Nitartha Digital Library
Tibetan
རོང་ཟོམ་ཆོས་ཀྱི་བཟང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ།
   
   
   


 
previousཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ།next

ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ།

༄༅། །ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ་བཞུགས་སོ། །

༄༅། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་ལས་འདས། །ཅི་ཡང་མི་འབྱུང་ཅིར་མ་ཡིན། །རང་འབྱུང་རང་ཞི་བརྗོད་དང་བྲལ། །ཡོངས་ལ་ཁྱབ་པ་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའོ། །ཨ་ནི་མ་ཆགས་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུད། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཨེ་ནི་ཨའི་རང་བཞིན་ཏེ། །ཨ་ལས་ཨེ་འབྱུང་མཁའ་ཁྱབ་བདལ། །མི་འགྱུར་ཐོགས་མེད་བསམ་ལས་འདས། །མཐའ་དང་དབུས་མེད་ཀུན་དུ་བདལ། །ཨི་ཡི་བྱིན་རླབས་ཡེ་ཤེས་ལས། །རླུང་གི་ཆོ་འཕྲུལ་ཡཾ་དུ་ཤར། །ཐམས་ཅད་འདེགས་པའི་སྟོབས་ལྡན་ཞིང་། །རང་བཞིན་གཡོ་ཞིང་ཐོགས་མེད་འཕྱོ། །ཨ་ཡི་བྱིན་རླབས་ཡེ་ཤེས་ལས།།ཆོ་འཕྲུལ་མེ་ཡི་སྙིང་པོར་ཤར། །འབར་བ་གསལ་བྱེད་ཡེ་ཤེས་འཕྲོ། །དངོས་པོ་ཀུན་ཟད་མེ་ཀློང་འཚུབ། །རྒྱུ་ཡི་ཡི་གེ་འོད་ཟེར་ལས། །ཆུ་ཡི་སྙིང་པོ་ཆོ་འཕྲུལ་ཤར། །ནམ་མཁའི་མཐའ་དང་མཉམ་པ་ཡིས། །རླུང་མཚོ་ཐམས་ཅད་རྒྱས་པར་གྱུར། །མི་དམིགས་པ་ལས་སྣ་ཚོགས་པར། །སྣང་བ་ཆོ་འཕྲུལ་འདི་བྱུང་བས། །རྣལ་འབྱོར་ས་བཅུ་རྫོགས་པའི་དོན།།ལྷུན་གྱིས་གྲུབ་པར་བདེ་བ་ཆེ། །རྣམ་དག་ཤེས་རབ་མཁའ་ཀློང་ནས། །རྡོ་རྗེ་འབར་བའི་རི་བོ་ཤར། །རྒྱ་ཆེ་གཏིང་ཟབ་ནམ་འཕང་གཅོད། །རྟོག་པའི་རི་བོ་འཇོམས་པར་བྱེད། །བྷ་ག་གསང་བའི་འོད་ཟེར་ལས། །བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །སྟོང་ཉིད་མི་རྟོག་མེ་ལོང་ལས། །མི་སྐྱེ་མི་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱར་བཞེངས་སུ་གསོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎྜ་སརྦ་དུ་ཥྚི་སཾ་ར་ཤྲཱི་ཧེ་རུ་ཀ་ངྷ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ །༼ཕྱི་མོར་འདི་ལས་མ་བྱུང་བས་བརྟག །༽ཨེ་མ་ཧོ། །ཆོས་ཀུན་སྐུ་ལ་རྫོགས་པ་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་མཁའ་ལ་སྐར་ཚོགས་རྒྱས་པའི་སྐུ། །དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས། །ཆུ་རླབས་ལྟ་བུ་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བདལ་བ་བཞིན། །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་རྟོག་སྟོང་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་ཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེ་གསུང་གི་ལྗགས་སྒྲ་བརྡབས་པས་ཀྱང་། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །ཐེག་ཆེན་དོན་དམ་གསང་སྔགས་སྒྲོགས་པའི་ཚེ།།འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ། །སྤྱན་དམར་བཟློག་པའི་སྡང་མིག་ཉི་ལྟར་འབར། འབར་བའི་ཤངས་ནས་བསྐལ་པའི་ཚུབ་ནག་འཁྱིལ། །རྡོ་རྗེ་ཐོག་དང་གནམ་ལྕགས་སེར་ཆེན་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ཡིས། །ཉོན་མོངས་ལོག་ལྟའི་ཚོགས་ལ་རྔམ་ཞིང་འཁྲུག །ཐོད་རུས་ཤ་ཁྲག་རྐང་རུས་འབུ་དང་རྣག །ཟ་བྱེད་རྔམས་པ་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་འཇིགས་པས་བརྒྱན། །རྔམ་པའི་སྐུ་ལ་ཤིན་དུ་བརྗིད་པའི་བརྒྱན། །ཟ་བྱེད་རྔམ་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉ་མཛད། །འཁོར་བ་ཀུན་དང་ཐར་བའི་ཆོས་རྣམས་ནི། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ་རྫོགས་སོ།། །། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཞིང་། ཕྱག་བྱ་བ་དང་།བཞུགས་པ་དང་། ཕྱག་རྒྱ་དང་། སྨན་གྱི་མཆོད་པ་བགྱི། འབྱུང་བ་ཆེན་པོ་ནམ་མཁའ་ནིའི་མཆོད་པ་བྱ། དེ་ནས་སྨན་མཆོད་བྱ། དེ་ནས་སྨན་སྦྱོར་སྒྲོལ་བགྱི། ཛབ་དགུ་པའི་སྔགས་བགྲང་། ཚོགས་ཀྱི་མཆོད་པ་དང་། གཏོར་མའི་ཆོ་ག་ཡན་ཆད་རྫོགས་པར་བགྱིའོ། །དེ་ནས་རྟགས་མ་བྱུང་གི་བར་དུ། བདུད་རྩི་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་དང་། དཔང་གསོལ་བ་སྐབས་སུ་བྱས་ལ། རྟགས་བྱུང་བ་དང་བདུད་རྩི་བསྐྱིལ་ཞིང་དབབ་པ་དང་། དབང་དུ་བྱ་ཞིང་དངོས་གྲུབ་བླང་བ་བགྱི། དེ་ནས་སློབ་དཔོན་གྱི་རིག་པའི་མེ་ཏོག་དོར་ཏེ། ཧེ་རུ་གར་གྱི་ཕྱག་རྒྱས་སྤྱི་བོར་བླངས་ཏེ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །སློབ་མ་རྣམས་ཀྱིས་རུ་ལུ་གར་གྱི་བྲོས་བསྐོར་ཏེ། རྡོ་རྗེ་སློབ་དཔོན་དུ་དབང་གསོལ་ཏེ། མེ་ཏོག་ཕུལ་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །སློབ་དཔོན་གྱིས་ཀྱང་ཕོ་བྲང་སློབ་མའི་སྤྱི་བོར་བཞག་སྟེ་དབང་བསྐུར་བར་བྱའོ། །དེ་ནས་བཀྲ་ཤིས་གསོལ་ཏེ། རྒྱ་བཅག་ལ། དང་ལ་ལྷ་ལ་མཆོད་ཅིང་དངོས་གྲུབ་བླང་། དེ་ནས་གཏོར་མ་བཏང་སྟེ། ཆ་གསུམ་དུ་བགོས་ལ། དང་པོ་སྦྱིན་བསྲེག་བྱ། བར་མ་མི་ཟད་གཏེར་དུ་སྦ། ཐ་མ་མཁའ་འགྲོ་མ་བསྐྱང་སྟེ། ཤར་སྒོ་ནས་གོམ་པ་བདུན་ཅུར་མཎྜལ་ཟླ་གམ་གྱི་ཧོམ་བྱ་སྟེ། དང་པོར་གོམ་པ་བདུན་བོར་ནས། གནས་དང་པོ་མཆོད། དེ་ནས་གོམ་པ་བརྒྱད་ལ་གནས་གཉིས་པ། དེ་བཞིན་དུ་དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། ཐ་མ་བཅུ་གསུམ་པའི་མཎྜལ་ཟླ་གམ་ལ་མཁའ་འགྲོ་མའི་ཧོམ་བྱས་ལ། མར་གྱི་གནས་ཀྱི་སྦྱིན་བསྲེག་བྱ། དེ་ནས་སླར་ལོག་པ་དང་སྨོན་ལམ་གདབ་སྟེ། དཀྱིལ་འཁོར་བསྡུ་བ་དང་། བསྲུང་བ་བྱས་ལ། གཞན་གྱིས་མི་རིག་པར་བྱ་བའི་ཕྱིར་རྫས་ཀྱི་སྙིགས་མ་ཐམས་ཅད་ཀྱང་། རྩ་འམ་ཆུ་ཀླུང་དུ་དོར་བར་བྱའོ། །མཆེད་ཀུན་ཡང་གཞན་གྱིས་མ་ཚོར་བར་རང་གི་གནས་སུ་སླེབས་པར་བྱའོ། །རྫོགས་སོ།། །།ཤུ་བྷཾ་མས་ཏུ། །


previousཆེ་མཆོག་གི་སྒོམ་ཁོག་བསྟོད་པ་དང་བཅས་པ།next