Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དགོངས་པ་འདུས་པ་ལས་རྨི་ལམ་བཟང་ངན་བརྡ་བརྟག་ཀྱི་རིམ་པ། སངས་རྒྱས་གླིང་པ།
   
   
   
   
   
   


 
previousབླ་མ་དགོངས་པ་འདུས་པ་ལས་རྨི་ལམ་བཟང་ངན་བརྡ་བརྟག་ཀྱི་རིམ་པ། སངས་རྒྱས་གླིང་པ།next

བླ་མ་དགོངས་པ་འདུས་པ་ལས་རྨི་ལམ་བཟང་ངན་བརྡ་བརྟག་ཀྱི་རིམ་པ། སངས་རྒྱས་གླིང་པ།


RTZ042_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས༔ རྨི་ལམ་བཟང་ངན་བརྡ་བརྟག་ཀྱི་རིམ་པ་ཞེས་བྱ་བ་བཞུགས་སོ༔


RTZ042_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས༔ རྨི་ལམ་བཟང་ངན་གྱི་ལ་ཉེ་བ་རྟག་པར་འདོད་ན༔ དབེན་པའི་གནས་སུ་གཟའ་སྐར་བཟང་ཞིང་ཚེ་བརྒྱད་དལ་སོ་གྲྭ་པ་ཡར་ངོ་ལ་གནས་གཚང་མའི་སར་བརྟག་པར་བྱ་སྟེ༔ འདི་ལ་གསུམ་སྟེ༔ དང་པོ་བསྙེན་ཅིང་བསྒྲུབ་པ༔ དེ་ནས་ལས་ལ་སྦྱར་བ༔ དེ་ནས་བརྟགས་པ་དངོས་སོ༔ དང་པོ་ནི༔ གཙང་མའི་གནས་སུ་ཕྱག་བརྡར་དང་རྐྱང་ནུབ་བྱ༔ དྲི་བཟང་པོའི་ཆུས་ཆག་ཆག་གདབ༔ གུ་གུལ་ལམ་སྤོས་ཀྱིས་བདུག༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོའི་སྐུ་རྟེན་དང་མཆོད་པ་བཤམ༔ དཀར་གསུམ་མངའ་གསུམ་གྱི་གཏོར་མ་བཅའ༔ སྒྲུབ་པ་པོ་རང་ཉིད་ཁྲས་བྱ༔ སྤེལ་ཀྱིས་བདུག༔ གོས་གསལ་དྲི་མ་མེད་པ་གོན༔ ཤ་ཆང་སྒོག་གསུམ་སྤྱངས་ལ༔ སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས༔ སྐད་ཅིག་གིས་རང་ཉིད་པདྨ་འབྱུང་གནས་སུ་གསལ་བའི་སྤྱི་བོར་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན༔ ལོང་སྤྱོད་རྫོགས་པའི་ཆ་ལུག་ཅན༔ མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཐུགས་ཀར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ༔ གཡས་གནོན་གཡོན་མཉམ་གཞག་མཛད་དེ་སྒྲུབ་པ་སྐུའི་ཆ་ལུགས་ཅན་


RTZ042_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ༔ ཡེ་ཤེས་པ་སྤྱན་དརྔས་ལ་བསྟིམ་ཞིང་༔ མཆོད་པས་ཀྱང་མཆོད་དེ༔ གཞན་དང་ངག་མ་འདྲེས་པར༔ ཨོཾ་བུདྡྷ་ཚུ་རུ་ཀེ༔ མ་ཧཱ་ཙུ་རུ་ཀེ་ཧྲཱི༔མུཾ་སྭཱ་ཧཱ༔ ཞེས་ཞག་གསུམ་གྱི་བར་དུ་བཟླས་ཤིང་༔ ཙནྡན་དཀར་དམར༔ རུ་རྟ་རྣམས་ཙི་བཞིན་བཏག་སྟེ༔ བུད་མེད་དམ་མོ་གསར་གཙང་མ་ལ་ཁྱེའུ་གཅིག་སྐྱེས་པའི་ཞོམ་འཐུངས་པའི་འོ་མ་དང་༔ ར་མར་སྦྱར་བའི་འདི་གུལ་བཏབ༔ དེ་གཞན་སྐྱེ་འགྲོ་གང་གིས་ཀྱང་མ་མཐོང་བ་དང་༔ སྒྲུབ་པ་བྱེད་པ་གཞན་གྱིས་མ་རིག་པར་གསང་བར་བྱའོ༔ དེས་དབང་པོ་གསལ༔ རིགས་པ་དྭངས༔ རྨི་ལམ་གར་རྨིས་ཐམས་ཅད་མི་འགྲིབ་པར་ས་ལེ་འབྱུང་ཞིང་༔ སྒྲིབ་པ་བྱང་བའི་ལྟས་སྤྱི་མཐུན་དང་༔ གྲོགས་རྨིས་ཀྱང་འབྱུང་བར་འགྱུར་རོ༔ ཐུན་གྱི་བར་སྐབས་སུ་བླ་མ་ཡི་དམ་མཁའ་འགྲོ་དང་༔ སྣང་བ་མཐའ་ཡས་སྤྱན་རས་གཟིགས༔ བཅོམ་ལྡན་འདིས་རྣམས་ལ་མཆོད་པ་དང་གཏོར་མ་ཀྲི་ཡཱ་ལྟར་འབུལ་བར་བྱའོ༔ གཉིས་པ་ལས་ལ་སྦྱར་བ་ནི༔ རྨི་ལམ་ནམ་བརྟགས་པར་འདོད་པའི་ཚེ༔ སྔ་མ་ལྟར་ཡར་པོ་ལ་བབ་པའི་དུས༔ ཡིད་དང་མཐུན་པའི་གནས་གཙང་མར་བྱུག་འདུག་བྱ་ཞིང་༔ སྔས་བྱང་དུ་གཏད་པའི་སྔས་མགོར༔ གནས་གསུམ་གྱི་ལྷའི་སྐུ་རྟེན་རྩ་ཀའི་ལ་སོགས་བཀྲམ་པའི་མདུན་དུ་མཆོད་པ་རྣམ་ལྔ་དང་༔ དཀར་གསུམ་


RTZ042_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

དངར་གསུམ་གྱིས་བརྒྱན་པའི་གཏོར་མ་བཤམ༔ གོས་གདན་རྣམས་གཙང་མར་བགོ༔ རང་ཉིད་ཁྲུས་བྱ༔ སྤོས་ཀྱི་བདུག༔ རྨི་ལམ་བརྟགས་སྙམ་པའི་འདུན་པ་མ་ཡེངས་པར་དྲག་ཏུ་གཏད་དེ༔ སྔས་ཀྱི་རྟེན་གསུམ་གསལ་ལ་ཡན་ལག་བདུན་པ་དང་གཏོར་མ་འབུལ༔ དེ་ནས་དང་པོ་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ ཡི་གེ་རྒྱ་པའི་བཟླས་པ་ཅི་འགྲུབ་བྱ༔ དེ་ནས་རྡོ་རྗེ་སེམས་དཔའ་འོ་དུ་ཞུ་སྟེ༔ རང་ཉིད་ཀྱི་ལུས་ཤེས་དཀར་གྱི་གོང་བུ་དྲི་མ་དང་བྲལ་བ་དང་ཧྲི་ལེབ་གཅིག་ཏུ་བསམ༔ རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཨ་དཀར་པོ་གསལ་འཚེར་བ་གཅིག་ཤེས་གྱི་ཁང་བུའི་དཀྱིལ་དུ་ལས་མེར་འདུག་པ་ལ༔ ཤེས་པ་མ་ཡེངས་པར་གཏད་དེ༔ གོང་གི་རྩ་སྔགས་དང་༔ ཨོཾ་མུ་ཙི་ནི་སྭཱ་ཧཱ༔ ཨོཾ་མུ་ཁ་ལེ་ནི་སྭཱ་ཧཱ༔ ཨོཾ་མོ་ཧ་ནི་སྭཱ་ཧཱ༔ ཨོཾ་དན་ཏ་ལེ་སྭཱ་ཧཱ༔ ཨོཾ་སུ་ཏེ་ལ་དུར་མི་སིདྡྷི་སྭཱ་ཧཱ༔ ཞེས་སྟོང་བཟླས་ཏེ་སྔར་བསྙེན་པ་བྱས་པའི་རྗས་ལ་གཉིད་དུ་འགྲོ་ལ་ཁད་པའི་ཚེ༔ རང་གི་གནས་གསུམ་དུ་ཐིག་ལེ་རེ་བྱ༔ ལྟག་རྩར་ཡང་ཐིག་ལེ་བྱ༔ དབང་པོའི་སྒོ༔ མིག༔ རྣ་བ༔ ལྕེ་རྣམས་ལ་ཡང་ཐིག་ལེ་རེ་བྱ༔ དེ་ནས་མདུན་གྱི་དམིགས་རྟེན་སྣང་བ་མཐའ་ཡས་ཚུལ་རྒྱངས་ཀྱིས་བྱོན་ནས་སྤྱི་བོར་ཟིམ༔ དེ་བཞིན་དུ་སྤྱན་རས་གཟིགས་མགྲིན་པར༔ ཐུབ་པ་སྙིང་གར་ཐིམ་པར་བསམ་ཞིང་༔ སེང་


RTZ042_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཉལ་སྟབས་སུ་ཉལ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་གི་རྨི་ལམ་དུ་དགེ་མི་དགེ་དང་༔ དུས་གསུམ་གྱི་སྐྱེ་བ་སོགས་ལེགས་པར་བསྟན་དུ་གསལ་ཞེས་སོགས་གང་འདོད་པའི་དོན་ཡིད་ལམ་ཡེངས་པར་བསམ༔ ངག་ནས་ཀྱང་འདོད་གསོལ་ལྣ་གསུམ་གྱི་བར་དུ་བརྗོད་པར་བྱའོ༔ དེ་ལྟར་བརྟགས་པའི་དུས༔ ཕྱི་དྲོའི་ཁ་ཟས་སྤངས་ནད་བརྟགས་ཤིང་༔ གོས་ཧ་ཅང་དྲོ་བ་མ་ཡིན༔ གྲང་བ་མ་ཡིན་པར་གོ་ན་ནས་ཉལ་ཅིང་༔ ཁྱད་པར་དུ་གཉིད་ལ་འགྲོ་ལ་ཁད་པའི་ཚེ༔ འདོད་པའི་དོན་ཡིད་ལ་བསམ་ནས༔ རྟོག་པ་གཞན་གྱིས་བར་མཆོད་པར་བྱ༔ གཉིད་ནམ་སད་པའི་དུས་སུ་དྲན་སེཧས་ཀྱིས་བཟུང་ཞིང་དམིགས་པ་གསལ་གདབ༔ རྨི་ལམ་ཅི་རྨིས་ངོས་བཟུང་བར་བྱའོ༔ གསུམ་པ་རྨི་ལམ་བརྟག་པར་བྱ་བ་ནི༔ རྣམ་སྲོད་ཀྱི་དུས་ཕལ་ཆེར་བག་ཆག་ཀྱི་རྨི་ལམ་འཆར༔ གུང་ལ་ཉོན་མོངས་པའི་རྨི་ལམ་འཆར༔ ཐོ་རངས་རྟེན་འབྲེལ་བཟང་ངན་གྱི་རྨི་ལམ་འཆར་ཞིང་༔ ལ་ལར་ངེས་མེད་དུ་འབྱུང་པའང་ཡོད་དེ༔ འདི་ལ་བདུན༔ བརྡ་བརྟགས་པ༔ བཟང་པོ་བརྟགས་པ༔ ངན་པ་བརྟགས་པ༔ སྤེལ་མ༔ བཟང་བཟང་འདྲ་ལ་ངན་པ༔ ངན་ངན་འདྲ་ལ་བཟང་བར་འབྱུང་བ༔ ལུང་མ་བསྟན་བརྟགས་པའི་རིམ་པའོ༔ དེ་ཡང་དང་པོ་ནི༔ རྨི་ལམ་དུ་ལུང་


RTZ042_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བརྡ་འབྱུང་བ་ནི༔ བུ་མོ་གཙང་མའམ༔ ཁྱེའུ་ཟུར་ཕུད་ཅན་ནམ༔ བཙུན་པ་ཆས་བཟང་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་ཏེ༔ མདོར་ན་གཙང་ཞིང་ཡིད་དང་མཐུན་པས་བརྡ་སྣ་ཚོགས་སྟོན་ཅིང་༔ རབ་ངག་གིས་བརྗོད༔ འབྲིང་རྣམ་འའགྱུར་དང་ཡི་གེ་སྟོན༔ ཐ་མ་བརྡ་རིས་བྱེད་པ་འབྱུང་བས༔ དེ་རྣམས་ཀྱི་བྱེ་བྲག་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱའོ༔ དེ་ཡང་ཡང་ནས་ཡང་དུ་བསྐྱར་བས་ཇེ་གསལ་ཇེ་གསལ་དུ་འབྱུང་ངོ་༔ གཉིས་པ་བཟང་པོ་ངོས་བཟུང་བ་ནི༔ ནམ་ལངས་པ༔ ཉི་མ་ཤར་བ༔ རྩི་ཤིང་ནགས་ཚལ་རྒྱས་པ༔ ལོ་འབྲས་དང་ཤིང་སྨིན་པ༔ གྲུ་ཐབ་བཙུགས་པ༔ ཆུ་བོ་ཆེ་ལས་བརྒལ་བ༔ འཇིགས་པའི་འཕྲངས་ལས་ཐར་པ༔ གྱེན་དུ་འགྲོ་བ༔ རང་ལུག་ཆས་བཟང་པོས་བརྒྱན་པ༔ རང་རང་གི་ལག་ཆ་བཟང་ཞིང་མ་རྨོངས་པ༔ གོས་གསར་གྱོན་པ༔ སྣོད་ཀྱི་རིགས་གང་བ༔ རང་ལ་གཞན་གྱིས་བསྐུར་སྟི་དང་ཕུ་དུད་བྱེད་པ༔ གཞན་དང་འཐབ་རྩོད་བྱེད་པས་རང་རྒྱལ་བ༔ ལོངས་སྤྱོད་ཀྱི་རྫས་དངོས་གྲུབ་དུ་ཚུར་ལ་འབྱུང་ཞིང་༔ རང་གིས་ལོངས་སྤྱོད་པ༔ ཁྲུས་བྱས་པ༔ ཡིད་འོང་གྲོགས་དང་འཕྲད་པ༔ རོལ་མོ་འབུད་བཀྲོལ་བྱེད་པས༔ སྐད་བཟང་པོ་གྲགས་པ༔ ཤིང་བསྐྲུན་བཅུགས་པ༔ དར་ཆེན་འཕྱར་བ༔ མཁར་ལེན་བཟང་པོ་བྱེད་པ༔ རྫིང་བསྐྱིལ་བ༔ ཡུལ་བ་དྲོངས་པ༔ ལྕགས་རི་ལ་སོགས་རིབ་མས་


RTZ042_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ༔ གཞན་བཅོམ་བརྡུངས་བྱས་ནས་ཐུལ་བ༔ མདའ་རྡོ་ལ་སོགས་པ་འཕོགས་པས་གཏད་པའི་འབེན་ལ་ཕོག་པ༔ འབྲུའི་ཚོགས་ལ་ལོངས་སྤྱོད་པ༔ བཟའ་བཏུང་ངོམས་འགྲོད་སུ་སྤྱད་པ༔ མཆོད་རྫས་བཟང་པོ་བཤམགས་པ༔ གཏེར་སྙེད་པ་ལ་སོགས་པ་མདོར་ན༔ སྒྲིབ་པ་དག་པ༔ ལོངས་སྤྱོད་འཕེལ་བ༔ ཚེ་རྒྱལ་བ༔ རང་གིས་ཅི་ལྟར་འདོད་པའི་ལྟས་སྨི་བར་འགྱུར་རོ༔ གསུམ་པ་ངན་པ་བརྟགས་པ་ནི༔ སྤྱིར་གོང་མའི་བཟང་པོ་དེ་རྣམས་ལས་ལོགས་པ༔ མུན་པ་སྲོས་པ༔ རྩི་ཤིང་ནགས་ཚལ་སྐམ་པ༔ ལོ་འབྲས་སད་སེར་གྱིས་སྐམ༔ ཉི་ཟླ་ནུད་པ་དང་གཟས་ཟིན་པ༔ གྲུ་ཟམ་ཞིག་པ༔ ལ་ཆུ་འཕུར་གསུམ་ལས་མ་ཐར་བ༔ མཐུར་དུ་རྒྱུག་པ༔ བཙོན་དུ་བཟུང་བ་དང་༔ ཁྲི་མུན་དོང་དུ་བསྐྱུར་བ་དང་༔ རང་གི་ཆས་གོས་ངན་པ༔ ལུས་རྒུད་པ༔ སྐུ་དང་ཁ་སྤུ་བྲེག་སམ་ཚིག་པ་བྱི་བ༔ ལག་ཆ་ཕྱག་མཚན་དང་མདའ་གཞུ་གྲི་སོགས་ཆག་པ་ལ་སོགས་སྔ་མ་ལས་ལོག་ཅིང་༔ ཐོག་ཟེར་གྱི་རྦབ་ཀྱིས་དེད་པཉྩ་གཡང་ལ་ལྷུང་བ༔ གོས་ངན་གྱོན་ནས་ཉལ་བ༔ ལུས་ལ་ཁྲག་ངན་ལ་སོགས་པ་དང་༔ རྫས་ངན་གྱིས་བྱུག་ཅིང་གོས་པ༔ མི་གཙང་པའི་འདམ་དུ་བྱིང་བ༔ ལུས་ལ་འབུ་སྦྲུང་ལ་སོགས་པས་བཟའ་བ༔ ཟས་ངན་མོས་པ༔ ཕྱ་གཅན་དེད་པ༔ ས་རྡིབ་ཀྱིས་ནོད་བ༔ ས་མཁར་ཞིག་དང་གས་པ་དང་༔


RTZ042_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟོར་བ༔ གཤིན་པོའི་ཚོགས་ཀྱིས་བསྐོར་དང་ཁྲིད་པ༔ རླུང་དམར་འཚུབས་མས་དེད་པ༔ ལུས་དྲ་བའི་ནང་དུ་ཚུར་པ༔ མདའ་ལ་སོགས་པའི་མཚོན་ཆས་གཟིར་བ༔ མཛེ་སོ་དང་ལོ་སྤྲད་ལ་སོགས་པས་གཟའ་བཏུང་བསླང་ཞིང་བསྙད་པ་དང་༔ བུ་ལོན་དེད་པ༔ མི་དགའ་བའི་མིས་ར་ང་དབང་མེད་པར་ཁྲིད་པ༔ རླུང་དམར་འཚུབ་མས་དེད་པ༔ བོང་བུ་ནག་པོ་ལ་ཞོན་པ༔ རྟ་རྒོད་ས་ཞོན་ནས་དཔང་མེད་དུ་ཁྲིད་པ༔ རབ་རུག་སྤང་གཡེང་ལ་སོགས་མི་ཁའི་རྫ་ས་ལ་སྤྱོད་པ༔ རང་ཉིད་གཅིག་པུར་རྒྱུས་མིད་འཁྱམས་པ་ལ་སོགས་པ་མདོར་ན༔ ཚ་ལ་བར་ཆད་འབྱུང་བ་དང་༔ དངོས་གྲུབ་ཉམས་པ་དང་༔ ལན་ཆགས་འདུ་བ་དང་༔ ཕ་རོལ་གྱི་བྱད་ཟུག་པ་དང་༔ ནད་འཛུག་པ་དང་༔ བསམ་པའི་དོན་མི་འགྲུབ་པ་དང་༔ ཁ་སྨྲས་གླེང་གཞི་གྱོད་ཐུག་འབྱུང་བ་དང་༔ ལས་ཀྱི་སྒྲིབ་པ་ཆེ་བ་དང་༔ ངན་སོང་དུ་འགྲོ་བ་ལ་སོགས་པའི་ལྟས་མང་པོ་འབྱུང་༔ ལ་ལ་དང་དོན་གྱི་ཆོ་འཕྲུལ་དང་སློང་དང་༔ ཆོས་སྐྱོང་དང་ཕོ་ཉལ་སོགས་པའི་ཚོ་འཕྲུལ་འཁུ་ལྡོག་འབྱུང་བ་རྣམས་ནི་མ་ངེས་པས་བརྟག་པར་བྱའོ༔ བཞི་པ་བཟང་ངན་སྤེལ་མར་འགྱུང་བ་ནི༔ སྲོད་ཐོ་རངས་ཀྱི་བཟང་ངན་སྤེལ་མ་ངེས་པ་མེད་ཅིང་༔ དང་པོ་བཟང་ནས་ཕྱིས་ངན་ན༔ ངན་པའི་ཕྱོགས་སུ་འགྱུར༔ དང་པོ་མན་ནས་ཕྱིས་བཟང་ན་བཟང་པོར་འགྱུར༔


RTZ042_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཞིང་མ་ཤེས་ན་ཆོ་འཕྲུལ་དུ་ཤེས་པར་བྱའོ༔ ལྔ་པ་བཟང་བཟང་འདྲ་ལ་ངན་པའི་རིགས་ནི༔ རང་གི་ཁང་པ་དངས་ཆར༔ གཞན་གྱི་དར་ཆེན་འཕྱར་བ་དང་༔ མང་པོས་བཏེགས་ནས་ཁྱེར་བ་དང་༔ ལུས་ལ་གོས་དམར་པོ་གསར་པ་གོན་ཅིང་༔ མགོ་ཞྭ་ནག་གི་གཏུམ་པའམ༔ ཐོད་ནག་པོ་དང་སྔོན་པོ་བཅིང་བ༔ ཤིང་ཆེན་གྱི་རྩེ་ལ་འཇོག་པ་དང་༔ ལ་བོ་ཆེ་བརྒལ་ནས་ལུང་བ་སྔར་མ་ཕྱིན་པའི་སར་བྱིན་པ་དང་༔ མར་ཁུ་བུ་རམ་ལ་སོགས་པའི་འབྲའ་བཏང་ནག་པོ་བྱིན་ནས་ལོངས་སྤྱོད་པ་དང་༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན་ནས་ལུས་ལ་བརྒྱན་པ་དང་༔ ཚེ་ལོ་བཀྱེ་བ་དང་༔ གཞན་ལ་གུས་པ་འབུལ་བ་དང་༔ གོས་དར་གྱིས་ཀླུབས་ཅིང་ནོན་པ་དང་༔ མར་ལ་ལོངས་སྤྱོད་བྱས་པ་ལ་སོགས་ཏེ༔ མདོར་ན་འཕྲལ་བཟང་བ་ཐང་འདྲ་ལ་རན་པའི་རིགས་སོ༔ དྲུག་པ་ངན་ངན་འདྲ་ལ་བཟང་བ་ནི༔ རང་ཡུལ་རང་གི་ཁུར་རམ་བསྲེག་གམ་ཟོས་སམ་གཏུབ་པ་དང་༔ རོ་ཆེན་ཁུར་བ་དང་༔ ལུས་བཤའ་གཏུབ་བྱས་པ་དང་༔ ཁྲག་རྣག་འབབ་པ་དང་༔ ལུས་གཞན་གྱིས་ཟོས་ནས་ལྷག་མ་མ་ལུས་པ་དང་༔ ཆུས་ཁྱེར་ནས་རྐྱལ་བྱེད་པ་དང་༔ ནམ་མཁའ་ལ་འཕུར་བ་དང་༔ སྣང་སྲིད་ཐམས་ཅད་མེས་ཚིག་པ་དང་༔ ཆུས་བཤལ་བ༔ རླུང་གི་གཏོར་བ༔ ཆར་ཆེན་པོ་སི་ལི་ལི་འབབ་པ་སོགས་པ་སྟེ༔ འཕྲལ་ངན་ངན་འདདྲ་ཞིང་


RTZ042_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་དངས་ཆེན་པོ་འའབྱུང་ཡང་༔ ནད་གདོན་ལས་ཐར་བ་དང་༔ སྒྲིབ་པ་དག་པ་དང་༔ དངོས་གྲུབ་ཉེ་བའི་ལྟས་ཡིན་པས་བཟང་པོར་འགྱུར་རོ༔ བདུན་པ་ལུང་མ་བསྟན་གྱི་རིག་ལ་ལས་མ་གྱིས་མི་ཁྱབ་པས་ཤེས་པར་བྱའོ༔ རྨི་ལམ་ནི༔ རྩ་རླུང་དང་རྒུད༔ བག་ཆགས་ཀྱི་མཚམས་སྦྱོར་བཟང་ངན་དང་༔ རང་དང་ལྷན་ཅིག་སྐྱེས་པའི་ལྷ་དང་༔ མཉམ་པོར་འོང་བའི་བདུད་དང་༔ ཕྱི་རོལ་གྱི་ལྷ་འདྲེའ་ཐུགས་པའི་ཆོ་འཕྲུལ་ལ་སོགས་པ་ལས་འབྱུང་བས་ངེས་པ་མེད་ཀྱང་གནས་སྐབས་ཀྱི་ལ་ཉོ་བཟང་ངན་རྟེན་འབྲེལ་དུ་འཆར་བས་ལེགས་པར་བརྟག་ལ་དན་པ་བྱུང་ནང་ཟློག་པའི་རྟེན་འབྲེལ་ལ་སོགས་པ་བྱའོ༔ ཡང་རྣལ་འབྱོར་བ་རབ་ཀྱིས་རྨི་ལམ་བདེན་མེད་དུ་ཤེས་ཤིང་རྨི་ལམ་དུ་ཤེས་པས་དཔྱད་ར་མེད༔ ཐ་མས་རྨི་ལམ་ཉིད་འཁྲུལ་དུ་འགྲོ་ནས་རྨི་ལམ་གྱི་རྟགས་མི་ཟིན༔ འབྲིང་པོ་རྣམས་ཀྱིས་རང་གཞན་ལ་ཉེ་བརྟག་པར་བྱས་ཏེ༔ ཕལ་ཆེན་བཟང་ངན་རྣམས་རང་རང་གིས་འོས་པར་སྦྱར་ཞང་དཔྱད་དེ་ཤེས་པར་བྱའོ༔ ས་མ་ཡཱཿ རྨི་ལམ་གྱི་བརྡ་རྟགས་བཟང་ངན་ཤན་འབྱེད་ཀྱི་རིམ་པ༔ ཕྱི་རབས་ཀྱི་དོན་དུ་བཀོད་པའོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ་སྦས་རྒྱ་གཏད་རྒྱ༔ གཏེར་རྒྱ༔དྷ་ཐིམ༔སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ། །


previousབླ་མ་དགོངས་པ་འདུས་པ་ལས་རྨི་ལམ་བཟང་ངན་བརྡ་བརྟག་ཀྱི་རིམ་པ། སངས་རྒྱས་གླིང་པ།next