Nitartha Digital Library
Tibetan
རོང་ཟོམ་ཆོས་ཀྱི་བཟང་པོའི་བཀའ་འབུམ།


   
   
དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   


 
previousདགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་ཐར།next

དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་ཐར།

༄༅། །དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་པར་ཐར་པ་བཞུགས། །

༄༅། །དགེ་བའི་བཤེས་གཉེན་ཆེན་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་ཞེས་བྱ་བ། བོད་ཀྱི་པཎྜི་ཏ་ཆེན་པོར་གྲགས་པ་དེ་ནི། བོད་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སྣང་ཀླུ་ས་རོང་དུ་སྐུ་འཁྲུངས་ཏེ། དེ་བས་ཅུང་སྔ་བར་ཡུལ་ཁམས་སུ། སློབ་དཔོན་སྨྲི་ཏི་ཛྙཱ་ན་ཀཱིརྟི་སློབ་དཔོན་འདི་སྔོན་རྒྱ་བོད་འགྲུལ་ཆད་ལྟས་བརྙེལ་མའི་བརྗེད་བྱང་དར་ཞིང་། རྟོག་ཆོས་ཀྱི་མགོ་བྱུང་བའི་དུས་སུ་བྱོན་པ་ཡིན་ཏེ། ལོ་ཙཱ་བ་མ་རྙེད་ནས་པོད་ཀློག་བསླབ་ནས་རང་འགྱུར་དུ་མཛད་པ་འདི་ཙམ་གཅིག་ཡིན་ནོ། །དུས་དེ་ཙམ་ན་པྲི་ཀ་མཱ་ལ་ཤཱི་ལའི་གནས་ན་སློབ་དཔོན་ཤནྟི་པ་ལ་སོགས་པ་མཁས་པ་བརྒྱད་བཞུགས་པ་ཡིན་སྐད། ཞེས་བྱ་བའི་པཎྜི་ཏ་དོན་དང་ལྡན་པ་ཞིག་བྱོན་ནས། རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐ་བ་ན་ལ་སོགས་པའི་གསང་སྔགས་ཀྱི་འགྲེལ་པ་དང་། འཇམ་དཔལ་གསང་ལྡན་ལ་སོགས་པའི་སྒྲུབ་ཐབས་མཚན་བརྗོད་ཀྱི་འགྲེལ་པ་བར་མ་བསྒྱུར་འཇིག་རྟེན་སྣང་བྱེད་ཟླ་བའི་ནོ་པི་ཀ་ལ་སོགས་པ་སྒྲུབ་ཐབས་མང་པོར་བསྒྱུར། སྒྲའི་བསྟན་བཅོས་སྨྲ་སྒོ་མཚོན་ཆ་འགའ་ཞིག་ཀྱང་མཛད་ནས་སྐུ་འདས་ཏེ། དེ་ཉིད་རོང་དུ་འཕོས་པ་དགེ་བཤེས་དེ་ཉིད་ཡིན་པར་ཡང་གྲགས་སོ། །འདི་ལ་ལོ་རྒྱུས་ཅུང་ཟད་ཡོད། ཁ་ཅིག་ན་རེ། ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྜི་ཏ་ཞིག་ཁམས་སུ་བྱོན་ནས། གསང་བ་འདུས་པའི་རྒྱ་ཆེ་འགྲེལ་པ་ཆེན་པོ་ལ་སོགས་པ་བསྒྱུར་ཏེ་བཤད་པ་མཛད་ནས། ཨ་ཙ་ར་དེ་འདས་ཏེ་སྐྱེ་བ་འཕོས་པ་དགེ་བཤེས་རོང་ཟོམ་ལོ་ཙཱ་ཡིན་ཀྱང་ཟེར་རོ། །གཞན་ཡང་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་མངོན་པར་ཤེས་པ་དང་ལྡན་པ། ཡོན་ཏན་མང་པོ་མངའ་བའི་པཎྜི་ཏ་དེ་ཉིད། བླ་མ་ཆེན་པོ་འཇལ་བས། ཇོ་བོའི་ཞལ་ནས་རྒྱ་གར་གྱི་ཨཱ་ཙཱརྱ་ནག་པོ་ཞབས་ཆེན་པོ་སྤྱོད་པ་པ་དེ་ཉིད་ཚེ་འཕོས་པ། ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོའི་འདི་དང་ཆོས་ཀྱི་གཏམ་བྱ་བ་ག་ལ་ཐུབ་ཅེས་ངེས་པར་གསུངས་སྐད། སྐྱེས་བུ་དེ་ནི་གང་ཟག་ལ་ལ་བདེ་བར་གཤེགས་པའི་སྤྲུལ་པ་ཡིན་ཞེས་ཀྱང་གྲགས་ལ། དེ་ཡང་ཕལ་ཆེར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་ཏེ། འདི་ལྟར་དགུང་ལོ་བཅུ་གསུམ་མན་ཆད་ལ། དགུང་ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན་ནས། བཅུ་གཉིས་པ་ལ་ཡབ་ཀྱིས་བསྐྱལ་ནས་འགར་ཚུལ་ཁྲིམས་བཟང་པོ་ལ་སྔགས་གསན། གཞན་ཡང་བཅུ་གསུམ་པ་ལ་མཁས་པ་མདོ་སྟོན་སེང་གེ་རྒྱལ་མཚན་བྱ་བ་ལ་ཡང་གསན་སྐད་གསན་པ་རྫོགས་པ་དང་འདྲ་བར་མཁྱེན་པ་ཆེ་བར་གྱུར་ལ། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཞེས་གྲགས་སོ། །གཞན་ཡང་ཁོང་ཉིད་ཀྱི་ཞལ་ནས་བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ་ཆོས་ཕལ་ཆེ་ལ་ཚར་རེ་ལས་མ་ཐོས་ཞེས་གསུངས་སྐད་དོ། །རི་དང་བྲག་ལ་སོགས་པར་བཞུགས་ནའང་། དེ་ན་མི་མ་ཡིན་ཡོད་པ་ཐམས་ཅད་མཁྱེན་ཏེ། འདི་ན་འདི་ལྟ་བུའི་མི་མ་ཡིན་པ་ཞིག་སྣང་ཏེ། སྲོག་གི་སྙིང་པོ་ནི་འདི་སྐད་བྱ་བ་ཡིན། དེ་སྒྲུབ་ན་མཐུན་རྫས་འདི་ལྟ་བུ་ཡིན། གྲོགས་འདི་བྱེད། སྐྱོན་འདི་འདྲ་ཡོད་བྱ་བ་གསུངས་སྐད། སྐྱེས་བུ་དེ་ནི་ཟབ་ལ་རྒྱ་ཆེ་བའི་ཤེས་རབ་དྲི་མ་མེད་པ་དང་ལྡན་པས། རྒྱ་གར་ཆོས་བཟང་བ་མདོ་རྒྱུད་དམ་བསྟན་བཅོས་སུ་གཏོགས་པ་སྔར་མ་གཟིགས་པ་མཐའ་དག་ལ་ཚར་རེ་རེ་གཉིས་གཉིས་གཟིགས་པས་མཁྱེན་ཅིང་། ཚིག་དང་དོན་མ་ལུས་པ་ཐུགས་ལ་ཟིན་ཅིང་ཐམས་ཅད་མི་བརྗེད་པའི་གཟུངས་ཐོབ་ཅེས་གྲགས་སོ། །གཞན་ཡང་ཙན་ཀ་ལ་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། ཚད་མའི་བསྟན་བཅོས་དང་། རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་བའི་ཚིགས་བཅད་དང་། སྙན་ངག་མང་པོ་མཁྱེན་པ་ཡིན་ལ། ཐུགས་རྗེ་ཡང་ཤིན་ཏུ་ཆེ་བས་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་ཞུགས་པ་དང་། གསང་སྔགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པའི་གང་ཟག་དགེ་བ་ཅན་རྣམས་ལ་ཕན་གདགས་པའི་དགོངས་པ་བཟང་པོ་མངའ་བས་ཕྱིན་ཅི་མ་ལོགས་པའི་གདམས་པས་ནན་ཏན་དུ་ཕན་འདོགས་པར་མཛད་པ། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་ཚད་ལ་མཁས་པས། འགྲོ་བ་ཕལ་པ་དང་། ཆོས་ཀྱི་བློ་བསྒྱུར་བ་རྣམས་ཚེ་འདི་དང་ཕྱི་མ་གཉིས་ཀ་བདེ་བ་ལ་འགོད་པའི་ཕྱིར་འཇར་ཞིང་འགྲིག་པའི་བསྟན་བཅོས་ཉིད་ཀྱི་ཞལ་སྔ་ནས་ཕྱུང་སྟེ། དེ་དག་ལ་ཕན་འདོགས་པ་ལ་དུས་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་པ་ལ་ཡང་སེར་སྣ་དང་གནོད་སེམས་སྤངས་ནས་ཐུགས་རྗེའི་ཡུལ་དུ་མཛད་དེ་མིག་གི་འབྲས་བཞིན་མཛད་ཅིང་བདེ་བ་ལ་འགོད་པ། སྡོམ་པ་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་པར་མཛད་ཅིང་། དེའི་ཕྱིར་དམ་ཚིག་མདོ་རྒྱས་ལ་སོགས་མང་དུ་མཛད། གཞན་ཡང་དེ་ལ་འགོད་པ་དང་། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྩོལ་བ་མ་མཛད་ཀྱང་ཆོས་ཕྱོགས་མེད་ལ་ཐོགས་རྡུགས་མེད་པར་མཁྱེན་ནུས་པར། དེས་མཛད་པའི་ཆོས་ཐམས་ཅད་ཀྱང་ལུང་དང་རིགས་པ་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་སྒྲ་སྐྱོན་དང་དོན་སྐྱོན་དང་རྣམ་པར་བྲལ་བས། ཨུ་པ་ཏི་ཀ་ཞེས་བྱ་བའི་སྒྲ་གཏན་ལ་ཕབ་པའམ། ཉེ་བར་བསྟན་པ་སྟེ། དོན་ལ་མན་ངག་ཅེས་པ་ལོ་ཙཱ་བ་རྣམས་ཀྱིས་བརྟགས། གཞན་མཚམས་ནོར་སྒ་པ་དང་། སྤང་ཀ་དང་ཆུ་དང་། ལོ་ཙཱ་བ་འགོས་ལྷས་ཙ་དང་། རྒྱ་རྒྱར་ཚུལ་དང་། ཡང་ཁྱེར་བླ་མ་ལ་སོགས་པ་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་པར་མི་ནུས་པར་གྲགས་པའོ། །དེ་ཉིད་ནི་ཐོག་མ་ནས་ཧ་ཅང་མ་འབད་པར་སཾ་སྐྲ་ཏའི་སྐད་ལ་སོགས་པ་རྒྱ་གར་གྱི་སྒྲའི་སྐུ་བྱིས་པ་ཆུང་ངུའི་དུས་ནའང་། ཨ་ཙ་ར་འདུག་ཚད་སྤྲོ་ཞིང་དེ་དག་གི་སྐད་ལ་དགྱེས་སྐད། དེ་ནས་བིས་དའི་པོ་ཏི་ལ་བརྟགས་པས་མཁྱེན་པ་ལ་ཚེགས་མ་བྱུང་སྐད་བྱེ་བྲག་མང་པོ་དང་སྒྲའི་བསྟན་བཅོས་ཀྱི་དོན་ལ་མ་རྨོངས་པར་གྲགས་པ། ཐ་ན་དུད་འགྲོའི་སྐད་དང་བརྡ་ཡང་མཁྱེན་པར་གྲགས་ཏེ། དེའི་ཕྱིར་དེས་ཕྱག་བཞེས་ཀྱི་ཡེ་གེ་ཀླུ་ཆེན་པོ་བརྒྱད་ཀྱི་ཆོ་ག་ལ་སོགས་པ་དང་། མངོན་སྤྱོད་ཀྱི་ཚ་ཚ་གདབ་པ་དང་། ཚེ་སྒྲུབ་དང་། ལས་ཁ་བསྒྱུར་དྲུག་པ་ལ་སོགས་པ། མཛད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག་རྣམས་ཀྱིས་ལུང་མ་ཐོབ་པར་ཡི་གེ་ལས་བྱུང་བ་བཞིན་དུ་སྦྱར་བ་ལས་བྱིན་བརླབས་མ་བྱུང་བ་མེད་ཅེས་གྲགས་སོ། །ལོ་ཙཱ་བ་ཆེན་པོ་དེ་ལ་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་མང་པོས་བཏུད་པར་གྱུར་ཏེ། གུ་རུས་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཕྱོགས་མེད་ལ་མཁས་པར་གྲགས་པ་ཞིག་གིས། ཐོག་མར་བོད་དུ་སྐྱེས་པའི་གང་ཟག་གིས་ཆོས་མང་པོ་རྩོམ་པ་ཞེས་འཕྱས་སོ། །ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པུ་སྟི་དེ་མཐོང་ནས་གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་བསྙེན་བཀུར་བྱས་ནས་ཉེས་པ་བཤགས་ཏེ། བདག་རྗེས་སུ་གཟུང་དུ་གསོལ་ཞེས་བཀའ་ཞུས་པས་གནང་སྟེ། འཇམ་དཔལ་འདིར་ཁྲོ་བོ་རྣམ་པར་རྒྱལ་རྒྱུད་ཀྱང་ཟེར། ཕྲ་ཁོག་གསང་བའི་རྒྱུད་ཀྱང་ཟེར། གསང་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན་ནོ་སྐད། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་འདིར་བསྒྱུར་བའི་དཔལ་བདེ་མཆོག་དང་། མ་ཧཱ་མཱ་ཡ་དང་། གཤིན་རྗེ་གཤེད་དང་། ཀྱྀ་ཡའི་སྒྲུབ་ཐབས་ལ་སོགས་པ་འགྱུར་བཟང་པོ་མང་པོ་སྣང་ངོ་། ལ་སོགས་པའི་ལོ་ཙཱ་བ་དང་། །མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ། གསན་པ་དེ་དག་དང་འདི་ལོ་ཙཱ་བ་ཤིན་ཏུ་མཁས་པ་ཞིག་ཡིན་ཏེ། དེ་དག་གི་སློབ་བརྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་པར་གྱུར་ནས་བླ་མ་དམ་པར་འཛིན་ཏོ་ཞེས་གྲག་གོ །གསང་རྒྱུད་ཀྱི་སྐབས་ན་མར་དགེ་བཤེས་ཆེན་པོའི་ཞལ་ནས་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་མེད་པས་བཅོས་སུ་མེད་གསུངས་པ་ལ། གུ་རུབ་ཀྱི་དེ་དེ་གཟུང་ནས་ཕྱིས་ཇོ་བོ་ཀྲྀཥྞ་ཞེས་པའི་པཎྜི་ཏ་པཎྜི་ཏ་ནག་པོ་ཆུང་ངུ་བ། ལ་རྒྱ་དཔེ་བྱུང་ནས་དེ་ལ་གསན་པས་རོང་པ་ཆེན་པོ་གསུངས་པ་བཞིན་བྱུང་ནས་ཤིན་ཏུ་མོས་ཏེ། ཀྲིཎྜ་ལ་བྱུང་བའི་དཔེ་ཅིག་གུ་རུབ་ཀྱིས། རོང་པ་ཉིད་ལ་ཡང་ཕུལ་ནས་གསན་སྐད། གཞན་ཡང་རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་བརྨྨ་དང་། མཉྫུཤྲཱི་ཛྙཱ་ན་དང་། ཨུ་པ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨཱ་ཀ་ར་བྷ་ར་དང་། རེ་བཱ་ཀ་ར་ཙནྟ་དང་། །པ་ར་མེ་ཤྭ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པས་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད། ཆོས་ཀྱང་རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་ནག་པོ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཡང་ཤིན་ཏུ་བཟང་བས་གསར་འགྱུར་མཛད་དེ་ཕན་ཆེ་བར་བཏགས་སོ། །རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨྨ་བྷ་དྲ། ཁྱོད་ཀྱིས་ཆོས་མང་པོ་རྩོམས་ལ་འགྲོ་བ་རྣམས་སྐྱོབས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པ་ཡང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུང་སྐད། དེ་ལྟར་ཤིན་ཏུ་གཅོད་ཞིང་གཉེན་དེས་ཅན་དུ་གྱུར་ཅིང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཞིང་། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་བ་མ་གཏོགས་པ་ཕ་རོལ་ཁྱད་དུ་གསོད་པའི་ངག་རྩུབ་ལ་སོགས་པ་ཐམས་ཅད་དུ་མི་གསུང་ངོ་ཞེས་གྲག་གོ། །གཞན་ཚ་ཏིག་ཆོས་འབར་ཞེས་བྱ་བས་ཀྱང་། འབྲས་ཡུལ་ཁམ་བུ་ལུང་ན་མཛད་པ་མཐོང་སྐད། འདི་རྣམས་ལ་ལོ་རྒྱུས་ཅུང་ཟད་ཡོད་སྐད་དོ། །ཡང་བྲག་གཟར་པོའི་ངོས་ལ་གཤེགས་ཤིང་རྩིབས་ལ་སྐོར་བ་མཛད་པ་མཐོང་བ་ལ་སོགས་པ་མང་དུ་སྐྱེ་བ་དཔག་ཏུ་མེད་པ་པཎྜི་ཏ་མཛད་པ་དང་། རོ་ལ་གདོན་ཞུགས་ནས་ལངས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཞི་བ་ལ་སོགས་པའོ། །ཡོད་པ་ཐོས་མོད་ཀྱི། ཡི་གེ་ཧ་ཅང་མངས་དོགས་ནས་མ་བྲིས་སོ། །དེ་ཙམ་ཞིག་ཡོན་ཏན་དང་ལྡན་པ་དེའི་བསྔགས་པ་མ་བརྗོད་ན། གང་ཟག་གཞན་ཁ་ཅིག་རྒྱུས་མེད་པར་མ་བརྟགས་བཞིན་དུ་སྒྲོ་སྐུར་སྣ་ཚོགས་སྨྲས་པས་སྒྲིབ་པ་སོགས་པ་རྣམས་ལ་ཕན་པ་ཡང་སྲིད་པའི་ཕྱིར་དང་། བླ་མ་ཆེན་པོ་དེ་ཉིད་དང་། དེའི་ཆོས་ལུགས་ལ་མོས་པར་འགྱུར་བར་བྱ་བའི་ཕྱིར། ཡོལ་སྟག་ཚལ་ཁམ་བུ་པ། དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས། བླ་མ་དམ་པའི་ཡོན་ཏན་གཞན་ལས་ཀྱང་ཡང་དང་ཡང་དུ་ཐོས་པ་རྣམས་ཡི་གེར་བཀོད་པ་སྟེ། དེའི་དགེ་བས་བདག་དང་འགྲོ་བ་ཐམས་ཅད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མྱུར་དུ་ཐོབ་པར་གྱུར་ཅིག །སྐུ་ཆེ་བའི་ཡོན་ཏན་ཅུང་ཟད་ཡི་གེར་བཀོད་པ་རྫོགས་སོ། །སྤྲུལ་པའི་སྐུ་གྲགས་པའི་པཎྜི་ཏ་ཆེན་པོ་དེ། སྐུ་བྱིས་པ་གཞོན་ནུ་ལ་ཉང་སྨད་དུ། རྗེ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ཞེས་བྱ་བ་ལ་གསན་པ་མཛད་སྐད། དེ་ཙམ་ན་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་རྒྱགས་སྐྱེལ་དུ་བྱོན་པ་ལ་མཆེད་པོ་རྣམས་ན་རེ། ཁྱེད་ཀྱི་བུ་འདི་ཁོ་རང་ཡང་བློ་འདྲེད། ངེད་ལ་ཡང་ཐོ་ཅོ་ཆེ་བ་གནོད་པར་འདུག་པས་ཁྱེད་ཀྱིས་ད་རེས་ཁྲིད་པ་ལེགས་ཟེར་སྐད། དེ་ཡབ་ཀྱིས་དགེ་བཤེས་འགར་ལ་བསྙད་ནས། ཁོ་དེ་སྐད་ཟེར་ཁྲིད་ལ་འགྲོའམ་ཞུས་པས། སློབ་དཔོན་གྱི་ཞལ་ནས་དེ་སྐད་མ་ཟེར་ཅིག ཁོས་ཆོས་ཐམས་ཅད་གོ་ནས་ཡོད་དོ་གསུངས་སྐད། དེ་ཙམ་ན་དགུང་ལོ་བཅུ་གཉིས་ཙམ་བཞེས་ཏེ། གཞོན་ནུ་དེས་བྱིས་པ་བརྩེ་སར་ཡང་སློབ་དཔོན་གྱིས་གསུངས་ཚད་ཤར་རེ་འོང་ལ། ཆོས་ཐམས་ཅད་ཚར་རེ་གསན་པ་ལ་ཚིག་ཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་སྐད་དོ། །ནམ་ཞིག་ན་ཁོང་གི་རྨི་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱི་རྨི་བ་བྱུང་ནས་སློབ་དཔོན་ལ་བཤད་པས། རུའི་ཞལ་ནས་དེ་ཤིན་ཏུ་བཟང་། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་པས་ཕྱིས་ཁྱོད་ཀྱིས་འགྲེལ་རེ་གྱིས་ཤིག་གསུངས་སྐད་དོ། །དགུང་ལོ་བཅུ་གསུམ་ཡན་ཆད་ལ་གསན་པ་རྫོགས་པ་དང་འདྲ་བར་སོང་སྐད་དོ། །ཚར་རེ་ཐོས་པ་ལ་མ་མཁྱེན་པ་མེད་དོ། །དུས་དེ་ཙམ་ན་སྤྱི་གཏམ་དུ་ཡང་། མུལ་བ་མཚུར་སྟོན་ཡི་གེ་མཁས། །ཆོག་ཁྲིག་གྲོང་གི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམས་པ་ཨ་འོ་རང་། །ཟེར་སྐད། ཐུན་མོང་དུ་སྒྲ་དང་ཚད་མ་མཁས་པར་གྲགས་པའང་ཡིན། དེ་ནས་དུས་ཕྱིས་བླ་མས་གསུངས་པའི་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསླབ་པ་རིན་པོ་ཆེ་གསུམ་རྒྱུད་ལ་བསྟེན་པའི་ཆེད་དུ་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོ་ལྟ་སྒོམ་མན་ངག་ལ་སོགས་པ་འགྲེལ་པ་དང་བསྟན་བཅོས་དུ་མ་མཛད་སྐད་དོ། །དེའི་དུས་སུ་ཤབ་ཀྱི་སྤང་ཁྱེར་བླ་མ། མར་པ་ཆོས་ཀྱི་དབང་ཕྱུག །མདའ་བསམ་གཏན། ཁྱུང་བོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར་ལ་སོགས་པ་བོད་རུ་བཞིའི་མཁས་པ་ཐམས་ཅད་རྩོད་དེ། བོད་དུ་སྐྱེས་པའི་གང་ཟག་གིས་འདི་ཙམ་པའི་བསྟན་བཅོས་རྩོམ་པ་མི་རིགས་སོ་ཟེར་ཅིང་སུན་འབྱིན་དུ་འོངས་པ་ལ། བསྟན་བཅོས་རེ་མཐོང་ཞིང་གསུང་གླེང་རེ་མཛད་པས་ཐམས་ཅད་ངོ་མཚར་སྐྱེས་ནས་ཞབས་ཏོག་རེ་མཛད། ཆོས་རེ་ཡང་གསན་ནས། ཀུན་གྱིས་བླ་མར་ཁུར་ཞིང་སྤྱི་བོས་འདུད་པར་གྱུར་ཏོ། །གཡག་རྡོ་རྗེ་འཛིན་པ་ཆེན་པོའི་ཕྱག་ནས་ཞུས་ནས། གཉག་སྟོན་ཆེན་པོས་བྲིས་པའི་ཕྱག་དཔེ་ལ། སེའི་ཇོ་སྲས་ཀྱིས་བྲིས་པའོ། །རོང་བན་དཔལ་གྱི་རིན་པོ་ཆེའི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས། དེའི་སྲས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། སྒོམ་ཆེན་ཆོས་འཕགས་གཉིས་སོ། །ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་སོ། །གཟི་བརྗིད་ཀྱི་སྲས་སྟོན་དར་དང་། སྟོན་སྐྱབས་གཉིས་སོ། །སྟོན་དར་གྱི་སྲས་སྟོན་སེང་། དེའི་སྲས་ཇོ་སྲས་ར་སེ། དེའི་སྲས་འབུམ་དཔའོ། །སྟོན་སྐྱབས་ཀྱི་སྲས་ཇོ་སྲས་འོད་ཟེར། དེའི་སྲས་སློབ་དཔོན་འབུམ་བརྟན་ནོ། །རོང་པ་འབུམ་འབར་གྱི་སྲས་ཆོས་ཀྱི་རྒྱལ་མཚན་དང་། ཇོ་རྩེགས་དང་། ཇོ་བཟང་ལ་སོགས་པའོ། །ཆོས་ཀྱི་རྒྱལ་མཚན་གྱི་སྲས། རུ་ཨཱ་ནནྟ་བཛྲ་སྟེ་རོང་པ་ཀུན་དགའོ། །དེའི་སྲས་སློབ་དཔོན་མེ་དཔུང་ངོ་། །དེའི་སྲས་ཆོས་ཀྱི་བཤེས་གཉེན་དང་། ཆོས་བཞེད་དོ། །རོང་པ་ཇོ་བཟང་གི་སྲས་སློབ་དཔོན་ཇོ་བཀྲའོ། །དེའི་སྲས་དར་བཟང་དང་། རྡོ་རྗེ་བརྟན་པའོ། །དར་བཟང་གི་སྲས་སློབ་དཔོན་གསེར་འོད་དོ། །ཇོ་བརྟན་གྱི་སྲས་ཉི་སེང་། དེའི་སྲས་འོད་ཟེར་འབུམ་དང་འབུམ་དགོད་དོ། །རོང་སྒོམ་ཆོས་འཕགས་ཀྱི་སྲས་སློབ་དཔོན་སྟོན་གཡུང་། དེའི་སྲས་ཇོ་སྲས་ལྷ་སྤུང་། དེའི་སྲས་སློབ་དཔོན་བྱ་ཆོས་པ་ཆེན་པོ་དར་མ་བརྟན། དེའི་སྲས་སྲ་བརྟན་རྡོ་རྗེ་ལགས་སོ། །བཀྲ་ཤིས་སོ།། །།གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །གཞན་ཕན་ཆོས་ཀྱི་སྣང་བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེ །གཞན་ཕན་ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ།། །།


previousདགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བཟང་པོའི་རྣམ་ཐར།next