ་གདམས་པ་ངོམ་སྒོམ་ལ་སྒོམ་མ་སྐྱེས་པ་ལ་ཚོགས་འདི་ན་མར་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་སྤྱན་སྔ་འདིར། བཀའ་གདམས་ངོམ་སྒོམ་སྒོམ་པ་ཡིན་གྱིས་ལ། ཕྱམ་ཚེ་ཕྱེད་ཚལ་གྱིས་ལ་ཡར་འགྲོ་མར་འགྲོ་གྱིས་ལ། རྒྱ་སྟོན་འཇོལ་མོ་བསྭོ། མེ་སྒོམ་དམར་མོ་བསྭོ། །ཞུགས་ཡས་དཀར་མོ་བསྭོ། །བཀའ་གདམས་ངོམ་སྒོམ་བསྭོ། བསྭོ་བསྭོ་བསྭོ། འདྲེ་པ་ཏ་ཧ་རིའི་ལྷ་ཆུང་པ་བསྭོ་གྱིས་གསུངས་ནས། ཡར་འགྲོ་མར་འགྲོ་བཅོལ་བས་སྒོམ་སྐྱེས་པ་དང༌། ངོམ་ཆུང་པ་ཁྱོད་བླ་མ་འདི་ཁོ་བོ་འདྲ་བ་དང་མཇལ་ནས་མ་ཆུང་ཨ་གསུངས། ཡང་གཅིག་ལ་སྒོམ་མ་སྐྱེས་པ་ལ་ཕག་མོ་གྲུ་སྐོར་ལ་ཤོག་གསུངས། སྐོར་བས་སྒོམ་སྐྱེས་པ་དང༌། ཡང་བླ་མ་ཉག་སེ་དང་རྒྱལ་འབྱུང་གཉིས་བླ་ཡེར་འཛོམས་པས། རྒྱལ་འབྱུང་གིས་བླ་མ་ཉག་སེ་ལ་ཕྱག་མཛད། བླ་མ་ཉག་སེས་ཀྱང་ཕྱག་ལན་མཛད། ཕྱག་མཛད་ཟིན་པ་དང་རྒྱལ་འབྱུང་གི་ཐང་བའི་རྣེལ་གཞི་བཀུག་ནས་ཚིག་མང་པོ་ལ་སྐུ་མཉེལ་བ་མ་ལགས་པར་འདུག་ལ་སྐུ་ཁམས་བདེ་བར་བཞུགས་སམ་ཟེར་སྐད། ཉག་སེས་ཐང་པའི་རྣེལ་གཞི་ལ་བཀུག་ནས།

དམིགས་པ་སུམ་བརྒྱ་དྲུག་ཅུ་ལ་སྐུ་མཉེལ་བ་མ་ལགས་པ་སྐུ་ཁམས་བདེ་བར་བཞུགས་ལགས་སམ་ཟེར། རྒྱལ་འབྱུང་བདེ་བར་གཤེགས་པའི་སྤྱན་སྔར་འོངས་ནས། དམིགས་པ་མང་པ་དེ་མི་དགའ་ལགས་སམ་ཞུས་པས། སུ་ན་རེ་ཟེར་གསུངས། སྟོན་རིན་འདི་སྐད་ཟེར་ཞུས་པས། སྟོན་རིན་ཁ་ལ་གཏད་པ་ཅི་ཡོད། རིག་འཛིན་རྒད་པོ་ཁ་ལ་ཤོར་བ་ཡིན་གསུངས། འོ་ན་ཡང་ཁོ་བོས་ཁྱེད་ལ་སྒོམ་ཐེབས་པ་དཀའ་བར་བྱུང་ བ་ཡིན། དགེ་བཤེས་ཡེ་དིལ་མགོ་པའི་གཞིས་ཁ་ཁྱེད་ཀྱིས་ཕྲོགས་ནས་ཡོད་པར་སྣང་བས། ད་འདི་ནས་བུ་རམ་ལྟང་ཙེ་གཅིག་དང་རྟགས་གཅིག་ཁྱེར་ལ་བཞུད། ཡེ་དིལ་མགོ་མཐོང་བའི་ས་ནས་ཕྱག་བྱེད་ཅིང་བཞུད། བུ་རམ་དེ་སྒོར་ལ་སྒོ་གང་གྱིས་ལ། ཡེ་དིལ་མགོ་པ་ལ་དྲོངས། གནས་གཞི་དེའི་ལྡེ་མིག་རྟགས་དེའི་ཐོག་ཏུ་ཞོག་ལ་ཕུལ། བཟོད་གསོལ་གྱིས་ལ་ཡར་ཤོག་དང་ཁོ་བོས་སྒོམ་གདབ་གསུངས། དེ་ནས་སྒོམ་བཏབ་པས་སྐྱེས་པ་ལགས་པར་གདའ། ཡང་དུས་ཤིག་གི་ཚེ། སྦ་སྒོམ་བྱ་བ་ལ་སྐྲན་བྱུང་པས་ཚོགས་སུ་དགེ་འདུན་གྱི་ནང་དུ་ཉལ་བཅོལ་བས། བཙུན་ཆུང་འགའ་ལ་ཕར་འགོང་ཚུར་འགོང་ བཅོལ་བས། ཁྱོད་ཀྱི་ནད་ཕན་ནམ་གསུངས། ནད་ལྟ་ཕན་ཏེ་དེ་རིང་ང་བསད་ཟེར། ཁོ་བོའི་ནད་ཕན། བསམ་ཡས་ཕུའི་བཙད་པོ་ལ་མཛེ་བྱུང་བས། བདེ་བར་གཤེགས་པ་ལ་ཞུས་པས། ཇོ་བོ་བ་ཞག་འགའ་ཁོ་བོའི་གཏོར་གཡོག་གྱིས། ཁོ་བོའི་བཞུགས་ཁྲིའི་ཞབས་སུ་ཞག་འགའ་གཟིམས་དང་མི་སྟོ་གསུངས་པས། ཇོ་བོའི་སྐུ་ཁམས་དྭངས་པ་ཡིན་པར་སྣང༌། ཡང་ཚོགས་གྲོལ་བདོ་ཞིག་ལ། རྩ་ཐུ་བག་པའི་སྔགས་ཕྲན་མཛེ་མགོ་བདོ་ཞིག་བྱུང་པས། པན་ནེ་པུན་ནེ་བྱུང་ནས། བླ་མ་རིན་པོ་ཆེ་ང་ཅི་ཙུག་བྱེད། བླ་མ་རིན་པོ་ཆེ་ང་ཅི་ཙུག་བྱེད་ཟེར་བས། ཁོ་བོ་བསྒོམ། ཁོ་བོ་བསྒོམ་ད་མར་སོང་གསུངས་པས། ཁོས་མོས་གུས་བྱ་མོས་ལུད་པ་ཐོབ་པ་བཞིན་དུ་སོང་ནས་བསྒོམས་པས། འདི་ན་ནི་བླ་མ་ཆེན་པོ་དེ་འདུག ངའི་མི་དེ་གར་སོང་ཟེར། འཇིང་ལ་ཡང་དེ་སྐད་ཟེར། ཐོ་རངས་ཡང་དེ་སྐད་ཟེར། དེས་ཁོའི་མཛེ་དེ་སིང་བདེ། ཡང་གཅིག་གི་མགོ་ན་བ་ལ་སྤྱན་སྔར་ཕྱིན་ནས་ང་མགོ་ན་ཞུས་པས། མགོ་ན་ཅི་མི་སྟོ་སྟེ། གཤམ་ན་མར་རྭ་འདོམ་པ་བཅོ་བརྒྱད་སྐྱེ་བར་འདུག་གསུངས། ད་ཕར་སོང་གསུངས། རྭ་སྐྱེ་སྟེ་འོང་སྙམ་ནས། འཕོངས་བ་མར་མྱང་རིང་མྱང་ཐུང་བྱས། ཕྱི་ཉིན་སྤྱན་སྔར་ཕྱིན་པ་ལས། ཁྱོད་ཀྱི་མགོ་བདེའམ་གསུངས་པས། མགོ་ན་བར་མྱང་བྱས་ནས་མགོ་ཕན་ཟིན་ཟེར། ལྗང་ཕུ་འདི་ན་མལ་ཀ་བ་ཅན་བྱ་བ་དགེ་བཤེས་ཆེན་པོའི་གྲུབ་ཐོབ་ཀྱང་ཡིན་པ། ཁོང་ཁམས་ཆེར་མ་བདེ་བས། བདེ་བར་གཤེགས་པའི་སྤྱན་སྔར་ཉེ་གནས་བཏང་བས། ངའི་ཁམས་འདི་མ་བདེ། ཁྱེད་ཀྱིས་བྱིན་བརླབས་དང་དམིགས་པ་ཐུགས་ལ་འདོག་པར་ཞུ་ཞུས་པས། འོ་ཁོ་བོ་བསྒོམ་གྱིས་གསུངས། ཉེ་གནས་ཀྱིས་ཡ་ཀིར་དེ་སྐད་བྱས་པས། དེ་སྔ་ཞལ་མ་མཐོང་བས་ཇི་ལྟར་སྒོམ་མི་ཤེས་ཟེར། ཡང་སྤྱན་སྔར་ཞུར་ཕྱིན་པས། ཁོ་བོ་བཙུན་པ་ཤ་ཆེ་བེ་རེ་བ་གཅིག་བསྒོམ་གྱིས་གསུངས། དེ་ནས་བསྒོམས་པས་སྐུ་ཁམས་དྭངས་པ་ཡིན་པར་སྣང༌། ཡང་དགེ་བའི་བཤེས་གཉེན་གླང་སེང་གེ་རྒྱལ་མཚན་གྱིས། བླ་མ་རིན་པོ་ཆེ་ཉིད་ཀྱི་རྣམ་པར་ཐར་པ་ཇི་ལྟར་མཛད་པའི་ཚུལ་ལུགས་ཤིག་འགྲོ་ཆོས་སུ་ཞུ་ཞུས་པས། ཁོ་བོ་ལ་ཡོན་ཏན་གྱི་རྣམ་པར་ཐར་པ་བཤད་རྒྱུ་མེད། ཚེ་འདི་ཡི་རྣམ་རྟོག་སྐྱེ་མ་མྱོང༌། ཁོ་བོ་ཐོས་བསམ་གྱི་གྲྭ་སར་ཡང་ཐུན་བཞི་ཡི་རྣལ་འབྱོར་ནི་མ་ཆག་པར་བྱེད་པ་ཡིན་གསུངས། དགེ་བའི་བཤེས་གཉེན་སྨྲར་སྟོན་འཇམ་དང་ཆུང་པོ་གྲོགས་ཀྱི་དཔོན་སློབ་ཡིན་པས། བླ་མ་རིན་པོ་ཆེ་སངས་རྒྱས་ཡིན་བྱས་པ་ལ། སངས་རྒྱས་མིན་ན་ཐ་མལ་པ་གཅིག་སྒྲུབས་ཀྱང༌། བརྩོན་འགྲུས་དང་འབད་རྩོལ་བྱས་ན་ཡོན་ཏན་གྱི་ཚོགས་ཤིན་ཏུ་ཡང་ཡོང་དགོས། ལ་ལ་ཐག་རིང་པོར་གཤེགས་བཞུད་མཛད། འོ་བརྒྱལ་ཐང་ཆད། ལ་ལ་གཞན་ཐམས་ཅད་རོ་ཉལ་བྱེད་པའི་དུས་སུ། མཚན་རིང་པོ་ཙོག་པུ་མཛད་ནས་གདན་གྱི་སོག་མ་རྣམས་ཕྱེ་མར་སོང་སྐད། ཞལ་སྔ་ནས། ཁོ་བོ་བླ་མ་ཞུ་ཡས་ལྟ་བུ་ལྡོམ་བུ་བ་ཞིག་བྱེད་སྙམ་པ་ལ། དུས་དེང་སང་འདི་འདྲ་ཞིག་ཏུ་སོང་གསུངས་ནས། ཐུགས་མ་རངས་པའི་བཀའ་བསྩལ་གསུངས་ཏེ། ཡང་དོན་གྱིས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲུབ་པ་སྙིང་པོར་མཛད་པ་འབའ་ཞིག་གིས་ཞེ་བཅད་ཀྱི་སྒྲུབ་པ་རུས་སུ་ཐོན་པའི་དུས་སུ། འདག་རྒྱུ་ཉོན་མོངས་པ་ལྔ་ནི་རང་སར་དག བྱམས་པ་དང་སྙིང་རྗེེ་བྱང་ཆུབ་ཀྱི་སེམས་རང་ལ་འཁྲིས་མེད་པའི་སྟོབས་ནི་ཐོབ། གཏོང་བ་དང་ཡོངས་སུ་གཏོང་བ་དང༌། གཏོང་བ་ཆེན་པོས་འགྲོ་བ་སྨིན་པར་བྱེད་པའི་ཐབས་ལ་མཁས་པ། བདག་དང་བདག་གི་ཞེས་པ་དང༌། གཟུང་བ་དང་འཛིན་པའི་སྤྲོས་པ་ནི་ཆད། རང་གཞན་མ་ལུས་པ་ཐམས་ཅད་རང་ཉིད་དང་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་འབའ་ཞིག་ཏུ་རྟོགས་པས་ཕྲག་དོག་གི་མེ་ནི་ཞི། ཅི་དང་ཅི་བྱས་པ་ཐམས་ཅད་སྒྲུབ་པ་བྱས་པའི་འབྲས་བུས། རང་དོན་དང་གཞན་དོན་འབྱུང་བའི་དུས་སུ། བླ་མ་དང་ཡི་དམ་གྱི་ལུང་བསྟན་ནི་བྱུང༌། དཔའ་བོ་དང་མཁའ་འགྲོས་ནི་བྱིན་གྱིས་ བརླབས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་དབང་བསྐུར་བའི་དུས་སུ། སེམས་ཅན་གྱི་དོན་མི་བྱེད་པའི་རང་དབང་མེད་པ་ཞིག་འོང་བར་བླ་མ་དམ་པ་དང་མདོ་རྒྱུད་ཐམས་ཅད་དུ་གསུངས། རྗེ་རིན་པོ་ཆེ་ཉིད་ཀྱིས་ཀྱང་དེ་ལྟར་ལགས་པའི་ བཀའ་མང་པོ་གསུངས་པ་ལགས་སོ། །རུག་པའི་ཚ་བ་ཞིག་གསོལ་བ་ཟན་སྤགས་ཀྱི་ཆར་སོང་དགོངས་ནས། དགེ་སློང་བཞི་སྡེ་ལ་བཤགས་པ་མཛད་པ་དང༌། རྟ་དང་ཕྱུགས་མ་ལ་སོགས་པ་ཐམས་ཅད་ལ་འཛིན་པ་མི་མངའ་བ་ལ་སོགས་པ་མདོར་ན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བའི་མངའ་བདག་ཏུ་གྱུར་པ་དང༌། རབ་ཏུ་གཤེགས་ཤིང་མྱ་ངན་ལས་མ་འདས་ཀྱི་བར་དུ། འགྲོ་བ་མཐོ་དམན་མེད་པ་ཐམས་ཅད་ཀྱི་ཁུར་དུ་ཁུར་ཞིང༌། སྐྱེས་བུ་དམ་པ་ཐམས་ཅད་བཀུར་བས་ཡོན་ཏན་རིན་པོ་ཆེ་བུམ་པ་གང་བྱོའི་ཚུལ་དུ་འོང་ཞིང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འགྲུབ་པར་དགོངས་ནས་འགྲོ་བ་ཐམས་ཅད་བུ་ལྟ་བུར་མཛད་ཅིང༌། དཀའ་བའི་ཁུར་བུ་ཐམས་ཅད་བསྣམས་པ་ལ་དྲིན་བརྩི་བ་དང་ལན་བགྲང་བ་མེད་པ་དང༌། རབ་ཏུ་བྱུང་བ་རྣམས་ཀྱིས་ཁུར་བུ་བསྣམས་ཤིང་དཀའ་བ་དང་དུ་བཞེས་པས། གཙུག་གི་ནོར་བུ་རིན་པོ་ཆེ་ལྟ་བུར་རྒྱན་དུ་གྱུར་པ་དང༌། ཚིལ་ལུ་བཏབ་པའི་སྐྱོ་ཚ་ཡང་མི་གསོལ་བ་དང༌། སྐུ་འགག་བརྗེ་བའི་དུས་མ་གཏོགས་པ་སྐུ་རགས་འགྲོལ་མ་མྱོང་བ་དང༌། སྐུ་འགག་རྙིང་པ་དཀྲུས་ནས་གསོལ་བ་དང༌། སྙིང་ཉེ་བའི་ཉེ་གནས་ཀྱིས་ཟས་ནོར་གྱི་དངོས་པོ་ནི་འདི་ཙམ་ཞིག་ཡོད། སོ་མ་རེ་གསོལ་བར་ཞུ་ཞུས་པས། ཁྱོད་ཀྱིས་ཁོ་བོ་ལ་ཅི་ཡོད་པ་མཐོང༌། ཁོ་བོ་དགེ་འདུན་གྱི་ཚོགས་སྐྱོང་དགོས་པ་ཡིན་གསུངས། ཕུན་སུམ་ཚོགས་པ་ཇི་ལྟར་མངའ་བ་ཐམས་ཅད་ཀྱིས་ཡོད་པ་ལ་ཕྱུག་སྣོན་མི་འདེབས། མེད་པ་ལྟོགས་གྲིར་མི་གསོད། ཡོན་བདག་གི་སྣམ་ཕྲག་མི་འགེངས། འབུལ་བ་ལ་ཐེབས་ལན་མི་མཛད། མ་བསྔོས་པར་ཆུད་ཟོས་སུ་མི་གཏོང་བ་དང༌། སྒོམ་ཆེན་པ་རྣམས་ལ་མོས་གུས་ཨ་ཅང་ཡང་ཆེ་སྟེ། ཁྱི་ཡན་ཆད་ལ་མོས་གུས་མཐར་ཐུག་པ་མཛད་ཅིང༌། ཉེ་གནས་དང༌། གྲལ་དཔོན་ཐམས་ཅད་ལ་བླ་མ་དམ་པར་བཀུར་བ་དང༌། སྤྱིར་ཡང་དགེ་འདུན་ཐམས་ཅད་ནི་སྟོན་པ་དངོས་དང་འདྲ་བར་མཛད་ཅིང༌། བསླབ་པ་བགྲེས་པ་ཐམས་ཅད་ལ་ཕྱག་མཛད། གཞོན་པའི་དགེ་སློང་བཞི་སྡེ་ལ་ཕྱག་འཚལ། དགེ་འདུན་བཞི་སྡེ་ལ་ནི་ལྡང་བ། ཆོས་ཚིག་གཅིག་ཡན་ཆད་གསུང་བ་ལ་ནི་བསུ་བ། བླ་མ་དང་སངས་རྒྱས་ཀྱི་སྐུ་འབག་ལ་ནི་སྐད་གཅིག་ཀྱང་མི་འབྲལ་བར་མཛད་པ་ལགས་ཏེ། བདེ་བར་གཤེགས་པ་མཉེས་པས་སྤོང་དག་མཛད་པས། ལྷ་བཟོ་འོང་ནས་དེ་བཞིན་གཤེགས་པའི་སྐུའི་སྐྱ་རིས་བཏབ་པ་ལ། འོད་ཟེར་ནི་ཚུར་འབྱོན་པ་ཡིན། དེ་ཚེ་སྐྱ་རིས་འདེབས་ཨེ་དགོས་ཞུས་པས། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདིས། སྙིགས་མའི་ཞིང་འདི་བཟུང་བ་བཀའ་དྲིན་ཆེ་བ་ཡིན། སྐད་ཅིག་ཀྱང་འབྲལ་གར་ཕོད་གསུང་བར་གདའ། སྐྱབས་སུ་འགྲོ་བའི་བསླབ་བྱ་མཐའ་དག་དང་མ་བྲལ་བར་གྱིས་ཤིག་པར་བསྟན། དེ་ཡང་ཐུབ་པ་ཆེན་པོ་དང༌། ཡོན་ཏན་གྱི་རྒྱ་མཚོ་ཆེན་པོར་ཆུ་བོ་ཐམས་ཅད་འབབ་པ་དང༌། པད་མའི་མཚོ་ལ་ངང་པ་འདུ་བ་བཞིན་དུ་སློབ་མའི་ཚོགས་དཔག་ཏུ་མེད་པ་རྣམས་འདུས། སྐྱོང་བར་མཛད་པའི་ཚུལ་ལུགས་གསོལ་རྒྱུའི་ངོས་ནས། ཐབ་ཆུང་སྐེ་ཆུང་གཡོས་ཆུང་ལ་སོགས་པ་ཞིམ་ཞིམ་པོ་དང༌། མངར་མངར་པོ་ཞིག་ཀྱང་མི་མཛད་པས། དགེ་འདུན་གྱི་དཀྱུས་མ་ཇི་ལྟར་གསོལ་བ་དེ་ཀ་ལས་གཞན་དུ་མི་མཛད་པ་དང༌། གྲྭ་སར་བཞུགས་པའི་དུས་སུ་ང་རྒྱལ་དང་ཁེངས་པ་སྤངས་ཤིང༌། གདོལ་བུ་ལྟ་བུར་མཛད་ནས། དམན་པ་དང་མཆོག་གི་བྱ་བ་ཐམས་ཅད་དང་དུ་བཞེས་པ། ཆབ་གདན་འདྲེན་པ་དང༌། ཐལ་བ་གཤེགས་སུ་གསོལ་བ་དང༌། རབ་ཏུ་བྱུང་བ་རྣམས་ཀྱི་བཤོས་ལྷག་རུང་བ་མཛད་ནས་ལེགས་པར་གསོལ་བ་དང༌། ཚན་པོ་ཆེའི་སྟོབས་རབ་ཏུ་བརྙེས་པས་དམན་པ་དང༌། མཆོག་རྣམས་ཀྱི་ཁྲེས་པོ་ཆེན་པོ་བསྣམས་ཤིང་གཤེགས་པ་ལ་མངོན་ལྐོག་དང་སྐྱོ་དུབ་མེད་པར་མཛད་པ་དང༌། ཐུབ་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་དོན་དུ་གཉེར་བ་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་གྱི་བརྟུལ་ཞུགས་ཉམས་སུ་མ་བླངས་པར། ཇག་ཆོམ་པོ། ཚོང་ཁེ་སྐྱེད། ཞིང་རྨོ་རྐོ། འབྲོག་པའི་ལུག་སྐྱོང་བས་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་མི་འབྱུང་བར་དགོངས་ནས། བསོད་སྙོམས་ཆེན་པོ་སྦྱངས་པའི་ཡོན་ཏན་དང་ལྡན་པར་མཛད་པ་དང༌། །སོ་ནམ་གནས་གཞི་སྤངས་པ་རྒྱལ་ བའི་སྲས། །འཚོ་བ་བྱའཚོལ ་བྱེད་པའི་བསོད་སྙོམས་པ། །ས་ཕྱོགས་གཅིག་ཏུ་ཡུན་རིང་མི་བཞུགས་ན། །སྐྱེས་ཆེན་དེ་ལ་མདུན་མས་ཅི་ཞིག་བྱ། ཡང་ཚོགས་ཀྱི་དཀྱིལ་འཁོར་ན་ཆོས་གསུང་བའི་སྐབས་ན། དགེ་འདུན་རྣམས་དབྱར་གྱི་དུས་ན་ཀོ་སྟན་རེ་ཚགས་གྱིས། རླན་གྱི་ནད་འདི་འཇུག་པར་ནི་སླ། འདོན་པར་ནི་ཤིན་ཏུ་དཀའ་བ་ཡིན་གསུངས། དགུན་གྱི་དུས་སུ་མེ་ཆ་རེ་ཚགས་གྱིས། མེ་ཕར་སློང་ཚུར་སློང་གི་དུས་སུ་ནགས་ཚལ་ཆེན་པོ་འདི་ལ་མེ་ཤོར་ན། ཁྱེད་རྣམས་རྐང་ལག་བདེ་བའི་ལེགས་པར་འོང་སྟེ། ཁོ་བོ་འོ་བརྒྱལ་བ་ཡིན་གསུངས། དགེ་འདུན་རྣམས་སྐྱོ་བསངས་ལ་མ་དགའ། ཁར་སང་གི་ཤིང་ཕུང་དེ། དེ་རིང་ཡང་དེ་རང་ཡིན་མོད་གསུང་བ་དང༌། བརྩོན་འགྲུས་ཆེན་པོ་བསྐྱེད་ལ་བསྒོམ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ཤིན་ཏུ་འཇིགས། ཡེ་སྒོམ་མ་ནུས་པ་ཀུན་གྱིས་ཀྱང་ཚ་ཚ་སྐོར་བ་ལ་འབུངས། དེ་རྣམས་ཀྱང་མ་ནུས་ན་ཁོ་བོའི་སྤྱིལ་པོ་ལ་རྡོ་རེ་རྒྱོབ་གསུངས། ཡང་ཁམས་པ་འགྲོན་པོ་ཞིག་གི་ཇ་རིན་ཆགས་པས། ཁོ་བོའི་གྲོགས་སོང་ནས་ཁོ་འགྲོ་རིངས་པས། རྟ་རྒྱབ་ཀྱི་སྒོ་ལ་འཕྲེད་ཉལ་བྱས་པས། བདེ་བར་གཤེགས་པའི་སྤྱན་སྔར་ཞུས་པས། སྟག་ལུང་པ་ཁྱོད་ཀྱིས་ཕྱགས་མ་ཞིག་ཟུང་ལ། སྤྱིལ་པོའི་ནམ་མཁའ་ལ་གསེར་ཤོག་གྱིས་ཕྱོགས་ལ། དེ་ནས་ད་ས་གཞི་འདི་ཕྱོགས་ལ་ཨེ་སྣང་ལྟོས་དང་གསུངས་པས། ས་གཞི་ཕྱགས་ནས་བལྟས་པས། ཁོ་ཡི་གསེར་ཞོ་བཅུ་གསུམ་ཆགས་པ་དེ་མ་ཆད་མ་ལྷག་པ་ཞིག་བྱུང་བར་གདའ། ཉེ་གནས་ཀུན་ལ། ཕ་ནམ་མཁའི་མཛོད་ལ་མངའ་བརྙེས་པ་ངོ་མཚར་ཆེ་སྙམ་པ་བྱུང་བར་གདའ། ཡང་དུས་རེ་ཤིག་ན། ཁོ་བོས་ངམ་ཤོད་ཀྱི་གཙང་པོ་འདི་གྱེན་ལ་ལྡོག་ན་ཡང་ནུས་པ་ཡིན་གསུངས། ཡང་དུས་རེ་ཞིག་འདས་མཆོད་ལ་ཁོ་བོ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཡིན། ཏིང་ངེ་འཛིན་གྱི་རྒྱལ་པོ་ནས་ལུང་བསྟན་ནས་ཡོད་གསུངས་པས། ཁུ་སེམ་མེ་འདུག་པས། ཁྱོད་ཡོད་མི་ཆོས་མི་དགོས་ཞུ་སྣ་གདོང་ན་ཏིང་ངེ་འཛིན་གྱི་མདོ་ཞིག་ཡོད། དེར་ལྟོས་དང་གསུངས། དེ་ན་མི་སྣང་ཟེར། ད་རུང་ལྟོས་དང་ཡོད་གསུངས། བལྟས་པས་མི་གདའ་ཟེར། དེ་ལ་ཁྱོད་ཡིད་མི་ཆེས་མི་དགོས། ཁོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་ བཅོམ་ལྡན་འདས་ཉིད་ཡིན། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པ་ལ་གཏད་པ་ཡིན། ཁོ་བོ་དང་རྗེ་སྒམ་པོ་བ་གཉིས་ཀྱང་ཡོན་ཏན་ཁོ་བོ་ཆེ་བ་ཡིན། སྐྱེ་བ་སྔ་མ་ལ་རྒྱ་གར་ན་པཎྜི་ཏ་མི་ཆེ་བ་གཉིས་སུ་སྐུ་སྐྱེ་བ་བཞེས་པ་ཡིན། སྒྲ་ཞིག་ལ་རྩོད་པ་བྱུང་བས། བླ་མ་རིན་པོ་ཆེའི་སྐུའི་སྐྱེ་བ་འདིའི་སྔ་མའི་པཎྜི་ཏ་དེ་རྒྱལ། དེར་ཁོ་བོས་ཐུན་གཅིག་གསན་པས། ད་ལན་འདིར་སློབ་དཔོན་དུ་གྱུར་པ་ཡིན་གསུངས། སྲས་ཀྱི་ཐུ་བོ་སྟག་ལུང་པ་ལ་ཁོ་བོ་སངས་རྒྱས་འཁོར་བ་འཇིག་ཡིན་གསུངས་པ་དང༌། མི་བསྐྱོད་རྒྱལ་པོ་སྨན་གྱི་ལྷ་ཡིན་གསུངས་པ་དང༌། ཡང་དུས་རེ་ཞིག་མཁན་པོ་རིན་པོ་ཆེ་དང༌། ཁྱེད་རང་མི་ཆེན་རྣམས་གྲོས་གྱིས་ལ། ཁོ་བོ་ཡུན་རིང་བ་ཞིག་བཞུགས་པ་ནི་འོང༌། ཕྲིན་ལས་ནི་ཆུང༌། ཡང་ཡུན་ནི་ཐུང༌། ཕྲིན་ལས་ནི་ཆེ་བར་འོང༌། དེ་ཁྱེད་རང་རྣམས་འདོམས་གསུངས། སུས་ཞུ་ནུས་པ་མ་བྱུང༌། མཁན་པོའི་ཞལ་ནས། དགེ་བའི་བཤེས་གཉེན་ལ་འཕྲིན་ལས་མ་བྱུང་ན་ཡུད་མེད་གསུངས། དེ་ནས་དེ་ལ་བཞག་པར་སྣང༌། ཡང་དུས་གཅིག་ཨུ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷི་གསུམ་བྱོན་པ་ཡང་ཁོ་བོ་ཡིན་གསུངས། ཨིནྡྲ་བོ་དྷི་དང་པོའི་བླ་མ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཡིན། ཆོས་ནི་གསང་བ་འདུས་པ། ཨིནྡྲ་བོ་དྷི་བར་པའི་བླ་མ་ནི་སློབ་དཔོན་ཆེན་པོ་ཛ་ལན་དྷ་ར་པ། ཆོས་ནི་བདེ་ཆེན་འཁོར་ལོ་སྡོམ་པ། ཨིནྡྲ་བོ་དྷི་ཐ་མའི་བླ་མ་ནི། སློབ་དཔོན་རྟ་མཆོག ཆོས་ནི་དགྱེས་མཛད་ཀྱི་གྲུབ་ཐོབ་ཡིན་གསུངས། ཡང་དུས་ཤིག་ན་འོལ་ཁའི་ཕུ་འདི་ན། མཚོ་མི་ཆེ་བ་གཅིག་ཡོད། དེའི་ནང་ན་ཕ་བོང་ཞིག་ཡོད།

ཕ་བོང་དེ་ལ་གོས་དཀར་པོས་བཀབ་ནས་མཚོ་དེའི་ནང་དུ་བལྟས་ན། གྲོང་ཁྱེར་ཆེན་པོ་ཤམ་བྷ་ལ་མཐོང་གསུངས། ཁོ་བོ་སྦས་སུ་སྐུ་སྐྱེ་བ་ལན་གསུམ་བཞེས། བཀའ་གདམས་ཀྱི་དགེ་བཤེས་སྤྱན་སྔ་རིན་པོ་ཆེ་ཡང་ཁོ་བོ་ཡིན་གསུངས། སློབ་དཔོན་སྒོམ་མའི་སློབ་མ་གཅིག་རླུང་འགྲན་དུ་བྱུང་བས། ཁྱོད་ཀྱིས་ཁོ་བོའི་དྲུང་དུ་རླུང་ཐུན་གཅིག་གནོན་དང་གསུངས་པས། ཁོས་རླུང་མནན་ནས་མིག་ནམ་མཁའ་ལ་བགྲད་པས། ཨ་ཙི་ཙི་ཨ་ཙི་ཙི། དེ་ཙུག་བྱས་ན་མིག་ནམ་མཁའ་ལ་འཇུར་གྱིས་འབུད། ཨེན་ཞིག་མར་ཕོབ་གསུངས་པས། ཕྱག་རྒྱ་ཆེན་པོ་རྒྱུད་ལ་སྐྱེས་ནས། རྩ་བའི་བླ་མ་བྱེད་པ་ཞིག་བྱུང་པར་གདའ། བདེ་བར་གཤེགས་པ་ལ་རྒྱས་པ་ཚར་ཕྱེད་དང་གསུམ་བྱུང་བ་ལ། བདེ་བར་གཤེགས་པ་དང་མཁན་པོ་གཉིས་ལ་རྒྱས་པ་ཚར་གཅིག་ཕུལ། ཕྱི་ནང་མཁན་པོའི་དབུ་སྔས་སུ་བདེ་བར་གཤེགས་པ་བྱོན་ནས། དགེ་བའི་བཤེས་གཉེན་པའི་རྒྱས་པ་ཕྱེད་དེ་ཅི་བྱེད་གསུངས་པས། སློབ་དཔོན་གྱི་སློབ་དཔོན་གང་བཞེད་པ་གཅིག་ལ་འབུལ་བ་ཡིན་མོད་གསུངས། བདེ་བར་གཤེགས་པས་ཕྱག་ཐལ་མོ་སྦྱར་ནས་ཐུགས་ལ་བཏགས། ཐུགས་ལ་བཏགས་གསུངས་ནས། ས་སྐྱ་པ་ལ་ཕུལ། དོལ་གྱིས་གནས་པོ་ཀུ་ཀུ་ར་ཙས་རྒྱས་པ་ཚར་གཅིག་ཕུལ། ཁེངས་པོའི་འོ་སེ་གྱང་ནས་འོ་སེའི་འབུམ་དམར་ཕུལ་བ་དང༌། རྒྱས་པ་ཚར་གཉིས་པོ་དེ་སྒམ་པོ་པ་ལ་ཕུལ་བར་གདའ། དེ་ཡང་མྱ་ངན་ལས་འདའ་ཀའི་དུས་སུ་གཞན་མི་མཐུན་པའི་ཕྱོགས་སྒྲུབ་པ་རྣམས་ཀྱིས་ཞལ་ཟས་དྲངས་པས། ལན་གསུམ་གྱི་བར་དུ་མ་གསོལ་བ་ཡིན་པར་གདའ། པུ་ཤུ་ཁམ་བུ་ཁབ་ཀྱིས་བཙགས་ནས། ཤུལ་དུ་སྨན་བླུག་ནས་དྲངས་པས་སྨན་ཡོད་པ་ཐམས་ཅད་ལོགས་སུ་བཞག་ནས་མ་གསོལ། ཉེ་གནས་ལ་འདི་རྣམས་དོང་གཅིག་རྐོས་ལ་དེའི་ནང་དུ་ཆུག་གསུངས། ཞལ་ཟས་འདྲེན་མི་ནི་སློབ་དཔོན་སྒོམ་པའི་ལྕམ་སྲིང་མོ། ཇོ་མོ་བློ་གྲོས་ལྷ་མོ་བྱ་བ་གཅིག་དང༌། ཆོས་སེང་ནག་ཆུང་བྱ་བ་གཉིས་འདུས་ནས། སློབ་དཔོན་སྒོམ་པའི་སྐུ་བསོད་ལ་གནོད་དོགས་ནས་ཞལ་ཟས་དྲངས་པར་སྣང༌། ཇོ་མོ་བློ་གྲོས་ལྷ་མོ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་ཡིན་པར་སྣང༌། ཆོས་སེང་ནག་ཆུང་ནི་བྱང་ཤར་མཚམས་ཀྱི་གནོད་སྦྱིན་མོ་ལུ་བྱ་བར་འདུག ཁོང་གཉིས་ཀྱི་ཁོ་བོ་ལ་སྲོག་གི་ལན་ཆགས་པ་ཡིན་གསུངས། ཕྱི་མ་ལ་ཁོང་གི་ལན་ཆགས་པར་དགོངས་ནས་གསོལ་བར་འདུག་སྐུ་ལུས་ཐམས་ཅད་ཟུག་གིས་ནི་གང༌། འོ་བརྒྱལ་བ་ཆེན་པོས་ནི་འོ་བརྒྱལ། ཉེ་གནས་ཀྱིས་འདི་འདྲ་བ་བྱེད་ཕོད་པ། སེམས་ཅན་མནར་མེད་པའི་དམྱལ་ བར་འགྲོ་ཞུས་པས། ངན་སོང་ཙམ་དུ་མ་སོང་བ་ནི་ཁོ་བོའི་གཉེར་ཡིན་གསུངས། ཁྱོད་ཀྱིས་དགེ་སློང་བཞི་སྡེ་ལ་ཁོ་བོའི་སྡིག་པ་སྦྱོང་བའི་ཀཾ་ཀ་ནིའི་གཟུངས་ཆོག་གྱིས། ཁོ་བོའི་སྡིག་པ་དག་པས་ཁོ་བོ་སྐུ་ཁམས་བཟང་དུ་འགྲོ་བ་ཡིན་གསུངས། དེ་ནས་ཉེ་གནས་ཀྱིས་སྔགས་རྣོན་པོ་ཤིན་ཏུ་ཟབ་པ་མང་པོ་ཉམས་སུ་མྱོང་པས་གྲུབ་པ་ཡོད་པས་བྱེད་པར་ཞུ་ཞུས་པས། ཁྱོད་ཀྱི་དེ་ངོ་མཚར་ཆེ་བ་གཅིག་འདུག་གྱིས་དང་གསུངས་པས། སྔགས་འདི་ནན་ཏར་བགྲང་བ་ཆེ་བས། ཆང་གི་ཉིང་ཁུ་གསོལ་ཞལ་གང་ཙམ་ཞིག་དགོས་ཞུས་པས། ཨ་ཙི་ཙི་ལས་ཀྱི་རྣམ་པར་སྨིན་པ་ནི་རེ་འཇིགས། མངལ་གྱི་དྲི་མ་ནི་ཡ་ང༌། གསུངས་ནས་སྐྱེས་རབས་དེ་གསུངས་རར་གདའ། ཆང་གསོལ་ཞལ་གང་དང་སྐུ་སྲོག་བསྡོས་པ་ལགས་པར་གདའ། སྲོག་གི་ཕྱིར་ཡང་ཆང་ནི་བཏུང་དུ་མི་བཏུབ་པ་ཡིན་ཏེ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་ཤིན་ཏུ་ཡ་ང་ལ་ཤིན་ཏུ་འཇིགས་སུ་རུང་བ་ཡིན་ཏེ། དེ་ཡང་སྔོན་འདས་པའི་དུས་ན་དགེ་སློང་དགེ་བའི་བློ་གྲོས་ཆོས་ཀྱི་དཔལ་བྱ་བ། བྱང་ཆུབ་སེམས་དཔའ་གྲུབ་པ་ཐོབ་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པས་སྤྲེའུ་མང་པོ་ཞིག་གིས་རཏྣ་ཙ་རའི་མཆོད་རྟེན་ནའང་མི་རིགས་པ་བྱེད་པ་མཐོང་བས། འདི་རྣམས་གང་དུ་སྐྱེ་དགོངས་པ་ལ། ཐམས་ཅད་མནར་མེད་པའི་དམྱལ་བ་ཆེན་པོར་འགྲོ་བར་གཟིགས་ནས། གནས་དེར་སྤྲེའུ་ལུས་སུ་བསམས་བཞིན་དུ་སྲིད་པ་ཉེ་བར་བླངས་ནས་ངག་ཏུ་ནི་ཆོས་མ་བཤད། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས་མཆོད་རྟེན་ལ་སྐོར་བ་བྱས་པས་སྤྲེའུ་རྣམས་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཏེ་འཕོ་བ་མཛད་དགོངས་པ་ལ། སྤྲེའུ་གཉིས་ཆགས་པ་སྤྱོད་པ་མཐོང་བ་ལས། དུད་འགྲོ་རྟེན་ངན་པས་ཐིག་ལེ་ཉམས་པ་བྱུང༌། ཉེས་པའི་རྒྱུས་མངལ་གྱི་སྐྱེ་གནས་སུ་སྐྱེས་ནས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྣམས་ནི་ཤོར། མངོན་པར་ཤེས་པ་ནི་བརྗེད་པ་ལ་སོགས་པ། ཉེས་པའི་ཚོགས་དཔག་ཏུ་མེད་པ་འབྱུང་བར་གསུངས་ཏེ། དུས་གཞན་གྱི་ཚེ་ཡང༌། ཨེ་མ་ལས་ཀྱི་རྣམ་པར་སྨིན་པ་ནི་རེ་འཇིགས། མངལ་གྱི་དྲི་མ་འདི་ཉེས་པ་རེ་ཆེ། གསུངས་པ་ལགས། བདག་ཉིད་ཆེན་པོ་དེས་ཆང་འཐུང་བའི་སྐྱོན་གཟིགས་ཤིང༌། མ་འཐུངས་པའི་ཡོན་ཏན་ཁོང་དུ་ཆུད་པས། རྗེས་སུ་འཇུག་པའི་སློབ་མ་རང་བས་གཅེས་པར་གྱུར་པ་རྣམས་ལ་ཆང་མ་འཐུང་ཞིག་ཅེས་སྙིང་པོར་གྱུར་པ་ཞིག་གདམས་ངག་ཏུ་གནང༌། ཕྱིན་ཅི་མ་ལོག་པའི་སྐྱེས་རབས་དང་བཅས་པ་གསུངས་པས། ཆང་འཐུང་བར་མི་བྱའོ། །དུས་གསུམ་མངོན་དུ་གྱུར་པ་དཔལ་ལྡན་ཆོས་ཀྱི་རྗེས། །རྒྱུ་དང་འབྲས་བུ་ཤིན་ཏུ་ཕྲ་བའི་ཕྲ་བ་རྣམས། །འདི་ལས་འདི་བྱུང་ཤིན་ཏུ་ཆུད་པའི་ཕྱིར། །འགྲོ་བ་བུར་གྱུར་རྣམས་དང་བུ་སློབ་རྗེས་འཇུག་ལ། །བརྩེ་ཆེན་དེས་ནི་རང་བས་གཅེས་པར་གཟིགས་པའི་ཕྱིར། །རྒྱུ་དང་འབྲས་བུ་ཟབ་པའི་གནད་འདི་སྙིང་པོར་གསུངས། །ཆགས་སྡང་ཉེས་པའི་རྩ་བ་ཤ་དང་ཆང་རྣམས་ཀུན། །རང་ཉིད་མི་བཞེས་གཞན་ལ་གནང་བར་མི་འགྱུར་བ། །དུས་གསུམ་མཁྱེན་པ་རྒྱལ་བའི་གསུང་རྣམས་དཔང་མཛད་ནས། །ཉིད་ཀྱི་མངོན་དུ་གྱུར་པ་གཅེས་པའི་བུ་ལ་གདམས། །གནད་འདི་སོ་སོར་ཐར་དང་བྱང་སེམས་གསང་སྔགས་ཀྱི། །དམ་ཚིག་ཇི་བཞིན་སྲུང་བས་གསང་སྔགས་ཡོན་ཏན་རྣམས། །བུམ་པ་གང་བྱོའི་ཚུལ་དུ་ཐུགས་ལ་བཞག་ནས་ནི། །ཐུགས་ཀྱི་སྙིང་པོ་ཆོངས་ཤིག་རྗེས་འཇུག་སློབ་མ་རྣམས། །ཆགས་པ་སྤྱོད་པའི་སྦྱོར་ཐབས་སུམ་བརྒྱ་དྲུག་ཅུ་དང༌། །རྩ་རླུང་ཐིག་ལེའི་གནད་རྣམས་ཟབ་པ་མ་ཡིན་ཏེ། །དེ་རྣམས་འོད་གསལ་དབྱིངས་སུ་ལྡན་ན་ཐུབ་པའི་ཆོས། །རྒྱལ་བས་གསང་སྔགས་ཟབ་པའི་གནད་དུ་གསུངས། །གཞན་དུ་མུ་སྟེགས་འཁོར་བའི་སྡུག་བསྔལ་སྒྲུབ་རྟགས་སུ། །ཡང་དང་ཡང་དུ་ནན་ཏན་ཆེན་པོས་བཀའ་སྩལ་གསུངས། །འོ་ན་མེད་དེ་དེ་རྣམས་ཤིན་ཏུ་ལགས་ནའང༌། ཁྱོད་ཉིད་དེ་ལྟར་མི་བྱེད་པ་ཅི་སྟེ་ཞེ་ན། དེ་ནི་ཤིན་ཏུ་ཡང་མད་དེ། བདག་ཉིད་ཆེན་པོའི་རྣམ་པར་ཐར་པ་མཐའ་དག་ནི། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་སྒྲུབ་པར་མི་ནུས་མོད་ཀྱི། ཕྱོགས་རེ་ཙམ་གྱི་རྣམ་པར་ཐར་པ་ལ་མ་གནས་ན་ནི། བྱི་པོ་དབྱུག་པ་ཐོགས་པས་ཀྱང་མི་ཚེ་ཕྱེད་པར་མི་འགྱུར་བས། བདག་ཀྱང་ཕྱོགས་འགའ་ཞིག་ལ་ཞུགས་པ་ལགས་ཏེ། ཟླ་སྟོད་དང་ཟླ་སྨད་དང་སྔ་དྲོ་ཕྱི་འཕྲེད་ལ་སོགས་པ་སྒྲུབ་པར་ནུས་ཚད་ཀྱིས། དེ་སྔ་ཡང་འབད་ཅིང༌། ད་ལྟ་ཡང་འབད་པ་ལགས། རང་དབང་མེད་པར་འགའ་ཞིག་བྱུང་བ་ནི། ཉེས་པར་མ་མཐོང་ཞིང༌། ཚོད་ཡོད་དུ་བགྱིས་པ་མ་ལགས་ཏེ། རྗེ་རིན་པོ་ཆེ་ཡབ་སྲས་དང་བཅས་པ། ཕྱོགས་རིས་དང་བཅས་ཐམས་ཅད་ལ་བཤགས་པ་ལགས། རྗེས་སུ་འཇུག་ཅིང་ཕན་པ་དང་བདེ་བར་འདོད་པ་རྣམས་ཀྱིས། བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་རྣམ་པར་ཐར་པ་ལ་བསླབ་པར་བྱའོ། །ད་ཇི་ལྟར་ཉི་མ་ཤར་ནུབ་བཞིན། །རིགས་འདི་གཙོ་བོར་སྨྲ་བ་ཡིན། །འཇིག་རྟེན་པ་རྣམས་རིགས་གཙོར་བྱེད། །རྒྱལ་པོ་བྲམ་ཟེ་རྟ་དང་གླང༌། །དེ་ལས་དེ་ཉིད་ཇི་བཞིན་ནོ། །འཇིག་རྟེན་མགོན་པོ་ཐུབ་པ་ཡི། །སྲས་རྣམས་དེ་ཡི་རིགས་ལས་སྐྱེས། །སྐུ་གསུང་ཐུགས་ཀྱི་རྣམ་ཐར་རྣམས། །གང་ཞིག་འཛིན་པར་མི་བྱེད་ན། །རྒྱལ་བའི་སྲས་སུ་ཇི་ལྟར་འགྱུར། །གཞན་གྱི་བརྟུལ་ཞུགས་ཐ་དད་རྣམས། །རིགས་ཉིད་གཙོ་བོར་མི་སྨྲ་ཞིང༌། །ཐུབ་པ་ཆེན་པོའི་རྗེས་འཇུག་པས།། ཐུབ་པའི་སྲས་སུ་གྱུར་པ་ཡི། །མགོན་པོ་བླ་མ་རིན་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་རྣམ་ཐར་ལ། །མི་སློབ་རྗེས་སུ་མི་འབྲང་ན། །དེ་ཡི་སྐུ་གསུང་ཐུགས་ཉིད་དང༌། །དབྱེར་མེད་གཅིག་ཏུ་ཇི་ལྟར་འགྱུར། །སྐྱེས་ཆེན་མཉེས་པར་བྱ་བའི་ཕྱིར། །རྣམ་ཐར་ཕྱོགས་གཅིག་ཙམ་སྤྱད་ཀྱང༌། །རང་གི་ལུས་ངག་ཡིད་གསུམ་རྣམས། །རྣམ་ཐར་དེ་ཡི་རྗེས་འབྲངས་ནས། །ཆོས་ཀྱི་སྐུ་ལ་ས་བོན་བཏབ། །ཆོས་ཀྱི་སྐུ་དང་མཉམ་པར་འགྱུར། །གཟུགས་སྐུ་གཉིས་དང་མཉམ་པར་འགྱུར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །མཉམ་མེད་བླ་མ་རིན་ཆེན་དང༌། །དབྱེར་མེད་གཅིག་ཏུ་གྱུར་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྣམ་ཐར་ལ། །ནན་ཏན་ཆེན་པོས་བསླབ་པར་བྱ། །དེ་ལྟར་ཉི་མའི་དཀྱིལ་འཁོར་གྱིས། །ངར་སྣབས་ལ་ཡང་འོད་འབྱུང་ལྟར། །འཇིག་རྟེན་མགོན་པོ་བླ་མ་ཡི། །ཡོན་ཏན་ཉི་མའི་དཀྱིལ་འཁོར་གྱིས། །ངར་སྣབས་འདྲ་བ་བདག་ཀྱང་འཚེར། །ངར་སྣབས་བཟང་པོ་མ་ཡིན་ཏེ། །འཚེར་བའི་འོད་ལ་བློ་གཏད་མེད། །སྐྱོབ་མཛད་མགོན་པོ་རིན་པོ་ཆེ། །སངས་རྒྱས་འོད་ལ་ཐུག་པ་མེད། །དཔག་མེད་གྱུར་པ་བསམ་ཡས་ཀྱང༌། །བདག་ཅག་ཚུ་རོལ་མཐོང་བའི་ངོར། །མཐུན་པར་སྣང་བའི་རྣམ་པར་ཐར། །སྐྱེ་དང་རྣམ་པར་རོལ་པ་དང༌། །ཡོན་ཏན་མཉེས་དང་སྒྲུབ་པ་དང༌། །ནགས་ཁྲོད་བསྟེན་ཅིང་ཚོགས་སྐྱོང་དང༌། །སྟོང་ཉིད་འབྲུག་གི་སྒྲ་སྒྲོགས་པས། །སེང་གེའི་རྒྱལ་པོའི་སྲས་རྣམས་ལ། །ཇི་སྙེད་མཁྱེན་པ་རྒྱལ་བའི་ཆོས། །རྒྱུ་འབྲས་ཞལ་ཆེམས་བཞག་པ་རྣམས། །བདག་ཅག་རྗེས་སུ་འཇུག་པ་དང༌། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཟབ་པའི་གནད་དུ་བདག་གིས་གོ །རང་སེམས་ཕྱག་རྒྱ་ཆེན་པོ་དེ། །འཁོར་འདས་གཉིས་ཀྱི་རྒྱལ་པོ་ཡིན།། དངོས་མེད་རྣམ་རྟོག་སྣ་ཚོགས་དེ། །རྒྱལ་པོ་དེ་ཡི་བློན་པོ་ཡིན། །མཁའ་མཉམ་སེམས་ཅན་མ་ལུས་པ། །བྱང་ཆུབ་མཆོག་ལ་འགོད་པ་དེ། །རྒྱལ་པོ་དེ་ཡི་རྒྱལ་ཁྲིམས་ཡིན། །སྟོང་ཉིད་རྟོགས་ན་ཅི་ཕྱིར་ན། །རྟེན་འབྲེལ་ཉིད་ལས་གཞན་པ་ཡི། །སྟོང་ཉིད་སྟོན་པས་མ་གསུངས་ཤིང༌། །རིན་ཆེན་ཉིད་ཀྱང་མི་གསུང་ལ། །ཚོགས་གཉིས་རྫོགས་པའི་སྟོན་པ་ཡང༌། །རྒྱུར་དུ་བཏུབ་པར་མ་གོ་བས། །གསུང་ལ་ནན་ཏན་བྱ་བ་དང༌། །རྣམ་པར་ཐར་པའི་རྗེས་སུ་སློབ། །བཅུ་བདུན་ཉིན་པར་ཚོགས་སུ་བྱོན། །དོན་དམ་བྱང་སེམས་རིན་ཆེན་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འདྲ། །ཀུན་རྫོབ་བྱང་ཆུབ་སེམས་དེ་ནི། རྒྱལ་སྲིད་རིན་ཆེན་སྣ་བདུན་དང་འདྲ་གསུངས་ནས་ཆོས་ཟབ་པའོ་གསུངས། ཉི་ཤུ་རྩ་ལྔའི་སྔ་དྲོ་ཉི་ཤར་ལ། ཆོས་སྐད་བཏང་ནས་ཚོགས་སུ་བྱོན། དེ་སྔ་ཁོ་བོས་ཁྱེད་རྣམས་ལ་འཆི་བ་དང་མི་རྟག་པ་ཡིན་བྱས། ད་ནངས་ཁོ་བོ་རང་ལ་བྱུང༌། ཁོ་བོ་ཞལ་མཐོང་བ་རྣམས་ངན་སོང་དུ་མི་འགྲོ། ཕུ་འདི་ན་ཡོད་པའི་བྱ་བྱི་འབུ་ཡན་ཆད་ཤར་ཕྱོགས་རྡུལ་བྲལ་དུ་ཁོ་བོས་རྫོགས་པའི་བྱང་ཆུབ་ལ་འགོད་པ་ཡིན། ཁོ་བོས་ཁྱེད་རྣམས་ལ་ཆོས་ཟབ་པ་ཞིག་ཡོད་པ་བྱ་སྙམ་པ། སྐུ་ཁམས་ཀྱིས་མ་བསྐྱོད། ཁྱེད་རྣམས་དགེ་སྦྱོར་ལ་འབུངས་གསུངས། སང་དགེ་འདུན་གྱི་རྩ་ཁྲལ་དེ་སྐྱོལ། ད་ཡར་ཁྱོག་གསུངས་ནས་མྱ་ངན་ལས་འདས་པར་སྣང༌། སྐུ་ཅུང་མ་བཞུད་པའི་དུས་ན་ཁོ་བོ་ལ་སུན་མ་བྱུང༌། མཆོད་པ་ཤོམས། ཆོས་སྐྱོང་གི་གཏོར་མ་ཆེན་པོ་གྱིས། བརྒྱུད་པའི་བླ་མ་དམ་པ་དང༌། ཡི་དམ་དཔའ་བོ་མཁའ་འགྲོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གྲོགས་དང་བཅས་པ་བྱོན་ཞེས་གསུངས། ཆོས་སྐྱོང་སྲུང་མ་མ་ལུས་བྱོན། མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་བཀོད་པ་དཔག་ཏུ་མེད་པ་ཐོགས་ནས་བྱོན། གདུགས་དང་རྒྱལ་མཚན་བ་དན་དང༌། །བླ་རེ་ཕྱེ་མའི་ཕུར་མ་དང༌། །རྔ་དང་རྫ་རྔ་རྔ་བྲན་དང༌། །དུང་དང་ཆ་ལང་སིལ་སྙན་རྣམས། ཕྱོགས་རྣམས་ཀུན་ནས་མཆོད་པ་མ་ལུས་འབུལ་བ་བྱུང༌། དེ་སྐད་གསུངས་ནས་ཆོས་ཀྱི་དབྱིངས་སུ་གཤེགས། །སྐུ་གདུང་ཚོགས་སུ་གདན་དྲངས་ནས། །ཆོས་གསུང་ཁྲི་ལ་ཞག་གཅིག་བཞུགས། །མཆོད་པ་བསམ་གྱིས་མི་ཁྱབ་ཕུལ། །ཉི་ཤུ་བདུན་གྱི་སྔ་དྲོ་ལ། །གདུང་བཞུ་མཆོད་པའི་བཀོད་པ་བཤམས། །དགེ་འདུན་རྣམས་ལ་མཐོང་སྣང་དུ། །སྒྲ་དང་འོད་དང་སིལ་སྙན་དང༌། །དུད་པ་འཇའ་ནི་འཁྲིག་པ་དང༌། །མེ་ཏོག་སྔོན་པོའི་ཆར་འབབ་དང༌། །རི་དྭགས་རྣམས་ཀྱང་ཕྱོགས་ནས་འདུད། །བྱ་རྣམས་མཁའ་ལ་སྒྲ་སྙན་སྒྲོག །ཡེ་ཤེས་མཁའ་འགྲོས་ནམ་མཁའ་གང༌། །འཇིག་རྟེན་མཁའ་འགྲོས་གདུང་དབྱངས་ལེན།། མཐོང་སྣང་བསམ་གྱིས་མི་ཁྱབ་འབྱུང༌། དགེ་བཤེས་ཤེལ་འདུལ་ལ་སོགས་པ། ཁོང་མང་བ་ཞིག་གིས་སྤུར་ཁང་ཁ་ལ་སྐོར་བ་བྱས། སྤུར་ཁང་གི་ཕྱོགས་བཞི་ན་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། མཆོད་པའི་རྒྱབ་ན་དཔའ་བོ་རྒྱན་དང་ཆ་ལུགས་ཤིན་ཏུ་བཟང་བ་བཞིས་མཆོད་པ་འབུལ་བ་མཐོང༌། སྤུར་ཁང་གི་ཕྱོགས་བཞི་ན་རྒྱལ་བ་རིགས་བཞི་བཞུགས་ནས་སྣང༌། སྤུར་ཁང་གི་སྟེང་ན་ཤེལ་གྱི་མཆོད་རྟེན་ཞིག་སྣང༌། དེའི་སྟེང་ན་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་གཅིག་བཞུགས་ནས་སྣང༌། ཤེལ་འདུལ་གྱིས་དབུ་མཛད་ཁོང་མང་པ་ཞིག་མཐོང༌། བུ་སློབ་རྣམས་ཀྱི་མཆོད་གནས། སྐུ་གདུང་རིང་སྲེལ་རྒྱས་པར་བྱོན། ཐུགས་ནི་བྱི་རུའི་མདོག་ལྟར་བྱོན། ལྗགས་སྲབ་ཟངས་ཀྱི་མདོག་འདྲ་བ། །ཉེ་གནས་ཆེན་པོའི་ཕྱག་ཏུ་བྱོན། །གདུང་ལ་མཆོད་པ་ཟླ་གཅིག་ཕུལ། །ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟར་ཡངས་ཤིང༌། །ཡོན་ཏན་རིན་ཆེན་འབྱུང་གནས་བཤེས་གཉེན་གྱིས། །ཐུབ་པའི་གསུང་བཞིན་བླ་མ་རབ་མཉེས་ནས། །བདག་གིས་རྣམ་ཐར་ཅུང་ཞིག་ཡི་གེར་བྲིས། ཆོས་རྗེ་རིན་པོ་ཆེ་ལ། དགེ་བཤེས་སྐྱོ་སྐྱམ་པས། ཆོས་རྗེ་རིན་པོ་ཆེ་ཉིད་ཀྱི་རྣམ་པར་ཐར་པ་གཅིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས། ང་འབུའི་རྣམ་པར་ཐར་པས་དགོས་པ་ཅི་ཡོད། རྗེ་ཕག་མོ་གྲུ་པའི་རྣམ་ཐར་ཞིག་བྱ་གསུངས་ནས། རྣམ་པར་ཐར་པ་འདི་མཛད་པ་ཡིན། །དྲི་མེད་རྣམ་དག་རིན་ཆེན་འདི་བྲིས་པས། །མཛུབ་མོས་ཟླ་བ་མཚོན་པ་ཇི་བཞིན་དུ། །ཀུན་ཏུ་བཟང་པོ་བླ་མ་རིན་ཆེན་གྱི། །སྐུ་གསུང་ཐུགས་དང་དབྱེར་མེད་གཅིག་ཏུ་ཤོག །བདག་ཅག་དམན་པའི་གདུལ་བྱ་འགའ་ཞིག་ལ། །ཚུ་རོལ་མཐོང་སྣང་གི་རྣམ་པར་ཐར་པ་ཅུང་ཟད་བྲིས་པ། །ཉམས་ལེན་མི་ཟད་པ་རྒྱ་མཚོའི་གཏེར་ཞེས་བྱ་བ། །རྒྱལ་བ་རིན་ཆེན་ཐོག་རྡུགས་པས། ཚོགས་དང་ལྐོག་ཏུ་གསུངས་པ་ལ། །བདག་གིས་ཅུང་ཟད་ནན་ཏན་བྱས། །རྗེ་རིན་ཆེན་དེ་ཡི་ཐུགས་ཀྱི་སྲས། །བསགས་པའི་རྒྱབ་ཅན་སྐལ་བར་ལྡན། ཁ་ལྡོ་རིན་ཆེན་གཞོན་ནུ་ཡིས། ཁྱེད་ཀྱིས་ཡི་གེར་བཀོད་དགོས་གསུངས།། ཐོས་ནས་ཡུན་རིང་སོང་བ་དེས། །འོང་ངམ་མི་འོང་སྙམ་པ་ལ། །ཁོང་གིས་ཡང་ཡང་དྲག་ཏུ་སྐུལ། ཁོང་གི་གདོང་ནི་མ་ལྡོག་པས། །བདག་གིས་ཡི་གེར་བཀོད་པ་ལ། །འཁྲུལ་པར་གྱུར་པ་ཅི་ཡོད་པ། །བཀའ་བརྒྱུད་བླ་མ་དམ་པ་དང༌། །ཡི་དམ་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་རྣམས་ལ་བཟོད་པར་གསོལ། །དཔེ་འདི་བྲིས་པའི་དགེ་བ་གང༌། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག རྗེ་ཕག་མོ་གྲུ་པའི་རྣམ་པར་ཐར་པ་རྫོགས་སོ།།


previousཆོས་ཀྱི་རྗེ་དཔལ་ཕག་མོ་གྲུ་པའི་རྣམ་པར་ཐར་པ།། next