Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ།next

གཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ།

ཕུར་པ་གསང་བ་སྤུ་གྲི་ལས༔ གཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ་ཞེས་བྱ་བ་བཞུགས་སོ༔

ཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ༔ གཏེར་བསྲུང་ཉི་ཟླ་ཐོད་ཕྲེང་གི༔ ཕྲིན་ལས་བསམ་དོན་མྱུར་འགྲུབ་འདིས༔ བྱིན་རླབས་མྱུར་ཞིང་བཀའ་བཙན་ཆེ༔ ཞི་དྲག་གཉིས་སུ་ཡོད་པ་ལས༔ འདིར་ནི་དྲག་པོའི་སྒྲུབ་པ་བསྟན༔ རྡོ་རྗེ་ཕུར་པའི་རྣལ་འབྱོར་གྱིས༔ ཡང་གསང་སྤུ་གྲི་ཉམས་ལེན་དུས༔ གཏེར་བསྲུང་མཆོད་པས་མ་མཉེས་ན༔ སྲོག་ལ་ཧུར་ཐུམ་འོང་བའི་ཕྱིར༔ བསེ་འམ་རིན་ཆེན་སྣོད་ནང་དུ༔ ཟླ་གམ་སྟེང་དུ་བཤོས་བུ་ནི༔ སྟོད་ཟླུམ་སྨད་ཆ་ཟུར་གསུམ་པ༔ གྲི་རིས་གསུམ་གྱིས་མཚན་པ་ཅན༔ མདུན་དུ་བདུད་བཤོས་ནག་པོ་དང༔ གཡས་སུ་རིན་ཆེན་ཟ་མ་ཏོག༔ གཡོན་དུ་ནོར་སྐྱུགས་ནེའུ་ལེ་བཞག༔ མདུན་དུ་འབྲང་རྒྱས་ཞལ་དཀར་དང༔ རྒྱབ་ཏུ་སྨན་ལེབ་ནོར་བུས་མཚན༔ རང་འདྲའི་བཤོས་བུ་བཞི་ཡིས་བསྐོར༔ མཐེབ་ཀྱུ་ཤ་ཁྲག་སྙིང་གཟུགས་བརྒྱན༔ རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས༔ ཧཱུྃ༔ མདུན་དུ་ཁྲག་ཆུའི་རྦ་ཀློང་འཁྲུགས༔ དེ་དབུས་ལྕགས་ཀྱི་སྤྱང་མོ་ནི༔ སྔོ་ནག་བར་སྣང་འཕྱོ་སྟབས་ཅན༔ ཁ་གདངས་སྡང་མིག་གྱེན་ཐུར་གཏིབས༔ ཁ་ནས་མི་སྙིང་ལྗེན་པར་ཟ༔ དེ་སྟེང་བྷྱོ་ཡིག་ཡོངས་གྱུར་ལས༔ སྲིང་གཅིག་དཀར་མོ་ཉི་ཟླ་ནི༔ དཀར་དམར་ཁྲོས་ཤིང་གཏུམ་པའི་ཞལ༔ སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ༔ སྨ་ར་སྨིན་མ་མེ་དཔུང་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཕྱག་གཡས་རི་རབ་ཀླད་ལ་བསྐོར༔ དགྲ་དང་བགེགས་ཀྱི་སྟེང་དུ་འཕེན༔ གཡོན་ན་མཆོག་གི་ཕུར་བ་འཛིན༔ འདྲིལ་ཞིང་ས་གསུམ་བསྔང་དུ་འཇུག༔ སྐུ་ལ་དར་དཔྱང་རུས་རྒྱན་དང༔ ཉི་ཟླ་སྤེལ་མར་བརྒྱུས་པ་ཡི༔ ཕྲེང་བ་ཚར་གསུམ་སྦྲུལ་གྱིས་བརྒྱན༔ གཟིག་གི་པགས་པའི་ཤམ་ཐབས་ཅན༔ ལྕགས་སྤྱང་སྟེང་ན་འགྱིངས་སྟབས་བཞུགས༔ མདུན་དུ་ཏྲི་ཡིག་མཐིང་ག་ནས༔ ཡབ་གཅིག་བདུད་ཀྱི་རྒྱལ་པོ་ནི༔ མཐིང་ནག་ཐོད་རློན་ཕྲེང་བ་ཅན༔ གཅེར་བུ་གོས་དང་རྒྱན་སྤང་བ༔ སྤྱན་གསུམ་བགྲད་ཅིང་ཨམ་གཙིགས་བསྡམས༔ ཁ་ནས་དུག་གི་རླངས་པ་འཐུལ༔ གཡས་པས་ཁྲམ་ཤིང་ནག་པོ་དང༔ གཡོན་པས་མི་སྙིང་སྤྲུགས་ཅིང་གསོལ༔ ཁྲོ་ཞིང་གར་སྟབས་ལིང་ལིང་འཕྱོ༔ ཕོ་ཉ་ལྕགས་ཀྱི་སྤྱང་མོ་དང༔ ཟངས་ཀྱི་ཝ་མོ་གཡུ་ཡི་ཁྱི༔ ཟ་བྱེད་རྔམས་པའི་མཆེ་བ་ཅན༔ ཕྱོགས་ཀུན་ཧབ་སྒྲ་ཏིར་ཏིར་རྒྱུག༔ སྐུ་སྤྲུལ་བསེ་ཡི་སྐྱེས་བུ་བཞི༔ དམར་ནག་གཡས་ན་མདུང་རེ་དང༔ གཡོན་ནས་ཐོད་ཁྲག་ཧུབ་ཧུབ་འཐུང༔ གསུང་སྤྲུལ་ལྕགས་ཀྱི་སྐྱེས་བུ་བཞི༔ སྔོ་ནག་གཡས་ན་ཐོད་དབྱུག་རེ༔ གཡོན་པས་བམ་རོ་ཁྱུར་མིད་གཏོང༔ ཐུགས་སྤྲུལ་དུང་གི་སྐྱེས་བུ་བཞི༔ དཀར་གསལ་གཡས་ན་མཆོག་ཕུར་རེ༔ གཡོན་པས་དགྲ་སྙིང་ཧབ་ཐོབ་བྱེད༔ ཀུན་ཀྱང་རང་མདོག་དང་མཚུངས་པའི༔ བཞོན་པ་མ་ངེས་ཅིར་ཡང་ཆིབས༔ གཞན་ཡང་གནོད་སྦྱིན་བདུད་མོ་བཞི༔ ཀུན་ཏུ་ཉུལ་ཞིང་གར་བརྩེ་བ༔ བཤན་པ་ཕོ་མོ་མང་པོས་བསྐོར༔ དེ་ལྟར་གསལ་བའི་ཐུགས་ཀ་ནས༔ འོད་འཕྲོས་བསྐྱེད་བཞིན་སྤྱན་དྲངས་བསྟིམས༔ ཨོཾ་བཛྲ་སཱུརྱ་ཙཎྚ་ཛྙཱ་ན་ཌཱཀྐི་ནི་ས་མ་ཡཱ་ཛ་ཛ༔ སྤྱན་འདྲེན་ནི༔ བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ རྡོ་རྗེ་གཞོན་ནུའི་གཏེར་བསྲུང་ཆེ༔ སྲིང་གཅིག་དཀར་མོ་ཉི་ཟླ་ཞེས༔ འཁོར་དང་བཅས་པ་མ་ལུས་པ༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ ཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ༔ ཨོཾ་སཱུརྱ་ཙཎྚ་ཛྙཱ་ན་ཌཱཀྐི་ནི་ཛཿཛ༔ བཛྲ་ཤནྟིཾ་པདྨ་ཀུཔྟ་ཧཱུྃ༔ རེ་མ་ཏི་ཀེ་ཤེ་ལ་ཛཿཛ༔ བཞུགས་གསོལ་ནི༔ ཧཱུྃ༔ རྣལ་འབྱོར་སྒྲུབ་པའི་གནས་འདི་རུ༔ དམ་ཚིག་ཅན་གྱི་སྲིང་གཅིག་མ༔ དཀར་མོ་ཉི་ཟླ་འཁོར་དང་བཅས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་ནི༔ ཧཱུྃ༔ གཏེར་སྲུང་ཆེན་མོ་འཁོར་བཅས་ལ༔ རྣམ་ལྔ་ཕྱི་ཡི་མཆོད་པ་དང༔ སྨན་རཀ་གཏོར་གསུམ་ནང་མཆོད་རྫས༔ ཞིང་བཅུ་བསྒྲལ་བའི་ཤ་ཁྲག་རུས༔ འབྲུ་བཅུད་སྦྱར་བ་མྱོས་པའི་ཆང༔ ཁྲག་ཞག་བསྲེས་པའི་ཕུད་རྒོད་སྐྱེམས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ བཛྲ་པུཥྤེ༴སོགས། ཤཔྟ་རཀྟ་བཱ་ལིང་ཏ་ཁཱ་ཧི༔ གནོད་བྱེད་དགྲ་བགེགས་ཀྱི་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཁཱ་ཧི༔ བསྟོད་པ་ནི༔ བྷྱོ༔ ཡེ་ཤེས་དབྱིངས་ལས་ཀུན་བཟང་མོ༔ མཁའ་སྤྱོད་གནས་ན་ཕག་མོ་ཡུམ༔ བསྟན་པ་བསྲུང་ཕྱིར་གཟུགས་ཀྱི་སྐུ༔ གསང་བ་སྤུ་གྲིའི་གཏེར་བསྲུང་ཆེ༔ མ་ཅིག་དཀར་མོ་ཉི་ཟླ་དང༔ སྤྲུལ་པ་བཀའ་ཉན་མ་ལུས་པར༔ བསྟོད་དོ་རྣལ་འབྱོར་ཕྲིན་ལས་མཛོད༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སེམས་ཅན་བདེ་ལ་འགོད་པར་མཛོད༔ རྣལ་འབྱོར་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ༔ མཐོང་ཐོས་དྲན་རེག་དབང་བསྡུས་ལ༔ བར་ཆད་འབྱུང་པོ་རྡུལ་དུ་རློགས༔ ཁྱད་པར་གསང་བ་སྤུ་གྲིའི་ཆོས༔ ནུབ་མེད་ཡུན་རིང་གནས་པ་དང༔ དེ་འཛིན་རྣལ་འབྱོར་བུ་བཞིན་སྐྱོངས༔ ཉེས་མེད་བདེ་རུ་མི་སྟེར་བའི༔ ལོག་འདྲེན་དགྲ་དང་བགེགས་ཚོགས་ལ༔ ཁྱོད་ཀྱི་མཐུ་སྟོབས་རྩལ་ཕྱུངས་ལ༔ ཚེ་འཕྲོག་དབུགས་ལེན་རྣམ་ཤེས་བསྡུས༔ ཤ་ཟོས་ཁྲག་འཐུང་རུས་པ་མུར༔ གཏད་དོ་གཉེར་རོ་དགྲ་དང་བགེགས༔ མ་འགྱང་མ་བཞག་ད་ལྟ་རུ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ འདི་ནི་ཤིན་ཏུ་བཀའ་གཉན་ཞིང༔ མོ་རྒྱུད་ཡིན་པས་སྙིང་ཉེ་ལ༔ དྲེགས་པའི་ཚུལ་འཛིན་མྱུར་མགྱོགས་ཆེ༔ མ་འོངས་སྔགས་ཀྱི་རྣལ་འབྱོར་ཀུན༔ དམ་ཚིག་ཅན་གྱི་བསྲུང་མ་འདི༔ ཤ་ཁྲག་གཏོར་མ་སྐྱེམས་ཀྱིས་གསོལ༔ ཕྲིན་ལས་གང་བཅོལ་འགྲུབ་པར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ཁ་ཐམ༔ ཅེས་རིག་འཛིན་གསང་སྔགས་གླིང་པས་གནས་ལུང་དཔལ་གྱི་རི་བོ་ནས་གདན་དྲངས་པའོ༎ དགེའོ༎


previousགཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ།next