Nitartha Digital Library
Tibetan
རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
ཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས།
   
   
   
   
   
   
   
   
   
   
   


 
previousཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས།next

ཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ ཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས་བཞུགས༔

ཀུན་བཟང་དགོངས་པའི་དབྱིངས་ལ་ཕྱག་འཚལ་ལོ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བསྟན་འགྲོའི་དོན་ཆེད་དུ༔ སྙིང་གི་ཁུ་བ་རྒྱ་ཡིས་བཏབ༔ ཚེ་རབས་མང་པོ་འབྲེལ་བའི་བུ༔ རྒྱལ་སྲས་ལྷ་རྗེའི་ངོ་སྐལ་དུ༔ གཏད་ནས་སེམས་ཅན་ཀུན་དོན་ཕྱིར༔ བྲག་དམར་གཡའ་མ་ལུང་གི་གནས༔ ཁྱུང་གཤོག་བརྐྱངས་འདྲའི་བྲག་ལ་སྦས༔ དུས་བབས་ལས་ལྡན་སྐྱེས་བུ་ལ༔ འཕྲད་ནས་བསྟན་པ་རྒྱས་པར་ཤོག༔ ས་མ་ཡཱ༔ དེ་ནས་སྒྲུབ་པའི་རྣལ་འབྱོར་པས༔ ཡིད་འོང་དབེན་པའི་གནས་མཆོག་ཏུ༔ སྟེགས་བུ་མདའ་གང་ཟླུམ་པོ་ལ༔ སྤོས་ཆུའི་ཆགས་ཆགས་གདབ་ནས་སུ༔ དབུས་སུ་པདྨ་འདབ་བཞི་ལ༔ ཕྱི་རིམ་འདབ་བརྒྱད་མུ་ཁྱུད་དང༔ སྒོ་རྫོགས་པད་རྡོར་མེ་རིས་བསྐོར༔ དབུས་སུ་རིན་ཆེན་སྣོད་གཙང་ནང༔ གདན་ཟླུམ་སུམ་བརྩེགས་སྟེང་དུ་ནི༔ བཤོས་བུ་རྩེ་ཟླུམ་ལྡོ་ལྡིར་ཞིང༔ ཕྱོགས་བཞིར་པད་འདབས་མཚམས་བཞི་རུ༔ རིལ་བུ་བཞི་མཛེས་མར་ཚོན་རྒྱན༔ ཕྱོགས་བཞིར་བཤོས་བུ་ཟླུམ་དང་ནི༔ གྲུ་བཞི་ཟླ་གམ་གྲི་རིས་ཅན༔ རྩེ་ཟླུམ་སྨད་དབལ་གསུམ་ལྡན་བཤམས༔ གཞན་ཡང་འབྲུ་ཡི་ཚོམ་བུ་དང༔ བཀའ་གཏེར་བསྲུང་མའི་མཆོད་གཏོར་བཤམས༔ གཡས་གཡོན་མདུན་དུ་སྨན་རཀ་དང༔ བྷ་ལིང་མཆོད་པ་རྣམ་ལྔ་བཤམས༔ བདེ་བའི་སྟན་ལ་བག་ཕབ་ནས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ མཁའ་མཉམ་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོ༔ བདག་ནི་དེང་བཟུང་སངས་རྒྱས་བར༔ ཏཱ་རེ་ལྷ་མོ་བསྒྲུབ་ནས་ནི༔ ཁམས་གསུམ་འགྲོ་བ་ཀུན་དོན་དུ༔ སྨོན་འཇུག་དོན་དམ་སེམས་བསྐྱེད་དོ༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཚེ་རབས་སྔོན་ནས་སྔོན་ནས་འབྲེལ་བ་ཡི༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེན་མེད་རང་གྲོལ་མཆོད་པ་འབུལ༔ མི་དགེ་སྡིག་པའི་ལས་བགྱིས་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ སྒོ་གསུམ་གུས་པས་གསོལ་བ་འདེབས༔ དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ༔ དེ་ནས་བརྒྱུད་འདེབས་ནི༔ ཨོཾ་སྭ་སྟི༔ སྟོང་ཉིད་ཀློང་ཡངས་སྤྲོས་བྲལ་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ སྟོང་ཉིད་རང་ངོ་གྲོལ་བར་བྱིན་གྱིས་རློབས༔ འོད་གསལ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ ལོངས་སྐུ་ཕྱག་ན་པདྨོ་ལ་གསོལ་བ་འདེབས༔ སྟོང་གསལ་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་ཕོ་བྲང་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས༔ ཆོས་དབྱིངས་རང་གྲོལ་རྟོགས་པར་བྱིན་གྱིས་རློབས༔ ཅིར་ཡང་འཆར་བ་སྤྲུལ་སྐུའི་ཞིང་མཆོག་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་རྗེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ འགྲོ་འདུལ་སྤྲུལ་པའི་ཞིང་མཆོག་དམ་པ་ནས༔ མཆོག་གྲུབ་རྒྱལ་བའི་སྲས་པོ་ལ་གསོལ་བ་འདེབས༔ འགྲོ་དོན་འབད་མེད་འབྱུང་བར་བྱིན་གྱིས་རློབས༔ སྤྲོས་བྲལ་ཀ་དག་ཟབ་གསལ་ཕོ་བྲང་ནས༔ མཁར་ཆུ་དཔལ་གྱི་དབང་ཕྱུག་ལ་གསོལ་བ་འདེབས༔ འབྲེལ་ཚད་ཐར་ལམ་བསྒྲོད་པར་བྱིན་གྱིས་རློབས༔ འོག་མིན་བདེ་ཆེན་ཆོས་དབྱིངས་ཞིང་ཁམས་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས༔ སྤྲོས་མེད་རང་ཤར་དག་པའི་གཞལ་ཡས་སུ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་ནས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ དགྲ་བགེགས་ལོག་འདྲེན་འདུལ་བའི་ཞིང་ཁམས་ནས༔ ཆོས་སྐྱོང་དམ་ཅན་བསྲུང་མ་ལ་གསོལ་བ་འདེབས༔ རྐྱེན་ངན་བར་ཆད་བཟློག་པར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་དབང་བཞི་ལེན་པ་ནི༔ སྐྱབས་ཡུལ་ལྷ་ཚོགས་ཡས་མར་འོད་དུ་ཞུ༔ བྱིན་རླབས་འོད་ཕུང་ཚུལ་དུ་སྤྱི་བོར་ཐིམ༔ དབང་བཞི་ཐོབ་ནས་སྒྲིབ་བཞི་གཏན་ནས་དག༔ སྤྲོས་བྲལ་ཀུན་བཟང་ཀློང་དུ་ཨེ་མ་ཧོ༔ ཀ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་མཉམ་བཞག་རང་དང་དབྱེར་མེད་བསྲེ༔ ས་མ་ཡཱ༔ ༧ ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ སྒྲོལ་ལྗང་ལྷ་མོའི་སྒྲུབ་ཐབས་ལས་བྱང་འཇིགས་པ་ཀུན་སྐྱོབས་བཞུགས༔ སྐྱེ་མེད་ཀློང་ཡངས་ཆོས་སྐུ་ཡུམ་ཆེན་མོ༔ མ་འགགས་ལོངས་སྐུ་རྡོ་རྗེ་ཕག་མོ་རྗེ༔ ཐུགས་རྗེའི་སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྐུ་གསུམ་དབྱེར་མེད་འཕགས་མ་སྒྲོལ་མར་འདུད༔ དེ་ལ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་སོ༔ དང་པོ་སྔོན་འགྲོ་ལས་བྱང་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྣང་སྲིད་སྟོང་པ་ཡུམ་གྱི་ཀློང༔ གཟུང་འཛིན་རྣམ་རྟོག་འཁྲུལ་བའི་གདོན༔ ཆོས་ཀྱི་དབྱིངས་སུ་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་སརྦ་བྷིག་ནན་ཨུ་ཙུ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་ཀྱིས་གཟིར་ཞིང་ཐུན་གྱིས་བྲབ་ལ༔ བསྲུང་འཁོར་ནི༔ ཧཱུྃ༔ རང་རིག་འཁྲུལ་བ་ཡེ་དག་ཅིང༔ ཐམས་ཅད་ཡེ་ཤེས་ཆོས་ཀྱི་དབྱིངས༔ གཞོམ་མེད་འཇིགས་བྲལ་སྣང་བའི་དལ༔ མི་ཤིགས་བསྲུང་བའི་འཁོར་ལོར་གྱུར༔ བཛྲ་དྷརྨ་རཀྵ་ཧཱུྃ༔ མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཐམས་ཅད་ཆོས་དབྱིངས་དག་པའི་ཀློང༔ རང་ཤར་གྲོལ་བའི་པ་མཆོད་པའི་སྤྲིན༔ ཀུན་བཟང་ནམ་མཁའི་མཐའ་ཀླས་གང༔ ངོ་མཚར་མཆོད་པའི་ཕུང་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ༴སོགས། ཤཔྟ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཨཱཿཧཱུྃ༔ མ་ཧཱ་བྷ་ལིང་ཏ་ཨཱཿཧཱུྃ༔ བྱིན་འབེབས༔ ཧཱུྃ༔ སྣོད་བཅུད་དག་པའི་དཀྱིལ་འཁོར་འདིར༔ སྐུ་གསུམ་རང་བྱུང་སྤྲུལ་པའི་ལྷ༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཨཱ༔ དེ་ནས་དངོས་གཞི་བདག་བསྐྱེད་ནི༔ ཨ༔ བློ་འདས་སྟོང་པའི་ངང་ཉིད་ལས༔ སྲིད་པ་ཐམས་ཅད་སྣང་བའི་དལ༔ སྟོང་གསལ་སོ་མའི་རང་མདངས་ལས༔ ཨ་ལས་སྟོང་ཉིད་ནམ་མཁའི་ཁམས༔ རྒྱ་ཁྱོན་མུ་མེད་ཆོས་ཀྱི་དབྱིངས༔ ཡཾ་ལས་འོག་གཞི་རྒྱ་གྲམ་རླུང༔ རཾ་ལས་བསྐལ་པའི་དུས་མེ་འབར༔ སུཾ་ལས་དབང་ཆེན་ས་ཡི་གཞི༔ ཀེང་ལས་རིན་ཆེན་རི་རབ་ཀྱི༔ ལྟེ་བར་བྷྲུཾ་ལས་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་དང༔ ཆོས་འཁོར་གདུགས་ཏོག་ཉི་ཟླས་སྤྲས༔ མཚན་ཉིད་བརྡ་དོན་རྟགས་རྫོགས་པའི༔ ཕྱི་ནང་སྒྲིབ་མེད་ཟངས་ཐལ་དབུས༔ པདྨ་འདབ་བཞིའི་ལྟེ་བ་ལ༔ ཏཾ་ཡིག་ལྗང་གུ་ཡོངས་གྱུར་ལས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ བྱིན་རླབས་འོད་ཟེར་ཚུར་འདུས་ནས༔ ཐུགས་སྲོག་ས་བོན་རྣམས་ལ་ཐིམ༔ མར་འཕྲོས་སེམས་ཅན་ལས་སྒྲིབ་སྦྱང༔ བྱང་ཆུབ་བར་ཆད་སྡེ་ཚར་བཅད༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ འཕགས་མ་སྒྲོལ་མ་སྐུ་མདོག་ལྗང༔ ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་དང༔ ཨུཏྤལ་སྔོན་པོའི་ཡུ་བ་འཛིན༔ དབུ་ལ་རིན་ཆེན་རྒྱན་གྱིས་མཛེས༔ གནག་སྣུམ་ལྕང་ལོའི་ལྷག་མ་དཀྲོལ༔ སྙན་ཆ་མགུལ་རྒྱན་དོ་ཤལ་དང༔ ཕྱག་གདུབ་དཔུང་རྒྱན་ཞབས་གདུབ་དང༔ དར་དཔྱང་དཀར་པོའི་སྟོད་གཡོག་ཅིང༔ སྨད་དཀྲིས་ཤ་ཝ་རི་དམར་པོ༔ སྐུ་རག་གསེར་སྐ་དབང་གཞུ་བཅིང༔ མར་གད་གསང་གོས་པཉྩ་ལི༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་ཉི་དཀྱིལ་ནི༔ སྲན་མ་ཕྱེད་པ་ཙམ་གྱི་དབུས༔ སྲོག་གི་སྙིང་པོ་ཡི་གེ་ཏཾ༔ དེའི་མཐར་ཡི་གེ་དྲུག་པ་ཡི༔ རང་སྒྲ་དང་བཅས་གཡས་སུ་འཁོར༔ སྤྱི་བོར་པད་ཟླ་ཉི་མའི་སྟེང༔ སྤྱན་རས་གཟིགས་དབང་སྐུ་མདོག་དཀར༔ ཕྱག་བཞིའི་དང་པོ་ཐལ་མོ་སྦྱར༔ ཡིད་བཞིན་དབང་གི་རྒྱལ་པོ་བསྣམས༔ གཡས་ཀྱི་འོག་མ་ཤེལ་ཕྲེང་བསྣམས༔ གཡོན་གྱི་འོག་མ་པདྨ་དཀར༔ ལོངས་སྐུའི་རྒྱན་ཆས་ཡོངས་སུ་རྫོགས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་སྤྱི་བོར་པད་ཟླའི་སྟེང༔ རིགས་ཀྱི་བདག་པོ་འོད་དཔག་མེད༔ དམར་པོ་མཉམ་བཞག་སྐྱིལ་ཀྲུང་ཅན༔ ཆོས་སྐུའི་ཆ་བྱད་ཡོངས་སུ་རྫོགས༔ དེ་ཡི་ཕྱི་རིམ་པད་འདབ་བཞིར༔ ཨོཾ་དང་སྭཱ་ཧྲཱིཿཧཱུྃ་བཞི་ནི༔ ཕྱོགས་མདོག་མདུན་ནས་གཡས་སུ་བསྐོར༔ ཤར་དུ་རྡོ་རྗེའི་ལྷ་མོ་ནི༔ སྒྲོལ་མ་དཀར་མོ་ཞི་བའི་སྐུ༔ ཞལ་གཅིག་ཕྱག་གཉིས་གཡས་ཨུཏྤལ༔ གཡོན་པ་རིན་ཆེན་སྒྲོམ་བུ་བསྣམས༔ དབུ་རྒྱན་ལ་སོགས་རྒྱན་བདུན་མཛེས༔ དར་དཔྱང་སྟོད་གཡོག་སྨད་དཀྲིས་མནབས༔ གཡས་བརྐྱང་གཡོན་བསྐུམ་པད་ཟླར་བཞུགས༔ སེམས་ཅན་ནད་གདོན་བར་ཆད་སྒྲོལ༔ ལྷོ་རུ་རིན་ཆེན་ལྷ་མོ་ནི༔ སྒྲོལ་མ་སེར་མོ་རྒྱས་པའི་སྐུ༔ ཕྱག་གཡས་ནོར་བུ་གཡོན་བགྲང་ཕྲེང༔ དར་ལྗང་སྟོད་གཡོག་སྨད་དཀྲིས་དམར༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ འགྲོ་ཀུན་དབུལ་བའི་སྡུག་བསྔལ་སྐྱོབས༔ ནུབ་ཏུ་པདྨའི་ལྷ་མོ་ནི༔ སྒྲོལ་མ་དམར་མོ་དབང་གི་ལྷའི༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ ཨུཏྤལ་དམར་པོ་ཐུགས་ཀར་འཛིན༔ བར་མ་གཉིས་ཀྱིས་ཐབས་ཤེས་རབ༔ མཚོན་བྱེད་མདའ་གཞུ་སྙན་ཐད་འགེངས༔ གཡས་ཀྱི་ཐ་མས་ལྕགས་ཀྱུ་དང༔ གཡོན་གྱི་ཐ་མས་ཞགས་པ་འཛིན༔ དབུ་ལ་ཐོད་སྐམ་རིགས་ལྔས་བརྒྱན༔ ནུ་འབུར་བྷ་ག་རབ་ཏུ་རྒྱས༔ མེ་་ཏོག་ཕྲེང་བ་ཐོད་རློན་བརྒྱན༔ དར་ཤམས་སྟོད་གཡོག་སྟག་ཤམ་དང༔ བཅུ་དྲུག་ན་ཚོད་བརྐྱང་བརྐུམ་གྱིས༔ པད་ཉི་བཾ་རོའི་གདན་ལ་བཞུགས༔ ཁམས་གསུམ་དབང་སྡུད་ལས་མཛད་སྒོམ༔ བྱང་དུ་ཀརྨའི་ལྷ་མོ་ནི༔ སྒྲོལ་མ་མཐིང་ནག་ཞི་མ་ཁྲོ༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ དར་ལྗང་སྟོད་གཡོག་སྨད་དཀྲིས་དང༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ བརྐྱང་བརྐུམ་པད་ཉིའི་གདན་ལ་བཞུགས༔ དགྲ་བགེགས་ལོག་འདྲེན་ཐལ་བར་བརླག༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ མདུན་ནས་བརྩམས་ཏེ་གཡས་བསྐོར་དུ༔ ཤར་གྱི་འདབ་ལ་ལྷ་མོ་ནི༔ སྒྲོལ་དཀར་ཞེ་སྡང་ཟིལ་གནོན་མ༔ ཕྱག་མཚན་ཡེ་ཤེས་གསལ་བའི་མཚོན༔ མེ་ལོང་དང་ནི་སྐྱབས་སྦྱིན་མཛད༔ སྟོད་གཡོག་སྨད་དཀྲིས་རིན་ཆེན་རྒྱན༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ ཞེ་སྡང་མེ་ཡི་འཇིགས་ལས་སྐྱོབས༔ ལྷོ་ཡི་འདབ་ལ་ལྷ་མོ་ནི༔ སྒྲོལ་སེར་ང་རྒྱལ་ཟིལ་གནོན་མ༔ ཕྱག་མཚན་ཡེ་ཤེས་མཉམ་པའི་མཚོན༔ འཁོར་ལོ་དང་ནི་སྐྱབས་སྦྱིན་མཛད༔ རིན་ཆེན་རྒྱན་དང་དར་གྱིས་མཛེས༔ བརྐྱང་བསྐུམ་པད་ཟླའི་གདན་ལ་བཞུགས༔ ཁྲོ་གཏུམ་སེང་གེའི་འཇིགས་ལས་སྐྱོབས༔ ནུབ་ཀྱི་འདབ་ལ་ལྷ་མོ་ནི༔ སྒྲོལ་དམར་འདོད་ཆགས་ཟིལ་གནོན་མ༔ ཕྱག་རྒྱ་སོ་སོར་རྟོག་པའི་མཚོན༔ པདྨ་དང་ནི་སྐྱབས་སྦྱིན་མཛད༔ རིན་ཆེན་རྒྱན་དང་ན་བཟའ་གསོལ༔ གཡས་བརྐྱང་གཡོན་བསྐུམ་གདན་ལ་རོལ༔ འཇིགས་ཆེན་ཆུ་བོའི་སྡུག་བསྔལ་སྐྱོབས༔ བྱང་གི་འདབ་ལ་ལྷ་མོ་ནི༔ སྒྲོལ་ལྗང་ཕྲག་ཏོག་ཟིལ་གནོན་མ༔ ཕྱག་རྒྱ་བྱ་གྲུབ་ཡེ་ཤེས་མཚོན༔ རྒྱ་གྲམ་དང་ནི་སྐྱབས་སྦྱིན་མཛད༔ དང་དང་རིན་ཆེན་རྒྱན་གྱིས་མཛེས༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ སྡང་སེམས་སྦྲུལ་གྱི་འཇིགས་ལས་སྐྱོབས༔ ཤར་ལྷོའི་འདབ་ལ་ལྷ་མོ་ནི༔ སྒྲོལ་མཐིང་གཏི་མུག་ཟིལ་གནོན་མ༔ ཕྱག་མཚན་ཆོས་དབྱིངས་ཡེ་ཤེས་མཚོན༔ འཁོར་ལོ་དང་ནི་མི་འཇིགས་སྦྱིན༔ རིན་ཆེན་རྒྱན་དང་ན་བཟའི་མཛེས༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ བླུན་རྨོངས་གླང་པོའི་འཇིགས་ལས་སྐྱོབས༔ ལྷོ་ནུབ་འདབ་ལ་ལྷ་མོ་ནི༔ སྒྲོལ་སྨུག་ལྟ་ལོག་ཟིལ་གནོན་མ༔ ཕྱག་རྒྱ་རྣམ་དག་ཡེ་ཤེས་མཚོན༔ ཚར་གཅོད་རལ་གྲི་སྐྱབས་སྦྱིན་མཛད༔ དར་དང་རིན་ཆེན་ན་བཟའ་སྤྲས༔ གཡས་བརྐྱང་གཡོན་བསྐུམ་གདན་ལ་བཞུགས༔ ཇག་ཆོམ་རྐུན་པོའི་འཇིགས་ལས་སྐྱོབས༔ ནུབ་བྱང་འདབ་ལ་ལྷ་མོ་ནི༔ སྒྲོལ་སྔོན་གཉིས་འཛིན་ཟིལ་གནོན་མ༔ ཕྱག་མཚན་ཡེ་ཤེས་སྤྲོས་བྲལ་མཚོན༔ རིན་ཆེན་གཏེར་བུམ་སྐྱབས་སྦྱིན་མཛད༔ དར་དང་རིན་ཆེན་ཆས་ཀྱིས་བརྒྱན༔ བརྐྱང་བསྐུམ་པད་ཉིའི་གདན་ལ་བཞུགས༔ མདངས་ཕྲོག་ཤ་ཟའི་འཇིགས་ལས་སྐྱོབས༔ བྱང་ཤར་འདབ་ལ་ལྷ་མོ་ནི༔ སྒྲོལ་ནག་མ་རིག་ཟིལ་གནོན་མ༔ ཕྱག་རྒྱ་ཀུན་རྟོག་ཡེ་ཤེས་མཚོན༔ པདྨ་དང་ནི་སྐྱབས་སྦྱིན་མཛད༔ པད་ཉི་ཟླ་བའི་གདན་ལ་བཞུགས༔ འཆིང་བསྡམས་ལྕགས་སྒྲོག་འཇིགས་ལས་སྒྲོལ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཆོས་སྐྱོང་བཀའ་དང་གཏེར་གྱི་བདག༔ ཕོ་ཉ་ལས་བྱེད་འཁོར་བཅས་གསལ༔ སྒོ་བཞིར་ཚད་མེད་རྣམ་བཞི་ཡི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་ལས༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ རང་སྣང་འོག་མིན་ཆོས་ཀྱི་དབྱིངས༔ པོ་ཊ་ལ་ཡི་གནས་མཆོག་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱི༔ འོག་མིན་བདེ་བ་ཆེན་པོའི་གནས༔ ཤར་ཕྱོགས་པོ་ཊ་ལ་ཡི་ཞིང༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨརྱ་ཏཱ་རེ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཆོས་དབྱིངས་ཀློང་ནས་སྤྲུལ་བའི་ལྷ༔ འཁོར་དང་བཅས་པ་མ་ལུས་རྣམས༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བརྡ་ཕྱག་འཚལ་བ་ནི༔ ཧྲཱིཿ ཚེ་རབས་སྐྱེ་བ་སྔོན་རོལ་དུ༔ ལས་ཀྱིས་འབྲེལ་བའི་ཡི་དམ་ལྷ༔ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ༔ རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ བླ་ན་མེད་པ་དམ་ཚིག་རྫས༔ དངོས་བཤམས་ཡིད་སྤྲུལ་ལས་བྱུང་བའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཕྱི་མཆོད་འབུལ༔ བདུད་རྩི་སྨན་དང་རཀྟ་དང༔ དམ་རྫས་གཏོར་མ་ནང་མཆོད་འབུལ༔ གཉིས་མེད་མཉམ་སྦྱོར་བྱང་ཆུབ་སེམས༔ བདེ་སྟོང་གསང་བའི་མཆོད་པ་འབུལ༔ ཨོཾ་བཛྲ་ཨརྱ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ༴སོགས་ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ ཨོཾ་བྷོ་དྷི་ཙིཏྟ་གུ་ཧྱ་པུ་ཙ་ཧོ༔ དེ་ནས་དེ་བཞིན་ཉིད་ཀྱི་མཆོད་པ་ནི༔ ཨཿ རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ཀློང༔ སྣང་སྲིད་མཆོད་པའི་ཕྱག་རྒྱ་ཆེ༔ མཆོད་བྱ་མཆོད་བྱེད་སེམས་ཀྱི་རྩལ༔ རང་ཤར་རང་གྲོལ་མཆོད་པ་འབུལ༔ མ་ཧཱ་དྷརྨ་པྲ་ཛྙཱ་དྷརྟུ་ཧོ༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ ཆོས་སྐུ་སྐྱེ་བ་མེད་པའི་ངང༔ བརྗོད་མེད་སྤྲོས་བྲལ་ཀུན་བཟང་མོ༔ དཔེ་མེད་བསམ་དང་མུ་མཐའ་བྲལ༔ ཀུན་ཏུ་བཟང་མོར་ཕྱག་འཚལ་བསྟོད༔ ཡེ་ཤེས་ལྔ་ཡི་རང་མདངས་ལས༔ སྒྲིབ་པ་བྲལ་བའི་འོད་གསལ་ངང༔ འགགས་མེད་བདེ་ཆེན་རང་བྱུང་རྩལ༔ རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་ལས༔ ཅིར་ཡང་འཆར་བའི་རིག་པའི་རྩལ༔ ཤུགས་བྱུང་རིས་སུ་ཆད་མེད་པ༔ རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད༔ འོད་གསལ་རང་མདངས་པོ་ཊ་ལར༔ གང་འདུལ་ཐབས་ཀྱིས་འགྲོ་ཀུན་སྐྱོབས༔ ཉོན་མོངས་ནད་ཀྱི་གདུང་བ་སེལ༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ཕྲིན་ལས་རོལ་བའི་དཀྱིལ་འཁོར་ནས༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་མཛད་ལྷ་མོ་རྣམ་བཞི་ལ༔ སྒོ་གསུམ་བཏུད་ཏེ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འཇིགས་བརྒྱད་ལས་སྐྱོབས་པའི༔ གང་འདུལ་སྤྲུལ་པའི་ཐུགས་ཀྱི་སྲས༔ ཉོན་མོངས་འཇོམས་མཛད་རྒྱལ་བའི་ཡུམ༔ འཇིགས་སྐྱོབས་སྒྲོལ་མ་བརྒྱད་ལ་བསྟོད༔ གཞན་ཡང་མུ་ཁྱུད་ལ་གནས་པའི༔ དམ་ཅན་བཀའ་གཏེར་བསྲུང་མའི་ཚོགས༔ མ་མོ་མཁའ་འགྲོ་སྒོ་སྐྱོང་སོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧོ༔ རང་བྱུང་འཕགས་མ་སྒྲོལ་མའི་ཚོགས༔ བདག་ནི་བག་ཆགས་དབང་གིས་འཁྲུལ༔ རང་བྱུང་ལྷ་ཁྱོད་ཞལ་མ་མཇལ༔ ད་རེས་རིག་པའི་ལྷ་ཁྱོད་མཇལ༔ སྔར་འདས་མ་ཤེས་ནོངས་པ་ཀུན༔ ཆོས་ཀྱི་དབྱིངས་སུ་བཟོད་པར་གསོལ༔ དེ་ནས་བཟླས་པ་བྱ་བ་ནི༔ འཕགས་མའི་ཐུགས་ཀར་པད་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་པད་ཟླའི་དབུས༔ ཉི་དཀྱིལ་སྲན་མ་ཕྱེད་པའི་དཀྱིལ༔ ཐུགས་སྲོག་ཏཾ་ཡིག་ལྗང་གུ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱང་བདེ་ཆེན་བཀོད༔ འོད་ཟེར་ཚུར་འདུས་རང་ལ་ཐིམ༔ རྒྱལ་བ་ཀུན་གྱིས་དབང་བསྐུར་ཞིང་༔ སྣང་བ་ཐམས་ཅད་སྐུ་དང་ཞིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས༔ ཆོས་ཉིད་ཡེ་ཤེས་རོལ་བར་གྱུར༔ ཨོཾ་ཨརྱ་ཏཱ་རེ་ཏཾ་སྭཱ་ཧཱ༔ ཅི་ནུས་བཟླས༔ ཨེ་མ༔ འདི་ལྟར་རྣལ་འབྱོར་སྟོབས་ཆེན་གྱིས༔ རྗེ་བཙུན་ཨརྱ་ཏཱ་རེ་མ༔ ཐེ་ཚོམ་མེད་པར་གསོལ་འདེབས་བུ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཚེ་འདིར་ནད་གདོན་བར་ཆད་དང༔ འཇིགས་པ་བརྒྱད་ལས་ཐར་བར་འགྱུར༔ ཚེ་བསོད་རྒྱས་ཤིང་སྣང་སྲིད་ཀུན༔ དབང་འདུ་དགྲ་བགེགས་ཤུགས་ཀྱིས་ཐུལ༔ སྙིང་པོ་བཟླས་པའི་ཕན་ཡོན་ནི༔ བརྒྱ་བཟླས་ནད་གདོན་བར་ཆད་ཞི༔ སྟོང་བཟླས་ལས་ངན་སྡིག་སྒྲིབ་དག༔ ཁྲི་བཟླས་མི་གཡོ་ཏིང་འཛིན་བརྟན༔ ཚེ་གཅིག་སྒྲུབ་ལ་བརྩོན་ནུས་ན༔ ཕུང་པོ་བོར་ནས་མཁའ་སྤྱོད་འགྲོ༔ ས་མ་ཡཱ༔ ལས་བཞིའི་ལྷ་མོའི་བཟླས་པ་ནི༔ ཨརྱ་ཏཱ་རེ་ཏཾ་ཨོཾ་སྭཱ་ཧྲཱིཿཧཱུྃ་ཤནྟིཾ་པུཥྚིཾ་ཝ་ཤཾ་མ་ར་ཡ་ཕཊ༔ ཅི་ནུས་བཟླས༔ འཇིགས་སྐྱོབས་ལྷ་མོ་བརྒྱད་ཀྱི་བཟླས་པ་ནི༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ ཚེ་སྒྲུབ་བྱེད་ན༔ བདག་མདུན་བུམ་པའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྲོག་གི་སྙིང་པོ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་ནུས་མཐུ་ཚེ་ཡི་བཅུད༔ བསྡུས་ནས་རང་ཐིམ་གཟི་འོད་འབར༔ སླར་ཡང་འོད་འཕྲོས་ཕྱི་སྣོད་ཀྱི༔ འབྱུང་བཞིའི་བཅུད་དང་ཚེ་བསོད་སྟོབས༔ འོད་ཀྱི་རྣམས་པར་བསྡུས་ནས་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་ཐོབ་གྱུར༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ་སརྦ་སིདྡྷི་ཧྲཱི༔ ཕྱི་ནང་སྣོད་བཅུད་ཚེ་དཔལ་དང༔ སྟོབས་དང་སྙན་གྲགས་རྒྱས་པར་འགྱུར༔ ཚེ་ཟད་ཡིན་ཀྱང་ལོ་གསུམ་བསྲིང༔ ཡང་ཟབ་འདི་ལས་ལྷག་པ་མེད༔ ས་མ་ཡཱ༔ དེ་ནས་རྟགས་ཀྱི་རིམ་པ་ནི༔ རབ་ནི་དངོས་སུ་དངོས་ཞལ་སྟོན༔ འབྲིང་ནི་རྨི་ལམ་སྣང་བརྙན་དུ༔ བུད་མེད་མཛེས་པ་རྒྱན་ལྡན་གྱིས༔ དབང་བསྐུར་རིན་ཆེན་སྦྱིན་པ་སོགས༔ དཔག་མེད་བསམ་གྱིས་མི་ཁྱབ་པོ༔ ཐ་མའི་ཉམས་སྣང་བདེ་བ་དང༔ སྒྲུབ་ལ་བག་ཕེབ་གནས་ཁང་དུ༔ འོད་དང་གཟི་བརྗིད་ཆེ་བར་འོང༔ རྟོགས་པ་མཐར་ཕྱིན་རྣལ་འབྱོར་གྱིས༔ སྣང་ཆས་རྟགས་ལ་མི་ལྟོས་ཞིང༔ ལྟ་བའི་ཀློང་དུ་གྲོལ་བར་འགྱུར༔ ས་མ་ཡཱ༔ དེ་ནས་ཐུན་མཐར་ཚེ་འགུགས་ནི༔ ཧྲཱི༔ ཆོས་དབྱིངས་མཐའ་བྲལ་ལྟ་བའི་ཀློང༔ འོག་མིན་པོ་ཊ་ལ་ཡི་ཞིང༔ སྨོན་ལམ་འབྲེལ་བའི་ཡི་དམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ འབྱུང་ལྔ་འདུས་པའི་ཕུང་པོ་ལ༔ ཆ་མ་སྙོམ་པའི་ནད་གདོན་བགེགས༔ བཞི་བརྒྱ་རྩ་བཞིའི་ནད་ལ་སོགས༔ ཐམས་ཅད་དབྱིངས་སུ་དག་གྱུར་ཅིག༔ ཨོཾ༔ སྐྱེ་མེད་ཡུམ་གྱི་མཁའ་ཀློང་དུ༔ རྗེ་བཙུན་ཨརྱ་ཏཱ་རེ་མ༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ ལུས་ལ་ཤ་ཡི་ཁམས་ཉམས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཏཱ༔ བརྗོད་མེད་རང་གསལ་ཡེ་ཤེས་དབྱིངས༔ གྲགས་སྟོང་རང་གྲོལ་སྒྲོལ་མའི་གསུང༔ འགགས་མེད་གསུང་གི་དཀྱིལ་འཁོར་ནས༔ ངག་དང་དབུགས་ཀྱི་ཁམས་ཉམས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རེ༔ རིག་རྩལ་ཤུགས་འབྱུང་ཀུན་ཤར་ངང༔ འཁྲུལ་མེད་རང་གྲོལ་སྒྲོལ་མའི་ཐུགས༔ སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྲོག་དང་རྣམ་ཤེས་ཁམས་ཉམས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཏཾ༔ བརྗོད་དུ་མེད་པ་ངོ་མཚར་གནས༔ འགྲོ་བའི་རེ་སྐོང་ཡོན་ཏན་སྟེ༔ ཀུན་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔ ལུས་སྟོབས་གཟི་བརྗིད་ཉམས་པ་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྭཱ༔ ཐུགས་རྗེའི་རྩལ་གྱིས་འགྲོ་འདུལ་ཞིང༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཏེ༔ དོན་གཉིས་ཕྲིན་ལས་དཀྱིལ་འཁོར་ནས༔ མཐུ་སྟོབས་སྙན་གྲགས་ཉམས་པ་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱ༔ དབྱེར་མེད་ཟུང་འཇུག་སྟོང་ཉིད་ངང༔ རང་གསལ་ལྷུན་གྲུབ་ཡེ་ཤེས་ཀློང༔ སྐྱེ་མེད་ཐིག་ལེ་ཉག་གཅིག་ལ༔ ཡེ་ནས་འཇིགས་བྲལ་ཆོས་ཉིད་དབྱིངས༔ གདོད་མའི་དབྱིངས་སུ་ཚེ་སྦས་པས༔ གཟུང་འཛིན་གློ་བུར་བར་ཆད་ཀྱིས༔ མི་ཆོད་མི་ཤིགས་རེ་དོགས་བྲལ༔ ཚེ་དང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱི༔ རྒྱས་གདབ་ནི༔ ཧྲཱིཿ ཆོས་དབྱིངས་མཐའ་དང་བྲལ་བའི་ཀློང༔ འགྱུར་མེད་རང་གསལ་ཡེ་ཤེས་ལྔ༔ སྐྱེ་འཆི་འགགས་པ་མེད་པའི་དབྱིངས༔ འཇིགས་མེད་རྡོ་རྗེའི་རྒྱས་གདབ་བོ༔ ཨ་ཡུརྫྙཱ་ན་མ་ཧཱ་པུཥྚིཾ་རཀྵ་རཀྵ་ཧཱུྃ༔ ཡོན་ཏན་བརྗོད་ཀྱི་མི་ལང་ངོ༔ ཚེ་དང་དཔལ་ལ་དབང་འབྱོར་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ ས་མ་ཡཱ༔ མ་འོངས་སྐལ་ལྡན་ལས་ཅན་དོན༔ པདྨ་ང་ཡིས་བཀོད་ནས་སུ༔ བྲག་དམར་གཡའ་མ་ལུང་ལ་སྦས༔ དུས་བབ་ལས་ལྡན་སུས་སྤྱོད་ནས༔ ཆོས་བདག་འམ༔ མདོ་སྔགས་སུརྱ་ཤྲཱི་ཕ་ལ༔ འཕྲད་ནས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལོངས་སྤྱོད་ཚོགས་ཀྱི་རིམ་པ་ནི༔ རིན་ཆེན་སྣོད་དུ་ཚོགས་འཁོར་བཤམས༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ བདག་ཉིད་ལྷ་ཡི་ཏིང་འཛིན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེག་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ རཾ་ཡཾ་ཁཾ༔ ལན་གསུམ༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ས་བོན་ལས༔ དཀར་དམར་མཐིང་གསུམ་འོད་དང་བཅས༔ འཕྲོས་ནས་ཐིམ་པས་ཡེ་ཤེས་ཀྱི༔ ཟག་མེད་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱིཿ འོག་མིན་ཆོས་དབྱིངས་ཡུམ་གྱི་ཀློང༔ ཀུན་བཟང་ཆོས་སྐུའི་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་འོད་ལྔའི་ཞིང་ཁམས་ནས༔ འགགས་མེད་ལོངས་སྐུའི་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེ་ཀུན་ཁྱབ་ཕོ་བྲང་ནས༔ ཀུན་ཤར་སྤྲུལ་སྐུའི་མཁའ་འགྲོ་མ༔ རྡོ་རྗེ་རྣལ་འབྱོར་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབྱེར་མེད་བདེ་ཆེན་པོ་ཊ་ལར༔ འཕགས་མ་སྒྲོལ་མ་ཏཱ་རེ་མ༔ ལས་མཛད་རིགས་བཞིའི་ལྷ་མོ་དང༔ འཇིགས་སྐྱོབས་བརྒྱད་དང་བསྲུང་མའི་ཚོགས༔ སྒོ་སྐྱོང་སྤྲུལ་པ་ཡང་སྤྲུལ་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེང་གི་སྒྲུབ་པའི་གནས་མཆོག་འདིར༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཚོགས་གཏོར་འདི་ལ་བཅུད་ཅིག་སྩོལ༔ མར་མེ་འདི་ལ་མདངས་ཅིག་ཕྱུང༔ དམ་ཚིག་ཉམས་ཆགས་བསྐང་བའི་ཕྱིར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨརྱ་ཏཱ་རེ་ས་མ་ཡ་ཛཿཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བཤགས་ནི༔ ཧྲཱི༔ ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ བཟང་ངན་རྣམ་རྟོག་དབེན་མོད་ཀྱང༔ དམ་ཚིགས་ཉམས་ཆགས་ཚོགས་ཀྱིས་བཤགས༔ བཛྲ་ཨརྱ་ཏཱ་རེ་ས་མ་ཡཱ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་ལས་ནི༔ ཧྲཱི༔ མ་རིག་འཁྲུལ་བའི་གཟུང་འཛིན་གྱི༔ རྐྱེན་ལས་བྱུང་བའི་རུ་ཏྲ་ཀུན༔ རྩ་གསུམ་བདེན་པས་རྫས་ལ་ཁུག༔ རྣམ་ཤེས་སྐྱེ་མེད་ཀློང་དུ་བསྟིམ༔ ཕུང་པོ་ཚོགས་ཀྱི་རྒྱན་དུ་རོལ༔ ཡི་དམ་ལྷ་ཡི་ཞལ་དུ་བསྟབས༔ རུ་ཏྲ་སརྦ་ཤ་ཏྲུཾ་མ་ར་ཡ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི༔ དེ་ནས་ལོངས་སྤྱོད་ཚོགས་ལ་རོལ༔ རྗེས་ལ་ལྷག་མ་བསྔོ་བ་ནི༔ ཧྲཱི༔ དམ་ཅན་ཕོ་ཉ་ཡང་འཁོར་བཅས༔ ལྷག་ལ་དབང་བའི་དྲེགས་ཚོགས་རྣམས༔ དམ་རྫས་ཕ་འབབ་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཥྩི་ཊ་ལོ་ཀ་པ་ལ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྤྲུལ་པའི་ལྷ༔ རྒྱལ་ཡུམ་སྒྲོལ་མའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་སྐུར་བཞེངས་ཤིག༔ ཐོག་མའི་དུས་ཀྱི་སྨོན་ལམ་དགོངས༔ ཤར་གྲོལ་ལྷུན་འབྱམས་གཏོར་མ་ལོངས༔ ཉོན་མོངས་འཁྲུལ་བའི་དགྲ་བགེགས་རྣམས༔ ཡེ་ཤེས་དབྱིངས་སུ་གྲོལ་བར་མཛོད༔ བཀའ་ཡི་ཆད་མདོ་ནི༔ ཧྲཱི༔ སྔོན་ཚེ་ཐོག་མཐའ་བར་གྱི་དུས༔ རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ༔ ཀུན་བཟང་ཆོས་སྐུ་པད་འབྱུང་གིས༔ དམ་ལ་བཏགས་པའི་བསྲུང་མ་རྣམས༔ ཆད་མདོའི་གཏོར་མ་འདི་བཞེས་ལ༔ བསྟན་པ་དར་ཞིང་རྒྱས་པ་དང༔ འགྲོ་ཀུན་བདེ་ལ་འགོད་པར་མཛོད༔ བསྟན་མ་ནི༔ ཧྲཱི༔ སྔོན་ཚེ་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་བསྟན་མའི་ཚོགས༔ རྒྱན་གྱི་བྷ་ལིང་འདི་བཞེས་ལ༔ བོད་ཁམས་ཆོས་ཀྱིས་གང་བ་དང༔ བདུད་རིགས་ལྟ་ལོག་ཚར་ཆོད་ལ༔ རབ་འབྱམས་ཕྲིན་ལས་འགྲུབ་ནས་ཀྱང༔ སེམས་ཅན་བདེ་ལ་ཡོངས་བཀོད་ཅིང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྷ་ལིང་ཏ་ཁཱ་ཧི༔ གཏོར་བྲོ་ནི༔ ཧཱུྃ༔ སྐྱེ་མེད་སྤྲོས་བྲལ་ཀློང་ཡངས་སུ༔ རང་གསལ་སྒྱུ་མའི་བྲོ་བརྡུང་བས༔ འཁྲུལ་རྟོག་དགྲ་བགེགས་རང་སར་གྲོལ༔ དག་པ་ཡེ་ཤེས་སར་འགོད་ཤོག༔ མ་ར་ཡ་ནན༔ སྟྭཾ་བྷ་ཡ་ནན༔ དེ་ནས་མཆོད་བསྟོད་གཞུང་ལྟར་བྱས་ལ༔ དངོས་གྲུབ་བསྐུལ་བ་ནི༔ ཧྲཱི༔ ཚེ་རབས་སྔོན་ནས་བརྟེན་པའི་ལྷ༔ རྒྱལ་ཡུམ་འཕགས་མའི་ལྷ་ཚོགས་རྣམས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུན་མོང་མཆོག་གི་དངོས་གྲུབ་རྣམས༔ སྒྲུབ་མཆོག་རིག་འཛིན་བདག་ཅག་གི༔ ལུས་ངག་ཡིད་ལ་སིདྡྷི་ཧོ༔ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ ཁམས་གསུམ་དབང་དུ་འདུ་བ་དང༔ ལོག་འདྲེན་དགྲ་བགེགས་ཚར་ཆོད་ལ༔ ལུས་པ་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་དངོས་གྲུབ་རོལ་ལ༔ རྗེས་ཀྱི་རིམ་པ་བསྔོ་བ་ནི༔ ན་མོ༔ འཁོར་གསུམ་ཡོངས་དག་དགེ་རྩ་འདི༔ མཁའ་མཉམ་སེམས་ཅན་དོན་དུ་བསྔོ༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཤོག༔ བཀྲ་ཤིས་ནི༔ ཧྲཱི༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ རྟག་ཏུ་བདེ་ལེགས་དཔལ་འབར་ཞིང༔ ཕུན་ཚོགས་ཆོས་ཀྱིས་རྒྱལ་སྲིད་སྐྱོང༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཡིད་བཞིན་བསམ་དོན་ཀུན་འགྲུབ་ཅིང༔ བར་ཆད་སེལ་ཞིང་དངོས་གྲུབ་བརྙེས༔ འཇིགས་བརྒྱད་གདོན་གྱི་འཕྲང་ལས་སྐྱོབས༔ རྗེ་བཙུན་སྒྲོལ་མའི་བཀྲ་ཤིས་ཤོག༔ ཆོས་དབྱིངས་སྤྲོས་བྲལ་ལྟ་བའི་ཀློང༔ གནས་ལུགས་འོད་གསལ་ཡེ་ཤེས་ངང༔ འགགས་མེད་རང་ཤར་ཐུགས་རྗེའི་རྒྱུན༔ ཟུང་འཇུག་གཞི་གྲོལ་བཀྲ་ཤིས་ཤོག༔ དེ་ནས་བསྡུ་རིམ་ནི༔ ཨཱ༔ ཆོས་ཀྱི་དབྱིངས་ནས་སྤྲུལ་པའི་ལྷ༔ རང་སྣང་ངང་དུ་བཛྲ་མུཾ༔ སེམས་ཉིད་ཆོས་སྐུའི་ལྷ་ཞལ་མཇལ༔ ཆད་པའི་མཐའ་བྲལ་སྒྱུ་མའི་ལྷ༔ ཨ་ཨཱ༔ ས་མ་ཡཱ༔ གནས་ལུགས་རྫོགས་པ་ཆེན་པོའི་ངང༔ མ་བཅོས་ལྷུག་པའི་ངང་དུ་བཞག༔ རྟོགས་པ་ཟང་ཐལ་དོན་ཉམས་མྱོང༔ ཀུན་བཟང་ཡུམ་གྱི་ཀློང་དུ་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཟབ་ཆོས་འདི་ཉིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་གི་སྒྲུབ་གནས་བྱ་ཁྱུང་གི་གཤོག་པ་བརྐྱང་པ་འདྲ་བའི་བྲག་གི་ངོས་ནས་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་སྤྱན་དྲངས་པའོ།། སརྦ་མངྒ་ལཾ། དགེའོ༎


previousཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས།next