Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་ཆོག་བར་ཆད་ཀུན་སེལ།
   
   
   


 
previousདབང་ཆོག་བར་ཆད་ཀུན་སེལ།next

དབང་ཆོག་བར་ཆད་ཀུན་སེལ།

ཕུར་བ་གསང་བ་སྤུ་གྲི་ལས༔ དབང་ཆོག་བར་ཆད་ཀུན་སེལ་བཞུགས༔

རྡོ་རྗེ་གཞོན་ནུའི་ལྷ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་ནང་བླ་མ་སྟོང་རྩ་བརྟེན༔ ཁྱད་པར་བླ་མ་བརྒྱ་རྩ་བརྒྱད༔ སྒོས་སུ་འཕགས་པའི་རིག་འཛིན་བཅུ༔ དེའི་ནང་ཕུར་བའི་བཀའ་བབས་པའི༔ རིག་འཛིན་པྲ་བྷ་ཧསྟི་ལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ རྒྱུད་དང་སྒྲུབ་ཐབས་མན་ངག་ཞུས༔ གསང་བ་ཡང་གསང་ཆེར་ཟབ་པ༔ ཕུར་བ་གསང་བ་སྤུ་གྲི་ཡི༔ ཉམས་ལེན་དད་ལྡན་རྣལ་འབྱོར་ལ༔ ཐོག་མར་དབང་གིས་རྒྱུད་སྨིན་ཅིང༔ དེ་ནས་ཉམས་སུ་ལེན་པར་བྱ༔ ས་མ་ཡཱ༔ དེ་ནས་དཀྱིལ་འཁོར་རིམ་པ་ནི༔ སྒྲུབ་པའི་གཞུང་ལྟར་བྲིས་པའི་སྟེང༔ ཚོམ་བུ་ལྷ་གྲངས་བཅས་པ་བཀོད༔ དབུས་སུ་སྒྲུབ་རྟེན་ཕུར་བུ་དང༔ མདུན་དུ་བུམ་པ་རྫས་ཚང་བ༔ བཀོད་ལེགས་རྒྱན་གྱིས་སྤྲས་པ་བཤམས༔ གཡས་སུ་བླ་མ་ཡབ་ཡུམ་གྱི༔ བྱང་སེམས་ཐོད་པའི་ནང་དུ་བླུགས༔ ཆང་དང་རྩ་བརྒྱད་སྟོང་སྦྱར་བཤམས༔ རྒྱབ་ཏུ་རིག་མའི་སྣང་བརྙན་བཞག༔ གཡོན་དུ་རྡོར་སེམས་མེ་ལོང་དང༔ ལྷ་ཙཀ་བརྡ་ཡིག་གླེགས་བམ་བཤམས༔ ཤར་ལྷོར་མངའ་གསོལ་ཆས་རྣམས་དང༔ ལྷོ་ནུབ་དཔའ་བོའི་ཤ་སྣ་ལྔ༔ ནུབ་བྱང་བདུད་རྩི་རྣམ་ལྔ་དང༔ བྱང་ཤར་ལྷ་གྲངས་ཙཀ་ལི་བཤམས༔ དངོས་གྲུབ་རྫས་ལ་བཟའ་བཏུང་དང༔ དྲེགས་པའི་སྲོག་དབང་དང་འབྲེལ་ན༔ གཞུང་གི་དཀྱིལ་འཁོར་མདུན་དག་ཏུ༔ ས་ནག་མཎྚལ་མདའ་གང་ལ༔ ཆང་དང་དུག་ཁྲག་གིས་བྲན་ནས༔ སྟེང་དུ་རོ་སོལ་ནག་པོས་བྱུགས༔ དེ་དབུས་ཆོས་འབྱུང་བསྣོལ་མ་བྲི༔ དེ་ཕྱིར་འཁོར་ལོ་རྩིབས་བཅུ་གཉིས༔ མུ་ཁྱུད་རིམ་པ་གསུམ་གྱིས་མཚན༔ རྡོ་རྗེའི་ར་བ་མེ་རིས་བསྐོར༔ དབུས་སུ་ཆོས་སྐྱོང་སྤྱི་གཏོར་དང༔ འཁོར་ལོའི་རྩིབས་ལ་ཕུར་བུ་རེ༔ ཉ་བོ་རེ་རེའི་སྙིང་ཀར་གཟུགས༔ མུ་ཁྱུད་བསེ་ལྕགས་དུང་གསུམ་གྱི༔ ཙ་ཀ་ལི་ཡིས་བསྐོར་བར་བྱ༔ དེ་ཕྱིར་མཚོན་ཆ་སྣ་ཚོགས་དང༔ མདའ་ཟོར་དུག་ཟོར་ཁྲག་ཟོར་དང༔ མཚེ་ཟོར་ཡུངས་ཟོར་རྡོ་ཡི་ཟོར༔ དུག་ཟོར་གཏོར་མའི་ཟོར་གྱིས་བསྐོར༔ ཤར་དུ་སྒྲོལ་གྲི་ལྷོར་ཐོད་ཁྲག༔ ནུབ་ཏུ་རྩང་ཕུར་བྱང་ཉ་བོ༔ མཚམས་ཀུན་ཐུན་གྱི་ཕྱེ་མས་གཏམས༔ ཕྱི་ནང་གསང་གསུམ་མཚན་ལྡན་པའི༔ བླ་མ་བསྙེན་བསྒྲུབ་མཐར་ཕྱིན་ཏེ༔ ཞིང་ངམ་གཅན་གཟན་ཁྲི་ལ་འདུག༔ སློབ་བུས་ཐལ་སྦྱར་པུས་བཙུགས་ཤིང༔ སྒྲུབ་ཁང་དེ་ཡི་སྒོ་དྲུང་དུ༔ མོས་གུས་གསོལ་བ་འདི་ལྟར་གདབ༔ ཨེ་མ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ ཕྲིན་ལས་རིག་འཛིན་བླ་མ་དགོངས༔ སྒོ་གསུམ་སྣོད་རུང་བདག་ཅག་ལ༔ རྡོ་རྗེ་ཕུར་བའི་དབང་མཆོག་སྩོལ༔ ལན་གསུམ༔ སློབ་དཔོན་གྱིས་དྲི་བ་ནི༔ ཧོ༔ ཁྱེད་ཅག་སུ་ཡིན་རིགས་ཀྱི་བུ༔ རྡོ་རྗེ་གཞོན་ནུའི་དབང་མཆོག་ནི༔ དམ་མེད་རྣམས་ལ་སྦྱིན་མི་རུང༔ བཀའ་དང་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་སློབ་མས༔ ཀྱེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ངེད་ཅག་རང་དོན་དོར་ནས་སུ༔ གཞན་ཕན་སྨོན་འཇུག་སེམས་བསྐྱེད་ཀྱིས༔ སྔགས་ཀྱི་སྡོམ་པ་ཚུལ་བཞིན་སྲུང༔ སློབ་དཔོན་གྱིས༔ ཧོ༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དཀྱིལ་འཁོར་འདིར་ཞུགས་སྐལ་བ་བཟང༔ ངས་ནི་རང་དོན་མཐར་ཕྱིན་ཏེ༔ ཁྱེད་ཅག་དབང་གིས་སྨིན་པར་བྱ༔ དེ་སྒོ་དྲུང་ཁྲུས་བྱས་ཤིང༔ སྒྲུབ་ཁང་ནང་མའི་སྒོ་དྲུང་འཁོད༔ སློབ་དཔོན་ཏིང་འཛིན་ང་རྒྱལ་གྱིས༔ བགེགས་ལ་བཀའ་བསྒོ་གཏོར་མ་སྦྱིན༔ ཐུན་བྲབ་གུ་གུལ་བདུག་རྗེས་སུ༔ བླ་མའི་མདུན་འཁོད་བསྲུང་འཁོར་བསྒོམ༔ མཐའ་ནས་ཡོལ་བ་བྲེས་པར་བྱ༔ ཐོག་མར་ཆོས་ཀྱི་ལོ་རྒྱུས་ནི༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་ཐོབ་པར་བྱ༔ དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུས་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཆོས་ཉན་པའི་ཀུན་སྤྱོད་དང་ཀུན་སློང་གི་རིམ་པ་རྣམས་སྤང་བླང་མ་འཛོལ་བའི་ངང་ནས་ལེགས་པར་གསན་འཚལ༔ གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི༔ རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེའི་བདག་ཉིད་ཅན་དེས་གདུལ་བྱ་འགྲོ་བའི་ཁམས་དབང་བསམ་པ་དང་རྗེས་སུ་མཐུན་པར་དྲང་ངེས་ཀྱི་ཆོས་སྒོ་ཇི་སྙེད་ཅི་སྙེད་ཅིག་གསུངས་པ་ལས༔ ད་ལམ་གྱི་ཆོས་དང་གང་ཟག་གི་ལོ་རྒྱུས་མདོར་བསྡུས་ཙམ་འཆད་ན༔ རྗེ་བཙུན་བརྟན་པའི་འཁོར་ལོའི་སྒྱུ་འཕྲུལ་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་ཐུགས་བསྐྱེད་དུས་སུ་སྨིན་ནས་སྟོན་པའི་ཞལ་སྐྱིན་ཨོ་རྒྱན་སངས་རྒྱས་གཉིས་པ་བོད་དུ་གདན་དྲངས་ཤིང་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གྲུབ་ནས་རབ་གནས་ཀྱི་མངའ་གསོལ་མཛད༔ རྒྱ་བོད་ཀྱི་པཎ་གྲུབ་ལོ་ཙ་བ་མང་པོས་མདོ་དང་སྔགས་ཀྱི་ཆོས་རྣམས་བསྒྱུར༔ ཁྱད་པར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རང་བྱུང་པདྨ་རྒྱལ་པོ་དེ་ཉིད་ཀྱིས་རྒྱ་གར་གྱི་རིག་འཛིན་པྲ་བྷ་ཧསྟི་ལ༔ ཕུར་པ་བི་ཏོ་ཏ་མའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་ཞུས་པའི་ནང་ཚན༔ ཕུར་བ་གསང་བ་སྤུ་གྲི་འདི་ཉིད་ནི་རྒྱུད་ཀྱི་དགོངས་དོན་རྣམས་ཀྱི་བཅུད་ཕྱུངས་ཏེ༔ མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་སྙིང་པོའི་བཅུད་དྲིལ་བ༔ དཔེར་ན་རྩི་ཐོག་གི་དྭངས་མ་མར་ལྟ་བུ༔ ས་ཡི་དྭངས་མ་གསེར་ལྟ་བུ༔ དབང་པོའི་དྭངས་མ་མིག་ལྟ་བུ༔ ལུས་ཀྱི་དྭངས་མ་སྙིང་ལྟ་བུ༔ གསང་བ་བས་ཀྱང་ཆེས་གསང་བའི་ཁྱད་ཆོས་འདི་ཉིད་ཀྱི་སྒོ་ནས་གུ་རུ་རིན་པོ་ཆེ་ཉིད་ཡི་དམ་གྱི་ལྷ་དང་དབྱེར་མེད་པའི་ཉམས་ལེན་མཐར་ཕྱིན་ནས༔ སླར་ཡང་མི་སྣང་བའི་རྒྱས་གདབ་པར་དགོངས་ཀྱང་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང༔ མཁར་ཆེན་དཔལ་གྱི་དབང་ཕྱུག་ལྕམ་སྲིང་གཉིས་ཀྱིས་གསེར་གྱི་མཎྚལ་ལ་གཡུ་ཡི་ཚོམ་བུ་བཀོད་དེ་ཞུས་པ༔ ཀྱཻ་མ་གུ་རུ་རིན་པོ་ཆེ༔ ཕུར་པའི་ཆོས་རྣམས་ཀུན་གྱི་བཅུད༔ གསང་བ་སྤུ་གྲིའི་སྒྲུབ་ཐབས་འདི༔ ངེད་ཅག་ལྕམ་སྲིང་རྣམ་གཉིས་ཀྱིས༔ ད་ལྟ་དངོས་གྲུབ་ཐོབ་ཕྱིར་དང༔ མ་འོངས་ལས་ཅན་འགྲོ་དོན་དུ༔ ཡང་ཟབ་མན་ངག་བསྟན་དུ་གསོལ༔ ཞེས་ཞུས་པས༔ བདག་ཉིད་ཨོ་རྒྱན་ཆེན་པོ་ཡི༔ ཡང་ཟབ་མན་ངག་དང་བཅས་པ་གནང་ཞིང༔ ལྕམ་སྲིང་ཁྱེད་གཉིས་ཀྱིས་ཆོས་འདི་གཞན་ལ་མ་སྤེལ་བར་གསང་བའི་རྒྱས་ཐོབ་ལ་རང་རང་གིས་ཉམས་ལེན་གྱིས་ཤིག༔ ཞེས་བཀའ་བསྒོས་པ་བཞིན་དཔལ་གྱི་དབང་ཕྱུག་བསྒྲགས་ཀྱི་ཡང་རྫོངས་སུ་བྱོན་ཏེ༔ སྒྲུབ་པ་ཞག་བདུན་མཛད་པའི་ནུབ་ཀྱི་ཐོ་རེངས་རི་རྩིབས་དེར་ཀིང་ཀིང་དང་ཆོམ་ཆོམ་ཟེར་བའི་སྒྲ་གཅིག་ཐོས་པས་སྤུ་ཟིང་སྐྱེ་སྟེ་མར་བལྟས་པས་ལྕགས་ཀྱི་སྤྱང་མོ་མགོ་དགུ་པ༔ ཁ་ནས་མེ་འབར་བ༔ སྣ་ནས་དུ་བ་འཐུལ་བ༔ ལྕེ་ལ་གློག་འཁྱུག་པ༔ ཁ་ནས་ཁྲག་ཏུ་སྐྱུག་པ༔ སྤུ་རྩེ་ལས་མེ་སྟག་འཕྲོ་བ་གཅིག་དཔལ་གྱི་དབང་ཕྱུག་གི་སྒྲུབ་ཁང་ལ་ཁ་གྱུ་ནས་འོང་བས་འཇིགས་པ་སྐྱེ་ཞིང་ནང་དུ་ལོག་ནས་རང་ཉིད་གསང་བ་སྤུ་གྲིའི་ལྷར་བསྒོམ་ཏེ༔ བསྙེན་ཕུར་ལག་ཏུ་ཐོགས་ནས་བསྡད་པས༔ འཚུབ་མ་ནག་པོ་ཞིག་དང་བསྡོངས་ནས་སྒོར་བྱུང་ཐག་བསྙེན་ཕུར་བསྒྲིལ་བས་ཁོ་བརྒྱལ་ཞིང་བྱི་བ་ཚོན་གང་བ་ཞིག་ཏུ་གྱུར་ཏོ༔ དེ་ནས་དཔལ་གྱི་དབང་ཕྱུག་ཏིང་ངེ་འཛིན་ལས་བཞེངས་ཏེ༔ གུ་རུ་རིན་པོ་ཆེ་བྲག་དམར་གཡའ་མ་ལུང་དུ་བཞུགས་པའི་མདུན་དུ་ཕྱིན་ཏེ༔ ལོ་རྒྱུས་ཞུས་པས་གུ་རུའི་ཞལ་ནས༔ དེ་དམ་སྲི་ཏེ་ཕུར་ནག་མོ་ཡིན་པར་འདུག་པས༔ བསད་པ་དང་མནན་པའི་ལས་ཀྱིས་འདུལ་དགོས་གསུངས་ནས་སླར་ཕུང་སྲི་མནན་པའི་ལས་ཚོགས་མཛད་ནས་ཕྱིར་དེང་ངོ༔ དེ་ལྟར་གྱི་ལོ་རྒྱུས་རྣམས་གླེང་ནས་རྗེ་ཡི་སྙན་དུ་ཐོས་པས་རྒྱལ་བློན་བཙུན་མོ་དང་བཅས་པ་གུ་རུའི་དྲུང་དུ་ལྷགས་ནས་གསེར་གཡུའི་མཎྚལ་ཕུལ་ཞིང༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་བདག་ཅག་བདག་ཅག་རྗེ་འབངས་གཞན་གྱིས་མ་ཐོས་པའི་ཟབ་ཆོས་ཞིག་དཔལ་གྱི་དབང་ཕྱུག་ལྕམ་སྲིང་གཉིས་ལ་གནང་འདུག་པས༔ བདག་ཅག་འདིར་འདུས་པ་རྣམས་ལ་བརྩེ་བར་དགོངས་ཏེ་གནང་དུ་གསོལ་ཞེས་ཞུས་པས༔ གུ་རུའི་ཞལ་ནས་ཁྲི་སྲོང་ལྡེའུ་བཙན་ཁྱོད་ཀྱིས་ཉམས་སུ་ལེན་ནུས་སམ༔ དེ་ལྟར་མི་ནུས་ན་བརྒྱུད་པ་སྤེལ་བར་མི་བྱའོ༔ ནུས་ན་ཕ་ལས་བུ་ལྷག་པ༔ གསའ་ལས་སྟག་གི་ཕྲུ་གུ་བཞིན་དུ་ཉམས་ལེན་གྱི་གདེང་ཚད་རྫོགས་པའི་དཔལ་གྱི་དབང་ཕྱུག་ལྕམ་སྲིང་གཉིས་ལས་དབང་མནོས་ཤིང༔ ཁྱོད་རང་གཅིག་པུ་ལས་གཞན་ལ་སྤེལ་བའི་གནས་མེད་དོ༔ ཞེས་གསུངས་ནས་མ་གནང་བས་རྒྱལ་པོའི་ཐུགས་དགོངས་ལ༔ དཔལ་གྱི་དབང་ཕྱུག་འབངས་ཡིན་པས་རྗེ་ཡིས་འབངས་ལ་དབང་ཞུས་ན་མི་འཐད་སྙམས་ནས༔ སེམས་ཀྱི་འཁྲུལ་འཁོར་གཞིག་པ་ལས༔ ཡང་ཅིག་ཐུགས་དགོངས་ལ༔ དེ་ལྟར་བཀའ་བབས་དང་ལྡན་པ་ཞིག་ཡིན་ན་དབང་ཞུས་ན་རུང་ངམ་སྙམས་ཤིང༔ དང་པོ་ཐོ་འཚམས་ཤིག་བྱས་ཏེ་དམིགས་ནུས་ཀྱི་གཟེར་ཡོད་མེད་བལྟ་དགོས་ཐུགས་ལ་ཤར་ཏེ༔ ཉི་ཤར་ཙ་ན་ཕོ་བྲང་ལ་གཤེགས་སོ༔ དེའི་ནུབ་ཀྱི་ཐོ་རེངས་ཁར་ཨ་ཙ་ར་མིག་འཕྲུལ་དང་ལྡན་པ་ཞིག་ཡོད་པ་དེ་ཉིད་ལ་ཁྱོད་མི་མ་ཡིན་གྱི་གཟུགས་ཤིག་བརྫུས་ལ་ཡེ་ཤེས་མཚོ་རྒྱལ་སྟག་ཚང་སེང་གེ་བསམ་གྲུབ་ཏུ་ཡོད་པའི་སྒྲུབ་ཁང་དུ་སོང་ལ༔ ཐོ་འཚམས་སྣ་ཚོགས་གྱིས་ཤིག་ཅེས་བཀའ་བསྒོས་ནས་གསེར་གྱི་པ་ཏྲ་ཞིག་བྱིན་པས་ཁོ་མཉེས་ཤིང་དེ་ལྟར་བྱེད་པར་ཁས་བླངས་ནས་ལྕགས་ཀྱི་ཕོ་རོག་ནག་པོ་འཇིགས་སུ་རུང་བ་ཟངས་ཀྱི་མཆུ་ཡོད་པ༔ སྤུ་གྲིའི་གཤོག་པ་གདེངས་བ༔ ལྕགས་ཀྱི་སྡེར་མོ་བགྲད་པ༔ ཁ་ནས་མི་སྙན་པའི་སྒྲ་སྣ་ཚོགས་སྒྲོགས་པ་ཞིག་ཏུ་སྤྲུལ་ནས་ཡེ་ཤེས་མཚོ་རྒྱལ་ཕུར་བའི་ཏིང་ངེ་འཛིན་བསྒོམ་པའི་གན་དུ་སོང་ངོ༔ ཁོས་མཚོ་རྒྱལ་གྱི་བསྙེན་ཕྲེང་ལག་ནས་འཕྲོག་ཏེ་མཁའ་ལ་འཕུར་ནས་རྒྱལ་པོ་ལ་བདེན་རྟགས་སུ་སྟོན་དགོས་སྙམས་ནས་འཕུར་ཚེ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཕུར་པའི་རྩ་སྔགས་བརྗོད་ཅིང་བསྡིགས་མཛུབ་ལས་ཕུར་གཟིར་བས༔ ཁོ་སྟེང་འོག་བསྒྱུར་ཞིང་མཚོ་རྒྱལ་གྱི་སྒོ་དྲུང་དུ་ལྷུང་འོང་བས་ཆོ་འཕྲུལ་ཅི་ཡང་མ་ནུས་པ་སྔར་གྱི་ཨ་ཙ་རའི་གཟུགས་སུ་གྱུར་ཏོ༔ དེ་ནས་མཚོ་རྒྱལ་གྱིས་ལས་བཞིའི་ཕྱག་རྒྱས་འགུགས་འཆིང་སྡོམ་མྱོས་བྱས་ནས༔ ཁྱོད་སུའི་ཆོ་འཕྲུལ་ཡིན་ཞེས་དྲིས་པས་ཁོ་རྗེ་ཡིས་བཏང་བ་ཡིན་ཞེས་རང་མཚང་སྨྲས་སོ༔ དེར་ཨ་ཙ་ར་བཏང་བས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་ལོ་རྒྱུས་ཞིབ་ཏུ་ཞུས་པས༔ རྗེ་ཡི་ཐུགས་ལ་ཡིད་ཆེས་དང་ངེས་ཤེས་ཀྱི་མྱུ་གུ་འཁྲུངས་ནས༔ དེ་བཤགས་པ་བྱེད་ཅིང་༔ གུ་རུའི་བཀའ་བཞིན་ལྕམ་སྲིང་གཉིས་ཀྱི་དྲུང་དུ་ཕྱིན་ནས་དབང་ཞུ་ཐུགས་ལ་དགོངས་ཏེ་དཔལ་གྱི་དབང་ཕྱུག་མཆེད་ལྕམ་གཉིས་དབུ་རྩེ་རིམ་གསུམ་དུ་གདན་དྲངས་ནས་བཤགས་པ་བྱས་ཏེ༔ རིན་པོ་ཆེ་སྣ་ཚོགས་ཀྱི་མཎྚལ་ཕུལ་ཞིང་ཕུར་བ་གསང་བ་སྤུ་གྲིའི་དབང་ཞུས་ནས༔ སླར་རྒྱལ་པོས་ཐུགས་དམ་མཛད་དེ་བསམ་ཡས་མཆིམས་ཕུར་སྒྲུབ་པ་བྱས་པའི་ཚེ༔ གཏོར་མ་ཞག་ཏུ་འཁྱིལ་ཞིང་༔ བར་ཆད་བཟློག་པའི་ལྟས་མང་དུ་བྱུང༔ སླར་གུ་རུའི་ཞལ་ནས༔ ཁྱད་དུ་འཕགས་པའི་ཆོས་འདི་ཉིད་ད་ལྟ་ཀུན་ལ་སྤེལ་བའི་གནས་མེད་ཀྱི༔ མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ༔ གངས་ཅན་ལྗོངས་ཀྱི་ཤར་གྱི་ཕྱོགས༔ མདོ་སྨད་ས་ཡི་ཐིག་ལེ་ཆེ༔ ང་ཡིས་བྱིན་རླབས་སྒྲུབ་གནས་སུ༔ མི་སྣང་ཟབ་མོ་གཏེར་དུ་སྦོས༔ ཞེས་གསུངས་པ་བཞིན་འཕྲུལ་གྱི་ཡི་གེར་བཏབ་ནས་མཚོ་རྒྱལ་མིང་སྲིང་གཉིས་ཀྱིས་ཟག་མེད་མི་ཤིགས་པའི་རྒྱས་བཏབ་ཏེ༔ གཏེར་བསྲུང་དཀར་མོ་ཉི་ཟླ་སོགས་ཕུར་སྐྱོང་བསྲུང་མའི་ཚོགས་ལ་གཉེར་དུ་གཏད་ནས་གཏེར་དུ་སྦས་པ་དེ་ཉིད་ཨོ་རྒྱན་ཆེན་པོའི་ལུང་བྱང་དུས་རྟགས་དང་མཐུན་པར་མཁར་ཆེན་ལོ་ཙཱ་དཔལ་གྱི་དབང་ཕྱུག་ལྕམ་སྲིང་ཟུང་འཇུག་གི་སྒྱུ་འཕྲུལ་ཁམས་དབུས་གཙང་གསུམ་ཀུན་ཏུ་མཚན་ཉི་ཟླ་ལྟ་བུར་གྲགས་ཤིང༔ གུ་རུ་རིན་པོ་ཆེའི་གསང་བ་གསུམ་དང་དབྱེར་མེད་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པ་ཞེས་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་ཤར་ཕྱོགས་རྒྱལ་མོ་རོང་གི་ཉེ་ཆར་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས་གུ་རུ་རིན་པོ་ཆེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་པའི་སྐལ་ལྡན་ཆོས་ཀྱི་བདག་པོ་དུ་མ་དང༔ འདུས་པ་གྲངས་ལས་འདས་པའི་དབང་པོའི་མངོན་སུམ་དུ་རྟེན་འབྲེལ་གོ་མ་ལོག་པར་ངོ་མཚར་རྨད་དུ་བྱུང་བའི་ལྟས་དུ་མ་དང་བཅས་ཏེ་གདན་དྲངས་བའི་ཟབ་ཆོས་རྡོ་རྗེ་ཕུར་བ་གསང་བ་སྤུ་གྲིའི་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན་པས༔ དེ་ལ་སློབ་དཔོན་གྱི་བགྱི་འོས་དང་སློབ་མའི་བགྱི་འོས་གཉིས་སུ་ཡོད་པ་ལས༔ དང་པོ་ནི་སྔོན་དུ་གྲུབ་པར་བགྱིས་ནས༔ ད་ཁྱོད་རང་གི་ངོ་སྐལ་དུ་གྱུར་པ་ལ་ལྷ་དང་བླ་མ་དབྱེར་མེད་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས་ཞིང་ཁམས་འབུལ་བར་ཞུ༔ མཎྚལ་ཕུལ་ལ༔ གསོལ་བ་གདབ་པ་ནི༔ ཧོ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ བླ་མ་དཔལ་ཆེན་ཧེ་རུ་ཀས༔ རྡོ་རྗེ་ཕུར་པའི་དབང་བཞི་ཡིས༔ བདག་རྒྱུད་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ༔ སྐྱབས་སེམས་སྔོན་འགྲོའི་སྐབས་ལྟར་རྗེས་ཟློས་དང་བཅས་ལན་གསུམ་བརྗོད༔ ཡན་ལག་བདུན་པ་ནི༔ ཧོ༔ སྲིད་པ་རྡོ་རྗེ་ཕུར་བའི་ལྷར༔ གཉིས་མེད་ཚུལ་གྱིས་གུས་ཕྱག་འཚལ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབུལ༔ སྡིག་ལྟུང་འདུས་མ་བྱས་ངང་བཤགས༔ ཟག་མེད་དགེ་ལ་རྗེས་ཡི་རང༔ གདོད་མའི་ཀློང་དུ་རྟག་བཞུགས་ནས༔ དོན་དམ་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ རང་བྱུང་ཡེ་ཤེས་སྐུ་ཐོབ་ཤོག༔ ཞེས་རྗེས་ཟློས་བྱ༔ སླར་ཡང་སྡོམ་པ་བཟུང་བ་ནི༔ ཧོ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དགོངས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་བ་ཀུན་དོན་དུ༔ སོ་ཐར་བྱང་སེམས་སྔགས་སྡོམ་རྣམས༔ ངོ་བོ་གནས་འགྱུར་ཅིག་ཤར་བཟུང༔ གནད་ཀྱི་མི་འགལ་ཡོན་ཏན་འཕེལ༔ དུས་སྐབས་གང་གཙོའི་ཕྱག་ལེན་ལ༔ རྣལ་འབྱོར་བདག་གིས་འདེབས་པར་བགྱི༔ སྡོམ་བཟུང་ལན་གསུམ་རྗེས་ཟློས་བྱ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཞེས་མིག་དར་གཏད༔ ཨོཾ་ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་མེ་ཏོག་གཏད༔ དེ་ནས་ཡེ་ཤེས་དབབ་པ་ནི༔ སྒྱུ་ལུས་ཡི་དམ་ལྷ་རུ་གསལ༔ ཞེས་གསུངས་པས་ན༔ དེ་ནས་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་དྷརྨ་དྷརྟུ་ཨཏྨ་ཀོ྅ཧཾ༔ ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་རུ་ཏྲ་ཕོ་མོའི་རོ་བསྣོལ་བའི་སྟེང་དུ་རིག་པ་ཡེ་ཤེས་ཀྱི་རང་རྩལ་ཧཱུྃ་ཡིག་མཐིང་ནག་མེ་རི་འབར་བ་ཞིག་ཆད་དེ་ཡོངས་སུ་གྱུར་པ་ལས་སློབ་བུ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་སུ་བགྲད་པ༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་ནག་རྔམ་ཞིང་ཁྲོས་པ༔ སྤྱན་དགུ་སྡང་མིག་ཁྲག་ལྟར་གཡོ་བ༔ སྨ་ར་སྨིན་མ་ཨག་ཚོམ་ལས་མེ་སྟག་འཕྲོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གཙིགས་ཤིང་རྐན་སྒྲ་རྡེབ་པ༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང༔ ཐོད་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་སྤྲས་པ༔ དབུ་སྐྲ་དམར་སེར་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣོལ་བ༔ བར་མ་གཉིས་ན་ཕུར་བུ་དང་རལ་གྲི་འཛིན་པ༔ ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང་སྡིག་པ་མགོ་དགུ་པ་བསྡམས་ནས་འཛིན་པའོ༔ གླང་ཆེན་གྱི་ཀོ་བ་རློན་པས་སྟོད་གཡོགས་ཤིང༔ སྟག་གི་པགས་པའི་ཤམ་ཐབས་མནབ་པ༔ ཞིང་ཆུང་གི་སྐུ་རགས་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་གར་ཧཱུྃ་མཐིང་ཀ་ལས་འཕྲོས་པའི་འོད་ཟེར་དང༔ དཀྱིལ་འཁོར་གྱི་བདག་པོ་བླ་མའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་པདྨ་འབྱུང་གནས་ལ་སོགས་བརྒྱུད་པའི་བླ་མ་རྣམས་དང༔ མདོར་ན་ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་དགུས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས༔ མ་སྲིང་མཁའ་འགྲོ་དམ་ཅན་བསྲུང་མ་དང་བཅས་པ་ཐམས་ཅད་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལྷར་གསལ་བ་ལ་ཐིམ་པས༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་དབང་འབྱོར་བར་མོས་ལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷཀྐི་ནི་ས་མ་ཡ་ཧྲིཾ་ཧྲིཾ་ཕེཾ་ཛ༔ ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱ༔ སྤོས་དང་ཚིལ་ཆེན་གུ་གུལ་བསྲེག༔ གདུང་རྔ་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཕོ་བྲང་ནས༔ སྐུ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་དང༔ ཡི་དམ་མཁའ་འགྲོ་དམ་ཅན་བསྲུང་མའི་ཚོགས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ ཁྱེད་ཀྱི་གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ སྲིད་པ་ཕུར་བུ་སྒྲུབ་པའི་རིག་འཛིན་ལ༔ འགྱུར་མེད་སྐུ་ཡི་བྱིན་ཆེན་དབབ་ནས་ཀྱང༔ རྡོ་རྗེ་གཞོན་ནུའི་ལྷ་རུ་བྱིན་གྱིས་རློབས༔ འགགས་མེད་གསུང་གི་བྱིན་ཆེན་དབབ་ནས་ཀྱང༔ སྒྲ་གྲགས་ཕུར་བའི་སྔགས་སུ་བྱིན་གྱིས་རློབས༔ འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་དབབ་ནས་ཀྱང༔ གདོད་མའི་ཧེ་རུ་ཀ་རུ་བྱིན་གྱིས་རློབས༔ ཡོན་ཏན་ཕྲིན་ལས་བྱིན་གྱིས་བརླབས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཛ་ཛ༔ བརྟན་བཞུགས་ནི༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ པུཥྤེ་པྲ་ཏིཙྪ་ཧོ༔ ལྷ་ངོ་བསྟན་པ་ནི༔ འོ་འདི་ན་སྣང་བའི་ཡུལ་ཐམས་ཅད་སྲིད་པ་རྡོ་རྗེ་ཕུར་པ་མ་བསྒྲུབ་ཡེ་གྲུབ་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་གཙོ་དང་འཁོར་གྱི་བྱེ་བྲག་དང་དཀྱིལ་འཁོར་གསུམ་གྱི་རྣམ་གྲངས་སོགས་ཐ་དད་དུ་མ་ངེས་ཀྱང༔ གདུལ་བྱའི་མོས་བློ་དང་མཐུན་པའི་ཕྱིར་བུམ་པ་སོགས་ཡོ་བྱད་ལྷར་གསལ་བ་ནི་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཡིན་ནོ༔ སྒྱུ་ལུས་ལྷ་སྐུར་སྒོམ་པ་དང༔ སྒྲ་གྲགས་སྔགས་ཀྱི་རང་བཞིན༔ དྲན་རྟོག་རྡོ་རྗེ་གཞོན་ནུའི་ཡེ་ཤེས་ཀྱི་རོལ་བར་གསལ་བ་ནི་ནང་དོན་དམ་རང་བྱུང་གི་དཀྱིལ་འཁོར་དང་རིག་པའི་རྩལ་སྟོང་ཞིང་མ་འགག་པ་གསལ་ཞིང་ངོས་བཟུང་དང་བྲལ་བ་སྨྲ་བསམ་བརྗོད་དུ་མེད་པ་ཅིས་ཀྱང་མ་བསླད་པའི་ངོ་བོ་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་སྟེ་གསང་བ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར༔ ཆོས་ཐམས་ཅད་ཀྱི་དབྱིངས༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟེ་དེ་ལྟར་ངོ་ཤེས་པར་གྱིས་ལ་ལྷ་དང་རིག་པ་དབྱེར་མི་ཕྱེད་པར་གཟུགས་དང་མེ་ལོང་གི་སྣང་ཆ་བཞིན་རང་སེམས་ཀྱི་རྩལ་ཡིན་པར་ངོས་ཟུངས་ཤིག༔ དངོས་གཞིའི་དབང་དོན་དུ་མཎྚལ་ཕུལ་ལ་གསོལ་བ་གདབ་པ་ནི༔ ཨོཾ༔ ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར༔ དབང་མཆོག་ཇི་ལྟར་སྩལ་བ་བཞིན༔ ཡེ་ཤེས་ཆེན་པོའི་བརྡ་ཡི་དབང༔ རིག་འཛིན་བདག་ལ་དེང་འདིར་སྩོལ༔ ལན་གསུམ༔ དེ་ལྟར་གསོལ་བ་གདབ་པས༔ སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་རྡོ་རྗེ་ཕུར་བའི་དབང་གི་ལྷའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མ་ཛ༔ ཞེས་སྤྱན་དྲངས་ལ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་དཔག་ཏུ་མེད་པ་ཐོགས་ཏེ་དབང་ལྷ་རྣམས་མཆོད་ཅིང་བསྟོད་པར་གྱུར་བར་བསམ་ལ༔ ཧཱུྃ༔ ནམ་མཁའ་གང་བའི་ལྷ་ཚོགས་ལ༔ རང་བྱུང་སྤྲུལ་བའི་ལྷ་མོའི་ཚོགས༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ སྨན་རཀ་གཏོར་གསུམ་ལ་སོགས་པའི༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའི་མཐའ་ཀླས་འབུལ༔ མི་ཤིགས་ན་དཱའི་དབྱངས་ཀྱིས་བསྟོད༔ ཨརྒྷཾ༴སོགས། ཤཔྟ་མ་ཧཱ་པུ་ཛ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ སློབ་དཔོན་གྱིས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་ནི༔ རྡོ་རྗེ་ཅན་གྱི་སངས་རྒྱས་ལ༔ འགྲོ་བ་སྐྱོབས་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་ཇི་ལྟར་སྩལ༔ དེ་ལྟར་འདི་ལའང་སྩལ་དུ་གསོལ༔ མེ་ཏོག་འཐོར༔ རོལ་མོ་འཁྲོལ་ཞིང་བུམ་དབང་ནི༔ ཧཱུྃ༔ བུམ་པ་མཚན་ཉིད་ཡོངས་རྫོགས་པ༔ ཧེ་རུ་ཀ་ཡི་ཕོ་བྲང་སྟེ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ལུས་ཀྱི་སྒྲིབ་པ་དག་ནས་ཀྱང༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བདུད་རྩི་བླུད༔ གསང་དབང་བསྐུར་བ་ནི༔ བླ་མ་ཡབ་ཡུམ་ཀྱི་བྱང་སེམས་ཐོགས་ལ༔ ཧཱུྃ༔ མཚན་དང་ལྡན་པའི་ཀཱ་པ་ལར༔ རིགས་ལྔ་ཡབ་ལྔའི་ཕོ་བྲང་ནང༔ ཡུམ་ལྔའི་བདུད་རྩི་ཞག་ཏུ་བསྐྱིལ༔ ཐབས་ཤེས་བྱང་སེམས་དབང་བསྐུར་རོ༔ ངག་གི་སྒྲིབ་པ་དག་ནས་ཀྱང༔ ངག་གི་སྒྲིབ་པ་དག་ནས་ཀྱང༔ འགགས་མེད་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཝཀྐ་ཨ་བྷི་ཥིཉྩ་ཨ༔ མགྲིན་པར་བཞག་ཅིང་བདུད་རྩི་བླུད་ལ་སྒྲུབ་ཕུར་ཐོགས༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ༔ ཡི་དམ་རྡོ་རྗེ་གཞོན་ནུ་ཡི༔ བསྒྲུབ་པའི་ཕུར་བུའི་དབང་བསྐུར་རོ༔ གཟུང་འཛིན་རྟོག་པ་རབ་དག་ནས༔ ཕུར་བའི་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག་ཅིང་བསྒྲིལ་དུ་བཅུག༔ དེ་ནས་དཔལ་གྱི་ཆས་བཅུ་ཐོགས་ལ༔ ཧཱུྃ༔ མི་དགེ་བཅུ་པོ་འཇོམས་པའི་བརྡ༔ དཔལ་གྱི་ཆས་བཅུའི་དབང་བསྐུར་རོ༔ ཉོན་མོངས་བཅུ་པོ་གནས་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་ཤོག༔ ཛྙཱ་ན་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ དཔལ་གྱི་ཆས་བཅུ་ལུས་ལ་གསོལ༔ དུར་ཁྲོད་ཆས་བརྒྱད་ཐོགས་ལ༔ ཧཱུྃ༔ རྣམ་ཐར་བརྒྱད་དང་ལྡན་པའི་བརྡ༔ དུར་ཁྲོད་ཆས་བརྒྱད་དབང་བསྐུར་རོ༔ རྟོག་ཚོགས་བརྒྱད་པོ་རབ་དག་ནས༔ དཔལ་གྱི་སྐུ་རུ་འགྲུབ་པར་ཤོག༔ བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ ཞེས་དུར་ཁྲོད་ཆས་བརྒྱད་གསོལ༔ ཐོད་སྐམ་རིགས་ལྔའི་དབུ་རྒྱན་ཐོགས་ལ༔ ཧཱུྃ༔ དུག་ལྔའི་རྟོག་པ་འཇོམས་པའི་བརྡ༔ ཐོད་སྐམ་དབུ་རྒྱན་དབང་བསྐུར་རོ༔ དབང་ལྔའི་འཛིན་རྟོག་རབ་དག་ནས༔ ཁྲག་འཐུང་རིགས་ལྔའི་སྐུ་འགྲུབ་ཤོག༔ ཤྲི་བཛྲ་ཀུ་མ་ར་ཨ་བྷི་ཥིཉྩ་མཾ༔ ཞེས་ཐོད་སྐམ་དབུ་རྒྱན་གསོལ༔ ཐོད་རློན་ཕྲེང་བ་ཐོགས་ལ༔ ཧཱུྃ༔ འདུ་བྱེད་ལྔ་བཅུ་འཇོམས་པའི་བརྡ༔ ཐོད་རློན་ཕྲེང་བའི་དབང་བསྐུར་རོ༔ བདག་འཛིན་འཁྲུལ་བ་རབ་དག་ནས༔ ཕྲིན་ལས་དྲག་པོའི་དབང་ཐོབ་ཤོག༔ ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ ཅེས་མགོ་ཕྲེང་བསྐོན་ཞིང༔ སྦྲུལ་ཆུན་ཐོགས་ལ༔ ཧཱུྃ༔ རིགས་ལྔའི་ཀློང་ནས་འདུལ་བའི་བརྡ༔ སྦྲུལ་ཆུན་རྣམ་ལྔས་དབང་བསྐུར་རོ༔ ནད་གདོན་བར་ཆད་ཀུན་བསལ་ནས༔ རིགས་སྔགས་བདག་པོའི་དབང་ཐོབ་ཤོག༔ ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ གླང་གོས་དང་སྟག་ཤམ་བསྐོན་ལ༔ དེ་ནས་དཔལ་ཆེན་ཡབ་ཡུམ་སྐུ་ཐོགས་ལ༔ ཧཱུྃ༔ རྒྱལ་བའི་གདུང་འཚོབ་སློབ་བུ་ལ༔ རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ ཡི་དམ་ལྷ་ཡི་དབང་བསྐུར་བས༔ སྲིད་པའི་ཕུར་བུ་འགྲུབ་པར་ཤོག༔ རྩ་སྔགས་ཤམ༔ སརྦ་ཨ་བྷི་ཥིཉྩ་མཾ༔ སྲས་མཆོག་རིགས་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ ཞི་རྒྱས་དབང་དྲག་ལས་མཛད་པའི༔ སྲས་མཆོག་རིགས་བཞི་ཡབ་ཡུམ་གྱི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ལས་བཞིའི་ཕྲིན་ལས་འགྲུབ་པར་ཤོག༔ བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ ཁྲོ་བཅུའི་སྐུ་ཐོགས་ལ༔ ཧཱུྃ༔ དུག་ལྔ་འཇོམས་མཛད་ཁྲོ་བོའི་སྐུ༔ ཁྲོ་བཅུ་ཡབ་ཡུམ་དབང་བསྐུར་རོ༔ ཕྱོགས་བཅུའི་དྲེགས་པ་ཚར་བཅད་ནས༔ ལོག་འདྲེན་འདུལ་བའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཀོ་སེང་བཅུ་དྲུག་གི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་བཀའ་སྡོད་ཚོགས༔ གནས་ཀྱི་ཀོ་རི་མ་མོ་བརྒྱད༔ ཡུལ་གྱི་སེང་ཧ་ཕྲ་མེན་བརྒྱད༔ ལས་བྱེད་ཕོ་ཉའི་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཁའ་འགྲོ་སོ་གཉིས་སྐུ་ཐོགས་ལ༔ ཧཱུྃ༔ གནས་དང་ཡུལ་གྱི་དབང་ཕྱུག་ཆེ༔ མཁའ་འགྲོ་སོ་གཉིས་དབང་བསྐུར་བས༔ ཞིང་བཅུའི་བསྟན་དགྲ་ལོག་འདྲེན་ཀུན༔ ཚར་གཅོད་དྲག་པོའི་དབང་ཐོབ་ཤོག༔ སརྦ་ཌཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ གིང་ཆེན་བཅོ་བརྒྱད་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ གིང་ཆེན་བཅོ་བརྒྱད་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བསྲུང་ཞིང་བཟློག་པའི་དབང་ཐོབ་ཤོག༔ ཀིང་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དབང་ཕྱུག་ཉེར་བརྒྱད་སྐུ་ཐོགས་ལ༔ ཧཱུྃ༔ གནས་ཡུལ་ཞིང་སྐྱོང་ཌཱཀྐིའི་ཚོགས༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ མི་མཐུན་བར་ཆད་རྐྱེན་རྣམས་ཀུན༔ རྡུལ་དུ་བརླག་པའི་དབང་ཐོབ་ཤོག༔ བྷྱོ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲ་ཐབས་ཉི་ཤུའི་སྐུ་ཐོགས་ལ༔ ཧཱུྃ༔ ཐབས་ཤེས་ཁྲོ་བཅུ་ཡབ་ཡུམ་སྤྲུལ༔ ཁྲ་ཐབས་ཉི་ཤུའི་དབང་བསྐུར་བས༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག༔ ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ གཞལ་ཡས་སྒོ་བཞི་བསྲུང་མཛད་པའི༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཕྱོགས་བཞིའི་དམ་སྲི་ཀུན་བསྒྲལ་ནས༔ ཚད་མེད་བཞི་ཡི་དབང་ཐོབ་ཤོག༔ ཛ༔ཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་མཾ༔ ཁྱུང་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་ཆེ༔ ག་རུ་ཎ་ཡི་དབང་བསྐུར་བས༔ ཀླུ་སོགས་སྡེ་བརྒྱད་དྲེགས་པའི་དཔུང༔ གཏན་ནས་གཞོམ་ཤིང་བརླག་པ་དང༔ གང་ལ་ཐོགས་མེད་དབང་ཐོབ་ཤོག༔ གྷ་རུ་ཊ་ཨ་བྷི་ཥིཉྩ་མཾ༔ དེ་ནས་གསུང་དབང་བརྡ་ཡིག་པོ་ཏི་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ བཅུད་བསྡུས་གསང་བའི་བརྡ་ཡིག་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ ཀཱི་ལ་ཡ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་དངོས་སམ་གཟུགས་བརྙན་ཐོགས་ལ༔ ཧཱུྃ༔ རྒྱལ་ཀུན་ས་ལམ་བསྒྲོད་པའི་ལམ༔ ཤེས་རབ་རིག་མ་མཚན་ལྡན་འདི༔ གསང་བའི་གྲོགས་སུ་སྦྱིན་པ་ཡིས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ རྒྱལ་ཀུན་ཐུགས་སུ་སྨིན་པར་ཤོག༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའི་མེ་ལོང་ཤེལ་རྡོ་ཟུར་དྲུག་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་ཀུན་དགོངས་པ་སྟེ༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ མ་བསྒོམ་ངེས་པ་དེ་བཞིན་ཉིད༔ གདོད་མའི་གཤིས་ཀྱི་ངོ་བོ་ལ༔ སྔོན་བསུ་རྗེས་དཔྱོད་མ་བྱེད་ལྷོད༔ དཔེར་ན་ཤེལ་ལས་འཇའ་ཚོན་བཞིན༔ སྟོང་ལ་གསལ་བའི་ངོ་བོ་ནི༔ རྒྱལ་ཀུན་དགོངས་པར་ངོས་ཟུངས་ཤིག༔ ཨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ༔ བུམ་དབང་ལ་སོགས་དབང་བཞིའི་ཡེ་ཤེས་ཀྱི་ངོ་བོ་ངོ་སྤྲད་ལ༔ དཔའ་བོ་ཤ་ལྔ་ཐོགས་ལ༔ ཧཱུྃ༔ སྔོན་ཚེ་བདེ་གཤེགས་རིགས་ལྔ་ཡིས༔ ཡེ་ཤེས་རྫས་སུ་བྱིན་བརླབས་པའི༔ ཤ་ལྔ་དཔའ་བོ་ཐབས་ཀྱི་རྫས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟོང་ཉིད་ཆོས་སྐུ་རྟོགས་པར་ཤོག༔ ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མཾ༔ བདུད་རྩི་ལྔ་ཐོགས་ལ༔ ཧཱུྃ༔ སྔོན་ཚེ་དབྱིངས་ཕྱུག་ཡུམ་ལྔ་ཡིས༔ ཡེ་ཤེས་རྫས་སུ་བྱིན་བརླབས་པའི༔ བདུད་རྩི་ལྔ་ནི་ཐབས་ཀྱི་རྫས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྙིང་རྗེའི་རྩལ་ཆེན་རྫོགས་པར་ཤོག༔ བཾ་ཝཾ་ཨ་བྷི་ཥིཉྩ་མཾ༔ དེ་ནས་དངོས་གྲུབ་རྫས་ཀྱི་མཆོག༔ བཟའ་བཏུང་ལོངས་སྤྱོད་སྦྱིན་པ་ནི༔ ཧཱུྃ༔ དམ་རྫས་དངོས་གྲུབ་དབྱིག་གི་རྫས༔ བཟའ་དང་བཏུང་བའི་བྱེ་བྲག་རྣམས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཅིག་ཆར་ཐོབ་པའི་དབང་ཐོབ་ཤོག༔ སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མཾ༔ དྲེགས་པའི་སྲོག་དབང་བསྐུར་འདོད་ན༔ སླར་ཡང་བཀའ་བསྒོ་བྱིན་དབབ་ཅིང༔ མཚོན་ཆ་སྣ་ཚོགས་མཎྚལ་ཕུལ༔ སྒོ་གསུམ་གུས་པས་འདི་ལྟར་ཞུ༔ ཀྱེ་མ་རིག་འཛིན་སློབ་དཔོན་དགོངས༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི༔ དབང་བསྐུར་ཐོབ་པ་བཀའ་དྲིན་ཆེ༔ དྲེགས་པའི་སྲོག་དབང་སྩལ་དུ་གསོལ༔ སློབ་དཔོན་གྱིས༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ དྲེགས་པའི་སྲོག་དབང་ཟབ་མོ་འདི༔ གསུམ་ལས་མང་བར་མི་རུང་ཞིང༔ རྒྱུན་དུ་མཆོད་ཅིང་བརྟེན་ནུས་སམ༔ ཞེས་དྲིས་པའི་ལན་དུ༔ སློབ་མས༔ རིག་འཛིན་སློབ་དཔོན་བདག་ལ་གསོན༔ ཕུར་བ་གསང་བ་སྤུ་གྲི་ཡི༔ བཀའ་གཏེར་དམ་ཅན་རྒྱ་མཚོ་ཡིས༔ འགོ་ཞིང་སྡོང་གྲོགས་བྱེད་ནུས་སམ༔ སློབ་དཔོན་གྱིས༔ ཧོ་འདི་ནི་ཤིན་ཏུ་བཀའ་གཉན་ཞིང༔ རྣལ་འབྱོར་བསྲུང་ཞིང་དགྲ་བགེགས་གསོད༔ གང་ལ་དམིགས་པའི་དགྲ་བགེགས་ནི༔ ཐོགས་མེད་གསོད་དོ་ས་མ་ཡཱ༔ སློབ་མས༔ དེ་ལྟར་ཡིན་ན་ཕུར་བསྲུང་རྣམས༔ མཆོད་བསྟོད་གསོལ་བ་ཅི་ནུས་སྒྲུབ༔ བདག་གིས་གང་ལ་བསྐུལ་བའི་ཚེ༔ ཐོགས་མེད་རྒྱུག་པའི་ཕྲིན་ལས་ཞུ༔ སློབ་དཔོན་གྱིས༔ ལེགས་སོ་ལེགས་སོ་རིགས་ཀྱི་བུ༔ བརྟེན་ཅིང་གསོལ་བ་མ་གཡེལ་དང༔ ཕྲིན་ལས་བསྲུང་མ་གཡེལ་མི་འགྱུར༔ དེ་ཕྱིར་དམ་ཚིག་མཆོག་ཏུ་བསྲུང༔ དེ་ནས་དམ་ཆུ་བླུད་པ་ནི༔ ཧཱུྃ༔ འདི་ནི་རྡོ་རྗེ་གཞོན་ནུ་ཡི༔ དམ་ཚིག་རྡོ་རྗེའི་བྱིན་རླབས་ཆུ༔ འཐུང་ཅིག་རྡོ་རྗེ་སློབ་བུ་རྣམས༔ ཉམས་ན་ལུས་སེམས་འཇིགས་པར་འགྱུར༔ བཛྲ་ཡཀྴ་ཀྲོ་ཏ་ཨུཥྡྷ་ཋ་ཋ་ཋ༔ ཞེས་མནའ་ཆུ་བླུད་ལ༔ སླར་ཡང་སྒོ་གསུམ་སྣོད་རུང་ཕྱིར༔ བུམ་པའི་དབང་མཆོག་བསྐུར་བ་ནི༔ ཧཱུྃ༔ སྒོ་གསུམ་བག་ཆགས་སྦྱང་བྱེད་པ༔ ཕུར་བ་བསྒྲུབ་པའི་བུམ་པའི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་ལུས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ དེ་ནས་ཐོག་མར་ཤྭ་ན་མཆེད་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་མངག་པའི་ལས་སྒྲུབ་པ༔ ཤྭ་ན་མཆེད་བཞིའི་དབང་བསྐུར་བས༔ དགྲ་བགེགས་གཟུགས་ཁམས་བརླག་པར་ཤོག༔ ཤ་ན་ཤྭ་ན་སྲི་ལ་སྲི་ཀ་ཨ་བྷི་ཥིཉྩ་མཾ༔ རེ་ཏི་མཆེད་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྲིད་པའི་ཕུར་བུ་ཡི༔ གསུང་གི་མངག་པའི་ལས་སྒྲུབ་པ༔ རེ་ཏི་མཆེད་བཞིའི་དབང་བསྐུར་བས༔ དགྲ་བགེགས་ངག་ཁམས་བརླག་པར་ཤོག༔ རེ་ཏི་རེ་ཛ་རེ་ཏི་རེ་ཛུ་ཨ་བྷི་ཥིཉྩ་མཾ༔ ས་བདག་མཆེད་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ལས་ཀྱི་ལྷ་མཆོག་གི༔ ཐུགས་ཀྱི་མངག་པའི་ལས་སྒྲུབ་པ༔ ས་བདག་མཆེད་བཞིའི་དབང་བསྐུར་བས༔ དགྲ་བགེགས་ཡིད་ཁམས་བརླག་པར་མཛོད༔ ཡ་མ་བསེ་མ་ག་ག་ཨ་བྷི་ཥིཉྩ་མཾ༔ བསེ་ཡི་སྐྱེས་བུ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་བཀའ་སྡོད་ཆེ༔ དམར་ནག་བསེ་ཡི་སྐྱེས་བུ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མངག་པའི་ཕོ་ཉར་དབང་ཐོབ་ཤོག༔ བ་ལ་ཤ་ཨ་བྷི་ཥིཉྩ་མཾ༔ ལྕགས་ཀྱི་སྐྱེས་བུ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་གསུང་གི་བཀའ་སྡོད་ཆེ༔ སྔོ་ནག་ལྕགས་ཀྱི་སྐྱེས་བུ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསོད་པའི་ཕོ་ཉར་དབང་ཐོབ་ཤོག༔ ཙི་ཊ་ན་ཨ་བྷི་ཥིཉྩ་མཾ༔ དུང་གི་སྐྱེས་བུ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་བཀའ་སྡོད་ཆེ༔ དཀར་དམར་དུང་གི་སྐྱེས་བུ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཅོད་པའི་ཕོ་ཉར་དབང་ཐོབ་ཤོག༔ བི་ས་ན་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཆོས་སྐྱོང་སྤྱི་ཡི་གཏོར་མ་ཐོགས་ལ༔ ཧཱུྃ༔ གཏོར་སྣོད་བྷནྡྷ་འབར་བའི་སྣོད༔ གཏོར་མ་ཕུར་སྐྱོང་བསྲུང་མར་གསལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགོ་ཞིང་སྐྱོབས་པའི་དབང་ཐོབ་ཤོག༔ དྷརྨ་པ་ལ་ཨ་བྷི་ཥིཉྩ་མཾ༔ མཚོན་ཆ་སྣ་ཚོགས་ཐོགས་ལ༔ ཧཱུྃ༔ ཞིང་བཅུའི་དམ་ཉམས་བསྒྲལ་བའི་རྫས༔ སྣ་ཚོགས་མཚོན་ཆས་དབང་བསྐུར་བས༔ ལོག་འདྲེན་རུ་ཏྲ་མ་ལུས་པ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ མདའ་ཟོར་དང་དུག་ཟོར་གཉིས་གཡས་གཡོན་དུ་ཐོགས་ལ༔ ཧཱུྃ༔ གཟིར་ཞིང་མྱོས་པར་བྱེད་པའི་རྫས༔ མདའ་དང་དུག་ཟོར་དབང་བསྐུར་བས༔ བྱད་མ་དགྲ་བགེགས་མ་ལུས་པ༔ གཟིར་ཞིང་མྱོས་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ ཁྲག་ཟོར་དང་མཚེ་ཟོར་ཐོགས་ལ༔ ཧཱུྃ༔ བརྒྱལ་ཞིང་གཏོར་བར་བྱེད་པའི་རྫས༔ ཁྲག་དང་གཏོར་ཟོར་དབང་བསྐུར་བས༔ བྱད་མ་དགྲ་བགེགས་མ་ལུས་པ༔ བརྒྱལ་ཞིང་གཏོར་བའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཡུངས་དཀར་དང་རྡོ་ཟོར་ཐོགས་ལ༔ ཧཱུྃ༔ འཇུག་ཅིང་བརླག་པར་བྱེད་པའི་རྫས༔ ཡུངས་དཀར་རྡོ་ཟོར་དབང་བསྐུར་བས༔ བྱད་མ་དགྲ་བགེགས་མ་ལུས་པ༔ འཇུག་ཅིང་བརླག་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཟོར་ཆེན་གཏོར་མ་ཐོགས་ལ༔ ཧཱུྃ༔ ཕུར་བ་སྒྲུབ་པའི་རིག་འཛིན་ངས༔ གཏོར་མ་རྡོ་རྗེ་གཞོན་ནུའི་ལྷར༔ གསལ་ཞིང་བསྐྱེད་པའི་དབང་བསྐུར་བས༔ སྲིད་གསུམ་བརླག་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སྒྲོལ་གྲི་ཐོགས་ལ༔ ཧཱུྃ༔ བཤའ་ཞིང་གཏུབ་པར་བྱེད་པའི་རྫས༔ གནམ་ལྕགས་འབར་བའི་སྒྲོལ་གྲི་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ དགྲ་བགེགས་གསོད་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཐོད་ཁྲག་ཐོགས་ལ༔ ཧཱུྃ༔ ཉོན་མོངས་འདོད་ཆགས་བསྒྲལ་བ་ཡི༔ དམར་ཆེན་རཀྟ་ཐོད་སྣོད་འཁྱིལ༔ རིག་པ་འཛིན་ལ་དབང་བསྐུར་བས༔ དགྲ་ཁྲག་རྔུབ་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་རྩང་ཕུར་ཐོགས་ལ༔ ཧཱུྃ༔ གཟུག་ཅིང་འབིག་པར་བྱེད་པའི་རྫས༔ དྲག་པོའི་རྩང་ཕུར་ཟུར་གསུམ་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ དགྲ་རུས་གཞོམ་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཉ་བོ་ཐོགས་ལ༔ ཧཱུྃ༔ དགྲ་བགེགས་འགུགས་པར་བྱེད་པའི་རྫས༔ གཟུགས་བྱད་ཚང་བའི་ཉ་བོ་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ རྡུལ་དུ་བརླགས་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སྨན་རཀ་གཏོར་གསུམ་ཐོགས་ལ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཆགས་པ་བསྒྲལ་བའི་རཀྟ་ཆེ༔ དུག་གསུམ་བསྒྲལ་བའི་རུས་པའི་ཚོགས༔ ཕུར་བསྲུང་དགྱེས་ཕྱིར་དབང་བསྐུར་རོ༔ པཉྩ་རཀྟ་བྷ་ལིང་ཏ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སྲོག་འཁོར་བརྡ་ཡིག་ཐིགས་ལ༔ ཧཱུྃ༔ ཕུར་སྐྱོང་བསྲུང་མ་ཐམས་ཅད་ཀྱི༔ སྲོག་རྩ་གཏའ་རུ་བཟུང་བའི་རྫས༔ མཁའ་འགྲོའི་བརྡ་ཡིག་སྲོག་འཁོར་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ ཕུར་བསྲུང་དམ་ཅན་བསྲུང་མའི་ཚོགས༔ ལུས་དང་གྲིབ་ལྟར་འགྲོགས་པར་ཤོག༔ བཛྲ་དྷརྨ་པ་ལ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཐུན་རྫས་སྣ་ཚོགས་ཐོགས་ལ༔ ཧཱུྃ༔ བྲབ་དང་བསྐྲད་པར་བྱེད་པའི་རྫས༔ སྣ་ཚོགས་ཐུན་གྱི་ཕྱེ་མ་ཡིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ བསྐྲད་ཅིང་བརླགས་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ལྟར་ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ་ཐོབ་ཅིང༔ བཀའ་དང་དམ་ཚིག་རྣམས་མི་ཉམས་པར་བསྲུང་སྙམ་པའི་ངང་ནས་འདིའི་རྗེས་སུ་ཟློས༔ ཧོ༔ གསང་བ་སྤུ་གྲིའི་ལྷ་ཚོགས་ལ༔ གཞུང་བཞིན་གསུངས་པའི་དམ་ཚིག་རྣམས༔ མི་འདའ་ཚུལ་བཞིན་བདག་གིས་བསྲུང༔ སློབ་དཔོན་བཀའ་བཞིན་བསྒྲུབ་པར་བགྱི༔ ཞེས་གཏང་རཀ་མཎྚལ་འབུལ༔ ཚོགས་ལ་རོལ་ཞིང་མཇུག་བསྡུ་བར་བྱའོ།། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

དབང་གི་སྐབས་ཀྱི་བརྡ་ཡིག


previousདབང་ཆོག་བར་ཆད་ཀུན་སེལ།next