Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་དང་འབྲེལ་བའི་བྱིན་རླབས་དབང་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་དང་འབྲེལ་བའི་བྱིན་རླབས་དབང་ཆོགnext

ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་དང་འབྲེལ་བའི་བྱིན་རླབས་དབང་ཆོག

༄༅། ཨོཾ་སྭ་སྟི། ཐུགས་རྗེ་ཆེན་པོའི་བདག་ཉིད་རྒྱལ་བ་ཀུན། །གཅིག་བསྡུས་བླ་མ་ཁ་སར་པཱ་ཎི་དང་། །བརྗོད་པ་རང་གྲོལ་ཡིག་དྲུག་གསང་སྔགས་ཆེར། །གུས་པས་བཏུད་ནས་འཕགས་པའི་སྨིན་བྱེད་དབྱེ། །དེ་ལ་འདིར་རིག་འཛིན་གསང་སྔགས་གླིང་པའི་དགོངས་གཏེར་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་བརྗོད་པ་རང་གྲོལ་དང་འབྲེལ་བར་བྱིན་རླབས་དབང་བསྐུར་བགྱིད་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་བཤམ་པ་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། བྱིན་རླབས་དབང་གི་ཆོ་གའོ།། དང་པོ་ནི། སྟེགས་ཀྱི་ཁར་དཀྱིལ་འཁོར་གཞལ་ཡས་ཁང་སྤྱི་ལྟར་གྱི་དབུས་སུ་ལྷ་གནས་པདྨ་འདབ་བརྒྱད། དེའི་ཕྱིར་འདབ་བཅུ་ཅན་གྱི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་དང་། ལྷ་གྲངས་ཉེར་གསུམ་གྱི་སྐུ་ཙཀ ཅི་བདེ་བར་ཐོད་ཆང་། རིག་ཙཀ ཤེལ་རྡོའམ་མེ་ལོང་། དབང་གཏོར། སྣ་བདུན་རྟགས་བརྒྱད་ཀྱི་ཙཀ་ལི་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་མེ་ཏོག་མིག་རས་ལས་བུམ་ནས་བཟེད་ཊ་དྲིལ་བཅས་འདུ་བྱའོ།། གཉིས་པ་ནི། ལས་བྱང་གི་བདག་མདུན་དབྱེར་མེད་དམ་ཐ་དད་གང་མོས་དང་། བུམ་པ་སྤྱི་ལྟར་བསྒྲུབས་ཏེ་བདག་འཇུག་གང་རུང་དང་ཛཾ་བྷ་ལ་དང་བརྟན་མ་བཅུ་གཉིས་སོགས་ལ་དམིགས་པས་བཀའ་གཏེར་སྲུང་གི་གཏོར་འབུལ་ཚོགས་འཁོར་བཅས་བྱའོ།། གསུམ་པ་ནི། སློབ་མ་རྣམས་ལ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ། ཀུན་སློང་བཅོས་པ་དང་ཆོས་བཤད་ཅི་རིགས་བྱས་མཐར། སྔོན་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་སྤྱན་རས་གཟིགས་ཀྱི་རྒྱུད་དྲི་མ་མེད་པ་ཞེས་བྱ་བ་གསུངས་ཤིང་ཀུན་དགའ་བོ་ལ་གཏད་པ། ཨོ་རྒྱན་ཆེན་པོས་དེ་ཉིད་ལ་ཞུས་ཏེ། དེ་དང་མཐུན་པའི་སྒྲུབ་ཐབས་མཛད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གཏད་དེ་ཟབ་མོ་དགོངས་པའི་གཏེར་དུ་སྩལ་པ་ཉིད་ཕྱིས་དུས་ལ་བབ་པ་ན། མཐུ་སྟོབས་ཀྱི་མངའ་བདག་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་འགྲོ་འདུལ་ཐུགས་ཀྱི་རྡོ་རྗེས་དགུང་གྲངས་ཉི་ཤུ་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་བྱི་ཁྲུམས་སྟོད་ཟླ་བར་ཟབ་མོའི་དགོངས་གཏེར་དུ་བབས་པ་ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བའི་ཡང་ཏིག་ཏུ་གྲགས་པ་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་བརྗོད་པ་རང་གྲོལ་གྱི་བྱིན་རླབས་དབང་བསྐུར་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ༴སོགས། རྒྱས་བསྡུས་ཅི་རིགས་པས་མཚམས་སྦྱར་ཏེ་མཎྚལ་འབུལ་དུ་འཇུག་གོ། དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ཏེ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། ཞེས་པས་མིག་རས་དང་། ཨོཾ་ཨ་ཁཾ་བི་ར་ཧཱུྃ། ཞེས་པས་མེ་ཏོག་གཏད་དོ།། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རྒྱལ་ཀུན་སྤྱི་གཟུགས་ཆེ༔ རིག་འཛིན་གདུང་འཚོབ་བླ་མ་ལགས༔ ཁ་སར་པཱ་ཎིའི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་གཞུག་ཏུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་ལན་དུ་གནང་བ་སྦྱིན་པ་ནི་འདི་ལ་གསན་འཚལ། ཧོ༔ བསྐལ་པར་ཚོགས་བསགས་ལས་འཕྲོ་ལྡན་པ་ཡི༔ རྡོ་རྗེའི་སློབ་མ་ཆེ་རྣམས་ཚུར་གསོན་དང༔ འཕགས་མཆོག་ཁ་སར་པཱ་ཎིའི་དཀྱིལ་འཁོར་དུ༔ བདག་གིས་ཁྱོད་གཞུག་སྤྲོ་བའི་སེམས་བསྐྱེད་འཚལ༔ གཏེར་གཞུང་དུ་མིག་རས་མེ་ཏོག་སྦྱིན་པ་འདིར་ཡོད་པ་ལྟར་བྱས་ཀྱང་ཆོག དེ་ནས་སྐྱབས་སེམས་ཚོགས་བསགས་ཀྱི་དམིགས་པ་སྤྱི་ལྟར་གསལ་བཏབ་ནས་ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་རྣམས་དང་། སྤྲོ་ན་རྒྱུན་བཤགས་སྤྱི་འགྲོས་བཅས་ལན་གསུམ་རེ་བྱ། ཡེ་ཤེས་དབབ་པ་ནི། ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་སྐྱིལ་ཀྲུང་ཞེས་པ་ནས་བསང་སྦྱང་སྤྱི་ལྟར་བྱ་བ་ནས། སྟོང་པའི་ངང་ལས་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཁ་སར་པཱ་ཎི་སྐུ་མདོག་དཀར་གསལ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་རིལ་བ་སྤྱི་བླུགས་དང་། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ། ཞབས་མཉམས་པའི་སྟབས་ཀྱིས་བཞེངས་པ། རི་དྭགས་ཀྲྀཥྞའི་ལྤགས་པས་ནུ་མ་བཀབ་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་ཧྲཱིཿདཀར་པོ། དེ་རྣམས་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་སོགས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་རྣམ་པར་བྱོན་པ་དང་། དཀྱིལ་འཁོར་བའི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རློབས་པའི་མོས་པ་བརྟན་པོ་མཛོད་ཅིག ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་ནམ་བབ་དྲུག་གི་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ། ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཟླ། དེ་ལྟར་ཡེ་ཤེས་ཕབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཏེ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། མཚམས་སྦྱོར་སྤྱི་ལྟར་བྱས་ཏེ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མེ་ཏོག་འབུལ། ཨོཾ་པྲ་ཏི་གྲྀ་ཧ་ཎ་ཨི་མཱཾ་ས་ཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་ཕྲེང་བས་དབང་བསྐུར། ཨོཾ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས་མིག་དབྱེས་ནས། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཚེ་རབས་ཐོག་མ་མེད་པ་ནས༔ མ་རྟོགས་འཁྲུལ་བས་འཁོར་བར་འཁྱམ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ མ་རིག་ལིང་ཏོག་ངས་བསལ་བས༔ རང་སྣང་ལྷ་རུ་ཤེས་པར་གྱིས༔ ལྟོས་ཤིག་དཀྱིལ་འཁོར་ལྷ་ལ་ལྟོས༔ ཉམས་ཆགས་བསྐང་ཤིང་སྡིག་སྒྲིབ་འདག༔ རིག་འཛིན་རྒྱལ་བའི་སྲས་སུ་སྐྱེ༔ གསང་བ་གསུམ་གྱི་དངོས་གྲུབ་ཐོབ༔ དཀྱིལ་འཁོར་འདི་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་འཁོར་ཉེ་སྲས་བརྒྱད་དང་སྒྲོལ་མ་ནོར་རྒྱུན་མ། ཀུ་རུ་ཀུལླེ། རྡོ་རྗེ་སྡེར་མོ། སྤོར་བྱེད་ཐུབ་པ་ཆེན་པོ་དྲུག སྒོ་མ་བཞི་སྟེ་ལྷ་ཉེར་གསུམ་པའི་དཀྱིལ་འཁོར་ཆེན་པོ་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའིམོས་པ་མཛོད་ལ་དགའ་སྤྲོ་རྒྱ་ཆེར་བསྐྱེད་འཚལ། དེ་རྣམས་ནི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའོ།། དབང་དངོས་གཞིའི་དོན་དུ་མཎྚལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོ༔ སྨིན་བྱེད་མཛོད་འཛིན་སློབ་དཔོན་དགོངས༔ བདག་སོགས་སྣོད་ལྡན་སློབ་མ་ལ༔ ཁ་སར་པཱ་ཎིའི་ལྷ་ཚོགས་ཀྱི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ འཕགས་པ་ཁ་སར་པཱ་ཎི་ཡི༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ ཞེས་ཞུས་པའི་ལན་དུ་གནང་བ་སྦྱིན་པ་ནི་འདི་ལ་སྙན་གཏོད་མཛོད། ཧཱུྃ༔ སྐལ་བ་རབ་ལྡན་སློབ་མ་རྣམས༔ སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ༔ དམ་ཚིག་ཡང་དག་བསྲུང་ནུས་ན༔ དབང་མཆོག་ཡོངས་རྫོགས་སྦྱིན་པར་བྱ༔ དེ་ནས་སྤྲོ་ན་དབང་ལྷ་སྤྱན་འདྲེན་པ་དེ་ལ་མཆོད་བསྟོད་གསོལ་འདེབས་དང་དབང་བསྐུར་བའི་དམིགས་པ་གསལ་གདབ་པ་རྣམས་སྤྱི་ལྟར་བྱས་ནས། བུམ་པ་ཐོགས་ཏེ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་ལེགས་པ༔ ཕྱི་ནི་བུམ་པའི་དབྱིབས་ལྡན་པ༔ ནང་ནི་ཡེ་ཤེས་གཞལ་ཡས་ཁང༔ ཁ་སར་པཱ་ཎིའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བུམ་ཆུ་འཐོར་བ་དང་འཐུང་དུ་གཞུག༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲ་གཉིས་པ་རེ་ཆད་ནས་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྐུ་ཙཀ་རྣམས་རིམ་བཞིན་ཐོགས་ཏེ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁ་སར་པཱ་ཎིའི་དབང་བསྐུར་བས༔ རྟག་ཏུ་འགྲོ་བའི་དོན་བྱེད་ཅིང༔ འཁོར་བ་དོང་སྤྲུག་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་མཆེད་བརྒྱད་དབང་བསྐུར་བས༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི༔ རྟོག་པ་མ་སྤང་གནས་དག་ཤོག༔ བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒྲོལ་མ་དཀར་མོའི་དབང་བསྐུར་བས༔ ནད་གདོན་སྒྲིབ་གཉིས་བར་ཆད་དང་༔ འཇིགས་བརྒྱད་ཞི་བའི་དབང་ཐོབ་ཤོག༔ ཤནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ནོར་རྒྱུན་ལྷ་མོའི་དབང་བསྐུར་བས༔ ཡིད་ལ་གང་འདོད་ཕུན་སུམ་ཚོགས༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུ་རུ་ཀུལླེའི་དབང་བསྐུར་བས༔ མོས་པ་རྣམ་བཞིས་རྒྱུད་བསྐུལ་ནས༔ ཁམས་གསུམ་དབང་བསྡུད་དབང་ཐོབ་ཤོག༔ ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྡོ་རྗེ་སྡེར་མོའི་དབང་བསྐུར་བས༔ དྲག་ཤུལ་ལས་ཆེན་བཅུ་གཉིས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ མཱ་ར་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྤོར་བྱེད་དྲུག་གི་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་སུ༔ དག་པའི་ཞིང་དུ་སྐྱེ་བར་ཤོག༔ བཛྲ་ཨ་པྲ་ཏི་ཥ་ཊ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ ཚད་མེད་རྣམ་པ་བཞིའི་སྒོ་ནས༔ འགྲོ་དོན་འབད་མེད་འབྱུང་བར་ཤོག༔ ཛཿཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་གསང་དབང་ནི༔ ཧཱུྃ༔ མཚན་ལྡན་རང་བྱུང་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་བ་བདུད་རྩིའི་བཅུད་ཀྱིས་གཏམས༔ བདེ་ཆེན་ཡེ་ཤེས་གསང་བའི་དབང་བསྐུར་བས༔ འགག་མེད་རང་བྱུང་གསུང་གི་དབང་ཐོབ་ཤོག༔ ཝཱཀྐ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི༔ ཧཱུྃ༔ འདི་ནི་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་པའི་ལམ༔ མཚན་ལྡན་ཤེས་རབ་ཡུམ་གྱི་དབང་བསྐུར་བས༔ བདེ་སྟོང་སྤྲོས་བྲལ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་ཚིག་དབང་ནི༔ ཧཱུྃ༔ དཔེ་མེད་མཐའ་བྲལ་ནམ་མཁའ་ལྟ་བུ་ལ༔ བརྗོད་མེད་དྭངས་མའི་རིག་པ་ཡི་གེ་ཧཱུྃ༔ རྒྱལ་ཀུན་འདུས་པའི་ཐུགས་ཀྱི་ངོ་བོ་སྟེ༔ ཐམས་ཅད་ཀུན་འདུས་མཆོག་གི་དབང་ཐོབ་ཤོག༔ ཨོཾ་དྷརྨ་དྷ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་དབང་ནི༔ ཧཱུྃ༔ ཀུན་ཁྱབ་ཆོས་དབྱིངས་རིན་ཆེན་གཏོར་གཞོང་དུ༔ འགག་མེད་ཡེ་ཤེས་རོལ་བའི་གཏོར་ཆེན་བཤམས༔ རིག་རྩལ་ཤར་གྲོལ་མ་བཅོས་རྒྱན་གྱིས་སྤྲས༔ འཕགས་མཆོག་ཁ་སར་པཱ་ཎིའི་ལྷ་ཚོགས་ཀྱི༔ རྟེན་བྱེད་རྫས་མཆོག་གཏོར་མའི་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བ་ལིཾ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ༔ བཀྲ་ཤིས་རྫས་བརྒྱད་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྫས་བརྒྱད་དབང་བསྐུར་བས༔ དེང་བཟུང་ཚེ་རབས་ཐམས་ཅད་དུ༔ ཆོས་དང་བཀྲ་ཤིས་འཕེལ་བར་ཤོག༔ སརྦ་མཾ་ག་ལ་ཨ་བྷི་ཥིཉྩ་མཱཾ༔ རིན་ཆེན་སྣ་བདུན་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་སྐྱིད་ཕུན་སུམ་ཚོགས་པ་དང༔ འཛད་མེད་གཏེར་ལ་ལོངས་སྤྱོད་ཤོག༔ སརྦ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་ཚིག་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་དང་སློབ་དཔོན་དགོངས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་ནི་ཁྱེད་ཀྱི་བྲན་བགྱིའོ༔ སྐྱབས་མགོན་དམ་པ་མཛད་དུ་གསོལ༔ དེ་ནས་སློབ་དཔོན་གྱིས༔ ཨེ་མ་རྡོ་རྗེ་སློབ་མ་རྣམས༔ དེ་ལྟར་ཡིན་ན་ཚུར་གསོན་དང༔ མཆོག་གསུམ་སྐྱབས་འོག་བདག་གཟུང་ན༔ དམ་ལ་མི་འདའ་གནས་པར་གྱིས༔ བཛྲ་ས་མ་ཡཱ༔ ཞེས་བརྗོད། མཇུག་ཏུ་དམ་ཚིག་ཁས་ལེན་མཎྚལ་ཡོན་འབུལ་རྣམས་སྤྱི་ལྟར་དང་། སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ལས་བྱང་བཞིན་བྱའོ༎ འདི་ལ་མགོ་མཇུག་ཏུ་ཡིག་ཆུང་མང་པོ་དང་ལྷ་དབང་མཚམས་སྦྱོར་ཚིག་ལྷུག་ཡོད་པ་བཅས་བསྡུས་ཏེ་བཀོད་པའོ༎ ཚོགས་ཤུལ་ནོར་བསྟན་གྱིས། མཆན། ཐུ༵བ་བསྟ༵ན་རིན་ཆེན་འབྱུང་གནས་ལས་འོང་བའི། །ལེ༵གས་བཤ༵ད་ཕྲིན་ཆོག་བཟ༵ང་པོ༵འི་ནོ༵ར་བུ༵་འདིར། །རྒྱལ་བསྟ༵ན་འཛི༵ན་སྐྱོང་སྤེལགབའི་འོད་འཕྲོ་བཞིན། །གཞ༵ན་ཕ༵ན་འདོད་རྒུ་མཐ༵འ་ཡ༵ས་ཆར་འབེབ་ཤོག ། ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་ལེའུ་ཚན་ནོ༎


previousཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་དང་འབྲེལ་བའི་བྱིན་རླབས་དབང་ཆོགnext