Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ།
   
   
   
   
   


 
previous ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ།next

ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ།

ཕུར་པ་གསང་བ་སྤུ་གྲི་ལས༔ ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ་བཞུགས༔

ཤྲཱི་བཛྲ་ཀཱུ་མ་ར་ཡཱ༔ ངེས་དོན་རྡོ་རྗེ་གཞོན་ནུའི་གོ་འཕང་མཆོག༔ མངོན་དུ་བྱེད་པ་ལམ་རྐྱེན་ཕུར་བུ་བཞི༔ དབྱིངས་སུ་ཐེབ་པས་ཟུང་འཇུག་མཆོག་གྲུབ་པ༔ བརྒྱུད་གསུམ་ངོ་བོ་རིག་འཛིན་བླ་མར་འདུད༔ འདི་ན་མི་དང་མི་མིན་ལས་བྱུང་བའི༔ ལས་དང་རྐྱེན་གྱི་ཉེས་པའི་ཚང་ཚིང་ཀུན༔ ཅིག་ཆར་སྲེག་བྱེད་མེ་ཡི་ཕྲིན་ལས་འདི༔ བླ་མའི་བཀས་གནང་བཞིན་དུ་ཁྲིགས་སུ་སྡེབ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་འདུད༔ སྲེག་པ་མེ་ཡི་ལས་མཐའ་ནི༔ ཕུར་བ་སྒྲུབ་པའི་རྣལ་འབྱོར་ལ༔ དགྲ་འདྲེས་འཚེ་བ་བྱེད་པའི་ཚེ༔ དྲག་པོའི་སྦྱིན་བསྲེག་འདི་ཉིད་བྱ༔ ས་མ་ཡཱ༔ དང་པོ་ས་ནག་མཎྚལ་ནི༔ མདའ་གང་དག་ལ་ཆག་ཆག་གདབ༔ རོ་སོལ་གྱིས་བྱུགས་ནག་པོར་བྱ༔ དེ་དབུས་འཁོར་ལོ་རྩིབས་བཞི་པ༔ དེ་ཕྱིར་རྩིབས་བཅུ་མུ་ཁྱུད་བསྐོར༔ དེ་མཐར་ཐོད་ར་རྡོ་རྗེ་དང༔ མེ་རི་རྣམས་ནི་ཟུར་གསུམ་བསྐོར༔ དབུས་སུ་ཡི་གེ་ཧཱུྃ་གིས་མཚན༔ གདུག་རྩུབ་ཚེར་མའི་ཤིང་དག་ལ༔ རྣལ་འབྱོར་རྩེ་ཁྲུ་གང་གི་ཚད༔ ཟུར་གསུམ་ལ་བརྩིགས་དཔང་ཁྲུ་ཕྱེད༔ ལོགས་སུ་གཞི་གཙང་སྟེང་དུ་ནི༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ལས་གཏོར་རང་མདོག་གཉིས་བཤམས་མདུན༔ སྨན་རཀ་ཞི་དྲག་རྣམ་ལྔས་བསྐོར༔ གཞན་ཡང་བསྲེག་རྫས་བྱེ་བྲག་ནི༔ ཡུངས་དཀར་སོ་བ་ཁྲེ་དང་གསུམ༔ ཐོད་སྣོད་གསུམ་གྱི་ནང་དུ་གཏམས༔ ཚིལ་ཆེན་ཞུན་དང་ཤ་ཆེན་སྤོས༔ གཞན་ཡང་བསྲེག་རྫས་སྣ་ཚོགས་པ༔ འབྲུ་སྣ་དར་ཟབ་རིན་ཆེན་ཕྱེ༔ སྤྱན་གཟིགས་ཡོ་བྱད་འདུ་བྱས་ལ༔ ཡི་དམ་རྒྱས་བསྡུས་གཞུང་བསྲིངས་ཏེ༔ ཚོགས་བསྐང་བསྟབས་པའི་ལིང་རོ་ཡི༔ རས་མ་སྦྱིན་བསྲེག་ཆེད་དུ་བསྟར༔ ལྷར་སྣང་བརྟན་པོས་བཀའ་བསྒོ་ནི༔ ཧཱུྃ་ཧཱུྃ་ཞེས་བརྗོད་པས་བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཁྲོ་གཏུམ་བཟོད་པར་དཀའ་བའི་སྐུར་གྱུར༔པར་བསམ་ལ༔ ཧཱུྃ༔ སྣང་སྲིད་ཡེ་དག་རྒྱལ་བའི་དཀྱིལ་འཁོར་འདིར༔ རབ་འབྱམས་ཕྲིན་ལས་ཆོ་རོལ་སྣ་ཚོགས་པས༔ བསྟན་འགྲོར་སྨན་པའི་ལྷག་བསམ་ཁུར་བླང་ལ༔ ལོག་པར་ལྟ་བའི་བགེགས་ཚོགས་ཕྱིར་དེངས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་འབྱུང་པོ་ཧ་ན་མ་ཐ་བཛྲ་བིག་ནན་བཾ་ཧཱུྃ་ཕཊ༔དང་ཧཱུྃ་བཞི་བཅས་བརྗོད༔ ཧཱུྃ༔ འཁོར་འདས་ཆོས་ཀུན་རང་བཞིན་གདོད་ནས་དག༔ རྣམ་པར་རྟོག་པའི་བགེགས་ཀྱི་མིང་ཡང་མེད༔ འགགས་མེད་སྒྱུ་མའི་རང་མདངས་ཁྲོ་མཚོན་མེ༔ གཞོམ་བྲལ་བསྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་བྷྲུཾ༔ ཞེས་པས་སྲུང་བའི་འཁོར་ལོ་བཅིངས༔ དེ་ནས་བྱིན་གྱིས་བརླབས་པ་ནི༔ མཆོད་སྲེག་ལས་གཏོར་བཅས་པ་བྲན༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང༔ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་ལྕགས་སོགས་དྲག་པོར་ཤིས་པའི་སྣོད་ཕུན་སུམ་ཚོགས་པ་རྣམས་སུ་ཧཱུྃ་ནག་པོ་ལས་འཕྲོས་པའི་འོད་ཀྱིས་རྒྱལ་བའི་བྱིན་རླབས་དང་འགྲོ་བའི་སྡིག་སྒྲིབ་ནད་གདོན་དགྲ་བགེགས་ལོག་འདྲེན་དྲེགས་པའི་སྟོབས་ནུས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་ཞུ་བ་ལས་སྣོད་སོ་སོར་མཆོད་རྫས་སྲེག་རྫས་ལས་གཏོར་བཅས་རྣམ་པ་སོ་སོར་འོད་ལྗང་ནག་འཕྲོས་པས་དྲག་པོའི་ལས་རབ་འབྱམས་ཐོག་མེད་དུ་འགྲུབ་པའི་ནུས་པ་དང་ལྡན་པ་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔བར་བསམ་ལ༔ ཨོཾ་ཨཱ༔ཧཱུྃ་ཧོ༔ ལན་གསུམ་གྱིས་བརླབ་བོ༔ དེ་ནས་ཐབ་ལ་མེ་སྦར་ནི༔ ཧཱུྃ༔ སྔོན་ཚེ་སྲིད་པའི་རྟེན་འབྱུང་ལས༔ འབྱུང་བ་ཤིང་ལ་རྣམ་བཞི་སྲིད༔ ཙནྡན་ཨ་ཀར་སེང་ལྡིང་དང༔ གདུག་རྩུབ་ཚེར་མ་རྣམ་པ་བཞི༔ ཐབས་ལ་མཁས་པའི་རྒྱལ་བ་ཡིས༔ ལས་བཞིའི་རྫས་སུ་བྱིན་རླབས་ཚེ༔ ཚེར་མ་སེ་བ་དྲག་ཤིང་སྟེ༔ དེང་འདིར་བདག་གིས་ལས་དཀྱིལ་བརྩེགས༔ མེ་ཡི་ལྷ་མོ་གོས་དཀར་མོ༔ བྱང་གི་ཕྱོགས་ནས་མེ་སྦོར་ལ༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་ཡིས༔ ནུབ་ཀྱི་ཕྱོགས་ནས་རླུང་གཡོབ་ཅིག༔ ཞེས་བྱང་ཕྱོགས་ནས་མེ་སྦར་ལ་རླུང་གཡབ་ལྗང་གུ་ཡཾ་གིས་མཚན་པ་ཅན་གྱིས་གཡབ་བོ༔ དེ་ནས་མེ་ཐབ་བསངས་སྦྱང་བྱ༔ སྟོང་པའི་ངང་ལས་མདུན་དུ་དྲག་པོའི་མེ་ཐབ་མཚན་ཉིད་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་མེ་ལྗང་ནག་གྲུ་གསུམ་དུ་འབར་བ་གཅིག་ཏུ་གྱུར་པའི་དབུས་སུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེ་ལྷའི་རྒྱལ་པོ་ཨགྣེ་ར་ཙ་གཡས་མེ་ཧོམ་དང་གཡོན་གུནྡེ་བསྣམས་པ་དམར་གསལ་མེ་ཡི་ཕུང་པོ་ཅན་ར་སྐྱེས་ཁམ་པའི་གདན་ལ་འགྱིངས་སྟབས་ཀྱིས་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོའི་མཚམས་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས༔པར་བསམ་ལ༔ ཧཱུྃ༔ སོ་སོར་རྟོག་པའི་ཡེ་ཤེས་རང་རྩལ་ལས༔ གྲུབ་པ་འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པ༔ རྣལ་འབྱོར་ཕྲིན་ལས་སྒྲུབ་པའི་ཡལ་གམ་ཅན༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨགྣ་ར་ཙ་སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨོཾ་ཨགྣ་དྷེ་བ་ས་མ་ཡ་ན་མོ༔ དེ་ནས་ཐུན་མོང་རྣམ་ལྔས་མཆོད༔ ཧཱུྃ༔ མེ་ལྷ་དྲང་སྲོང་འཁོར་བཅས་རྣམས༔ འདིར་བྱོན་ཕྲིན་ལས་བསྒྲུབ་པའི་ཆེད༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་ཚོགས་ཀྱིས་མཆོད༔ ཨོཾ་ཨགྣ་དྷེ་བ་ཨརྒྷཾ༴སོགས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ༔ དེ་ནས་ཁྱད་པར་དམ་རྫས་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧཱི༔ མ་ཧཱ་རཀྟ་ཁ་ཧཱི༔ མ་ཧཱ་བྷ་ལིང་ཏ་ཁ་ཧཱི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གཟི་བརྗིད་འོད་འབར་མེ་ཡི་ལྷ༔ ཕྲིན་ལས་བསྒྲུབ་ཕྱིར་ཕྱག་འཚལ་བསྟོད༔ ཡི་དམ་ཕུར་པའི་ལྷ་ཚོགས་ལ༔ སྦྱིན་སྲེག་མཆོད་འབུལ་གྲོགས་མཛོད་ཅིག༔ དེ་ནས་མར་ཞུན་ལ་སོགས་པའི༔ བསྲེག་རྫས་ཐམས་ཅད་སྔགས་འདིས་འབུལ༔ མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་རཾ་ཡིག་གི་འོད་ཀྱིས་སྲེག་རྫས་བདུད་རྩིའི་དྭངས་མར་དྲངས་ནས་གསོལ༔བར་བསམ་ལ༔ ཨོཾ་ཨགྣ་དྷེ་ཝ་གནོད་བྱེད་དགྲ་བགེགས་ཛྭ་ལ་རཾ་ཁཱ་ཧཱི༔ ཞེས་པས་མར་ཁུ་ཡཾ་ཤིང་ཞུན་མར་ཡུངས་དཀར༔ སོ་བ་ཁྲེ་ཆན་ནས་འབྲས་གྲོ་སྲན་མ་བཅས་ལན་བདུན་བདུན་འབུལ༔ བདུན་རེའི་མཚམས་སུ་འདོད་གསོལ་ནི༔ ཧོ་མེ་ལྷའི་རྒྱལ་པོ་ཁྱོད་ཀྱིས་དྲག་པོའི་སྦྱིན་སྲེག་གི་མཆོད་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་གནོད་པ༔ ཁྱད་པར་དུ་དཔལ་ལྡན་བླ་མ་དང་རྣལ་འབྱོར་པ་བདག་ཅག་ལ་བརྡོ་བ༔ བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་རྣམས་འགལ་རྐྱེན་དུ་བསྒྱུར་བའི་གཟུགས་ཅན་གཟུགས་མེད་ཐམས་ཅད་ཐལ་བར་རློག་ལ་སྲིད་པ་ཕུར་བུའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབས་པའི་ཕྲིན་ལས་མཛད་དུ་གསོལ༔ སླར་ཡང་གོང་ལྟར་བསྟོད་བྱས་ལ༔ བཛྲ་ས་མ་ཛ༔ ཏིཥྛ་ལྷན༔ ཞེས་བརྗོད་ཡེ་ཤེས་མེ་ལྷ་ནི་རང་གནས་ཤར་ལྷོའི་ཕྱོགས་སུ་བཞུགས༔ དེ་ནས་འདས་པའི་མེ་ལྷ་ལ༔ སྦྱིན་སྲེག་འབུལ་བའི་རིམ་པ་ནི༔ སླར་ཡང་མེ་ཐབ་བསང་སྦྱང་བྱ༔ སྟོང་པའི་ངང་ལས་དམ་ཚིག་གི་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཧཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབ་ཆོས་འཁོར་གདུགས་ཏོག་མཚན་ཉིད་ཐམས་ཅད་རྫོགས་པ་དུར་ཁྲོད་འཇིགས་པའི་རྒྱན་གྱིས་བརྒྱན་པ༔ འབར་བའི་མེའི་ཕྲེང་བ་དྲག་པོར་འཁྲིགས་པ་གཞལ་ཡས་ཁང་ཆེན་པོ་དེའི་དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་མུ་མྱུད་དང་བཅས་པའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི༔ དེའི་ཕྱིར་རྩིབས་བཅུ་ཁྱམས་སྒོ་ཁྱུད་དང་བཅས་པའི་དབུས་སུ་པད་ཟླ་ཉི་མའི་གདན་ལ་བདུད་ནག་ཕོ་མོ་ཕྱི་ཆིངས་སུ་བསྒྱེལ་བའི་སྟེང་དུ་ཧཱུྃ་མཐིང་ནག་སྤྲོ་བསྡུའི་སྦྱོར་བས་ཞུ་བ་ལས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་རྔམས་ཤིང་ཁྲོས་པ་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣོལ་བ༔ བར་བ་གཉིས་ན་ཕུར་བུ་དང་རལ་གྲི༔ ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང་སྡིག་པ་བསྡམས་ནས་འཛིན་པ༔ ཧེ་རུ་ཀའི་གར་དགུས་སྒེག་ཅིང་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ༔ རང་འོད་ཀྱི་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད་པ་གཟིག་གི་ཤམ་ཐབས་དང་རུས་པའི་རྒྱན་གྱིས་སྤྲས་པ་ཡབ་ཡུམ་གཉིས་དྲག་ཤུལ་མི་བཟད་པའི་སྟོབས་དང་ལྡན་ཞིང་མེ་རླུང་དང་ཁྲོ་ཆུང་གི་ཚྭ་ཚྭ་དྲག་ཏུ་འཁྲུགས་པའི་དབུས་ན་བཞུགས་པའོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ་ཀཱི་ལ་རིགས་བཞི་ཡབ་ཡུམ༔ རྩིབས་བཅུར་འཇིགས་བྱེད་ཁྲོ་བོ་བཅུ༔ གཞན་ཡང་ཁྱམས་ལ་ཀཽ་རི་མ་བརྒྱད༔ སེང་ཧ་མ་བརྒྱད༔ དབང་ཕྱུག་ཉེར་བརྒྱད༔ མཁའ་འགྲོ་སོ་གཉིས༔ གིང་ཆེན་བཅོ་བརྒྱད༔ ཁྲ་ཐབས་ཉི་ཤུ༔ སྒོ་མ་བཞི༔ ཕུར་སྐྱོང་མ་མོ་བཅུ་གཉིས༔ བསེ་ལྕགས་དུང་གི་སྐྱེས་བུ་བཅུ་གཉིས༔ གཏེར་སྲུང་དཀར་མོ་ཉི་ཟླ༔ བདུད་ཕོ་ཐོད་པའི་ཕྲེང་བ་ཅན་ལ་སོགས་པ་སྤྲུལ་བ་དང་ཡང་སྤྲུལ་མཐའ་ཡས་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟ་བུ་དེ་དག་ཐམས་ཅད་ཀྱང་སྐུ་མདོག་ནག་པོ་མི་བཟད་པའི་ཉམས་ཅན་ཕྱག་ན་རང་རྟགས་ཀྱི་མཚོན་ཆ་སྣ་ཚོགས་ཐོགས་པ་སྐུ་ལས་སྐྱེས་པའི་འོད་ཟེར་ལྗང་ནག་མེ་མཚོན་ཁྲོ་ཚོགས་ཀྱི་རྣམ་པར་སྤྲོས་པས་དྲག་པོའི་ལས་རབ་འབྱམས་ཐོགས་པ་མེད་པར་སྒྲུབ་པའི་སྐུ་ཅན་དུ་གསལ་བའོ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པ༔ ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཉིད་གདོད་ནས་དག་པའི་མཁའ་དབྱིངས་ལས༔ འགག་མེད་སྒྱུ་འཕྲུལ་དྲྭ་བའི་ཟུང་འཇུག་གར༔ རྡོ་རྗེ་གཞོན་ནུའི་འཁོར་ལོར་ཡོངས་ཤར་བ༔ དེང་འདིར་ཐུགས་རྗེའི་འབྲེལ་བས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀུ་མ་ར་ཛྙཱ་ན་མཎྚ་ལ་ས་མ་ཡ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཆོས་ཀྱི་སྐུ་ལ་བཞེངས་བཞུད་མི་མངའ་ཡང༔ འཇིག་རྟེན་སྲི་ཞུའི་ཚུལ་དུ་ལེགས་དགོངས་ནས༔ ཐབས་ཤེས་པད་ཉི་དྲེགས་པ་ཁྱོ་ཤུག་སྟེང༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བཞིན་དབྱིངས་ལས་ཤར་བའི་ལྷ་ཚོགས་ལ༔ བྱ་བྱེད་རྟོག་པའི་མཚན་མ་ཀུན་བྲལ་ཡང༔ ཇི་ལྟར་ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ རང་རིག་ལྟ་བ་མཇལ་བའི་བརྡས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་ལ༔ དབང་པོ་རྣམ་ལྔའི་མེ་ཏོག་བཀྲ༔ ཚིལ་ཆེན་བདུག་པའི་སྤྲིན་ཕུང་གཡོ༔ ཞུན་ཆེན་གསལ་བའི་མར་མེ་མཆོ༔ མཁྲིས་པའི་དྲི་ཆབ་ལྦུ་ཕྲེང་འཁྲིགས༔ ཤ་རུས་བཟའ་བཅའ་རི་ལྟར་སྤུངས༔ རྐང་གླིང་ཐོད་རྔ་རོལ་མོའི་དབྱངས༔ ཏིང་ངེ་འཛིན་གྱིས་གསལ་བྱས་ནས༔ འབར་བ་མེ་ཡི་ལྷ་ལ་འབུལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་པྲ་ཏིཙྪ་ཧོ༔ ཞེས་པ་ཙམ་མམ་སྤྲོ་ན་འགྲེས་བྱང་ནས་སྐབས་ཀྱི་ཚིག་ཕྲད་ཁ་བསྒྱུར་ཏེ་རྒྱས་པར་འབུལ་ལོ༔ དེ་ནས་སྨན་རཀ་གཏོར་གསུམ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཁྱད་པར་དམ་རྫས་བདུད་རྫི་མཆོག༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ མ་ཆགས་ཆགས་པ་ཆེན་པོའི་ཁྲག༔ དུག་གསུམ་མངོན་དུ་གསོད་པའི་རྫས༔ རྒྱུ་དྲུག་བསྒྲལ་བའི་དམར་ཆེན་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ ཞེ་སྡང་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་གཏོར་ཆེན་པོ༔ རོ་བརྒྱ་ལྡན་པའི་བཟའ་བ་འབུལ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ བྷོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོ༔ དེ་ནས་སྲེག་རྫས་འབུལ་བ་ནི༔ དཀྱིལ་འཁོར་ལྷ་ཚོགས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་སྲེག་རྫས་ཀྱི་རྒྱུན་དྭངས་མར་དྲངས་ནས་གསོལ་བས་མཉེས་ཏེ་དྲག་པོའི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་ལ༔ ཐོག་མར་ཡམ་ཤིང་འབུལ་བ་ནི༔ ཧཱུྃ༔ གདུག་རྩུབ་ཚེར་མ་དྲག་པོའི་ཤིང༔ ཡེ་ཤེས་མེ་ཡི་ལྷ་ལ་འབུལ༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ གཏན་ནས་བརླག་ཅིང་གཞོམ་པར་མཛོད༔ ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཾ་བཾ་ཧཱུྃ་ཕཊ༔ ཨོཾ་ཛྙཱ་ན་ཨགྣ་ཡེ་དྷེ་བ་ཨ་པཱ་ན་ཧ་ནྱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་པའི་དགྲ་བགེགས་མ་རུང་པ་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་མ་ར་ཡ་ཕཊ༔ཛྭ་ལ་རཾ་ཁཱ་ཧི༔ བདུན། ཞུན་ཆེན་དང་མར་ཁུ་འབུལ་བ་ནི༔ ཧཱུྃ༔ ལྷ་ཚོགས་རྡོ་རྗེའི་ལྗགས་སྟེང་རཾ་གྱིས་མཚན༔ ཕྱག་མཚན་དགང་བླུགས་ཁ་རུ་ཧཱུྃ་དམར་གསལ༔ ཚིལ་ཆེན་འབྲུ་མར་རྩི་མར་ཞག་ཏུ་འཁྱིལ༔ དྲག་པོའི་ཕྲིན་ལས་བསྒྲུབ་ཕྱིར་འབུལ་གྱིས་བཞེས༔ རྩ་སྔགས་ཤམ་བཅས་གོང་ལྟར་ལན་བདུན་བརྗོད༔ དེ་ནས་ཡུངས་དཀར་འབུལ་བ་ནི༔ ཧཱུྃ༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་འཇོམས་པའི་རྫས༔ གསང་བདག་ཕྱག་ན་རྡོ་རྗེས་བྱིན་རླབས་པའི༔ ཡུངས་དཀར་རྒྱལ་པོ་རྫས་རྣམས་ཀུན་གྱི་མཆོག༔ འབུལ་ལོ་ལོག་འདྲེན་གཏན་ནས་གཞོམ་པར་མཛོད༔ རྩ་སྔགས་ཤམ་བཅས་གོང་ལྟར་རོ༔ དེ་ནས་སོ་བ་འབུལ་བ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ སོ་བ་ཀུན་ལས་རྣམ་རྒྱལ་འབྲུ༔ བྱིན་གྱིས་བརླབས་ཏེ་རྫས་སུ་འབུལ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྩ་སྔགས་ཤམ་བཅས་གོང་དང་འདྲ༔ དེ་ནས་ཁྲེ་འབུལ་བ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་ལ༔ འབྲུ་མཆོག་ཀུན་གྱི་སྙིང་པོ་ཁྲེ༔ དྲག་པོས་བསྲེག་པའི་རྫས་སུ་འབུལ༔ གནོད་བྱེད་ཐམས་ཅད་གཞོམ་པར་མཛོད༔ རྩ་སྔགས་ཤམ་བཅས་སྔར་བཞིན་བརྗོད༔ དེ་ནས་འབྲུ་སྣ་ཚོགས་ཀྱི་ཆན་འབུལ་བ་ནི༔ ཧཱུྃ༔ ཕུན་སུམ་ཚོགས་པའི་འབྲུ་སྣ་ཚོགས༔ བཅུད་དང་ལྡན་པའི་ཆན་སྦྱར་བ༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་འབུལ༔ ཕྲིན་ལས་སྣ་ཚོགས་འགྲུབ་པར་མཛོད༔ རྩ་སྔགས་ཤམ་བཅས་གོང་དང་འདྲ༔ དེ་ནས་ནས་འབྲས་གྲོ་སྲན་མ་རྣམས་ལན་བདུན་བདུན་དུ་སྔགས་འདིས་འབུལ་ཏེ༔ རྩ་སྔགས་ཤམ་དུ༔ གནོད་བྱེད་དགྲ་བགེགས་ཛྭ་ལ་རཾ་ཁཱ་ཧི༔ འབུལ་བའམ་གོང་ལྟར་སྔགས་ཤམ་བཅས་ཀྱིས་ཕུལ་ཀྱང་རུང་ངོ༔ དེ་ནས་ལིང་ག་འབུལ་བ་ནི༔ གོང་དུ་བསྒྲལ་བསྟབས་བྱས་པའི་ལིང་གའི་རས་མ་ཡིན་ན་དེས་ཆོག་མོད༔ འོན་ཀྱང་སྔོན་དུ་བསྒྲལ་ལས་མ་སོང་བའམ༔ ལིང་ག་གསར་བཤམས་ཡིན་ན་ལིང་གར་འགུགས་གཞུག་སྤྱི་ལྟར་བྱས་ལ༔ ཚོགས་ཀྱི་བསྒྲལ་བསྟབ་བམ་བསྒྲལ་མཆོད་ཀྱིས་ཀྱང་འཐུས་པས་སྐབས་འདིར་དེ་ལྟར་བྱའོ༔ དེ་ལྟར་གྲུབ་ནས༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ འབར་བ་མེ་ཡི་ཞལ་མངའ་བ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ བསྟབ་པོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧཱུྃ་བཛྲ་ཀཱི་ལི༴སོགས་ནས། ཕཊ༔ ལོག་འདྲེན་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ཨགྣ་ཡེ་ཛྙཱ་ན་དྷེ་ཝ་ཛྭ་ལ་རཾ་ཁཱ་ཧི༔ ཅེས་ལིང་ག་བརྒྱ་སྟོང་ལ་སོགས་ཅི་མང་སྔགས་འདིས་འབུལ་ལོ༔ དེ་ནས་སྲས་མཆོག་རིགས་བཞི་ལ་འབུལ་བ་ནི༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ལོག་འདྲེན་དགྲ་བགེགས་སོགས་སྤྱི་ལྟར་འགྲེའོ༔ དེ་ལྟར་བཞི་བཅུ་ཞེ་བཞི་ཙམ་དང༔ དེ་ལྟར་ཁྲོ་བོ་བཅུ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནི་ལ་ཏནྚ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལ་ཧཱུྃ༔ བྷན་དྷ་བྷན་དྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཚིནྡྷ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྚ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བྷ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ལོག་འདྲེན་དགྲ་བགེགས༴སོགས་སྔགས་རེ་རེ་བཞིན་བདུན་རེ་བྱའོ༔ བསྡུ་ན་ཧཱུྃ་བཅུས་འབུལ་ཀྱང་ཆོག་གོ༔ དེ་ནས་ཁྲ་ཐབས་རྣམས་ལ་འབུལ་བ་ནི༔ ཨོཾ་བཛྲ་ཀརྨ་ར་མ་ཀཱི་ལ་ཡ་ཧཱུྃ༔ ལོག་འདྲེན༴སོགས་སྔགས་ལན་ཉི་ཤུའོ༔ སྒོ་མ་བཞི་ལ་འབུལ་བ་ནི༔ ཛཿཧཱུྃ་བཾ་ཧོ༔ ལོག་འདྲེན༴སོགས་ལན་བཞི་འོ༔ དབང་ཕྱུག་མ་ལ་རང་སྔགས་ལན་རེས་ཕུལ༔ དེ་ནས་མཁའ་འགྲོ་སོ་གཉིས་ལ་འབུལ་བ་ནི༔ ཨོཾ་བཛྲ་ཌཱཀྐི་ནི་ཧཱུྃ༔ ལོག་འདྲེན༴སོགས་སྔགས་ལན་སོ་གཉིས་ཀྱིས་སོ༔ དེ་ནས་གིང་བཅོ་བརྒྱད་ལ་འབུལ་བ་ནི༔ ཨོཾ་བཛྲ་ཀིཾ་ཀ་ར་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལོག་འདྲེན༴སོགས་སྔགས་ལན་བཅོ་བརྒྱད་ཀྱིས་སོ༔ དེ་ནས་མ་མོ་བཅུ་གཉིས་ལ་འབུལ་བ་ནི༔ ཨོཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉན་ཨེ་ཏན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཧཱུྃ་ཛ༔ ལོག་འདྲེན༴སོགས་ལན་བཅུ་གཉིས་ཀྱིས་སོ༔ དེ་ནས་བསེ་ལྕགས་དུང་གསུམ་ལ་འབུལ་བ་ནི༔ ཀ་ཏཾ་ཀ་ཡེ་ཛ་ཡ་བི་ཛ་ཡེ་ཨ་ཛི་ཏ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མརྡྷ་ན་ཡེ་ལོག་འདྲེན༴སོགས་ལན་བཅུ་གཉིས་སོ༔ དཀར་མོ་ཉི་ཟླ་ལ་འབུལ་བ་ནི༔ ཨོཾ་བཛྲ་ཤནྟིཾ་པདྨ་ཀུཔྟ་ཧཱུྃ༔ ལོག་འདྲེན༴སོགས་ལན་གསུམ་གྱིས་སོ༔ དེ་ནས་ཕྲུམ་འབུལ་བ་ནི༔ ཧཱུྃ༔ ཕུར་པའི་ལྷ་ཚོགས་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་གཏང་རག་ཏུ༔ དཀར་མངར་བཟའ་བཅའ་ཀུན་སྦྱར་ཕྲུམ༔ དགྱེས་པར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་ཀུ་རུ་ཀུ་རུ་ཡེ་སྭཱཧཱ༔ ཞེས་ཕུལ་ལོ༔ དེ་ནས་གཏང་རག་གི་མཆོད་བསྟོད་ནི༔ སྔར་ལྟར་ཚིགས་བཅད་རྣམ་ལྔ་འབུལ༔ བསྡུ་ན༔ ཨོཾ་བཛྲ་ཛྭ་ལ་ཀཱི་ལ་པུཥྤེ༴སོགས་ནས། ཤཔྟ་པྲ་ཏིཙྪ་ཧོ༔ས་ཕུལ་ཀྱང་རུང༔ དེ་ནས་སྨན་རཀ་འབུལ་བ་ནི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ དེ་ནས་འདས་གཏོར་བླུགས་གཟར་དུ་འབུལ་ལ༔ ཧཱུྃ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་ལ༔ དམ་རྫས་གཏོར་མ་རོ་བཅུད་ལྡན༔ འབར་བ་མེ་ཡི་ཞལ་ཧོམ་དུ༔ འབུལ་ལོ་དགྲ་བགེགས་བརླག་པར་མཛོད༔ རྩ་སྔགས་ཤམ་དུ༔ ས་པ་རི་ཝ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་ཐུགས་རྗེ་ཁྲོས་པའི་གར༔ རབ་འབྱམས་རྒྱལ་བའི་ཕྲིན་ལས་འདུས་པའི་དཔྱིད༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དབྱེར་མེད་སྒོ་གསུམ་མི་ཕྱེད་གུས་པས་བསྟོད༔ ཅེས་པ་ཙམ་མམ་སྤྲོ་ན་ལས་བྱང་གི་བསྟོད་པ་བྱའོ༔ དེ་ནས་བཤགས་པ་ནི༔ ཧོ༔ ཕུར་བའི་དཀྱིལ་འཁོར་འདིར་ཞུགས་ནས༔ ཏིང་འཛིན་མ་གསལ་སྔགས་བཟླས་ཉུང༔ ཆོ་ག་ནོར་འཁྲུལ་རྫས་མ་ཚང༔ ནོངས་པའི་ཚོགས་ཀུན་མཐོལ་ལོ་བཤགས༔ ཨོཾ་བཛྲ་ཀུ་མ་ར་ཤུདྡྷེ་ཨཱ༔ ཡིག་བརྒྱ་ལན་གསུམ་བརྗོད༔ བཛྲ་མུཾ༔ས་ཡེ་ཤེས་པ་དབྱིངས་སུ་གཤེགས༔ ཧཱུྃ་ཧཱུྃ་ཧཱུྃ༔གིས་དམ་ཚིག་པ་རང་གི་ཐུགས་སྲོག་ལ་བསྡུ་བར་བྱའོ༔ དེ་ནས་མེ་ལྷ་གཏང་རག་ནི༔ སླར་ཡང་འཇིག་རྟེན་མེ་ལྷ་ཉིད༔ སྔར་ལྟར་སྤྱན་འདྲེན་ཕྱག་འཚལ་བསྟོད༔ རྣམ་ལྔ་སྨན་རཀ་གཏོར་གསུམ་འབུལ༔ ཅེས་པས་མེ་གསོ་ཞིང་མེ་ལྷ་དམ་ཚིག་པ་གསལ་བཏབ་ལ༔ ཤར་ལྷོ་ནས་ཡེ་ཤེས་པ་བསྟིམ་པ་ནི༔ ཨོཾ་ཨགྣ་ར་ཙ་སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔གྱིས་དམ་ཡེ་བསྲེ་ནས་སྔར་ལྟར་འབུལ་སྔགས་ཀྱིས་ཡམས་ཤིང་མར་ཁུ་ཡུངས་དཀར་སོ་བ་ཁྲེ་ཆན་ནས་འབྲས་གྲོ་སྲན་མ་བཅས་གསུམ་གསུམ་དང༔ རྣམ་ལྔ་སྨན་རཀ་གོང་ལྟར་ཕུལ་ལ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཨོཾ་ཨགྣ་ཡེ་དྷེ་ཝ་ཛྭ་ལ་ས་པ་རི་ཝ་ར་བ་ལིང་ཏ་ཁཱ་ཧི༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ༴སོགས་ཀྱིས་འདོད་དོན་གསོལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ༔ རབ་འབྱམས་རྒྱལ་བའི་ཕྲིན་ལས་བདག༔ ལོག་འདྲེན་བསྲེག་པའི་མཐུ་མངའ་བ༔ དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱས་ནོངས་པ་བཤགས༔ དེ་ནས་བསྲེག་རྫས་དངོས་གྲུབ་ཏུ་རོལ་བ་ནི༔ ཧཱུྃ༔ དངོས་གྲུབ་དམ་རྫས་དབྱིག་གི་ཟས༔ བཟའ་བཅའ་བཏུང་བའི་བྱེ་བྲག་ཀུན༔ རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས༔ དངོས་གྲུབ་མཆོག་ཏུ་རོལ་བར་བྱ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་རོལ་ལོ༔ དེ་ནས་མེ་ལྷ་ཡེ་ཤེས་པ་གཤེགས་པ་ནི༔ ཧཱུྃ༔ དགོངས་ཤིག་འབར་བ་མེ་ཡི་ལྷ༔ དྲག་པོའི་ཕྲིན་ལས་གྲགས་ལགས་པས༔ ད་ནི་རང་གི་གནས་སུ་གཤེགས༔ སླར་ཡང་གནས་འདིར་འབྱོན་པར་མཛོད༔ བཛྲ་མུ༔ས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་གྱུར༔པར་དམིགས་ལ་མི་དམིགས་པའི་རྒྱས་གདབ་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ༔ དེ་ལྟར་ཕུར་བ་གསང་བ་སྤུ་གྲི་ཡི༔ མེ་ཡི་ཕྲིན་ལས་འོད་སྟོང་འཕྲོ་བའི་གཟི༔ ཡིད་སྲུབ་བདུད་སྡེའི་འབྱུང་བྱའི་མིག་གི་འགེབ༔ བསྟན་འགྲོར་སྨན་པའི་རིག་འཛིན་ཕྱག་ཆར་རྨད༔ འདིར་འབད་དགེ་བ་མཐའ་ཀླས་འགྲོ་བའི་ཕྱིར༔ འཆད་རྩོམ་སྤེལ་སྒོམ་བྱ་བས་ལམ་འདི་ལ༔ སྲིད་མཐའི་བར་དུ་བརྩོན་པའི་སྙིང་སྟོབས་ཀྱིས༔ ཟུང་འཇུག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག༔ ཅེས་ཕུར་པ་གསང་བ་སྤུ་གྲིའི་སྦྱིན་སྲེག་ཡེ་ཤེས་འོད་འཕྲོ་ཞེས་བྱ་བ་འདི་ནི་༧ གཏེར་བྱོན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་བས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་བྲག་རི་སེང་ཆེན་འགྱིང་འདྲའི་གཡས་ཟུར་ནས་གདན་དྲང་པ་ལ་མདོ་མང་བཤད་སྒྲུབ་གླིང་གི་ཆོས་གྲྭར་ལྕགས་སྦྲུལ་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་དམ་པ་དེ་ཉིད་ཀྱི་འབངས་ཀྱི་ཐ་ཤལ་དུ་རློམས་པའི་སྙོམ་ལས་པ་པདྨ་བསྟན་འཛིན་གྱིས་ཁྲིགས་སུ་བསྡེབས་ཁུལ་བྱས་པ་ལ་ཉེས་འགལ་བཤགས་ཤིང་དགེ་བས་ཟབ་གཏེར་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག སརྦ་མང་ག་ལཾ།


previous ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ།next