Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
ཕས་རྒོལ་འཇོམས་བྱེད་རྩལ་གྱི་མན་ངག་ལས། གྲུ་གུ་ཡང་དབང་གི་གཏེར་སྐོར་ཐོབ་ཚུལ་ཉི་ཟླའི་འོད་ཟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕས་རྒོལ་འཇོམས་བྱེད་རྩལ་གྱི་མན་ངག་ལས། གྲུ་གུ་ཡང་དབང་གི་གཏེར་སྐོར་ཐོབ་ཚུལ་ཉི་ཟླའི་འོད་ཟེར།next

ཕས་རྒོལ་འཇོམས་བྱེད་རྩལ་གྱི་མན་ངག་ལས། གྲུ་གུ་ཡང་དབང་གི་གཏེར་སྐོར་ཐོབ་ཚུལ་ཉི་ཟླའི་འོད་ཟེར།


RTZ053_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཕས་རྒོལ་འཇོམས་བྱེད་རྩལ་གྱི་མན་ངག་ལས། གྲུ་གུ་ཡང་དབང་གི་གཏེར་སྐོར་ཐོབ་ཚུལ་ཉི་ཟླའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །


RTZ053_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གསུམ་དོན་བསྡུས་གང་འདུལ་མངའ་ཡི་བདག །བྲུ་ཤའི་ཡུལ་མཁར་བཙལ་ཀྱང་རྙེད་དཀའ་བ། །གུ་ལང་གདམས་པའི་ཡང་ཟབ་ཨེ་ཝཾ་ཟུང་། །གཏེར་བཅུད་སྟོན་མཁས་པདྨ་འབྱུང་གནས་རྒྱལ། །དེ་ཡང་ཕས་རྒོལ་དགྲ་དཔུང་འཇོམས་བྱེད་རྩལ་ཆེན་ཕྱི་ནང་གི་གཉེན་པོར་ནག་སྒྲུབ་ཀྱི་སྒོ་ནས་དགྲ་སྲི་སོགས་གནན་འཆིང་གི་གདམས་པ་གྲུ་གུ་ཡང་དབང་གི་གཏེར་སྐོར་ཐོབ་ཚུལ་ལ། འཇོམས་བྱེད་རྩལ་ཆེན་གྱི་མན་ངག་ཉི་ཟླ་ནག་པོ་ཞེས་པ་གདམས་སྐོར་གྱི་མ་ཡིག་སྟེ་ས་བཅད་དྲུག་ཏུ་བསྡོམས་པ། ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག་གི་མཐར་ཚང་བ། འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་མན་ངག་གསལ་བྱེད་གསེར་གྱི་ཕྲེང་བ་ཞེས་རིམ་ཆགས་སུ་ཡོད་པ་བུ་ཡིག་གི་སྐོར་ཏེ། བྱེ་བྲག་དགྲ་སྲི་གནན་པའི་མན་ངག་གསལ་བྱེད། བསྐལ་མེ་མ་ཞེས་གཤིན་རྗེ་དང་དབང་ཕྱུག་གི་བསྟོད་པ་བདུད་འདུལ་མར་བཅས་པ། ལྔ་བརྒྱ་དུས་ཀྱི་མ་འོངས་སྤྱོད་ཚུལ་སོགས་ནས། འུར་རྡོ་དང་ཀོང་ཟོར་ལ་བརྟེན་པའི་ཟློག་བྱང་། རྣོ་མྱུར་ཐོག་འདྲའི་མན་ངག་སྐུ་གསུང་ཐུགས་ཀྱི་རྒྱ་ཅན་གནུབས་ཀྱི་མཆོད་རྟེན་ས་ཉལ་མ་ཞེས་གྲགས་པ་མཚོན་གྲིར་གསོད་པའི་ངེས་པ། ཡིག་རྒོད་གསུམ་གྱི་དཔེའུ་རིས་དྲིལ་བཏུམ་ཚེས་དུས་ཕྱོགས་རྣམས་སོ་སོར་བརྡ་སྤྲོད་སྦྱར་བ། དགྲ་


RTZ053_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འཇོམས་མཛད་ཉི་ཟླ་ནག་པོའི་དགྲ་གནན་རྒྱུད་ཁུངས་སོགས་ལིངྒ་ཕྱི་ནང་སྒྲུབ་པ་གང་བྱེད་ཀྱང་གཏོར་བཤམ་མཚམས་གཅད་སྤང་བླང་དང་བརྩོན་པར་བྱ༔ ཞེས་པའི་མཐར་ཐུག །དེ་ནས་རང་ཉིད་དབང་ཕྱུག་ཆེན་པོར་བསམ་པ་སོགས་མུ་སྟེགས་ཟླ་བ་ནག་པོའི་སྤུ་གྲི། འདིའི་བཀའ་གཏད་བྱ་ཚུལ། ནང་པ་ལྟར་སྒྲུབ་པ། མུ་སྟེགས་དྲག་པོའི་སྔགས་རྒོད་གསུམ་གྱི་དགོས་ཆེད་བཞི་དང་ཕན་ཡོན་བསྟན་པ། དགྲ་བོ་བསྒྲལ་ཕྱིར་རླུང་འཁོར་བཅའ་བ། རྫས་རྒོད་ནག་པོ་གནམ་ལྕགས་སྤུ་གྲི་འདྲ་བ། མཐུན་གཉིས་ནང་དཀྲུག་ཕྱི་དུས་ཡང་དབང་གི་མཚོན་ཆར་བསྔགས་ཤིང་ཞལ་གདམས་བཀའ་ཡི་གཏད་རྒྱ་ཚང་བ། གཞུང་དེ་རྣམས་སུ་བསྐུངས་པ་ཡིག་ཆུང་གི་གསལ་བྱེད་བརྡ་སྦྱོར། ཡང་ཡིག་ཚུལ་དུ་གབ་པའི་ཞལ་ཤེས་ཚེས་རྒྱུད་དམིགས་གནད་གསུམ་གྱི་མདེ་ཐུང་། ཕོ་མོ་གཉིས་སྦྱར་བརྩེགས་རླུང་ལ་ཕྱར་ཐབས་སོ་སོར་བྱེད་པའི་གནད། མན་ངག་རྫས་རྒོད་གནམ་ལྕགས་ཐོག་ཁོལ། དཀྲུགས་ཡིག་གསལ་བྱེད་གཞུང་གི་ནང་སྒྲུབ་གཞུང་དུ་མན་ངག་ལྟར་བྱའོ་ཞེས་པའི་གོང་གི་ཚིག་འབྲུ་བཞི་དང་། རུ་པའི་ནང་གཅེས་པ་རྣམས་ཁར་བརྗོད་དུ་མེད་དོ།། ༈ །།བཀའ་གཏད་གཏོར་ཁྲིར་བཅས་དང་སྒྲུབ་ལིང་མཐུན། །ཕོ་མོ་རླུང་ལུགས་དབྱེ་བར་ཙཀྲ་ལྔ། །ས་ཉལ་ལ་སོགས་སློབ་དཔོན་བསྙེན་དགོས་ཕྱིར། །ཐུན་མོང་


RTZ053_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའུ་རིས་ལྟར་ཡོངས་གྲགས་སོ། །ཡོ་བྱད་རྫས་འཛོམས་བཀའ་གཏད་ལྷར་གནང་ཐོབ། །ཡིག་ཚོགས་བཀླག་ལུང་རྣ་བར་མ་ཉམས་ཐོས། །གནད་དོན་ཞལ་ཤེས་འཁྲུལ་མེད་བརྡར་ཤ་བཅད། །བྱིན་རླབས་ནུས་སྟོབས་གདིང་ལྡན་བརྒྱུད་ཚུལ་ནི། །འགྲོ་བའི་ཉི་མ་ཐུགས་རྗེའི་འོད་ཟེར་གྱིས། །སིནྡྷུ་སྔོན་པོ་རོལ་པའི་རྒྱ་མཚོའི་རྒྱན། །པདྨ་གེ་སར་རྩེ་ལས་རང་བྱུང་སྐུ། །དགེ་ལེགས་ཀུན་གྱི་འབྱུང་གནས་མ་ཧཱ་གུ་རུ། །བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར། །པཱ་ར་མི་ཏཱ་མཚན་ལྡན་ཤེས་རབ་ཚུལ། །མཚོ་གླིང་གནས་ནས་སྤྱན་དྲངས་རྒྱལ་སྲས་ཀྱི། །གཉིས་མེད་ཡུམ་གྱུར་འཇའ་ལུས་རྡོ་རྗེའི་སྐུ། །སྨོན་ལམ་རྟེན་དབང་ཐོབ་པའི་མཁའ་འགྲོ་མས། །རྒྱས་བཏབ་མ་ཉམས་ཆོས་བདག་མཁའ་འགྲོས་གཏད། །འོམ་བུ་ཚལ་གྱི་བྲག་དམར་གཏེར་སྒོ་ཕྱེས། །གྲུ་གུ་ཡང་དབང་ཞེས་གྲགས་སྤྲུལ་པའི་སྐུ། །ཚུལ་ཁྲིམས་རྡོ་རྗེ་བསེ་རུའི་རྭ་འཛིན་པ། །བལ་པོ་རིན་ཆེན་རྒྱལ་མཚན་མིག་གིས་མཐོང་། །སྟོན་ཆུང་གྲགས་དབང་རྩེ་གསུམ་མཚོན་ཆ་ཅན། །ཚུལ་ཁྲིམས་འབྱུང་གནས་རིག་བྱེད་མཁན་པོས་བསྟེན། །དབང་ཕྱུག་རྡོ་རྗེ་འབྱུང་བར་དབང་ཐོབ་པ། །རིན་ཆེན་སེང་གེས་རོ་ནུས་ལྡན་པར་མྱང་། །མི་བསྐྱོད་རྡོ་རྗེ་རི་ཕུག་འཛིན་པ་དེར། །ནགས་ཕུག་རིན་ཆེན་བཟང་པོ་སྦྲུལ་བཞིན་རྒྱུག །


RTZ053_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲེ་བོ་ཆོས་བཟང་བུ་ག་གདམས་པའི་ཀླུང་། །རོང་པོ་སེང་རྡོར་ཕྱོགས་དེར་སོང་ནས་ཞུས། །ཕ་ཇོ་འཇིགས་ནག་དྲག་པོའི་འོད་ཟེར་དེ། །འཇམ་དཔལ་རྒྱ་མཚོས་ཉི་མ་ཇི་བཞིན་འདེས། །སངས་རྒྱས་རྒྱལ་མཚན་འདོད་པ་འགྲུབ་པའི་བཅུད། །རཏྣེ་ཤྭ་རས་མ་ནུ་ལྟར་དུ་འཐུངས། །མདོ་སྡེ་རྒྱ་མཚོས་ཚེས་ཀྱི་གྲངས་བཟུང་བ། །པདྨ་དབང་ཕྱུག་མི་བདག་དོན་དུ་བསྩལ། །བཀྲ་ཤིས་དབང་ཕྱུག་རི་ཟླའི་དཀྱིལ་འཁོར་ལ། །ནོར་འཁྲུལ་ཉེས་སྐྱོན་མེད་པར་ཁོ་བོས་ཞུས། །དབང་པོའི་སྡེ་ཡི་རྣོ་མཚོན་གདམས་པ་ལགས།། །།འགྲོ་བའི་ཉི་མ་ཐུགས་རྗེའི་འོད་ཟེར་གྱིས། །མངོན་པར་སྒོ་ཕྱེ་སིནྡྷུ་རོལ་པའི་རྒྱན། །པདྨ་གེ་སར་རྩེ་ལས་རང་བྱུང་སྐུ། །དགེ་ལེགས་ཀུན་གྱི་འབྱུང་གནས་མ་ཧཱ་གུ་རུ། །རྒྱལ་བ་དགོངས་བརྒྱུད་ཐོག་མའི་མགོན་པོ་དངོས། །བླ་མ་མཆོག་དང་དབྱེར་མེད་གཤིན་རྗེ་གཤེད། །མ་རུངས་བདུད་སྡེའི་དཔུང་ཚོགས་འཇོམས་བྱེད་པའི། །ཡཀྵ་ཀཱ་ལ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར། །པཱ་ར་མི་ཏཱ་མཚན་ལྡན་ཤེས་རབ་ཚུལ། །མཚོ་གླིང་གནས་ནས་སྤྱན་དྲངས་རྒྱལ་སྲས་ཀྱི། །གཉིས་མེད་ཡུམ་གྱུར་འཇའ་ལུས་རྡོ་རྗེའི་སྐུ། །རིག་འཛིན་རིག་པའི་བརྡ་བརྒྱུད་གསང་བའི་གཉེར། །བླ་མ་མཆོག་དང་དབྱེར་མེད་བེ་ཏཱ་ལི། །བན་དགྲ་གླང་སྙིང་མུ་སྟེགས་


RTZ053_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་མཛད་པའི། །མཐིང་འབར་རྒྱལ་མོ་ཉིད་ལ་གསོལ་བ་འདེབས། །སྨོན་ལམ་དབང་བསྐུར་སྔོན་ཐོབ་མཛད་ཕྲིན་ལས། །རྒྱས་བཏབ་མ་ཉམས་ཆོས་བདག་མཁའ་འགྲོས་གཏད། །འོམ་བུ་ཚལ་གྱི་བྲག་དམར་གཏེར་སྒོ་ཕྱེས། །གྲུ་གུ་ཡང་དབང་ཞེས་གྲགས་སྤྲུལ་པའི་སྐུ། །བཀུར་འོས་དམ་པ་ཉིད་དང་བླ་མ་མཆོག །དབྱེར་མེད་ངོ་མཚར་མན་ངག་ཟབ་མོ་ཡིས། །རང་རྒྱུད་ནུས་སྟོབས་བདག་པོར་བྱིན་རློབ་པ། །ཆོས་དང་གང་ཟག་བཅས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་དག་རྡོ་རྗེ་འཛིན་པ་དང་། །བལ་པོ་ཞེས་གྲགས་རིན་ཆེན་རྒྱལ་བའི་མཚན། །སྟོན་ཆུང་གྲགས་དབང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོ་ཕན་བདེ་འབྱུང་བའི་གནས། །གདམས་པའི་དབང་ཕྱུག་བདུན་ལྡན་རྡོ་རྗེའི་མཚན། །རིན་ཆེན་སེང་གེ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་ཀྱི་ངེས་བཟུང་མི་བསྐྱོད་རྡོ་རྗེ་དང་། །རིན་ཆེན་བཟང་པོ་བྲག་གསུམ་ནགས་ཕུག་པ། །ཏྲེ་བོ་ཆོས་བཟང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རོང་པོའི་ཆར་འཁྲུངས་སེང་གེ་རྡོ་རྗེ་དང་། །ཕ་ཇོའི་ཚུལ་བཟུང་འཇིགས་བྱེད་སྔགས་ནག་པོ། །འཇམ་དཔལ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །


RTZ053_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །རིན་ཆེན་མཛོད་ལྟར་དབང་ཕྱུག་གདམས་པས་གཏམས། །མདོ་སྡེ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །གང་ལ་སྐྱབས་ཕྱིར་པདྨ་དབང་ཕྱུག་ཅེས། །བཀྲ་ཤིས་མན་ངག་དབང་དྲག་གདམས་པས་ཕྱུག །དེ་བཞིན་བཀྲ་ཤིས་སྟོབས་རྒྱལ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཕྱི་ནང་ཟུང་འཇུག་དབྱེར་མེད་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དམ་ཚིག་རྫས། །བཀའ་གཏད་འཕྲུལ་གྱི་བརྡ་སྤྲོད་ཐབས་ཉིད་ལ། །བརྟེན་ནས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བརྣག་པའི་མཐར་ཐུག་འཕྲུལ་འཁོར་ཉི་ཟླའི་བཅས། །གང་ལའང་ཐོགས་མེད་གནམ་ལྕགས་འབར་བའི་དབལ། །རྟེན་འབྱུང་ནུས་ལྡན་སྒྲུབ་ལ་རབ་བརྩོན་པས། །ལྷ་མཆོག་འཇོམས་བྱེད་ཉི་ཟླ་མྱུར་འགྲུབ་ཤོག །སྙིགས་དུས་ལོག་སྤྱོད་སྐྱེ་བོ་སྔགས་ཟློག་མཁན། །ལས་བྱེད་གཤིན་རྗེ་གཤེད་དང་གཞན་མི་ཐུབ། །སྒོམ་བཟླས་དམོད་ཚིག་ཐབས་རྫས་སྦྱོར་བྱེད་སོགས། །འཇོམས་པར་བྱེད་འདིས་གསང་སྔགས་བསྟན་བསྲུང་ཤོག །མི་མཐུན་གཡུལ་ལས་རྣམ་རྒྱལ་དམ་པའི་ཆོས། །མཚོ་སྐྱེས་སྤྲུལ་སྐུའི་


RTZ053_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་སེམས་ཁོ་ན། །རིམ་བརྒྱུད་ཕས་རྒོལ་སྟོབས་འཇོམས་བྱེད་པོ་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག། ༈ །།འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་མན་ངག་རྩ་སྡོམ་ཞལ་གདམས་ཚིགས་གཅད་མའོ། །སྤྱིར་ན་རྩལ་ཆེན་རྒྱ་སྟག་ཁྲ་བོ་འདི། །དཔའ་རྩལ་འཛོམ་ཡང་མངོན་ཁྱེར་འཁོལ་ཤེས་མེད། །དེ་ཕྱིར་དབང་པོས་རི་བོ་བསྐོར་ཞིང་བཟུང་། །ས་མདས་མ་བསད་འཕྲང་བསྒུགས་གདམས་པ་ལོན། ༼༡༽ །རྒྱ་སྟག་སྦར་འཛིན་བརྒྱབ་ནས་ཆོ་གཅིག་གིས། །འགྱེད་པར་ནུས་པའི་གནད་དེ་རྟོགས་པར་དཀའ། །དགྲ་ཤ་ཟས་སུ་བྱིན་ཞིང་མ་ཁྲིད་ན། །སྟག་མོ་རང་ལོག་འབྱུང་བའི་དོགས་པ་མཆིས། ༼༢༽ །རྒྱ་སྟག་ལུས་ལ་འཛུམ་དྲུག་ཚང་བ་ཡང་། །མཛུབ་མོས་བཙུགས་ཤིང་བརྡ་དོན་མ་སྤྲད་ན། །སྤུ་སྡུག་མིག་གིས་མཐོང་བས་ཆོག་སྙམས་ཀྱང་། །རི་མོ་གཟིག་གི་ཐིག་ལེར་འཁྲུལ་སྲིད་དོ། ༼༣༽ །ནགས་ཁྲོད་རྒྱུ་བའི་རྒྱ་སྟག་ཕོ་མོ་གཉིས། །རིགས་གཅིག་གཏུམ་ཁྲོ་དཔའ་རྩལ་འཛོམ་འདྲ་ཡང་། །རི་མོ་ཉིད་ལ་ཕོ་མོ་དབྱེ་བ་མེད། །སྟག་ཚང་མི་སྟོང་ཐབས་ཤེས་ངོ་མཚར་ཆེ། ༼༤༽ །རྒྱ་སྟག་ཉི་མ་དམར་མོར་ཁ་ཟས་འཚོལ། །མཚན་མོ་ནག་མོར་ཟླ་བའི་ཟེར་ལ་རྒྱུག །ཤ་ཁྲག་རྒྱུ་གཅིག་དུས་གསུམ་ཅི་སྙེད་ཟ། །ཝ་སྐྱེས་བཞིན་དུ་ཚང་སྒོ་ཐ་དད་མིན། ༼༥༽ །རྒྱ་


RTZ053_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཕོ་མོ་གཉིས་ཀྱི་ལྟོ་བ་ནི། །མཆེ་བ་བཞི་བརྒྱད་བསྣོལ་ནས་ལྷ་བ་འཇིབས། །དགྲ་བོའི་ཤ་རུས་ལྕེ་རྩེའི་དབལ་གྱིས་གཅོད། ཁ་རླངས་མདུན་འཚུབས་ལྷ་སྲིན་འདར་བ་མཚར། ༼༦༽ །རྒྱ་སྟག་བདུན་ཟུར་སྤྲེའུ་གདོང་དམར་གྱིས། །ལས་བྱེད་ཀང་སྒྲ་སྒྲོག་པའི་ཅེ་སྤྱང་དང་། །སྟོབས་ཆེན་རྩལ་འདྲེན་བྱེད་པོ་ཙི་པ་ཏྲ། །སྟག་ཆེན་མི་རོ་ཟ་བའི་ཤ་གདན་ཡིན། ༼༧༽ །ར་ཁྱི་དྲེད་གསུམ་གཡུ་འབྲུག་སྒྲ་སྐད་ཀྱིས། །རྒྱ་སྟག་མཆེ་སྡེར་རྣོ་ལ་ངར་འདོན་ཏེ། །སྡེར་ཆགས་དམག་གིས་བསྐོར་ཀྱང་ཉམ་མི་ང་། །རི་གཟར་རྦབ་རྒོད་ཟློག་པའི་ངར་སྒྲ་ཡིན། ༼༨༽ །དུས་ཚོད་མ་ནོར་རྒོད་པོའི་ཟ་འགྲམ་དེ། །སྟག་སེང་ཁ་འཐབས་སྤྲོད་ལ་གཅེས་ལགས་ཀྱང་། །མཚོན་ཆར་འབེབ་པའི་འབྲུག་སྐད་ཁྱད་པར་གཅོག །རེ་རེས་ཆོག་པ་ལྷ་བྱང་ཟློག་པའི་སྐབས། ༼༩༽ །སྟག་མཇུག་རི་མོ་ཉེར་ལྔའི་དུག་སྦྲུལ་དེ། །སྟག་སྒྲོམ་བཤིག་གམ་ནོར་རྫས་ཕྱགས་མས་འདེབས། །ཞིང་ལྷས་དཀྱིལ་དུ་བྱ་ཚང་སྦྲུལ་ཤོར་སྟོང་། །ཕག་སྣར་དབྱུག་པ་མ་རྒྱབ་བྱེ་དམག་དྲོངས། ༼༡༠༽ །རྒྱ་སྟག་ལས་ཀྱི་ས་མདར་འགོམ་མི་ཕོད། །གསེར་དངུལ་རིན་ཆེན་ཡོད་པས་ཉེས་པ་ཆེ། །གཅིག་ཆོག་རྩོམ་ན་གྲུབ་པ་རྒྱའོ་དགོས། །ས་འོག་རྒྱུ་བྱེད་ཀུན་ལ་རང་ཁྱིམ་ཡོད། ༼༡༡༽ །ཤུགས་ལྡན་སྟག་གིས་སུ་འཕྲད་མོད་ལ་བཟུང་། །མནན་ཅིང་བཅོམ་


RTZ053_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ལྟོ་བར་རླུང་འཁོར་གྱིས། །རྡུལ་སྦྱངས་རོ་མྱང་ཐལ་བྲུན་ཕྱིར་བྱུང་བ། །སླར་ཡང་སྦལ་པས་གནོན་པའི་ལྟད་མོ་མཐོང་། ༼༡༢༽ །རྟེན་འབྲེལ་གྲངས་ཀྱི་གདམས་གནད་ཤྭ་ལོ་ཀ །སྟག་བསད་པགས་བཤུས་གདན་དུ་མ་ཤོར་བར། །ས་སེར་རྡོ་སྔོན་ཆུ་ཚྭ་ནས་ཁུ་སོགས། །ཕངས་མེད་གཏོང་ཕོད་བྱུང་ན་གཅིག་བརྒྱུད་སྤེལ།། །།།འཇོམས་བྱེད་རྩལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་རཀྴའི་ལས་བྱང་ཚ་ཟེར་ནག་པོའི་གདུང་བྱེད་ཅེས་བྱ་བ་བཞུགས་སོ། །རྣམ་པ་སྣ་ཚོགས་ཡེ་ཤེས་རོལ་པའི་ལྷ། །ཕྲ་རབ་རྡུལ་གྱི་གྲངས་མཐའ་ལས་འདས་ཕྱིར། །རང་རྒྱུད་རྟོག་འཛིན་མ་བསླད་པྲ་ཕབ་ལྟར། །ཐབས་མཁས་འཇུག་པའི་སྒོ་ལས་བཤད་པའི་སྲོལ། །ཐུན་མོང་མ་ཡིན་བཀའ་གཏད་གདམས་རྫོགས་སུ། །གདིང་ཐོབ་སྔགས་འཆང་གཙོར་འཁོད་ཛཔ྄་འདྲེན་སོགས། །གསང་ཐུབ་དམ་གཙང་ཇི་ལྟར་འོས་པ་དག །འཇུག་རུང་དོན་དུ་སྒོམ་སྔགས་ལུང་ཙམ་བྱིན། །སྔོན་འགྲོར་སྤྱིར་སྐོང་ཤ་ཁྲག་གཏོར་མ་ཡིས། །ཡི་དམ་ལྷ་དང་འཁའ་འགྲོ་ཆོས་སྐྱོང་མཆོད། །མཛེ་ཡུགས་གྲིབ་འཛེམ་དབེན་པར་གསང་ཐབས་སུ། །གཟའ་དང་ཉི་མ་ནག་པོར་ལས་ལ་འཇུག །ཀུན་ཀྱང་གདོང་ལ་དམར་ཆེན་ཁྲག་གིས་བྱུག །གཙོ་བོ་ལྷོ་ནུབ་ཁ་བལྟས་བསྒྲུབ་བྱ་བ། །མཎྜལ་འཁོར་ལོའི་བཅས་སོགས་ལེགས་བཤམས་ཟིན། །བདེ་བའི་གདན་ལ་འདུག་


RTZ053_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྱེར་བསྒོམ་དུ། །གུ་རུ་པདྨ་ཡེ་ཤེས་མཚོ་རྒྱལ་ཡུམ། །སྤྲུལ་སྐུ་གཏེར་སྟོན་གྲུ་གུ་ཡང་དབང་སོགས། །བཀའ་བབས་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །བདག་སོགས་འགྲོ་ཀུན་ཕྱག་འཚལ་སྐྱབས་སུ་མཆི། །འཇོམས་བྱེད་རྩལ་ཆེན་ཉི་ཟླ་ཕྱི་ནང་གཤེད། །དམར་ནག་རཀྴ་སྤུ་གྲི་གང་འདུལ་སྐུར། །སྟོན་མཛད་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །བདག་སོགས་འགྲོ་ཀུན་ཕྱག་འཚལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས། །གཉིས་འཛིན་བདག་གིར་འཛིན་པའི་བསྟན་དགྲ་བཅོམ། །ཉོན་མོངས་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །ཉི་ཟླ་ནག་པོའི་དམོད་པ་བསྒྲུབ་པར་བགྱི། ༧ །གཞི་དོན་མ་རྟོགས་སྣང་སྲིད་འཁོར་འདས་ཀྱི། །ཆོས་ཀུན་སྟོང་ཞིང་བདག་འཛིན་བྲལ་བའི་ངང་། །སྐྱེ་མེད་དབྱིངས་ལས་རིག་གདངས་འགགས་མེད་རྩལ། །བདག་དང་མདུན་བསྐྱེད་གཏོར་མ་ལས་ཕུར་གསུམ། །སྟོང་གསུམ་སྟོང་གི་མི་མཇེད་འཇིག་རྟེན་ཁམས། །ཤ་ཁྲག་དུག་མཚོ་རྦ་ཀློང་འཁྲུགས་པའི་དཀྱིལ། །རབ་འཇིགས་མཚོན་ཆ་སྣ་ཚོགས་འཁྲིགས་པའི་གུར། །ཡེ་ཤེས་མེ་རི་འབར་བའི་གཞལ་ཡས་ཁང་། །ཕྱི་རོལ་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས། །འོག་ཕྱོགས་ལྕགས་ཀྱི་ཁང་པ་གྲུ་གསུམ་པ། །གཤིན་རྗེའི་གྲོང་ཁྱེར་སྲིད་པའི་བཙོན་ཁང་ནང་། །


RTZ053_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་དམིགས་ཡུལ་སྡང་བར་བྱེད་པའི་དགྲ། །མཐུ་བྱེད་རྦོད་གཏོང་བྱད་མ་བན་དང་བོན། །གདོན་བགེགས་ཟ་འདྲེ་ཕོ་མོ་ཕུང་བའི་སྲི། །ཕ་རོལ་རྦད་འདྲེ་ཕྱིར་འབྲངས་སྒབ་འདྲེ་སོགས། །བསྒྱེལ་ཞིང་བསྣོལ་བའི་ཁྲི་བརྩིགས་གདན་སྟེང་དུ། ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད། །དགྲ་དཔུང་འཇོམས་བྱེད་རཀྴ་བརྣག་པའི་ལས། །མཐར་བྱེད་སྐུ་མདོག་དམར་པོ་ཁྲོ་བོའི་ཞལ། །ངོ་བོ་གཅིག་ལས་འགྱུར་མེད་ཐབས་ཤེས་རབ། །ཟུང་དུ་འབྲེལ་བའི་སྡིགས་མཛུབ་ཕྱག་གཉིས་པ། །མཆེ་བ་བཞི་དཀར་རབ་གཙིགས་སྤྱན་གསུམ་ལྡོག །སྨིན་དབྲག་ཁྲོ་གཉེར་བཞིན་བསྡུས་རྔམས་ཤིང་བགྲད། །དབུ་སྐྲ་སྨ་ར་སྨིན་མ་དམར་སེར་མདོག །མེ་ལྟར་གཡོ་ཞིང་རལ་པ་གྱེན་དུ་འབར། །སྐུ་སྨད་གསང་བའི་གནས་ནས་གནམ་ལྕགས་ཀྱི། །ཟུར་གསུམ་དབལ་ལྡན་ཕུར་པས་དགྲ་དང་བགེགས། །གནོད་བྱེད་ཉམས་པའི་སྙིང་ལ་རྟག་ཏུ་གཟིར། །ཕྱག་གཡས་རལ་གྲིས་དགྲ་བགེགས་བསྒྲལ་བའི་ཕྱིར། །ནམ་མཁར་འཕྱར་བས་སྲོག་རྩ་རྩད་ནས་གཅོད། །ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་དོན་སྙིང་ལ། །བཏབ་ནས་འཆོར་བ་མེད་པར་བཟུང་ཞིང་འགུགས། །ཞབས་གཉིས་གཡས་བརྐྱང་མཐིལ་ལ་གནམ་ལྕགས་དང་། །གཡོན་བསྐུམ་ཟངས་ཀྱི་སོག་ལེ་རྣོ་ངར་


RTZ053_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དེ་གཉིས་བར་དུ་དམིགས་བྱའི་མགོ་ལུས་སོགས། །པགས་རུས་ཤ་ཁྲག་དུམ་བུར་དམར་ཉིལ་ཉིལ། །གཏུབས་ཤིང་དྲག་པོའི་སྟངས་སྟབས་ཚུལ་དུ་འགྱིང་། །འཇིགས་པའི་སྐུ་ལ་བསྐལ་པའི་མེ་ཆེན་པོ། །ཇི་ལྟར་བ་སྤུ་རེ་ལ་འབར་བ་ཡིས། །གནོད་པར་བྱེད་པའི་དགྲ་དང་བགེགས་ལ་སོགས། །ཐམས་ཅད་གཞོབ་ཏུ་སྲེག་ཅིང་ཐལ་བར་གཏོང་། །འཕྲིན་ལས་ཐོགས་མེད་ཁྲོ་རྒྱལ་སྐུར་གྱུར་ཏོ། །ཏྲག་རཀྴ་བྷྱོ་ཧུར་ཐུམས་མི་ཁ་ཐུམ་རིལ་རྦད་ནན༔ ས་མ་ཡ་དགྲ་ལ་བྷྱོ་བྷྱོ༔ ཟློག་ཟློག༔ མི་ཁ་ཐུམ་དྲིལ་གྨུ་ལིང་རྦད༔ ཐུམ་རི་ལི་ལི་དགྲ་ལ་བྷྱོ་བྷྱོ༔ ཟློག་ཟློག༔ དགྲ་བོའི་རྦད་རྦད་ཛ་ཛ༔ མུ་སྟེགས་བོན་སོགས་ཕྱི་རོལ་པ་ཡི་གཤེད། ཁྱད་པར་སྔགས་བྱེད་ནང་པ་ལྟར་སྒྲུབ་པའི། །ལས་བྱང་ཚ་ཟེར་ནག་པོའི་གདུང་བྱེད་ཅེས། །རིག་སྔགས་འཆང་བ་དབང་པོའི་སྡེ་ཡིས་སྦྱར།། །།༄༅། །འཇོམས་བྱེད་རྩལ་ཆེན་མ་ཧཱ་དེ་བའི་ལས་བྱང་ཟླ་བ་ནག་པོའི་སྤུ་གྲི་ཞེས་བྱ་བ་བཞུགས་སོ། །ནང་རྒྱས་བན་སྔགས་ལ་སོགས་གཉེན་པོ་རུ། །ཕྱི་རོལ་མུ་སྟེགས་བྱེད་ལྟར་སྒྲུབ་པའི་ཐབས། །ཟླ་བ་ནག་པོའི་ལས་བྱང་སྤུ་གྲི་འབྲི། །ཟུར་འདེབས་ཚུལ་དུ་དངོས་གཞི་ཁ་བསྒྱུར་ཡིན། །རྩ་བ་རྒྱུད་དོན་གཅིག་ཕྱིར་སྔོན་རྗེས་གཉིས། །ཐུན་མོང་དམར་སྒྲུབ་སྐབས་སུ་བསྟན་ཟིན་པས། །སྔོན་འགྲོ་ནས་གཟུང་གདན་བསྐྱེད་


RTZ053_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་སོང་མཚམས། །ནག་མོའི་དུས་སུ་བྱ་བ་འདི་སྐད་དོ། །མུ་སྟེགས་རྩལ་ཆེན་དབང་ཕྱུག་ཆེན་པོ་ནི། །ཟླ་བ་ནག་པོའི་སྤུ་གྲི་ཀ་མ་ལ། །སྐུ་མདོག་སྔོ་ནག་ཁྲོ་གཟུགས་ཞལ་གཅིག་པ། །མཆེ་བ་རབ་གཙིགས་སྤྱན་གསུམ་སྡང་མིག་བགྲད། །དྲག་པོའི་ལྗགས་འདྲིལ་དགྲ་ལ་རྐན་སྒྲ་རྡེབ། །དབུ་སྐྲ་མཚོན་ཆ་ལྟར་གཟེང་གྱེན་དུ་འབར། །གཡས་གཡོན་ཕྱག་གཉིས་ཟངས་ལྕགས་ལས་གྲུབ་པའི། །རི་རབ་མཆོད་རྟེན་བང་རིམ་དགུ་པ་རེ། །ཟློག་མཛད་ཕྱག་རྒྱ་བཅས་པའི་སྟེང་དུ་བསྣམས། །དམ་ཉམས་ལུས་ངག་ཡིད་གསུམ་གནན་པའི་ཕྱིར། །བརྒྱབས་པས་དགྲ་བོའི་བདུན་རྒྱུད་རྩད་ནས་གཅོད། །གཅེར་བུ་ལིང་ག་དམར་པོ་གྱེན་དུ་སྒྲེང་། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་སྟངས་སྟབས་ཀྱིས། །དྲག་པོའི་གདན་ལ་གནོན་མཛད་ཚུལ་དུ་བཞུགས། །སྐུ་ལ་དུག་གི་ནུས་ལྡན་མེ་འབར་བས། །དགྲ་བོ་མྱོས་ཤིང་གཞོབ་ཏུ་སྲེག་པར་བྱེད། །བདུད་དཔུང་འདུལ་མཛད་ཁྲོ་རྒྱལ་སྐུར་གྱུར་ཏོ། །མ་ཧཱ་དེ་བ་བྷ་ག་ཏུ་ཨུ་ནི་རྣྲི་ཛཿཐུམ་ལམ་ཧུར༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བོའི་ལུས་ངག་ཡིད་གསུམ་སཏྭཾ་བྷ་ཡ་ནན༔ ནང་རྒྱས་གཉེན་པོར་ཟབ་པའི་དགོས་ཆེད་དུ། །ཕྱི་རོལ་མུ་སྟེགས་བྱེད་པ་ལྟར་སྒྲུབ་པའི། །ལས་བྱང་ཟླ་བ་ནག་པོའི་སྤུ་གྲི་ཞེས། །རིག་སྔགས་འཆང་བ་དབང་


RTZ053_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྡེ་ཡིས་སྦྱར།། །།༄༅། །འཇོམས་བྱེད་རྩལ་ཆེན་གྱི་མན་ངག་ཉི་ཟླ་ནག་པོའི་སྨད་ལས་ཟངས་ལྕགས་ངར་མའི་དབལ་ཐོག་ཅེས་བྱ་བ་བཞུགས་སོ། །ལིངྒར་དགུག་གཞུག་བསྟིམ་གསུམ་མང་དུ་བྱ༔ ཞེས་པ་གཏེར་གཞུང་ཡིག་ཆུང་བུ་ཡིག་ལས། །ཞལ་འཕངས་ཕྱིར་ན་ངག་འདོན་བྱ་བའི་ཚུལ། །དེ་ཡང་ཕྱི་ནང་གཤེད་སྒྲུབ་གང་བྱེད་ཀྱང་། །དཔེར་ན་ཕྱི་གཤེད།་་་འཇོམས་བྱེད་རཀྴ་ནག་པོའི་སྐུར་ཞེས་དང་། ནང་གཤེད།་་་རྩལ་ཆེན་མ་ཧཱ་དེ་བའི་སྐུར་ཞེས་པ་གང་དགོས་གསལ་བའི། །ཞེས་སྐབས་བསྒྱུར་བའི། ཁྱད་པར་ཙམ་ལས་འདི་ཉིད་ཁོ་ན་སྟེ། །ཐུན་ཐག་ནས་བཟུང་ལྕགས་ཀྱུའི་ཕྱག་རྒྱར་བཅས། །གུ་གུལ་བསྲེག་ཅིང་རྔ་རོལ་བཤུག་པ་བཏབ། ཁྱད་པར་རྟགས་སམ་ཨག་ཆེན་བཞི་ཡི་དུས། །མ་ཡེངས་ཏིང་འཛིན་ལྡན་པས་གྱེར་བར་བྱ། །བདག་དང་མདུན་བསྐྱེད་སྒྲུབ་གཏོར་ལས་ཕུར་གསུམ། །ཕྱི་ནང་གང་སྒྲུབ་སྐབས་ཀྱི་སྐུར་གསལ་བའི། །མཐུ་སྟོབས་ནུས་རྩལ་འོད་ཟེར་སྤྲུལ་པའི་ཚོགས། །དངོས་འདྲ་ལྟ་བུའི་བཀའ་འཁོར་འཇིག་རྟེན་ལས། །འདས་དང་མ་འདས་དཔག་མེད་ཀྱིས་བསྐོར་བས། །གནོད་ཅིང་འཚེ་བའི་དགྲ་བགེགས་དམིགས་བྱ་ཡི། །སྙིང་ལ་ལྕགས་ཀྱུས་བཏབ་ནས་འོག་གི་གདན། །ལིང་གར་རྣམ་ཤེས་དགུག་སྟིམ་ལས་མཛོད་ཅིག །ན་མོ། གུ་རུ་པདྨ་ཡེ་ཤེས་མཚོ་རྒྱལ་ཡུམ། །སྤྲུལ་སྐུ་གཏེར་སྟོན་གྲུ་གུ་ཡང་དབང་སོགས། །མཐར་ཐུག་


RTZ053_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྩ་བའི་བླ་མའི་བར། །བྱིན་རླབས་རིག་འཛིན་བརྒྱུད་པའི་བདེན་པ་དང་། །དགྲ་དཔུང་འཇོམས་མཛད་རཀྴ་གང་འདུལ་སྐུ། །མུ་སྟེགས་ཟླ་བ་ནག་པོའི་སྤུ་གྲི་སྟེ། །བྱད་མ་ཕྱི་ནང་གཤེད་མཛད་ཉི་ཟླ་ནག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། །དུག་གསུམ་གནད་འབེབ་དཀྱིལ་འཁོར་སྒྲུབ་པའི་བཅས། །བྷ་ལིང་ལས་ཕུར་གནན་གཅོད་ཙཀྲ་སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱར་ལྡན་བྱས་པའི། །རྟེན་འབྲེལ་ནུས་པར་ལྡན་པའི་བདེན་པ་དང་། །ཆོས་དབྱིངས་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །བསྟན་པ་ཡོངས་ལ་གནོད་པ་སྤྱི་ཡི་དགྲ། །སྔགས་འཆང་སྐུ་ལ་བསྡོ་བ་སྒོས་ཀྱི་དགྲ། །ཞིང་བཅུ་ཚང་བ་བླ་མའི་སྐུ་དགྲ་སོགས། །བསྒྲལ་བྱའི་རྣམ་ཤེས་ཚེ་སྲོག་འདིར་ཁུག་ཅིག །བོད་ཁམས་ཕུང་བར་བྱེད་པ་མཐའ་དམག་དཔུང་། །ཆོས་འཁོར་དབེན་གནས་འཇོམས་བྱེད་བདུད་ཀྱི་སྡེ། །གསང་སྔགས་བཀའ་གཏེར་བསྟན་ལ་གནོད་སེམས་ཅན། །དུས་བཟང་ཚེས་བཅུ་འཛིན་པའི་དགེ་རྒྱུན་གཅོད། །དེ་འདྲའི་བསྒྲལ་ཞིང་གང་འདུག་འདིར་ཁུག་ཅིག །པདྨ་འབྱུང་གནས་རིག་འཛིན་གདུང་འཚོབ་མཁན། །འདིར་འདུས་དཔོན་སློབ་ཐར་ལམ་སྒྲུབ་པ་ལ། །གནོད་བྱེད་བསམ་པ་ངན་ཞིང་སྦྱོར་བ་རྩུབ། །སྡང་བྱེད་དགྲ་དང་གནོད་པའི་བགེགས་ལ་སོགས། །བསྒྲལ་བར་འོས་པ་གང་འདུག་འདིར་ཁུག་ཅིག །


RTZ053_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོ་འདི་ཞེས་བྱ་བའི་སྲོག་ལ་ཁུག་ཁུག༔ སྲོག་ལ་ཏྲིང་ཏྲིང་ཁུག་ཁུག༔ སྲོག་ལ་ཁུག་ཁུག༔ ཆེ་གེ་མོའི་སྲོག་ལ་ཁུག་ཁུག༔ སྲོག་ལ་ཙི་རི་རི་ཟུངས་ཤིག་ཁུག་ཁུག༔ དགྲ་བོའི་བླ་ཁུག་ཁུག༔ ཆེ་གེ་མོའི་བླ་ཆུ་ལ་ཁུག་ཁུག༔ ཆེ་གེ་མོའི་བླ་མེ་ལ་ཁུག་ཁུག༔ ཆེ་གེ་མོའི་བླ་རླུང་ལ་ཁུག་ཁུག༔ ཆེ་གེ་མོའི་བླ་ས་ལ་ཁུག་ཁུག༔ མྱུར་དུ་ཁུག་མྱུར་དུ་ཁུག༔ བླ་འགུགས་རྟགས་ཀྱི་མཚན་མ་མ་ཐོབ་བར། །ཐུན་འདེབས་གསད་པའི་ལས་ལ་མི་རྔམས་པར། །ཉིན་མཚན་གཉིས་ཀའི་སྒོ་ནས་འགུགས་ལ་བརྩོན། །ངེས་པ་རྙེད་ནས་གསད་པའི་སྔགས་ཤམ་སྦྲེལ། །ཆེ་གེ་མོའི་སྲོག་ལ་ཡ་ཡ་ཆོད་ཆོད༔ སྲོག་ཙིར་ཙིར་ཆོད་ཆོད༔ སྲོག་མུག་མུག་ཆོད་ཆོད༔ སྲོག་ཧལ་ཧལ་ཆོད་ཆོད༔ སྲོག་ཆོད་ཆོད༔ དགྲ་བོའི་སྲོག་ས་ཡིས་ཆོད་ཆོད༔ དགྲ་བོའི་སྲོག་ཆུ་ཡིས་ཆོད་ཆོད༔ དགྲ་བོའི་སྲོག་མེ་ཡིས་ཆོད་ཆོད༔ དགྲ་བོའི་སྲོག་རླུང་གིས་ཆོད་ཆོད༔ སྲོག་ཆོད་ཆོད༔ ཀིང་ཀིང་ཆོད་ཆོད༔ ཏྲིང་ཏྲིང་ཆོད་ཆོད༔ ཁྱད་པར་ཛཔ྄་དགོངས་དྲག་པོའི་ངར་སྐད་དུ། །དགྲ་བགེགས་ཤ་རུས་དུམ་བུར་གཏུབས་པའི་གདན། །ལྷར་གསལ་རྣོ་ངར་སྟོབས་ཤུགས་རྩལ་ལྡན་གྱི། །ཞབས་སུ་ཡི་དྭགས་སྡེ་དཔོན་ལས་བྱེད་དང་། །གཞན་གྱིས་མི་ཐུབ་


RTZ053_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་གནན་པར་གྱུར། །གནམ་ལྕགས་ལས་གྲུབ་འཁོར་ལོ་རྩིབས་དྲུག་པས། །དགྲ་བོའི་ཤ་ཁྲག་དམར་ཐར་གཏོང་བྱེད་ཅིང་། །སྟེང་དང་འོག་གི་མུན་པའི་གཡུང་དྲུང་ཡང་། །འཁོར་བས་དགྲ་བོ་སྐྱོབ་བྱེད་ལྷ་སྲུང་རྣམས། །མེ་ཏོག་སད་ཀྱིས་ཕོག་བཞིན་ནག་ཆོམ་བཅོམ། །ཐུན་རྫས་སྣ་ཚོགས་མཚོན་ཆའི་ཆར་དུ་འབབས། །ཉི་ཟླའི་དཀྱིལ་འཁོར་ནག་པོ་བརྩེགས་པ་དང་། །མུན་པའི་གཡུང་དྲུང་འཁོར་བའི་ཀློང་རུམ་གནན། །དམིགས་པ་གསལ་བཏབ་གང་བྱེད་དྲག་པོའི་སྔགས། །བཟླས་པ་བརྒྱ་ཕྲག་མཚམས་སུ་ཐུན་འདེབས་ཤིང་། །སོ་སོའི་སྔགས་གཞུག་དམོད་ཚིག་ཚན་བཅུ་པ། །འདི་ཉིད་ལན་གྲངས་གསུམ་རེ་བརྗོད་པར་བྱ། །ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན༔ ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན༔ སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན༔ ཁ་རྗེ་དང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ནན༔ ཟ་ལམ་ན་དུག་གཡོས་པ་ཐམས་ཅད་མཱ་ར་ཡ་ནན༔ འགྲོ་ལམ་ན་རྩང་འཛུགས་པ་ཐམས་ཅད་མཱ་ར་ཡ་ནན༔ གསད་ཤོམ་འཕྲོག་ཤོམ་རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་ནན༔ བྱད་ཁ་ཕུར་ཁ་མོ་ངན་ལྟས་ངན་ཚེར་རྩུབ་ཐམས་ཅད་མཱ་ར་ཡ་ནན༔ བྱུར་མི་ཁ་སྙིང་སྟོང་ངན་པ་


RTZ053_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཱ་ར་ཡ་ནན༔ དགྲ་ཤོམ་དམག་ཤོམ་བསམ་ངན་འདུན་མ་ངན་པ་ཐམས་ཅད་མ་རཱ་ཡ་ནན༔ འབྲུག་གི་གློག་ལྕེ་རྟ་ཡི་སྒོ་སྟེང་དང་། །སྤྲེལ་དུས་གདོང་པ་ཁྱི་ཡི་རྔ་མ་འཚུབ། །བྱི་བའི་ལོ་དང་སྟག་གི་ཁ་རླངས་དུས། །ཐུན་གཏོར་གསུམ་གསུམ་འབུལ་བསྟོད་ཕྲིན་ལས་བཅོལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་གཞལ་ཡས་ནས༔ དགྲ་བགེགས་གནོད་བྱེད་བསྣོལ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ མཆེ་བ་རབ་གཙིགས་སྤྱན་གསུམ་ཁྲོ་གཉེར་བསྒྲད༔ དབུ་སྐྲ་དམར་སེར་མེ་ལྟར་གྱེན་དུ་འབར༔ སྐུ་སྨད་ཕུར་པས་ཉམས་པའི་སྙིང་ལ་གཟིར༔ ཕྱག་གཡས་རལ་གྲིས་དགྲ་སྲོག་རྩད་ནས་གཅོད༔ ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་སྙིང་ནས་གཟུང༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་གྱིས་འགྱིང༔ སྐུ་ལ་བསྐལ་པའི་མེ་ཆེན་འབར་བ་ཡིས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་གཞོབ་དུ་གཏོང༔ ཕྲིན་ལས་ཐོགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ མཚོན་ཆ་བསྣོལ་བ་སྣ་ཚོགས་


RTZ053_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཁང་ན༔ གནོད་བྱེད་དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ༔ མུ་སྟེགས་དབང་ཕྱུག་མ་ཧཱ་དེ་བ་ནི༔ སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ༔ མཆེ་བ་རབ་གཙིགས་དྲག་པོའི་རྐན་སྒྲ་རྡེབ༔ དབུ་སྐྲ་མཚོན་ཆ་ལྟར་གཟེང་གྱེན་དུ་འབར༔ ཕྱག་གཉིས་ཟངས་ལྕགས་རི་རབ་མཆོད་རྟེན་བསྣམས༔ དམ་ཉམས་དགྲ་བོའི་བདུན་རྒྱུད་རྩད་ནས་གཅོད༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་བཞུགས༔ སྐུ་ལ་དུག་གི་མེ་འབར་དགྲ་བོ་གཞོབ་ཏུ་གཏོང༔ བདུད་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་པ་དྲག་པོའི་ཆས་སུ་ཞུགས། །གང་དམིགས་ཕྱོགས་དེར་ཐེབས་གནད་སྦྱར། །ཕྱི་ནང་སྟག་སྤྲེལ་མཇུག་མར་བསྒྲིལ། །ཟུར་བསྐོར་ནག་དགོས་ལས་དུམ་བུ། ཁྱི་ནག་ར་ནག་རྔ་རྒྱང་གི །འུར་རྡོ་ཡུགས་སའི་སྐྲ་མཐིལ་ཅན། །ཀླད་ལ་གཡུགས་པས་སྲིད་གསུམ་གཡོ། །སྟག་འབྲུག་ངར་སྐད་འུ་རུ་རུ། །དགྲ་བོ་གཡུལ་ཉེས་དོག་པ་ལ། །དུག་དང་ཁྲག་སྦྲུས་ཐུན་གྱི་སྣོད། །ཀོང་བུ་ཟུར་གསུམ་ཁྲག་ཐུན་ཁོལ། །སྔོ་དམར་མཚོན་རླངས་ཁྱི་ལི་ལི། །དུག་གི་ཚེར་མ་རྐང་གཅིག་སྐྱེས། །རྩང་མོ་གསུམ་


RTZ053_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་ཁྲག་རལ་ཅན། །རྣོ་ངར་མཆེ་བ་ཉེ་རེ་རེ། །སྲིན་མོའི་འགྲོས་སྟབས་སྒྱུར་ཞིང་མཆོངས། །ང་ནི་འཕེན་བྱེད་ཡེ་ཤེས་ལྷ། །ཉི་མ་ཟླ་བ་ནག་པོའི་ཟོར། །གནོད་བྱེད་ཕྱི་ནང་གཉེན་པོ་རུ། །མདའ་ལྟར་བཀང་ཞིང་ཐོག་ལྟར་འབེབ། །འཇིག་རྟེན་ལས་གྲུབ་དབང་ཕྱུག་ཆེ། །སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས། །དམིགས་ཡུལ་བྱད་མའི་སྟེང་དུ་རྒྱུགས། །བྱད་ཁ་རྦད་འདྲེ་རྦོད་གཏོང་ཟློགས། །གནོད་བྱེད་དགྲ་བོའི་སྟེང་དུ་རྒྱུགས། །བསམ་སྦྱོར་ངན་ཟློག་དམག་དཔུང་ཆོམས། །ལོ་ཟླ་ཞག་དུས་ཟ་མའི་སྐེག །སྲི་དང་ལྟས་ངན་ཚེར་རྩུབ་ཟློགས། །མ་ཧཱ་དེ་བ་དགྲ་ལ་བྷྱོ༔ ཨུ་མཱཿདེ་བཱི་དགྲ་ལ་བྷྱོ༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ བྷྱོཿམཱ་ར་ཡ༔ མི་ཁ་ཧུར་ཐུམས༔ རྦད་དྲིལ་ནན༔ ཐུམ་ཐུམ༔ ཤིག་ཤིག༔ རྦད་རྦད༔ དྲིལ་དྲིལ༔ ནན་ནན༔ བྷྱོ་བྷྱོ༔ ཟློག་ཟློག༔ མི་ཁ་ཟློག༔ མི་ཁ་སྒྱུར༔ མི་ཁ་ཏྲིག་ལིང་ཤག་མཱ་ར་ཡ་རྦད༔ ཐེམ་ཡིག་གྲངས་སུ་མ་བསྟན་པས། །བརྗོད་ཕངས་ལྐོག་ཡིག་ཨ་ཙ་མ། །ལྷག་ཆད་འཁྲུལ་མེད་ངག་འདོན་ཚོགས། །དུམ་ཁྲིགས་ངོ་མཚར་དབང་པོས་བཀོད།། །།༄༅། །འཇོམས་བྱེད་རྩལ་ཆེན་གྱི་སྒོམ་ལུང་འབོགས་པའི་ཆོ་ག་ཚ་གྲང་ཉི་ཟླའི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །ཕས་རྒོལ་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོ་ལ་ཕྱག་འཚལ་ལོ། །གང་


RTZ053_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འདིའི་ཕྱི་སྒྲུབ་སྐབས་ལས། ལུང་དང་བཀའ་གཏད་མ་ཐོབ་པར་བསྙེན་སྒྲུབ་ལ་འཇུག་མི་རུང་བར་གསུངས་པའི་ཕྱིར། སྔོན་དུ་ཐོབ་བྱ་བསྟན་པ་ལ་དོན་གཉིས་ཏེ། སྒོམ་ལུང་མདོར་བསྟན་པ་དང་། བཀའ་གཏད་རྒྱས་པར་བཤད་པ་འོ། །ཕྱི་མ་ཉིད་རྒྱས་པར་ཐོབ་པའི་སྔགས་འཆང་སྒྲུབ་པ་པོའི་ཐུན་ཛཔ྄་གྲོགས་སུ་ཇི་ཙམ་དགོས་པ་རྣམས་ལ་སྒོམ་ལུང་བྱ་ཚུལ་ལ། སྦྱོར་དངོས་རྗེས་གསུམ་མོ། །སྦྱོར་བ་སློབ་དཔོན་གྱི་གཡས་གཡོན་དུ་གཏོར་མ་དམར་ནག །མདུན་དུ་སྔགས་ཕུར་རྣམས་མངོན་པར་འདུ་བགྱིས། ཕྱག་ཡོན་མཎྜལ་ཕུལ། མདུན་དུ་འཁོད་པར་དགོས་དོན་ཡིད་ཆེས་སྤྲོ་བ་བསྐྱེད། དཔོན་སློབ་ཆབས་ཅིག་པར་བརྒྱུད་པའི་གསོལ་བ་ཚར་གཅིག་བཏབ། སྐྱབས་སེམས་རྗེས་ཟློས་ལན་གསུམ་གྱིས་འཇུག་པར་བྱ། གསན་བྱའི་ཁྱད་ཆོས་སློབ་དཔོན་གུ་རུ་པདྨའི་ངོ་བོ་རྣམ་པ་ད་ལྟར་གྱི་ཆ་ལུགས་འདི་ཁོ་ནར་མོས་པ་དང་། ཁྱེད་རང་དང་གཡས་ཀྱི་དམར་གཏོར་སྔགས་ཕུར་དང་བཅས་པ་འཇོམས་བྱེད་མུ་སྟེགས་ཀྱི་གཉེན་པོ་ཉིད་དུ་གྱུར་པའི་མོས་པ་མཛོད། ཞེས་ལས་བྱང་ཚ་ཟེར་ནག་པོའི་གདུང་བྱེད་གཞུང་བསྲང་ཕུར་བུའི་མདུན་གྱི་སྔགས་བྱང་ལན་གསུམ་རྗེས་ཟློས་ཕོག །བསྐལ་མེ་མས་བསྟོད། དེ་བཞིན་དུ་སློབ་


RTZ053_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གུ་རུའི་ངོ་བོ་རྣམ་པ་ད་ལྟར་གྱི་ཆ་ལུགས་འདི་ཁོ་ནར་མོས་པ་དང་། ཁྱེད་རང་དང་གཡོན་ཕྱོགས་ཀྱི་གཏོར་མ་སྔགས་ཕུར་དང་བཅས་པ་དབང་ཕྱུག་ནང་པའི་གཉེན་པོ་ཉིད་དུ་གྱུར་པའི་དམིགས་པ་མཛོད། ཅེས་ལས་བྱང་ཟླ་བ་ནག་པོའི་སྤུ་གྲི་གཞུང་བསྲང་། །ཕུར་བུའི་རྒྱབ་ཀྱི་སྔགས་བྱང་ལན་གསུམ་རྗེས་ཟློས་ཕོག །བདུད་འདུལ་མས་བསྟོད་ཅིང་། ཉི་ཟླའི་སྨད་ལས་ཟངས་ལྕགས་ངར་མའི་དབལ་ཐོག་གི་ལུང་བཀླག །དེ་ལྟར་མ་ཐོབ་པའི་ཉེས་དམིགས་ནི་རང་ཉིད་ཕུང་བར་འགྱུར་ཞིང་། ཐོབ་པའི་ཕན་ཡོན་ནི། བསྙེན་སྒྲུབ་ཀྱི་སྔགས་འདྲེན་དེ་ལ་ཞུགས་པ་ཙམ་གྱིས་ཀྱང་འདོད་དོན་འགྲུབ་ཅིང་གནོད་པར་སེམས་པའི་ཕྱི་ནང་ལྷ་སྲུང་འདྲེ་སྲིན་གང་གིས་ཀྱང་གླགས་ལྟ་བར་མི་ནུས་སོ། །ཟབ་པའི་གནད་འདི་རྣམས་བཀའ་གཏད་སྒོམ་ལུང་མ་ཐོབ་པར་གཞན་ཀུན་ལ་སྤེལ་ན་རང་ལ་ལོག་ཉེན་ཡོད་པས། གསང་བར་དམ་ནོས་ཁས་བླང་གཏང་རག་མཎྜལ་ཕུལ་གཏོར་མ་ཕྱིར་གཏང་། ཡོ་བྱད་བསྡུས་ལ་མི་མངོན་པར་བྱའོ། །ཕས་རྒོལ་འཇོམས་བྱེད་རྩལ་ཆེན་གྱི་སྒོམ་ལུང་འབོགས་པའི་ཆོ་ག་གཏེར་གཞུང་གི་དགོངས་དོན་ཞལ་ཤེས་ཕྱག་ལེན་གྱིས་བརྒྱན་པ་བླ་མ་གོང་མའི་བཀའ་དྲིན་ལས་ཇི་ལྟར་ཐོབ་པ་བཀའ་མི་ནུབ་ཅིང་བསྟན་པའི་བཙས་སུ། ཚ་གྲང་ཉི་ཟླའི་གདུང་


RTZ053_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ཞེས་བྱ་བ་རིག་སྔགས་འཆང་བ་མཐུ་ལྡན་དབང་པོའི་སྡེས་སྦྱར་བའོ།། །།༄༅། །ཨེ་བམ་ཉི་ཟླའི་གདམས་གཏད་སྙན་བརྒྱུད་ཕྱག་ལེན་གསལ་བར་བྱེད་པའི་ལྡེ་མིག་བཞུགས་སོ། །མ་ཧཱ་དེ་བ་ལ་ན་མོ། ཞེས་པས་ཕྱག་བྱའི་ཡུལ་ནི་ལྷ་ཆེན་པོ་སྟེ། དེ་ཡང་ནང་འགྲས་ཀྱི་གཤེད་དུ་དབང་ཕྱུག་ལྟར་དང་། ཕྱི་རོལ་པའི་གཉེན་པོར་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད་པོའི་ཚུལ་དུ་སྟོན་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་ཅན་ཕ་རོལ་མི་དང་མི་མ་ཡིན་པ་ལ་སོགས་པའི་སྡང་དགྲ་གནོད་བྱེད་བྱད་ཁ་རྦོད་གཏོང་བྱུར་སྲི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་བྱེད་བཅོམ་ལྡན་འདས་རྩལ་ཆེན་རཀྴ་ཉི་ཟླ་ནག་པོ་དེ་ཉིད་ལའོ། །གང་གིས་ན་སྤྲུལ་པའི་སྐུ་པདྨ་འབྱུང་གནས་ཀྱིས་ཏེ། དགོས་པ་ནི་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་ཁྱད་པར་རྡོ་རྗེ་སློབ་དཔོན་ཉིད་དང་རྣལ་འབྱོར་ཆོས་བྱེད་པ་ལ་འཚེ་བར་དོགས་པ་ན་བསྙེན་སྒྲུབ་ལས་སྦྱོར་ལ་འཇུག་པའི་སྔོན་དུ་འདིའི་བཀའ་གཏད་ངེས་པར་ཐོབ་དགོས་པས། ཇི་ལྟར་བྱ་བའི་ཚུལ་ནི། འབྲུ་ནག་ཅེས་པ་ནས་སྲན་བྲ་བོ་ཏིལ་ཡུངས་སོགས་ཚོགས་ཚད་རྗེན་བཏགས་ཀྱི་རྒྱུ་ལ་གཏོར་མ་དབྱིབས་ཟུར་གསུམ་དབལ་དང་ལྡན་པ་ལ། བསད་པའི་ཤ་དང་ཁྲག་གིས་བརྒྱན་པ་དམར་ནག་གཉིས་མདའ་ཁྲི་ལ་བཀོད་པའི་རྩེ་སོ་སོར་གཤིན་


RTZ053_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་དབང་ཕྱུག་གི་སྐུ་རྟེན་ཙཀ་ལིས་བརྒྱན་པ་བཤམ། ཐོད་པ་གང་རུང་གཅིག་གི་ནང་དུ་སྔགས་བྱང་གི་ཕུར་གདན་ལིངྒའི་མཐར་ཤ་བཙོས་པ་དང་མ་བཙོས་པའི་ཏིག་ཀ་སྲབ་མོ་ཆུང་ངུ་གཏུབས་པ་ཉིས་བརྒྱ་ཧྲལ་ཧྲོལ་དུ་སྤུངས་ལ་བསྐོར། ཕ་ཤིང་སྐྱེར་པ་གཅིག་ལ་བྱང་བུ་ཕུར་ཞབས་ཉི་ཟླ་ཅན་ཕྱག་བཞེས་མཐོང་བརྒྱུད་ལྟ་བུའི་ལེབ་ཆེན་ངོས་ཕྱི་ནང་ལ་བཤད་པའི་སྔགས་གཉིས་མདུན་ཆུ་སྲིན་གྱི་གདོང་ངོས་སུ་ནང་པའི་ཏྲག་རཀྴ་དང་། རྒྱབ་ཏུ་ཕྱི་པའི་མ་ཧཱ་དེ་བ་སོགས་རྒྱ་མདུད་གོང་མ་ནས་འོག་མའི་བར་གྱི་བྱང་ཤིང་ལ་ཕྲེང་བརྩེགས་ཅི་མཛེས་སུ་རྫོགས་པར་གསེར་ཡིག་དབུ་ཅན་དུ་བྲིས་པ། སྤྲ་རྩིས་ཆུ་ཐུབ་ཏུ་མནན་པར་བྱས་པའི་ཡི་གེའི་སྟེང་རྒྱ་སྣག་གཙང་མས་མནན་ལ་ཐོད་པའི་ནང་གི་ལིངྒའི་སྙིང་ཁར་ཤ་ཏིག་དམར་དང་བཙོས་པ་གཉིས་བརྩེགས་ལ་འཛུགས། ཐུན་མོང་དུ་སྨན་ཕུད་རཀྟ་ཉེར་སྤྱོད་དང་བཅས་པ་འདུ་བགྱི་བ་ནི་སྔོན་འགྲོ་ཡོ་བྱད་བཤམས་པའོ། །དངོས་གཞི་སློབ་དཔོན་གྱིས་ཞལ་དབང་ལྡན་དུ་གཟིགས་པའི་མདུན་གཅན་གཟན་ལ་སོགས་པ་ལྤགས་གདན་གྱི་ཁར་སྣོད་ལྡན་གྱི་སློབ་བུ་ཁྲུས་བྱས་ཕྱི་གོས་ནག་པོ་བཀོན་གདོང་ལ་གྲི་ཁྲག་གིས་བྱུག །ཕྱག་གཡོན་མཚོན་ཆ་བཟང་པོ་དང་ངེས་པར་གསེར་གྱི་མེ་ཏོག་དང་བཅས་པས་ཕྱག་བཙལ། ཁ་ལྷོ་ནུབ་


RTZ053_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱོགས་པར་བཞག་ལ། གུ་རུ་པདྨའི་ཏིང་ངེ་འཛིན་དང་ལྡན་པས་བགེགས་བསྐྲད། ཟབ་ཅིང་ཡིད་ཆེས་པའི་ལོ་རྒྱུས་བཤད་ལ་སྤྲོ་བ་བསྐྱེད་མཎྜལ་ཕུལ། ཐམས་ཅད་མགྲིན་གཅིག་ཏུ་བརྒྱུད་རིམ་གྱི་གསོལ་འདེབས་ཚར་གཅིག་བྱ་བ་ནི་ཐུན་མོང་གི་འཇུག་པའོ། །དེ་ནས་སྐྱབས་སེམས་གཉིས་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད་ཅེས་དང་། ཁྱེད་རང་དང་འོ་སྐོལ་གྱི་གཡས་ཕྱོགས་སུ་བཞུགས་པའི་དམར་གྱི་གཏོར་མ་ཕྱི་རོལ་པའི་གཅིག་ཤོས་སུ་བཤམས་པ་འདི་ཉིད་དང་སྔགས་ཕུར་དང་གསུམ་ཀ་འཇམ་དཔལ་གཤིན་རྗེར་བསྐྱེད་དགོས་པ་ལགས་པས་འདི་བཞིན་དུ་བསྒོམ་མཛོད། ཅེས་བརྡ་སྦྱར་ནས་བདག་ཅེས་པའི་ཚབ་ཏུ་ཁྱེད་རང་ཞེས་པ་འདོན་པ་བསྒྱུར་ནས་ལས་བྱང་ཚ་ཟེར་ནག་པོའི་གདུང་བྱེད་གཞུང་བསྲངས་ལ་གསལ་བཏབ་པ་ནི་དང་པོའི་བྱ་བ་སྟེ། དེ་བཞིན་གཉིས་པར་ཡང་གཡོན་དུ་བཀོད་པའི་གཏོར་མ་ནག་པོ་ནང་པའི་གཅིག་ཤོས་སུ་བཤམས་པ་ཞེས་དང་། དབང་ཕྱུག་ཆེན་པོར་བསྐྱེད་དང་། ཟླ་བ་ནག་པོའི་སྤུ་གྲི་ཞེས་པ་རྣམས་སུ་འདོན་པ་བསྒྱུར་རོ། །སྨད་ལས་བཀའ་གཏད།་་་དཔོན་སློབ་གཉིས་ཀྱི་བར་ཐོད་པ་དང་སྔགས་བྱང་ཕུར་པ་སློབ་མར་གདོང་བསྟན་མདུན་དུ་བཤམས་པའི་ནང་གི་ལིངྒར་དམིགས་ནས་སྨད་ལས་ཟངས་ལྕགས་ངར་མའི་དབལ་ཐོག་ལའང་བདག་དང་ཞེས་པའི་ཚབ་ཏུ།


RTZ053_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་ཞེས་ཚིག་གཉིས་དང་། དང་པོའི་སྐབས་འཇོམས་བྱེད་རཀྴ་ནག་པོའི་ཞེས་དང་། གཉིས་པར་རྩལ་ཆེན་མ་ཧཱ་དེ་བའི་ཞེས་ངག་འདོན་སོ་སོར་བསྒྱུར་ནས་གཞུང་བསྲང་། བླ་འགུགས་ཀྱི་སྔགས་ཡན་ལན་གསུམ་དང་། སླར་བླ་འགུགས་ཀྱི་སྔགས་རྐྱང་ལ་གསད་པའི་འབྱུང་ཤམ་སྦྲེལ་བ་ཚར་གསུམ་གསུམ་བཟླ་བའི་རིང་གུ་རུས་སྔགས་ཕུར་བསྒྲིལ་ཞིང་དང་པོའི་སྐབས་བཙོས་པ་དང་གཉིས་པར་མ་བཙོས་པ་རྣམས་དགྲ་བོའི་ངོ་བོར་བསམ་པ་ལ་གཙགས་པའི་ཚུལ་གྱིས་དེ་རྣམས་བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་ཞིག་ཏུ་དམིགས། ཛཔ྄་དགོངས་ཤོ་ལོ་ཀ་དང་པོ་ཡན་གསལ་བཏབ་དུ་བརྗོད་ནས། སྔགས་བྱང་ལྷ་སོ་སོར་བསྐྱེད་པ་ཇི་བཞིན་དང་པོར་འཇམ་དཔལ་གཤིན་རྗེ་གཤེད་འཇོམས་བྱེད་ཅེས་དང་། གཉིས་པར་དབང་ཕྱུག་ཟླ་བ་ནག་པོའི་སྤུ་གྲི་ཞེས་འདོན་པ་སོ་སོར་བསྒྱུར་བའི་ཁྱད་པར་གྱི་སྐབས་དབྱེ་ཞིང་། ཐུན་མོང་དུ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་བསམ་པར་མཛོད་ཅེས། དང་པོར་བྱང་བུ་མདུན་ངོས་ཀྱི་ཏྲག་རཀྴ་དང་། གཉིས་པར་རྒྱབ་ངོས་ཀྱི་མ་ཧཱ་དེ་བ་སོགས་སྔགས་ཕྲེང་རྣམས་དབུ་ནས་རིམ་གྱིས་གུ་རུས་སྲིན་ལག་བདུད་རྩིར་བཅས་པས་བཀྲུས་ནས། ཁུ་བ་ཆང་ཕུད་ཧུབ་གང་ཁྱོར་བར་སྦྱིན་པའི་ནང་དུ་


RTZ053_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གཞར་བའི་སྟབས་སུ་བྲན་ལ་སློབ་མ་ལ་ཐུངས་ཤིག་ཅེས་བསྒོ་ཞིང་བླུད། སྔགས་ལུང་སྐབས་དཔོན་སློབ་གཉིས་ཀས་སྨྲ་བ་གཞན་གྱིས་བར་མ་ཆོད་པར་དང་པོའི་དུས་ཉིན་སྒྲུབ་ཀྱི་སྔགས་ཏྲག་རཀྴ་དང་། གཉིས་པའི་དུས་མཚན་སྒྲུབ་ཀྱི་མ་ཧཱ་དེ་བ་ལ་གྲངས་ཚད་བརྒྱ་རྩ་རེ་རེ་ངེས་པར་འདོན། བཀའ་གཏད་སྐབས་འདིར་ཁྱད་པར་གྱི་ཆོས་སུ་རྡོ་རྗེ་སློབ་དཔོན་ངོ་བོ་གུ་རུ་པདྨ་ཡིན་པ་ལ་ལྟར་སྣང་ཆ་ལུགས་ད་ལྟའི་ཐ་མལ་གྱི་གཟུགས་སུ་བསྒོམས་པ་དེ་ཀ་ལས་གཞན་པའི་ལྷ་སོ་སོའི་རྣམ་པར་དཔོན་སློབ་གཉིས་ཀས་མི་བསམ་པ་ལ་དགོས་པ་གཅིག་ཡོད་པ་ཞལ་ལས་ཤེས་ཤིང་། གནས་སྐབས་སློབ་མས་ནི་ཕྱི་ནང་གི་གཤེད་ལྷ་གཉིས་བསྐྱེད་ཆོག་གོ་རིམ་དུ་ཕོག་པ་བཞིན་རང་དང་གཏོར་མ་སྔགས་ཕུར་གསུམ་སོ་སོར་ཐ་དད་དུ་བསྒོམ་པ་བཞིན། གུ་རུས་ཀྱང་བསམ་བཞིན་སྔགས་ཕུར་གྱི་རྩེ་མོས་ཤ་ཏིག་དང་པོའི་སྐབས་བཙོས་པ་དང་གཉིས་པར་རྗེན་པ་རྣམས་བསྟན་དགྲར་དམིགས་ལ། དགྲ་བོའི་དོན་སྙིང་ལ་སོགས་པར་བསམ་ཞིང་སྔགས་གྲངས་དང་མཉམ་པར་རེ་རེ་ནས་སློབ་མ་ལ་སྦྱིན་ཟར་བཅུག །མཐར་ལོ་དང་ཟླ་བ་ཞེས་དམོད་ཚིག་ཚན་པ་བཅུ་ཡང་ལན་གསུམ་རྗེས་སུ་ཟློས་བཞིན་ཐལ་མོ་བརྡབ། ལྷ་བསྐྱེད་པའི་གཏོར་མ་དམར་ནག་གཉིས་ཀ་ལའང་སྟེང་གི་ཁར་རྩ་བརྒྱུད་བླ་མ་རྣམས་ཐོ་བརྩེགས་


RTZ053_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞུགས་པར་མོས་ཤིང་གོ་རིམ་བཞིན་དུ་སྤྱི་བོར་བཞག་མཚན་ནས་བརྗོད་ཅིང་སྨོན་ལམ་བཏབ། ལྷ་གཉིས་གོང་འོག་བཞིན་སློབ་མ་དེ་དང་དེར་གསལ་བ་ལ་ཡེ་ཤེས་པ་ཞུ་ལུབས་སུ་ཐིམ་པར་དཔོན་སློབ་གཉིས་ཀས་བསམ་ལ་དངོས་གྲུབ་ཀྱི་དོན་དུ་ཟན་ཁམ་རེ་རེ་བཅད་ནས་གཏད་དེ་ཟར་བཅུག །དེ་བཞིན་དུ་ལྷ་གཉིས་ཀྱི་བསྟོད་པ་དང་པོར་བསྐལ་མེ་མ་དང་། གཉིས་པར་བདུད་འདུལ་མ་རེ་རེ་བཞིན་དུ་ཡང་སློབ་མ་ལྷར་གྱུར་པ་ལ་ཆེ་བརྗོད་ཕྲིན་བཅོལ་མངའ་གསོལ་དབྱངས་དང་བཅས་པས་བྱ་བ་ནི་དངོས་གཞི་འོ། །རྗེས་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་བརྗོད་ཅིང་སྨོན་ལམ་རྒྱ་ཆེན་པོ་བཏབ། སྔོན་དུ་དངོས་གྲུབ་རྫས་སུ་བྱིན་པའི་གཏོར་མ་སོགས་དམ་རྫས་སློབ་མ་རང་གིས་རོལ་པ་ལས་གཞན་ལ་མི་སྟེར་བ་འདིའི་ཁྱད་པར་གྱི་དམ་ཚིག་ཡིན། མན་ངག་འདིའི་སྒོར་འཇུག་པ་རྣམས་ཀྱིས་བཀའ་གཏད་ཟབ་མོ་མ་ཐོབ་པར་བསྙེན་སྒྲུབ་བྱས་ན་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་ལས་འདས་མ་འདས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་སྒྲུབ་བྱེད་རང་ཉིད་ཀྱི་སྲོག་ཟན་བཞིན་དུ་མཐོང་ནས་ཟ་བར་འགྱུར་རོ། །ཞེས་ཐ་ཚིག་ཏུ་བཤད་པའི་ཕྱིར་དེ་བས་རབ་ཀྱིས་ངོ་བོ་དབང་བཞིའི་དོན་ཚང་ལ་མ་ནོར་བ་བཀའ་གཏད་ཀྱི་ཚུལ་སྤྱི་ལས་ཁྱད་པར་དུ་ཟབ་པའི་ཆིངས་སུ་བསྡོམས་པ་འདིའམ།


RTZ053_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སྒོམ་ལུང་བྱེ་བྲག་ཏུ་བཤད་པ་བཞིན་ཐོབ་པར་བྱེད་པ་ལ་ནན་ཏན་དུ་འབད་པར་བྱའོ། །ས་མ་ཡ། དམ་ཚིག་གི་རྒྱ་ཕྱི་པ་དང་ནང་པའི་རྒྱ་ཟུང་ཁ་ཐཾ། སྣོད་མིན་ལའོ། །བུ་མིན་གཞན་ལ་སྟེར་བར་མི་ཕོད་གསེར་གྱི་ཡོན། །སྲང་ཚད་བརྒྱ་ཡིས་གྲངས་ལ་གཞལ་བའང་གཅེས་པའི་དོན། །བཀའ་གཏད་སྐབས་སོགས་སོ་སོར་བླ་མའི་ཞལ་ལས་ཤེས་བྱའི་རྒྱ། །ཡོད་ངེས་གདམས་གཏད་སྙན་བརྒྱུད་ཕྱག་ལེན་ལྡེ་མིག་ཅེས། །འཕགས་པའི་ཡུལ་དང་དེ་བཞིན་འ་ཞ་བྲུ་ཤ་སོགས། །བསྐོར་ཡང་རྙེད་པར་དཀའ་བ་གུ་ལང་རྒྱུད་གསུམ་གྱི། །མན་ངག་ཡང་སྙིང་བཅུད་ཕྱུང་དབང་སྟེར་བསྟན་དགྲའི་དབང་། །འཇོམས་བྱེད་པདྨའི་བཀའ་སྲོལ་ཉི་ཟླའི་སྒོ་འབྱེད་དེ། །གྲུ་གུའི་ཡུལ་ལས་བྱུང་བའི་རྡོ་སྙིང་རིན་ཆེན་གཡུ། །ཡང་དག་རྒྱན་བཀོད་རང་ལུས་དང་མཉམ་ས་བཅུད་གསེར། །དབང་སྦྱོར་ཡོན་གནས་ཉིད་ལ་དབུལ་བྱས་ད་ལྟའི་རྒྱུན། །ཇི་ལྟ་དེ་ལྟར་མ་ཉམས་བསྲེ་བསླད་མ་ཞུགས་པ། །དཔལ་ཡོན་ཕུན་ཚོགས་སྟོང་ཁུན་བཀྲ་ཤིས་ཁྲི་སྒོའི་་་མི་ཉག།བདག །སྟོབས་ལྡན་ལྷ་རྒྱལ་དབང་སྒྱུར་ས་ཡི་བརྒྱ་བྱིན་རིགས། །འབད་པ་ཆེན་པོས་འདུན་སར་་་འབྲི་ཁུང་།དབང་བཞིའི་དོན་ཚང་བ། །འགྲེལ་ཚུལ་འདི་ཙམ་རང་སྲིད་སྡེ་སྐྱོང་བྱེད་པས་སོ། །དགེའོ།། །།


previousཕས་རྒོལ་འཇོམས་བྱེད་རྩལ་གྱི་མན་ངག་ལས། གྲུ་གུ་ཡང་དབང་གི་གཏེར་སྐོར་ཐོབ་ཚུལ་ཉི་ཟླའི་འོད་ཟེར།next