Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
   
   
   
ཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བའི་ཚེ་དབང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བའི་ཚེ་དབང་།next

ཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བའི་ཚེ་དབང་།

༄༅། ཨོཾ་སྭ་སྟི། འཆི༵་མེ༵ད་དངོས་གྲུབ་མཆོག་སྩོལ་ལྷག་པའི་ལྷ། །རབ་འབྱམས་རྩ་གསུམ་དགོ༵ངས་པ་དབྱིངས་གཅིག་ཏུ། །ཡོངས་འདུ༵ས་བླ་མ་ཚེ་དཔག་མེད་པ་ལ། །གུས་པས་བཏུད་ནས་དེ་ཡི་དབང་ཆོག་དགོད། །དེ་ལ་འདིར་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་ཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། བྱིན་རླབས་དབང་གི་ཆོ་གའོ།། དང་པོ་ནི། སྟེགས་ཀྱི་ཁར་དཀྱིལ་འཁོར་སྒོ་རྫོགས་སོགས་སྤྱི་ལྟར་ལ་དབུས་སུ་ལྷ་གནས་ཁྱམས་དང་བཅས་པའི་པདྨ་འདབ་བཞིའི་ཕྱིར་འདབ་བརྒྱད་ཅན་གྱི་ལྟེ་བ་འདབ་མ་སྒོ་རྣམས་སུ་ལྷ་མཚན་ཅི་རིགས་བྲིས་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་ཚེ་གཏོར་གདན་ཟླུམ་སུམ་བརྩེགས་སྟེང་རིན་ཆེན་ཟུར་བརྒྱད། དེ་སྟེང་བུམ་པ་ནོར་བུས་བརྒྱན་པ་རིལ་བུས་བསྐོར་བ་དང་། ལྷ་གྲངས་བཅུ་བདུན་གྱི་སྐུ་ཙཀ དེའི་མདུན་དུ་བུམ་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ་བཅས་ཀྱི་མཐར་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་ལས་བུམ་མེ་ཏོག་ཊ་མ་རུ་རྡོར་དྲིལ་སོགས་ཉེར་མཁོ་ཐམས་ཅད་ཚགས་སུ་ཚུད་པར་གྲབ་བྱའོ།། གཉིས་པ་ནི། ལས་བྱང་གིས་བདག་མདུན་དབྱེར་མེད་དམ་ཐ་དད་གང་མོས་དང་། བུམ་པ་ཕྱི་བུམ་དབྱིབས་ལ་ནང་གཞལ་ཡས་ཁང་ཅན་དང་། ལས་བུམ་རྟ་མགྲིན་གྱིས་སྤྱི་ལྟར་བསྒྲུབས་ནས་ཚེ་འགུགས། མཆོད་བསྟོད་བུམ་ལྷ་འོད་ཞུ་ཏིང་ངེ་འཛིན་གྱི་དབང་ལེན་པ་སློབ་མའི་དོན་དུ་གནང་བ་གསོལ་བ། བཀའ་སྲུང་གཟའ་མཆོག་ཆེན་པོ་སོགས་ལ་དམིགས་པས་བཀའ་གཏེར་སྲུང་གི་གཏོར་འབུལ་ཚོགས་འཁོར་བཅས་བྱའོ།། གསུམ་པ་ལ། སྐབས་སུ་ཉེར་མཁོའི་མཚམས་སྦྱོར་གསར་དུ་བཀོད་པ་དང་། གཏེར་གཞུང་གི་དབང་ཆོག་དངོས་སོ། དང་པོ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་སྒོམ། མེ་ཏོག་བཀྲམ་ནས་ཀུན་སློང་བཅོས་པ་དང་། ཆོས་བཤད་ཚེ་སྒྲུབ་དང་འབྲེལ་བའི་ལོ་རྒྱུས་སོགས་ཅི་རིགས་བརྗོད་མཐར། དེ་ལ་འདིར་འཆི་མེད་དགོངས་པ་འདུས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ༔ ཐོག་མར་ལོ་རྒྱུས་བརྗོད་པ་གཙོ་ཆེ་སྟེ༔ དེའང་འཇིག་རྟེན་གྱི་ཁམས་འདིར་དལ་འབྱོར་གྱི་ལུས་རྟེན་ཕུན་སུམ་ཚོགས་པ་ཞིག་ཐོབ་ནས་དེ་ལ་སྙིང་པོ་ལེན་པའི་ཐབས་ནི་དམ་པའི་ཆོས་སྒྲུབ་པ་ཡིན་ལ༔ དེའི་མཐུན་རྐྱེན་གྱི་མཆོག་ནི་ཚེ་རིང་བ་ཁོ་ན་ཡིན་པས༔ མཚོ་རྒྱལ་མ་འོངས་པའི་དུས་སུ་སེམས་ཅན་ལས་ངན་པའི་རྐྱེན་གྱིས༔ སྲོག་གཅོད་གཙོ་བོར་བྱས་པའི་མི་དགེ་བའི་ལས་སྣ་ཚོགས་ལ་སྤྱོད་ནས༔ དེའི་འབྲས་བུས་ནད་མང་ཞིང་ཚེ་ཐུང་བ་ཡིན་ལ༔ དེ་ལ་ཕན་པའི་ཐབས་ནི༔ སྔོན་བདག་གིས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པ་བསྒྲུབ་པས་མངོན་སུམ་དུ་ཞལ་བསྟན་ནས་ཆོས་ཉིད་ཀྱི་རང་ངོ་གྲོལ་ཞིང་སྐྱེ་འཆི་གཉིས་ལ་རང་དབང་ཐོབ༔ དེའི་དུས་སུ་འཆི་མེད་དགོངས་པ་འདུས་པའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས༔ ཆོས་རྒྱལ་པྲཛྙཱ་ཀིརྟི་དང་བློན་པོ་ཀྲིཥྞ་འཛིན་པའིགཙོས་ལས་ཅན་འདུས་པ་བདུན་ལ་སྨིན་གྲོལ་གྱི་དངོས་གྲུབ་ཅིག་ཆར་དུ་བསྩལ་བས༔ དེ་ཐམས་ཅད་ཀྱི་ཚེ་མཐར་ཕྱིན་པས་ཆོས་རྒྱལ་ཆེན་པོ་དེ་ཉིད་ལོ་བརྒྱ་དང་དགུ་བཅུར་བཞུགས༔ ཀྲིཥྞ་འཛིན་པ་ལོ་བརྒྱ་དང་ཉེར་གཉིས་སུ་བཞུགས༔ གཞན་རྣམས་ཀྱང་ལོ་བརྒྱ་ཐུབ་པ་ཤ་སྟག་ཏེ། དེ་ཡང་རྒས་པའི་སྡུག་བསྔལ་དང་བྲལ་ཞིང་། ཐོག་མར་དབང་ཞུ་དུས་ཀྱི་ན་ཚོད་དུ་བཞུགས་ཏེ་ཚེའི་དངོས་གྲུབ་ཐོབ་པ་ཡིན། དེ་ནས་བཟུང་གཅེས་པའི་བུ་ལའང་མ་བསྟན་ཅིང་ཙིཏྟ་ལ་མི་ཤིགས་པར་རྒྱས་བཏབ་ནས་སྦས་པ༔ ཚེ་ལ་དབང་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་འདུས་པ༔ ཚེ་སྲོག་ལ་ཕན་ཆེ་བའི་ཟབ་ཆོས་འདི་ཉིད་མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་མཚོ་རྒྱལ་ཁྱོད་ཀྱིས་གསང་བའི་བརྡ་རིས་སུ་ཐོབ་ལ་གཏེར་དུ་སྦོས་ཤིག༔ མ་འོངས་པ་ན་ང་སྤྲུལ་ལས་འཕྲོ་ལྡན་པ་ཞིག་གིས་འདོན་ནོ༔ མཚོ་རྒྱལ་འདི་ནས་ཤར་ཕྱོགས་རོང་ཆེན་བཞིའི༔ ཡུལ་དབུས་རི་བོ་ཁྱུང་ཆེན་མཁར་འགྱིང་འདྲའི༔ བྲག་དམར་ཙིཏྟ་གནམ་ལང་འདྲ་བའི་གཡས༔ མཚོ་རྒྱལ་ཉིད་སྤྲུལ་མེ་ཁམས་འབྲུག་སྦྲུལ་ལོ༔ རིགས་བཟང་རྩལ་ཆེ་བློ་ལྡན་ཁོག་ཡངས་པ༔ དད་ལྡན་སྨིན་གྲོལ་ལམ་ལ་འགོད་པ་འབྱུང༔ དེ་ཚེ་དེ་ཡིས་ཆོས་འདི་སྟོན་པར་འགྱུར༔ འབྲེལ་ཚད་འཆི་མེད་དངོས་གྲུབ་ངེས་པར་ཐོབ༔ དུས་དེར་བུ་ཁྱོད་ཆོས་འདི་སྤེལ་མཁས་གྱིས༔ ས་མ་ཡཱ༔ ཞེས་གསུངས་པ་བཞིན་མཚོ་རྒྱལ་གྱིས་མཁའ་འགྲོའི་བརྡ་རིས་སུ་བཏབ་ཏེ༔ མ་འོངས་པ་ན་ལས་འཕྲོ་ཅན་དང་འཕྲད་པར་ཤོག་ཅིག་ཅེས་སྨོན་ལམ་གྱིས་མཚམས་སྦྱར་མི་ཤིགས་རྡོ་རྗེའི་བཀོད་པས་གཏེར་དུ་སྦས་པ༔ འདི་ཡན་གཏེར་གཞུང་ཡིན། མཆན། འདི་ཉིད་ཀྱི་ཆེ་བརྗོད་དང་ཕན་ཡོན་ནི་གཞུང་ལས། འཆི་མེད་མགོན་པོའི་སྒྲུབ་ཐབས་འདི༔ པདྨ་བདག་གི་སྙིང་གི་ཁྲག༔ གང་ཞིག་འཆི་བདག་ཁར་ཚུད་ཀྱང༔ འདི་བསྒྲུབ་ལོ་ལྔའི་ཚེ་སྲིང་འགྱུར༔ ཞེས་དང་། བྱིན་རླབས་ཟབ་ལ་དངོས་གྲུབ་མྱུར༔ ཚིག་ཉུང་དོན་ཟབ་ཉམས་ལེན་བདེ༔ སྐལ་བ་ལྡན་པའི་གང་ཟག་གིས༔ ཉམས་བླངས་མཆོག་ཐུན་དངོས་གྲུབ་ཐོབ༔ དུས་མིན་འཆི་བའི་འཇིགས་ལས་ཐར༔ གནས་སྐབས་ནད་གདོན་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་འཕེལ༔ རླུང་སེམས་སྣང་བ་དབང་དུ་འདུ༔ ལོག་འདྲེན་འཆི་བདག་དཔུང་ཚོགས་འཇོམས༔ མཐར་ཐུག་ཚེ་མཐའ་ཡས་པ་ཡི༔ གོ་འཕང་གཏན་བདེའི་མྱུར་ལམ་རྙེད༔ དེ་ཕྱིར་གཅེས་པའི་སྙིང་ལ་ཆོངས༔ ཞེས་དང་། བསྙེན་སྒྲུབ་ལས་སྦྱོར་གུད་དུ་སྦས་པ་ལས། འདི་ཉིད་ཉམས་ལེན་གང་ཟག་གིས༔ བསྙེན་བསྒྲུབ་འདི་བཞིན་བརྩོན་ནུས་ན༔ ཚེ་ཟད་ཡིན་ཀྱང་སྲོག་མཐུད་ངེས༔ འཆི་མེད་རྡོ་རྗེ་ཚེ་འདིར་འགྲུབ༔ ཕན་ཡོན་བསམ་འདས་བརྗོད་མི་ལང༔ ཚེ་འདིར་དུས་མིན་འཆི་བ་སྐྱོབ༔ རྡོ་རྗེའི་སྲོག་ལ་དབང་འབྱོར་ཞིང༔ ཕྱི་མར་བདེ་ཆེན་དག་ཞིང་བསྒྲོད༔ འདིས་ནི་ཚེ་བཅུད་མ་ལུས་འགུག༔ འཆི་བདག་ལག་ཏུ་བླ་ཤོར་ཀྱང༔ ངེས་པར་འགུག་པར་ཐེ་ཚོམ་མེད༔ བདེན་རྫུན་རྣོ་མྱུར་ལག་ཏུ་ལོངས༔ ཞེས་དང་། བུམ་སྒྲུབ་ལས། ནད་གདོན་བར་ཆད་མ་ལུས་ཞི༔ འཆི་བདག་བདུད་ཀྱི་དཔུང་ཚོགས་འཇོམས༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ གང་ཞིག་ཚེ་ཟད་དུས་ཐིམ་ཡང༔ འདི་ཡིས་ངེས་པར་སྲིང་བར་ནུས༔ སྡིག་ལྟུང་ཕུང་པོ་ངེས་པར་འདག༔ འཆི་སྲིད་ཆོས་སྐུའི་རྒྱལ་ས་ཟིན༔ ཞེས་སོགས་ཡང་ནས་ཡང་དུ་བསྔགས་པའི་ཚེ་སྒྲུབ་ཟབ་མོ་འདི་ཉིད། ལོ་ཙཱ་བ་ཆེན་པོ་མཁར་ཆུ་དཔལ་གྱི་དབང་ཕྱུག་གི་སྤྲུལ་པའི་རྣམ་རོལ་ཨོ་རྒྱན་གསང་སྔགས་གླིང་པས་དགུང་ལོ་ཉེར་གཅིག་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་གླང་ཧོར་ཟླ་དྲུག་པའི་ཉེར་ལྔའི་ཉིན་བྲག་དམར་གཡའ་མ་ལུང་གི་བྲག་བྱ་ཁྱུང་གཤོག་བརྒྱང་འདྲ་བ་ནས་ཟབ་གཏེར་དུ་བཞེས་པ་དང་འབྲེལ་བར་བྱིན་རླབས་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ༴སོགས་རྒྱས་བསྡུས་ཅི་རིགས་བརྗོད་པས་མཚམས་སྦྱར་ནས་མཎྚལ་ཕུལ་དུ་བཅུག་ཏེ་གསོལ་འདེབས་ལ་འཇུག་གོ།། གཉིས་པ་ནི། ཚེ་སྒྲུབ་འཆི་མེད་དགོངས་འདུས་ལས༔ དབང་ཆོག་སྨིན་གྲོལ་ལམ་བཟང་བཞུགས༔ ན་མོ་ཨཱ་ཡུརྫྙཱ་ན་ཡེ༔ གདོད་མའི་མགོན་པོ་ཚེ་མཐའ་ཡས༔ ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ལྔར༔ སྒོ་གསུམ་གུས་པས་བཏུད་བྱས་ནས༔ སྨིན་བྱེད་དབང་ལ་འཇུག་པར་བྱ༔ ས་མ་ཡཱ༔ མཚན་ཉིད་དང་ལྡན་སློབ་དཔོན་གྱིས༔ མ་སྨིན་སྨིན་བྱེད་དབང་བསྐུར་ན༔ དང་པོ་སྒྲུབ་པའི་གཞུང་བསྲང་ཞིང༔ བསྙེན་སྒྲུབ་དབང་དང་དངོས་གྲུབ་བླངས༔ དེ་ནས་སྐལ་ལྡན་སློབ་བུ་རྣམས༔ ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྒོམ༔ སློབ་བུས་ཐལ་སྦྱར་པུས་བཙུགས་ཅིང༔ གདུང་བའི་དབྱངས་ཀྱིས་འདི་སྐད་ཞུ༔ ཨེ་མ་བླ་མ་རྡོ་རྗེ་འཛིན༔ འཆི་མེད་དགོངས་འདུས་དཀྱིལ་འཁོར་དུ༔ མི་འཆི་ཚེ་ཡི་དངོས་གྲུབ་ཞུ༔ སྐྱབས་མགོན་དམ་པས་སྩལ་དུ་གསོལ༔ ཞེས་ཞུས༔ སློབ་དཔོན་གྱིས༔ ཧོ༔ བུ་ཁྱོད་ཚུར་ཤོག་སྐལ་བ་བཟང༔ ངས་ནི་རང་དོན་མཐར་ཕྱིན་ནས༔ སྐྱེ་འཆི་གཉིས་ལ་རང་དབང་ཐོབ༔ གཞན་དོན་ཕྲིན་ལས་དུས་བབ་ཕྱིར༔ དེ་རིང་ཁྱོད་ལ་སྨིན་གྲོལ་ལམ༔ ཚེ་ཡི་དབང་མཆོག་སྦྱིན་པར་བྱ༔ ཞེས་གྲལ་དུ་འཁོད་ཐལ་མོ་མེ་ཏོག་དང་བཅས་ཏེ་གནས་པ་ལ༔ ཐོག་མར་ལོ་རྒྱུས་བརྗོད་པ་ནི༔ དེ་ལ་འདིར་ཞེས་པ་ནས། གཏེར་དུ་སྦས་པ༔ གུ་ཧྱེ་ཨུ་ཊ་ཤ་ཡ་ཁ་ཐིམ་ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ དེ་ལྟར་ལོ་རྒྱུས་སྔོན་སོང་ནས༔ སློབ་བུས་སྒོ་གསུམ་མཎྚལ་ཕུལ༔ མོས་གུས་དྲག་པོས་འདི་སྐད་དུ༔ བླ་མ་མགོན་པོ་ཚེ་དཔག་མེད༔ བདེར་གཤེགས་རྒྱལ་བ་རིགས་ལྔའི་ལྷར༔ སྐྱབས་མཆི་བདག་སོགས་སྐལ་ལྡན་ལ༔ འཆི་མེད་དབང་མཆོག་དུས་འདིར་སྩོལ༔ ལན་གསུམ༔ སློབ་དཔོན་གྱིས་ལན་དུ་གནང་བ་སྦྱིན་པ་ནི༔ ཧོ༔ ཁྱེད་ཅག་དཀྱིལ་འཁོར་འདིར་ཞུགས་ནས༔ འཆི་མེད་སྒྲུབ་པའི་རིག་འཛིན་ལ༔ ཚེ་ཡི་དབང་བསྐུར་སྩལ་ལགས་ཀྱིས༔ སྒོ་གསུམ་ལྷར་གསལ་གུས་པ་བསྐྱེད༔ ཅེས་བརྗོད༔ སྐལ་ལྡན་ལྷ་ཡི་སྐུར་གསལ་ལ༔ ཡེ་ཤེས་དབབ་ཅིང་བརྟན་བཞུགས་བྱ༔ ཞེས་གསུངས་པའི་ལྷན་ཐབས་ནི། སྐྱབས་སེམས་ཚོགས་གསོགས་ཀྱི་དམིགས་པ་སྤྱི་ལྟར་བརྡ་སྤྲད་ལ་ལས་བྱང་གི་སྐྱབས་སེམས་དང་ཚོགས་གསོགས་སྤྱི་ལྟར་བྱ། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང༔ ངག་གནད་རླུང་རང་བབ་ཏུ་བཞག སེམས་གནད་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་རྣམ་སྨིན་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། ཨོཾ་སྭ་བྷཱ་ཝ༴སོགས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་དུ་ཡུམ་ཙཎྚ་ལཱི་མདའ་དར་དང་བུམ་པ་འཛིན་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་རྡོ་རྗེའི་ལྟེ་བར་ཟླ་བ་ལ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་སོགས་ཞིང་རབ་འབྱམས་ནས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རྣམ་པར་ཆར་བབས་པ་བཞིན་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རློབས་པའི་མོས་པ་བརྟན་པོ་མཛོད་ཅིག ཅེས་བརྗོད་ལ་སྤོས་རོལ་དང་བཅས་པས། སྤྲོ་ན་བབ་དྲུག་གམ་ལས་བྱང་གི་སྤྱན་འདྲེན་གང་རུང་འོག་གི་སྔགས་བཅས་དང་། བསྡུ་ན་རྩ་སྔགས། ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛཿཔུཎྱཻ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲུཾ༔ ཞེས་པ་ལ། ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་ཏེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཏེ། ཨོཾ་ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱ། དེ་ནས་ཚེ་འགུག་པའི་དམིགས་པ་སྤྱི་ལྟར་བརྡ་སྤྲད་པ་ལས་བྱང་ལྟར་ཚེ་འགུགས་བྱ་སྟེ་དེ་ཡན་ལྷན་ཐབས་སོ།། སྔར་གྱི་གཏེར་གཞུང་གི་འཕྲོར། མེ་ཏོག་འབུལ་བ་ནི༔ ཧོ༔ རང་ངོ་མ་ཤེས་འཁོར་བར་འཁྱམ༔ རང་བྱུང་ཡེ་ཤེས་ལྷ་ཚོགས་ལ༔ དད་པའི་མེ་ཏོག་འདི་འབུལ་བ༔ འབྲེལ་ཐོབ་ལྷ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འབུལ༔ ལྷ་ངོ་སྟོན་པ་ནི༔ གསོན་ཅིག་བུ་ཁྱོད་མ་ཡེངས་འཚལ༔ འདི་ནི་མཚན་མའི་དཀྱིལ་འཁོར་ནི༔ བརྟན་བྱེད་རྫས་ཀྱི་རང་བཞིན་ལ༔ ངོ་བོ་གདོད་མའི་རང་རིག་ཏེ༔ དེ་ཉིད་ལྷ་རུ་ཤེས་པར་གྱིས༔ གཞན་དུ་མ་གྲུབ་ས་མ་ཡཱ༔ དེ་ནས་དབང་དངོས་ལ༔ ཐོག་མར་བུམ་པའི་དབང་བཞི་ཡི༔ དང་པོ་བུམ་དབང་ནི༔ ཨོཾ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ འཆི་མེད་དགོངས་འདུས་ལྷ་ཚོགས་ཀྱི༔ འགྱུར་མེད་སྐུ་ཡི་དབང་བསྐུར་བས༔ ལུས་དང་རྩ་ཡི་སྒྲིབ་དག་ཅིང༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོར་རེག་ལ་བུམ་དབང་གི་ངོ་བོ་ངོ་སྤྲད༔ གཉིས་པ་བུམ་པའི་གསང་དབང་ནི༔ ཨཱཿ ཡེ་ཤེས་འོད་ལྔའི་བུམ་པ་འདིས༔ ཚེ་དཔག་མེད་པའི་ལྷ་ཚོགས་ཀྱི༔ འགགས་མེད་གསུང་གི་དབང་བསྐུར་བས༔ ངག་དང་རླུང་གི་ལས་སྒྲིབ་དག༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨཱཿཝཱཀྐ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་རེག་ཅིང་གསང་དབང་གི་ངོ་བོ་ངོ་སྤྲོད༔ གསུམ་པ་བུམ་པའི་ཤེར་དབང་ནི༔ ཧཱུྃ༔ ཆོས་ཉིད་རྣམ་དག་བུམ་པ་འདིས༔ ཚེ་མཐའ་ཡས་པའི་ལྷ་ཚོགས་ཀྱི༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས༔ ཡིད་དང་ཐིག་ལེའི་སྒྲིབ་དག་ཅིང༔ ཟུང་འཇུག་ཤེར་དབང་ཐོབ་པར་ཤོག༔ ཧཱུྃ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་ཀར་བཞག་ཅིང་ཤེར་དབང་གི་ངོ་བོ་ངོ་སྤྲོད༔ བཞི་པ་བུམ་པའི་ཚིག་དབང་ནི༔ ཧྲཱིཿ བུམ་པ་ཆོས་ཉིད་སྤྲོས་དང་བྲལ༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ཕྱི་ནང་གཉིས་སུ་དམིགས་མེད་དེ༔ རང་བྱུང་གདོད་མའི་ངོ་བོ་ལ༔ མཉམ་བཞག་བསམ་བརྗོད་སྨྲར་མེད་འདི༔ སངས་རྒྱས་ཀུན་གྱི་དགོངས་པ་སྟེ༔ ཆོས་ཉིད་དོན་ལ་གནས་པར་གྱིས༔ ཨ་ཨ་ཨ་དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེ་ནས་ཚེ་བུམ་ཐོགས་ལ༔ ཧྲཱི༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ཚེ་དཔག་མེད་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་བདག་བདུད་བཞིའི་གཡུལ་ལས་རྒྱལ༔ མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཅིང༔ མགོན་པོ་ཉིད་ལྟར་འགྱུར་བར་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཚེ་བྷྲུཾ་ནྲྀ་ཛཿཨ་བྷི་ཥིཉྩ་ཧྲཱིཿ ཚེ་དཔག་མེད་པའི་སྐུ་ཐོགས་ལ༔ ཧྲཱིཿ སྐལ་བ་ལྡན་པའི་བུ་ཁྱོད་ལ༔ སྐྱེ་འཆི་འཇིགས་བྲལ་རྡོ་རྗེའི་སྐུ༔ ཚེ་དཔག་མེད་པའི་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་ལྷ་རིགས་ལྔའི་སྐུ་ཐོགས་ལ༔ ཧྲཱི༔ དུག་ལྔ་མ་སྤང་གནས་དག་ཅིང༔ ཡེ་ཤེས་འོད་ལྔའི་མདངས་ཤར་བའི༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་གྱི༔ དབང་བསྐུར་འཆི་མེད་སྲོག་འགྲུབ་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿཨ་བྷི་ཥིཉྩ་ཧྲཱིཿ མགྱོགས་མ་དཔའ་བོ་སྒོ་བ་རྣམས་ཀྱི་སྐུ་ཐོགས་ལ༔ ཧྲཱི༔ འབྱུང་བཞིའི་ཁམས་ནས་བླ་ཚེ་འགུག་མཛད་མ༔ མགྱོགས་མ་རྣམ་བཞི་བདུད་འཇོམས་དཔའ་བོ་བཞི༔ སྒོ་མ་དམ་ཅན་འཆི་མེད་ལྷ་ཡི་ཚོགས༔ ཡེ་ཤེས་ཀློང་དུ་ངོ་བོ་རོ་གཅིག་ཕྱིར༔ ལྷུན་རྫོགས་ཐིག་ལེ་ཉག་གཅིག་དབང་བསྐུར་བས༔ དུས་མིན་འཆི་བདག་བདུད་ལས་རྒྱལ་བ་དང༔ འབྱུང་བཞིའི་བླ་ཚེ་ཉམས་པ་རང་སོར་ཚུད༔ གས་སྦྱོར་ཉམས་གསོས་ཆད་མཐུད་རལ་བ་དྲུབ༔ འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག༔ ཨོཾ་པུཎྱཻ་ཛྙཱ་ན་སརྦ་ས་མ་ཡཱ་སིདྡྷི་ཨ་བྷི་ཥིཉྩ་ཚེ་བྷྲུཾ༔ དེ་ནས་ཚེ་འགུགས་བཅུད་བསྡུ་ཞིང༔ ཚེ་ཆང་ལ་བརྟེན་གསང་དབང་ལ༔ དང་པོ་གསང་བའི་བུམ་དབང་ནི༔ ཧྲཱི༔ མཚན་དང་ལྡན་པའི་ཀ་པཱ་ལར༔ སྣང་སྟོང་ཐབས་ཤེས་མཉམ་སྦྱོར་བའི༔ དཀར་དམར་བྱང་སེམས་བདུད་རྩི་བསྐྱིལ༔ བུ་ཡི་སྤྱི་བོར་བཞག་པ་ཡིས༔ དགའ་བའི་ཡེ་ཤེས་རྒྱུད་ལ་སྨིན༔ གསང་དབང་མི་འགྱུར་བུམ་པའི་དབང༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཝཱཀྐ་བཛྲ་ཀ་ཡ་སིདྡྷི་ཨོཾ༔ ཚེ་ཆང་སྤྱི་བོར་བཞག༔ གཉིས་པ་གསང་བའི་གསང་དབང་ནི༔ ཧྲཱིཿ འགག་མེད་རང་བྱུང་ཀ་པཱ་ལར༔ གསལ་སྟོང་མཉམ་སྦྱོར་བདུད་རྩི་འཁྱིལ༔ བུ་ཡི་མགྲིན་པར་བཞག་པ་ཡིས༔ མཆོག་དགའི་ཡེ་ཤེས་རྒྱུད་སྨིན་ཏེ༔ འགག་མེད་རང་བྱུང་གསང་བའི་དབང༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཛྙཱ་ན་བཛྲ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བཞག༔ གསུམ་པ་གསང་བའི་ཤེར་དབང་ནི༔ ཧྲཱིཿ སྙིང་རྗེ་ཐབས་ཀྱི་རྡོ་རྗེ་ཡིས༔ སྟོང་ཉིད་ཤེས་རབ་མཁར་སྦྱོར་བའི༔ བྱང་སེམས་བདུད་རྩིའི་དབང་བསྐུར་བས༔ ཁྱད་དགའི་ཡེ་ཤེས་རྒྱུད་སྨིན་ཏེ༔ གསང་བའི་ཤེས་རབ་དབང་ཐོབ་ཤོག༔ པྲཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག༔ བཞི་པ་གསང་བའི་ཚིག་དབང་ནི༔ ཧྲཱིཿ བྷནྡྷ་ཡེ་ཤེས་དབྱིངས་ཀྱིམཁའ༔ འགག་མེད་གསལ་བའི་བདུད་རྩི་བསྐྱིལ༔ རང་བྱུང་དབྱིངས་རིག་དབྱེར་མེད་དོན༔ ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་སྨིན༔ མ་ཡེངས་ངོ་བོའི་གནད་སྐྱོང་འཚལ༔ ཨ་པྲཛྙཱ་ཛྙཱ་ན་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ལྟེ་བར་བཞག༔ དེ་ནས་གསང་རྫས་ཚེའི་དངོས་གྲུབ་ཏུ་རོལ་ཕྱིར་སྦྱིན་པ་ནི༔ ཧྲཱིཿ འཆི་མེད་བདུད་རྩི་ཀ་པཱ་ལར༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ བྱིན་གྱིས་བརླབས་པའི་ཚེ་ཆང་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ ཚེ་མཆོག་ཆུ་བོའི་རྒྱུན་བཞིན་དུ༔ ཡུན་རིང་བརྟན་པའི་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་པཉྩ་སིདྡྷི་ཨ་བྷི་ཥིཉྩ་ཚེ་བྷྲུྃ་ནྲྀ་ཛ༔ དེ་ནས་ཚེ་རིལ་ལ་བརྟེན་ནས༔ ཤེས་རབ་ཡེ་ཤེས་དབང་བཞི་ལས༔ དང་པོ་ཤེས་རབ་ཡེ་ཤེས་ཀྱི་བུམ་དབང་ནི༔ ཧྲཱིཿ འབྱུང་བཞིའི་བཅུད་སྒྲོམ་ཟ་མ་ཏོག༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ སྐུ་ཡི་བྱིན་རླབས་འབྲལ་མེད་པའི༔ དབྱིངས་རིག་མཉམ་པར་སྦྱོར་བ་ལ༔ ཡེ་ཤེས་སྙིང་པོའི་རིལ་བུས་བཀང༔ སྐྱེ་མེད་དབྱིངས་ཀྱི་ངོ་བོ་ལ༔ རིག་པ་སོ་མའི་རིག་མ་འཕྲོ༔ རྒྱལ་ཀུན་ཟུང་འཇུག་སྐུ་ཡི་དབང༔ སྤྱི་བོའི་གཙུག་ཏུ་བསྐུར་བར་བྱ༔ ཤེས་རབ་བུམ་པའི་དབང་ཐོབ་ཤོག༔ ཨོཾ་པྲཛྙཱ་ཛྙཱ་ན་ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུ་སྤྱི་བོར་བཞག༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་གསང་དབང་ནི༔ ཧྲཱིཿ ཡེ་ཤེས་ལྔ་ཡི་བཅུད་སྒྲོམ་དུ༔ འགག་མེད་རང་བྱུང་རིལ་བུས་བཀང༔ གསལ་ལ་སྟོང་པའི་རིག་མ་འཕྲོ༔ རྒྱལ་ཀུན་གསུང་གི་དབང་མཆོག་འདི༔ མགྲིན་པའི་གནས་སུ་བསྐུར་བར་བྱ༔ ཤེས་རབ་གསང་བའི་དབང་ཐོབ་ཤོག༔ ཨཱཿཔྲཛྙཱ་ཛྙཱ་ན་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ མགྲིན་པར་བཞག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དངོས་དབང་ནི༔ ཧྲཱིཿ ཟ་མ་ཏོག་འདི་ཡུམ་གྱི་མཁའ༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ གསང་གསུམ་བྱིན་རླབས་རིལ་བུས་བཀང༔ རིལ་ནི་སེམས་ཉིད་ངོ་བོ་ལ༔ བུ་ནི་སྣ་ཚོགས་རིག་མ་འཕྲོ༔ སངས་རྒྱས་ཀུན་འདུས་ཐུགས་ཀྱི་དབང༔ སྙིང་གའི་གནས་སུ་བསྐུར་བར་བྱ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཧཱུྃ་པྲཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག༔ བཞི་པ་ཤེས་རབ་ཡེ་ཤེས་ཀྱི་ཚིག་དབང་ནི༔ ཧྲཱིཿ སྤྲོས་བྲལ་ཤེས་རབ་ཡེ་ཤེས་ཆེ༔ སྔོན་བྱོན་སངས་རྒྱས་ཐམས་ཅད་ཀྱི༔ བདེ་ཆེན་དངོས་གྲུབ་མྱུར་ལམ་སྟེ༔ བརྟན་བྱེད་རྫས་ཀྱི་རིལ་བུ་འདི༔ ངོ་བོ་སྟོང་པ་བདག་མེད་དབྱིངས༔ རྣམ་པ་མ་འདྲེས་སོ་སོར་གསལ༔ ཡེ་ཤེས་སྙིང་པོའི་ཆོ་འཕྲུལ་འཕྲོ༔ ཇི་ལྟར་ཉི་མའི་དཀྱིལ་འཁོར་ནི༔ གློ་བུར་སྤྲིན་ལས་གྲོལ་བ་བཞིན༔ འདི་ནི་མཆོག་གི་དངོས་གྲུབ་ལམ༔ ཡེ་ཤེས་སྙིང་པོ་རྗེན་པར་མཐོང༔ དངོས་འཛིན་སྤྲོས་པའི་ཡུལ་ལས་འདས༔ ཐོས་བསམ་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་མ་འགག་ཅིར་སྣང་གསུམ༔ དབྱེར་མེད་རིག་པའི་ངོ་བོ་ལ༔ མ་བཅོས་ལྷུག་པར་བཞག་པ་ཉིད༔ རྒྱལ་ཀུན་དགོངས་པར་ངོས་ཟུངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་པྲཛྙཱ་ཛྙཱ་ན་དྷརྨ་དྷརྟུ་ཨཏྨ་ཀོ྅་ཧཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག༔ རིལ་བུ་ཚེའི་དངོས་གྲུབ་ཏུ་རོལ་ཕྱིར་སྦྱིན་པ་ནི༔ ཧྲཱིཿ སྐྱེ་བ་མེད་པའི་བྷནྡྷའི་ནང་༔ འཆི་མེད་ཚེ་ཡི་རིལ་བུས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ འཆི་བ་མེད་པའི་ཚེ་ཐོབ་ཅིང༔ ཉམས་པ་མེད་པའི་ལང་ཚོ་རྒྱས༔ འཛད་པ་མེད་པའི་ནོར་གྱིས་ཕྱུག༔ ཚེ་དཔག་མེད་དང་དབྱེར་མེད་ཤོག༔ ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ སརྦ་ས་མ་ཡཱ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ནས་ཚེ་མདའ་ལ་བརྟེན་ནས༔ ཚིག་གི་དབང་བཞི་བསྐུར་བ་ལ༔ སློབ་བུས་མཎྚལ་ཕུལ་བྱས་ནས༔ མོས་གུས་དྲག་པོས་འདི་ལྟར་ཞུ༔ ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ འཆི་མེད་དབང་སྩལ་བཀའ་དྲིན་ཆེ༔ ད་ནི་ཆོས་ཀུན་ཁོང་ཆུད་པ༔ ཡེ་ཤེས་ཆེན་པོ་དོན་གྱི་དབང༔ བརྩེ་བས་གནང་སྟེ་སྨིན་པར་མཛོད༔ སློབ་དཔོན་གྱིས་ལན་སྦྱིན་པ་ནི༔ ཁྱེད་ཅག་འཆི་མེད་སྲོག་སྒྲུབ་ཅིང༔ ཡེ་ཤེས་སྙིང་པོའི་དོན་ཚོལ་ཏེ༔ དེ་ཉིད་ཁོ་ནར་ཉམས་ལེན་ན༔ རེ་བ་ཡོངས་སུ་བསྐང་བར་བྱ༔ ལྷར་སྣང་བརྟན་པོའི་ང་རྒྱལ་གྱིས༔ ཡེ་ཤེས་དབབ་ཅིང་བརྟན་པར་བཞུགས༔ ཐོག་མར་ཚེ་འགུག་བཅུད་བསྡུ་ཞིང༔ ཚེ་མདའ་ལག་ཏུ་ཐོགས་བྱས་ནས༔ དང་པོ་ཚིག་གི་བུམ་དབང་ནི༔ ཧྲཱིཿ མདའ་འདི་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་གྱིས་བརླབས་པ་སྟེ༔ ཆོས་ཉིད་སྟོང་པ་ཉིད་ཀྱི་དོན༔ མདའ་ཡི་སྟོང་ཁ་ཟླ་གམ་ནི༔ རང་གསལ་འགག་པ་མེད་པའི་དོན༔ མདའ་སྒྲོས་ཡེ་ཤེས་ལྔ་ནི་མཚོན༔ ཐུགས་རྗེ་ཅིར་ཡང་སྤྲུལ་པའི་ཕྱིར༔ མདེའུ་སྲ་བརྟན་རང་འོད་འཕྲོ༔ སྐུ་ཡི་བྱིན་བརླབས་་ཚེ་མདའ་འདི༔ སྤྱི་བོའི་གཙུག་ཏུ་བཞག་པ་ཡིས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ མགོན་པོའི་སྐུ་དང་དབྱེར་མེད་ཤོག༔ དྷརྨ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་ཚིག་གི་གསང་དབང་ནི༔ ཧྲཱིཿ མདའ་འདི་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་བྱིན་གྱིས་བརླབས་པ་སྟེ༔ སྐྱེ་མེད་རང་བྱུང་ངོ་བོའི་དོན༔ མདའ་འདི་སྤྲོས་པའི་ཡུལ་ལས་འདས༔ འགགས་མེད་ཡེ་ཤེས་འོད་ལྔའི་མཚོན༔ སྣ་ཚོགས་དར་སྣ་ལྔ་ཡིས་བརྒྱན༔ ཀློང་ལས་ཅིར་ཡང་སྣང་བའི་ཕྱིར༔ མེ་ལོང་གཟུགས་བརྙན་སྣ་ཚོགས་བཀྲ༔ གསུང་གི་བྱིན་བརླབས་ལྷ་མདའ་འདི༔ མགྲིན་པའི་གནས་སུ་བཞག་པ་ཡིས༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ བཅོམ་ལྡན་གསུང་དང་དབྱེར་མེད་ཤོག༔ དྷརྨ་ཛྙཱ་ན་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཚིག་གི་ཤེར་དབང་ནི༔ ཧྲཱིཿ མདའ་འདི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་བྱིན་གྱིས་བརླབས་པ་སྟེ༔ སྙིང་རྗེ་ཆེན་པོ་ཐབས་ཀྱིས་མཚོན༔ མདེའུ་ཡར་རྩེ་མཁར་བསྣུན་ཅིང༔ མདའ་ནི་སྟོང་ཉིད་ཡུམ་གྱི་དོན༔ ཐབས་ཤེས་ཟུང་དུ་འཇུག་པ་སྟེ༔ སྣང་སྟོང་ཡབ་ཡུམ་གཉིས་སུ་མེད༔ ཐུགས་ཀྱིས་བྱིན་བརླབས་ལྷ་མདའ་འདི༔ སྙིང་གའི་གནས་སུ་བཞག་པ་ཡིས༔ ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག༔ མགོན་པོའི་ཐུགས་དང་དབྱེར་མེད་ཤོག༔ དྷརྨ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག༔ བཞི་པ་ཚིག་དབང་དངོས་ནི༔ ཧྲཱིཿ དབྱིངས་ཀྱི་ངོ་བོ་མདའ་ཡི་སྟོང་གིས་མཚོན༔ རང་བཞིན་གསལ་བ་མེ་ལོང་དར་སྣ་ལྔ༔ ཀློང་ལས་ཅིར་ཡང་སྤྲུལ་བསྒྱུར་གང་འདུལ་གྱིས༔ མ་རྟོགས་སེམས་ཅན་རབ་ཏུ་འདྲེན་པ་མཚོན༔ མདེའུའི་མར་རྩེ་རྣོ་བའི་ངར་དང་ལྡན༔ སྐྱེ་འཆི་འགག་སྒྲིབ་གང་ལ་ཐོགས་མེད་ཕྱིར༔ ཤེས་རབ་ལ་བརྟེན་རྡོ་རྗེའི་འཕུར་རྩལ་ཅན༔ གདམས་ངག་ཆོས་དང་དོན་གྱི་ངོ་བོ་གཉིས༔ ཟུང་འཇུག་རྟོགས་ན་དེ་བཞིན་ལམ་བསྒྲོད་འགྱུར༔ མ་ཡེངས་མ་ཡེངས་ངོ་བོའི་གཤིས་ལ་ལྟོས༔ བལྟ་བྱ་ལྟ་བྱེད་གཉིས་སུ་འདུག་གམ་ལྟོས༔ མི་དམིགས་སྟོང་པ་ཉིད་དུ་གནས་པ་ན༔ དེ་ཡི་ངང་ནས་གསལ་བའི་ཆ་ལ་ལྟོས༔ གང་ཤར་གཉིས་སུ་མ་འཛིན་རང་ངོར་ཀློད༔ སྤང་བླང་སྔོན་བསུ་རྗེས་གཅོད་མ་བཅོས་པར༔ ཅེར་གྱིས་བལྟས་པའི་དྲན་མེད་ཐོ་ལེ་བ༔ དེ་ཀ་ཤེས་ན་རྒྱལ་བའི་དགོངས་པ་སྟེ༔ གཞན་དུ་བཙལ་བའི་མིག་གིས་གཞན་མཐོངཡང༔ མིག་གིས་མིག་ཉིད་མཐོང་བར་མི་འགྱུར་བཞིན༔ སེམས་ཀྱིས་སེམས་ཚོལ་ཡང་དག་དོན་མི་མཐོང༔ ཐམས་ཅད་རང་བྱུང་ངོ་བོར་ཐག་ཆོད་ལ༔ ཤར་གྲོལ་མཉམ་པ་ཉིད་ཀྱི་གནད་སྐྱོང་འཚལ༔ དུས་གསུམ་རྒྱལ་ཀུན་དགོངས་པ་ངོ་སྤྲོད་པའི༔ མཚོན་བྱེད་རྫས་ཀྱི་རང་བཞིན་ལྷ་མདའ་འདི༔ སངས་རྒྱས་ཀུན་གྱི་གསང་གསུམ་ཐུགས་རྗེ་ཡི༔ བྱིན་གྱིས་བརླབས་པའི་ཡེ་ཤེས་ཐབས་ཀྱི་མདའ༔ གནས་ལྔར་བཞག་ཅིང་སྙིང་གར་དྲིལ་བ་ཡིས༔ སྐྱེ་མེད་ཆོས་སྐུ་ཀུན་བཟང་དགོངས་པ་ཉིད༔ བཙན་ཐབས་རྒྱུད་སྨིན་མ་བསྒོམ་སངས་རྒྱས་འགྲུབ༔ དོན་དམ་ངོ་བོ་ཉིད་སྐུ་ལྷུན་གྲུབ་ཤོག༔ དྷརྨ་ཛྙཱ་ན་ས་མ་ཡཱ་ཨ་ཨ་ཨ༔ ཞེས་པའི་དོན་ལ་མཉམ་བཞག་ཅིང༔ མ་བཅོས་རྫོགས་པ་ཆེན་པོའི་ངང༔ བཅོས་བསླད་མེད་པར་ལྷུག་པར་ཞོག༔ དེ་ནས་ཚེ་རྒྱས་གདབ་པ་ནི༔ ཧྲཱིཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་རླབས་ནུས་མཐུ་ཚེ་ཡི་བཅུད༔ སྣོད་བཅུད་དྭངས་མ་མ་ལུས་ཀུན༔ ཐུགས་རྗེའི་འོད་ཀྱིས་བསྡུས་ནས་ནི༔ སྤྱི་བོའི་གཙུག་ཏུ་བསྟིམས་པ་ཡིས༔ ལུས་ཀྱི་རྟེན་དང་སྲོག་གི་ཟུངས༔ མི་འགྱུར་བརྟན་པར་བཞུགས་ནས་ཀྱང༔ འཆི་བདག་བདུད་བཞིའི་གཡུལ་ལས་རྒྱལ༔ ཚེ་མཐའ་ཡས་དང་མཉམ་པར་ཤོག༔ ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ་པུཎྱཻ་ཛྙཱ་ན་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཛྙཱ་ན་བཛྲ་རཀྵ་ཀུ་རུ་བྷྲུཾ༔ དེ་ནས་ཚེ་གཏོར་གྱི་དབང་བསྐུར་བའི་ལྷན་ཐབས། བུམ་སྒྲུབ་ཀྱི་མཇུག་ནས་བྱུང་བ་ནི། ཚེ་གཏོར་ཐོགས་ལ༔ ཧྲཱིཿ བཅོམ་ལྡན་འཆི་མེད་མགོན་པོའི་ལྷ་ཚོགས་ཀྱི༔ འགྱུར་མེད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ འགགས་མེད་གསུང་གི་དབང་མཆོག་ངག་ལ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དབང་མཆོག་ཡིད་ལ་སྩོལ༔ ཡོན་ཏན་ཕྲིན་ལས་དབང་མཆོག་ཅིག་ཆར་སྩོལ༔ ཐུན་མོང་མཆོག་གི་དངོས་གྲུབ་མ་ལུས་དང༔ འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་ཛྙཱ་ན་ཨ་ཡུ་ཥེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་གནས་གསུམ་དུ་བཞག མཐའ་རྟེན་བཀྲ་ཤིས་རྫས་རྟགས་སོགས༔ དགེ་ལེགས་ཆོ་ག་གང་འོས་དང༔ བསྔོ་སྨོན་ཤིས་བརྗོད་ཅི་རིགས་བྱ༔ ས་མ་ཡཱ༔ ཨེ་མ་འཆི་མེད་པདྨ་ངས༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ ཚེ་སྒྲུབ་འཆི་མེད་དགོངས་འདུས་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ མ་སྤེལ་མཁའ་འགྲོའི་བརྡར་ཐོབ་ལ༔ བྲག་དམར་གཡའ་མ་ལུང་གི་གནས༔ བྱ་ཁྱུང་གཤོག་བརྒྱང་འདྲ་བའི་བྲག༔ རྫུ་འཕྲུལ་བཀོད་པའི་རྒྱས་ཐོབ་ལ༔ ནུས་མཐུ་གྲུབ་པའི་སྨོན་ལམ་གྱིས༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས༔ ང་སྤྲུལ་ལས་ཅན་ཞིག་གིས་འདོན༔ དེ་ཚེ་རིག་འཛིན་དེ་ཉིད་ཀྱིས༔ མདོ་བྱང་ལྟར་དུ་སྤེལ་མཁས་ཀྱིས༔ འགྲོ་ཀུན་དུས་མིན་འཆི་བ་སྐྱོབ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཙིཏྟ་ལ་གུ་ཧྱ༔ ཁྠཾ༔ དུས་མཐའི་གཏེར་སྟོན་རིག་འཛིན་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་གི་སྒྲུབ་གནས་བྱ་ཁྱུང་གཤོག་བརྒྱང་འདྲ་བའི་བྲག་ནས་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ལ་སྤྱན་དྲངས་ཤིང་ཕྱིས་ས་ཡོས་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུ་ལ་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བཞིན་བསྒྲུབ་པའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་བརྡ་ཡིག་རིམ་བཀྲོལ་བཞིན་དག་པར་ཕབ་པའི་ཡི་གེ་པ་ནི་གསེར་བ་བླ་མ་ཨོ་རྒྱན་ལྷུན་གྲུབ་ཀྱིས་བགྱིས་པས་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག དབང་གི་མཇུག་ཏུ་ཤིས་བརྗོད་དམ་ཚིག་ཁས་ལེན་མཎྚལ་ཡོན་འབུལ་རྣམས་སྤྱི་ལྟར་དང་། སྒྲུབ་ཐབས་ཀྱི་རྗེས་ཆོག་རྣམས་ལས་བྱང་ལྟར་བྱའོ༎ ཐུ༵བ་བསྟ༵ན་རིན་ཆེན་འབྱུང་གནས་ལས་འོང་བའི། །ལེ༵གས་བཤ༵ད་ཕྲིན་ཆོག་བཟ༵ང་པོ༵འི་ནོ༵ར་བུ༵་འདིར། །རྒྱལ་བསྟ༵ན་འཛི༵ན་སྐྱོང་སྤེལ་བའི་འོད་འཕྲོ་བཞིན། །གཞ༵ན་ཕ༵ན་འདོད་རྒུ་མཐ༵འ་ཡ༵ས་ཆར་འབེབ་ཤོག ། རིག་འཛིན་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་ལེའུ་ཚན་ནོ༎


previousཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བའི་ཚེ་དབང་།next