Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
   
   
   
   
གུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས། next

གུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས།

གུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས་བཞུགས་སོ༔ འཆི་མེད་རྡོ་རྗེའི་སྐུ་བརྙེས་པ༔ བཅོམ་ལྡན་གུ་རུ་ཚེ་མཐའ་ཡས༔ མཁའ་འགྲོ་རྒྱ་མཚོའི་འཁོར་བཅས་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ གང་ཞིག་རྡོ་རྗེའི་ཚེ་བསྒྲུབ་ན༔ ཡིད་འོང་དབེན་པའི་གནས་རྣམས་སུ༔ ཕྱི་ནང་མཆོད་པ་ཅི་འབྱོར་བཤམས༔ བདེ་བའི་སྟན་ལ་བག་ཕབ་ནས༔ ཚོགས་ཞིང་གསལ་བཏབ་སྐྱབས་སེམས་དང༔ ཡན་ལག་བདུན་པ་སྔོན་སོང་ནས༔ རྒྱུན་གྱི་ཕྲིན་ལས་འདི་ལ་འཇུག༔ ས་མ་ཡཱ༔ སྐབས་འདིར་ལྷན་ཐབས་སུ་ཚེ་སྒྲུབ་འཆི་མེད་དགོངས་འདུས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་དང་སྤྲོ་ན་བགེགས་བསྐྲད་སྲུང་འཁོར་བྱིན་ཕབ་མཆོད་པ་བྱིན་རླབས་ཏེ་སྔོན་འགྲོའི་ཆོས་བདུན་པོ་བྱའོ།། མཆན། ཨཱཿ ཐམས་ཅད་འོད་གསལ་སྤྲོས་བྲལ་དབྱིངས༔ ཀུན་སྣང་སྙིང་རྗེའི་རོལ་རྩལ་ལས༔ རྒྱུ་ཡི་ཡི་གེ་ཧཱུྃ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་དོན་བྱས་ལོག་འདྲེན་བསྒྲལ༔ ཚུར་འདུས་དྭངས་མ་རང་རིག་ནི༔ བཅོམ་ལྡན་གུ་རུ་ཚེ་མཐའ་ཡས༔ དཀར་དམར་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་མཉམ་བཞག་ཚེ་བུམ་བསྣམས༔ དབུ་ལ་ཐེག་དགུའི་པཎ་ཞུ་གསོལ༔ སྣ་ཚོགས་མཛེས་པའི་ན་བཟས་ཀླུབ༔ ཞབས་གཉིས་ཕྱེད་སྐྱིལ་རོལ་སྟབས་ཀྱིས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ གཡས་སུ་དབྱིངས་ཕྱུག་མནྡ་ར༔ དཀར་གསལ་བཅུ་དྲུག་ན་ཚོད་ཅན༔ རྡོ་རྗེ་མདའ་དར་ཚེ་བུམ་བསྣམས༔ དར་དཔྱངས་སྨད་དཀྲིས་མེ་ཏོག་བརྒྱན༔ བདེ་ཆེན་ཡེ་ཤེས་གཟི་བྱིན་འབར༔ གཡོན་དུ་ཡེ་ཤེས་མཚོ་རྒྱལ་མ༔ དམར་གསལ་ཞི་འཛུམ་ལང་ཚོ་ལྡན༔ ཕྱག་གཡས་དཀོན་མཆོག་གསུམ་མཚོན་རྒྱ༔ མཐེབ་སྲིན་རྩེ་སྦྱར་བའི་སོར་མོ་གཞན་གསུམ་ཐུགས་ཀར་བརྐྱང་བའོ༎ མཆན། གཡོན་པས་བྷནྡྷ་ཚེ་བཅུད་བཀང༔ རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས༔ ཤ་བ་རི་དམར་ན་བཟའ་གསོལ༔ བདེ་སྟོང་ཡེ་ཤེས་རབ་རྒྱས་ཤིང༔ རོལ་བ་ཆེན་པོའི་ཀློང་དུ་གསལ༔ གཞན་ཡང་དཔའ་བོ་རིགས་བཞི་དང༔ མཁའ་འགྲོ་སྡེ་བཞི་གིང་གི་ཚོགས༔ ཆོས་སྐྱོང་དམ་ཅན་ལས་བྱེད་བཅས༔ ཉི་མ་ལས་ནི་འོད་ཟེར་བཞིན༔ ཡེ་ཤེས་ཆེན་པོའི་རང་མདངས་ལས༔ གསལ་ལ་མ་འདྲེས་ཡེ་ནས་གསལ༔ དེ་ལྟར་བསྒོམས་པའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ ནུབ་ཕྱོགས་པདྨོས་ཁེང་པའི་ཞིང༔ རྔ་ཡབ་ཟངས་མདོག་དཔལ་རི་སོགས༔ རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ གུ་རུ་ཚེ་མཐའ་ཡས་པ་ལ༔ རྩ་གསུམ་རབ་འབྱམས་ཀུན་གྱིས་བསྐོར༔ དམ་ཚིག་དབང་གིས་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་བཞུགས་ཕྱག་མཆོད་པ་དང༔ བསྟོད་ཅིང་གསང་གསུམ་དངོས་གྲུབ་བླངས༔ བསྙེན་དང་རྗེས་ཀྱི་ལས་རིམ་མོ༔ ཧྲཱིཿ གུ་རུ་ཚེ་མཐའ་ཡས་པའི་ཚོགས༔ ཐུགས་དམ་ཞལ་བཞེས་དེང་དགོངས་ལ༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས༔ འཆི་བ་མེད་པའི་ཚེ་ཐོབ་ཅིང༔ ཡིད་འཕྲོག་གཞོན་མཛེས་ལང་ཚོ་དང༔ བགྲེས་རྒུད་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ས་མ་ཡཱ་ཛཿཛ༔ ཧྲཱིཿ འཆི་མེད་གུ་རུ་ཚེ་མཐའ་ཡས༔ བདག་དང་དབྱེར་མེད་བརྟན་པར་བཞུགས༔ རབ་གུས་གདུང་བས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་ཡང་གསང་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ རང་བྱུང་མངོན་གྱུར་རིག་པའི་ལྷ༔ གུ་རུ་ཚེ་མཐའ་ཡས་པ་ཡི༔ ལྷ་ཚོགས་འཁོར་དང་བཅས་རྣམས་ལ༔ འཁྲུལ་བ་བྲལ་བའི་ངང་ནས་བསྟོད༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ འགག་མེད་གསུང་དང་འཁྲུལ་མེད་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་བྱུང་གཏེར༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་དང་འཛད་མེད་ནོར༔ ཉམས་མེད་ལང་ཚོ་བགྲེས་རྒུད་མེད༔ སྒོ་གསུམ་རྟག་པའི་རྡོ་རྗེ་རུ༔ མངོན་དུ་གྱུར་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་ཨ་ཡུརྫྙཱ་ན་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀའི་པད་ཟླ་ཉི་སྟེང་ཧྲཱི༔ སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས༔ དོན་གཉིས་བྱས་ནས་འཆི་བདག་བཅོམ༔ བརྟན་གཡོའི་དྭངས་མའི་ཚེ་བཅུད་བསྡུས༔ འོད་དང་ཟེར་གྱི་རྣམ་པ་རུ༔ རང་གི་སྒོ་གསུམ་ལ་ཐིམ་པས༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་ཆེན་པོའི་ངང༔ ཀློང་དགུའི་དགོངས་པའི་རྩལ་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུར་སིདྡྷི་བྷྲུྃ༔ ཞེས་པ་བུམ་ཅན་རླུང་དང་སྦྱར༔ ཆུ་བོའི་རྒྱུན་བཞིན་ཤུབ་བུར་བཟླས༔ མི་མཐུན་ནད་གདོན་བར་ཆད་ཞི༔ འཆི་མེད་རྟག་པའི་རྡོ་རྗེར་འགྱུར༔ ཚད་ནི་བྱེ་བ་བདུན་ཡིན་ནོ༔ རྟགས་ནི་ཉམས་དང་རྨི་ལམ་ལ༔ བདུད་རྩི་བཏུང་དང་རིལ་བུ་བཟའ༔ ཕྲེང་བ་འདྲེན་སོགས་དངོས་གྲུབ་རྟགས༔ འབད་པ་མེད་པ་ལྷུན་གྲུབ་འབྱུང༔ ས་མ་ཡཱ༔ ཐུན་མཐར་ཚེ་འགུག་པ་ནི༔ ཧྲཱི༔ དཀོན་མཆོག་རྩ་གསུམ་རབ་འབྱམས་དང༔ གུ་རུ་ཚེ་མཐའ་ཡས་པའི་ཚོགས༔ ཐུགས་དམ་བསྐུལ་ལོ་དེང་འདིར་དགོངས༔ འབྱུང་བཞིའི་ཁམས་ནས་ཚེ་བཅུད་ཁུག༔ ཤ་ཁྲག་དྲོད་དབུགས་ཉམས་པ་གསོས༔ སྒོ་གསུམ་འཆི་མེད་རྡོ་རྗེ་རུ༔ བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུརྫྙཱ་ན་སིདྡྷི་ཚེ་བྷྲུཾ་ཧྲཱིཾ་ཧྲཱིཾ་ཛཿཛཿཔུཥྚིཾ་ཀུ་རུ་ཨོཾ༔ ཞེས་རྒྱས་གདབ་པར་བྱའོ༔ དེ་ནས་ནང་ལྟར་རྡོ་རྗེའི་གྲོང༔ གདན་གསུམ་ལུས་དཀྱིལ་ཚོགས་མཆོད་ནི༔ བསྲེགས་གཏོར་བཀྲུས་ནས་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ སྦྱོང་བྱེད་སྔགས་ཀྱིས་བསྲེག་གཏོར་བཀྲུས༔ སྐུ་གསུང་ཐུགས་ཀྱི་ས་བོན་ལས༔ འོད་འཕྲོས་ཕྱི་ནང་གསང་བ་གསུམ༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ སྤྱན་འདྲེན་ནི༔ ཧཱུྃ༔ འོག་མིན་ཕྱོགས་བཅུའི་ཞིང་ཁམས་དང༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ གུ་རུ་ཚེ་མཐའ་ཡས་པ་ལ༔ རབ་འབྱམས་དཔའ་བོ་མཁའ་འགྲོ་དང༔ རྡོ་རྗེའི་ཆོས་སྐྱོང་རྒྱ་མཚོས་བསྐོར༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གྱིས༔ བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ༔ གདན་གསུམ་རྡོ་རྗེའི་མཎྚ་ལར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་རྒྱན༔ ལོངས་སྤྱོད་ཆེན་པོར་བརླབ་ནས་ཀྱང༔ མཆོད་དང་སྦྱིན་ཡུལ་མགྲོན་མཉེས་པའི༔ ག་ན་ཙཀྲ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨ་ཡུ་ཥེ་ག་ན་ཙཀྲ་མཎྚ་ལ་ས་མ་ཡཱ་ཛ༔ དེ་ནས་ཐོག་མཐའ་བར་གསུམ་ལས༔ དང་པོ་ཚོགས་མཆོད་ནི༔ ཧོ༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེ༔ འཁོར་ལོ་ལྔ་ལྡན་སྤྱི་བོ་རུ༔ རིག་འཛིན་བླ་མ་ཚེ་མཐའ་ཡས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ རིག་འཛིན་བླ་མའི་སྐུ་འགྲུབ་ཤོག༔ མགྲིན་པ་སྙིང་ག་ལྟེ་བ་དང༔ གསང་བའི་གནས་བཅས་འཁོར་ལོ་ལྔ༔ བཞུགས་པའི་ཡི་དམ་ཌཱཀྐི་དང༔ ཆོས་སྐྱོང་དཔའ་བོ་མ་སྲིང་འགྲོ༔ རྡོ་རྗེ་གདན་གསུམ་འཁོར་ལོའི་ཚོགས༔ ལུས་པ་མེད་པ་ཡོངས་རྫོགས་མཆོད༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཛྙཱ་ན་བཛྲ་མཎྚ་ལ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་བ་བཤགས་པ་ནི༔ ཧོ༔ གདན་གསུམ་ཚང་བའི་མཎྚ་ལ༔ རྩ་གསུམ་འདུས་པའི་དཀྱིལ་འཁོར་ཉིད༔ ཡེ་ནས་ཡིན་པར་མ་ཤེས་པས༔ འཁྲུལ་བའི་ལས་ཀུན་མཐོལ་ཞིང་བཤགས༔ བཛྲ་གུ་རུ་ས་ཏྭ་ས་མ་ཡཱ་ཤུདྡྷེ་ཨཱ༔ སྤྲོ་ན་ཡིག་བརྒྱའང་བརྗོད༔ ཐ་མ་བསྒྲལ་བ་ནི༔ ཧྲཱི༔ རང་རིག་སེམས་ཀྱི་དཀྱིལ་འཁོར་དུ༔ གདོས་བཅས་དགྲ་བགེགས་དབེན་མོད་ཀྱང༔ དངོས་མེད་གཟུང་འཛིན་འཁྲུལ་བའི་གདོན༔ རྡོ་རྗེའི་ཏིང་འཛིན་མཐུ་ཡིས་ཁུག༔ ཚོགས་མཐའི་མཚན་མའི་རྫས་ལ་བསྟིམ༔ ཡེ་ཤེས་ཆེན་པོའི་མཚོན་གྱིས་སྒྲོལ༔ མ་རིག་རིག་པའི་ཀློང་དུ་སྤོར༔ རྩ་གསུམ་དགྱེས་པའི་ཞལ་དུ་བསྟབ༔ རུ་ཏྲ་སརྦ་ཤ་ཏྲུཾ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཛྙཱ་ན་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཧྲཱིཿ འཆི་མེད་རིག་འཛིན་དཀྱིལ་འཁོར་དུ༔ ཚེ་མཐའ་ཡས་པའི་བཀའ་ཉན་པ༔ རྡོ་རྗེའི་ཐ་ཚིག་ལ་གནས་པའི༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ དྲེག་པ་སྡེ་བརྒྱད་དཀར་ཕྱོགས་སྐྱོང༔ བརྟན་མ་བཅུ་གཉིས་གིང་ལིང་ཀ༔ དབང་ཕྱུག་ཉེར་བརྒྱད་ལ་སོགས་པ༔ དམ་ལ་གནས་ཀུན་ལྷག་གཏོར་བཞེས༔ བྱང་ཆུབ་སྒྲུབ་པའི་བར་ཆད་སྲུངས༔ མི་མཐུན་བྱད་ཕུར་རྦོད་གཏོང་བཟློག༔ ཞིང་བཅུ་དམ་ཉམས་རྡུལ་དུ་རློབས༔ སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ཀྱི་སྨོན་ལམ་ནི༔ ཧོ༔ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ འདིར་འདུས་རིག་འཛིན་མཆེད་ལྕམ་ཀུན༔ ཚོམ་བུ་གཅིག་ཏུ་ལྷུན་གྲུབ་ཤོག༔ བཛྲ་ཛྙཱ་ན་ཨེ་མ་ཧོ༔ ཨེ་མ་ཧོ༔ ཨེ་མ་ཧོ༔ བཛྲ་པདྨ་མཎྚ་ལ་ཧཱུྃ༔ ཨོཾ་དྷརྨ་ཛྙཱ་ན་ཨཏྨ་ཀོ྅ཧཾ༔ ཆོས་ཀུན་རོ་མཉམ་པའི་ངང་སྐྱོང་བ་ནི༔ ཨཿ ཆོས་ཀུན་བདག་མེད་ཡེ་ནས་སྟོང༔ སྟོང་པའི་ཀློང་དུ་ཡེ་ནས་གསལ༔ གསལ་བའི་ངོ་བོ་ཅིར་ཡང་སྣང༔ སྣང་བའི་ཡུལ་ལ་འཛིན་པ་བྲལ༔ ཡོད་པ་མ་ཡིན་མེད་མ་ཡིན༔ སྟོན་དུ་མེད་པ་རྒྱལ་ཀུན་གྱི༔ ཡེ་ཤེས་དགོངས་པ་ཀློང་དུ་བརྡལ༔ ཨ་ཨ་ཨ༔ སྐལ་ལྡན་གྲོལ་བའི་ལམ་ཁྲིད་པའི༔ སྙིང་པོའི་བཅུད་མཆོག་གདམས་པ་ནི༔ བརྟན་པ་སྣོད་ཀྱི་འཇིག་རྟེན་དུ༔ གཡོ་བ་བཅུད་དུ་ཆགས་རྣམས་ཀུན༔ གུ་རུ་ཚེ་མཐའ་ཡས་པའི་སྐུ༔ རྡོ་རྗེ་སྐུ་ཡི་ངོ་བོ་ཉིད༔ ཡེ་ནས་གྲུབ་པ་དེ་བཞིན་བསྒོམ༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར༔ སྒྲ་རུ་གྲགས་པ་ཇི་སྙེད་ཀུན༔ གུ་རུ་ཚེ་མཐའ་ཡས་པའི་གསུང༔ རྡོ་རྗེ་གསུང་གི་ངོ་བོ་རུ༔ གདོད་ནས་གྲུབ་པ་དེ་བཞིན་གསལ༔ འབྲས་བུ་ལོངས་སྐུ་ཐོབ་པར་འགྱུར༔ དྲན་རིག་རྟོག་པའི་ཆོ་འཕྲུལ་ཀུན༔ གུ་རུ་ཚེ་མཐའ་ཡས་པའི་ཐུགས༔ རྡོ་རྗེ་ཐུགས་ཀྱི་ངོ་བོ་རུ༔ གདོད་ནས་གྲུབ་པ་དེ་བཞིན་གསལ༔ འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར༔ མི་བསམ་མི་སྒོམ་ཡེངས་མེད་གནས༔ ཡེ་ནས་ཚེ་མཐའ་ཡས་པའི་གཤིས༔ དེ་བཞིན་ཉིད་ཀྱི་ངོ་བོ་རུ༔ ཡེ་སངས་རྒྱས་པ་གདོད་མའི་དོན༔ མངོན་གྱུར་འབྲས་བུའི་ངོ་བོ་ཉིད༔ རང་བཞིན་མངོན་དུ་གྱུར་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཚམས་འདིར་དབང་ཡོད་པ་ཟུར་དུ་བྲིས། ཐུན་མཐར་རྗེས་ཀྱི་རིམ་པ་ནི༔ གཏང་རག་མཆོད་བསྟོད་དངོས་གྲུབ་བླངས༔ བསྔོ་སྨོན་མཐའ་སྡུད་ཤིས་པ་བརྗོད༔ ལས་རིམ་ལྔ་རུ་བསྟན་པའོ༔ ཧོ༔ དུས་གསུམ་ཚོགས་གཉིས་བསགས་པའི་འབྲས་བུ་གང༔ རང་བྱུང་རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ༔ མཁའ་མཉམ་ཡིད་ཅན་འགྲོ་བ་མ་ལུས་ཀུན༔ ཚེ་མཐའ་ཡས་དང་མཉམ་པའི་མཐུ་ཐོབ་ཤོག༔ ཨཱཿ སྤྲོས་བྲལ་ཡེ་ཤེས་ཆེན་པོའི་རང་མདངས་ལྷ༔ རིག་སྟོང་མཉམ་པ་ཉིད་ཀྱི་ཀློང་དུ་བསྡུ༔ སླར་ཡང་མ་འགགས་སྒྱུ་མའི་རོལ་རྩལ་ལས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ ཨ་ཨ་ཨ་ཛྙཱ་ན་ཙིཏྟ་བཛྲ་ཧཱུྃ༔ ཧྲཱིཿ འགྱུར་མེད་རྡོ་རྗེའི་སྐུ་ལ་བགྲེས་རྒུད་མེད༔ འགག་མེད་རྡོ་རྗེའི་གསུང་ལ་ཉེས་སྐྱོན་མེད༔ འཁྲུལ་མེད་རྡོ་རྗེའི་ཐུགས་ལ་གསལ་འགྲིབ་བྲལ༔ རྟག་པའི་རྡོ་རྗེ་གསུམ་གྱི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་བསམ་ཡས་མཚོ་མོ་མགུལ་ནས་དུས་ཕུན་སུམ་ཚོགས་པར་སྤྱན་དྲངས་ཤིང་གསང་རྒྱས་བསྡམས་ཏེ་སྙིང་ལ་གབ་པ་ལ། གསེར་བ་ཆོས་དབང་བླ་མ་ཨོ་རྒྱན་ལྷུན་གྲུབ་ཀྱིས་ལན་མང་དུ་བསྐུལ་ངོར་ས་ཡོས་ཧོར་ཟླ་བདུན་པའི་ཚེས་གསུམ་ལ་ཤོག་སེར་ལས་ཞལ་བཤུས་པའི་མཐུ་ལ་བརྟེན་ནས་འགྲོ་ཀུན་གུ་རུ་ཚེ་མཐའ་ཡས་པའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག འདིའི་ཡི་གེ་པའང་བསྐུལ་བ་པོའོ༎ དགེའོ༎


previousགུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས། next