Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
བླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
no previousབླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།next

བླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།


SPN001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཐ་མལ་སྤྱི་གཙུག་ཏུ། །ཡེ་ཤེས་འོད་ལྔའི་ཐིག་ལེའི་དབུས། །རིན་ཆེན་སེང་གེས་བཏེགས་པའི་ཁྲིར། །ངོ་བོ་རྩ་བའི་བླ་མ་ལ། །རྣམ་པ་རྡོ་རྗེ་འཆང་ཆེན་པོ། །གསལ་འཚེར་ནམ་མཁའི་མདོག་ཅན་གྱི། །ཕྱག་གཉིས་རྡོར་དྲིལ་བསྣོལ་ཐབས་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང། །ཕྱག་ཞབས་གདུ་བུ་སྐ་རགས་འཕྱངས། །ལོངས་སྤྱོད་རྫོགས་པའི་ཆ་ལུགས་ལྡན། །ཞལ་མདངས་འཛུམ་པའི་ཉམས་དང་བཅས། །མཚན་དཔེའི་སྐུ་མཆོག་ལྷམ་མེ་བ། །སྐྱབས་གནས་ཀུན་འདུས་དམ་པ་ལ། །ཕྱག་


SPN001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་མཆོད་པ་རྒྱ་མཚོ་འབུལ། །ཉེས་བཤགས་དགེ་ལ་ཡི་རང་ངོ་། །ཞིང་འདིར་ཆོས་སྟོན་བཞུགས་གསོལ་འདེབས། །འགྲོ་ཀུན་བྱང་ལམ་ཐོབ་ཕྱིར་བསྔོ། །རང་བྱུང་ལྷན་སྐྱེས་དོན་དམ་པ། །ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དཀྱིལ་འཁོར་ཀུན་གྱི་བདག་པོ་ཆེ། །བཀའ་དྲིན་གསུམ་ལྡན་རིན་པོ་ཆེ། །དྲིན་ཅན་རྗེ་ལ་གསོལ་བ་འདེབས། །བདག་འཛིན་འཁྲུལ་པ་དག་པ་དང། །རང་སེམས་སྐྱེ་མེད་དོན་རྟོགས་ནས། །སྣང་སྲིད་ཆོས་ཀྱི་སྐུ་རུ་འཆར། །མཆོག་གི་གོ་འཕང་ཐོབ་བྱིན་རློབས། །ཕ་གཅིག་


SPN001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྗེ་བཙུན། །རྒྱལ་དབང་སྐུ་བཞིའི་དབང་ཕྱུག །ངན་སོང་འཇིགས་སྐྱོབ་མགོན་པོ། །དྲིན་ཅན་བླ་མ་མཁྱེན་ནོ། །ཕ་གཅིག་ཕྲིན་ལས་བཞི་ལྡན། །ཡེ་ཤེས་སྐད་ཅིག་འཕོ་བའི། །ཐུགས་རྗེའི་བྱིན་རླབས་གཏེར་འཛིན། །དྲིན་ཅན་བླ་མ་མཁྱེན་ནོ། །བདག་འདྲ་ལས་ངན་སེམས་ཅན། །ཉམ་ཐག་སྐྱབས་མེད་མགོན་མེད། །ཉོན་མོངས་གཡང་ལས་ཐར་བའི། །དྲིན་ཅན་ཐུགས་རྗེས་དྲོངས་ཤིག །ཅེས་མོས་གུས་ཀྱི་འདུན་པ་རྩེ་གཅིག་པས་རྒྱང་འབོད་ཀྱི་ཚུལ་དུ་ལན་ཅི་ནུས་བྱས་ལ། དེ་ནས་བྱིན་རླབས་ཀྱི་དབང་བཞི་ལེན་པ་ནི། བླ་མའི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི། །འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས། །གནས་བཞིར་ཐིམ་པས་དབང་བཞི་རྫོགས། །སླར་ཡང་མོས་གུས་གསོལ་བཏབ་མཐུས། །དགྱེས་ཚུལ་དང་བཅས་འོད་དུ་ཞུ། །ཆུ་ལ་ཆུ་བཞག་ཇི་བཞིན་ཏུ། །སྤྲོས་མེད་ངང་ལ་མཉམ་པར་བཞག །ཅེས་ཅི་གནས་སུ་བཞག །བདག་ནི་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང། །སྒྲུབ་བརྒྱུད་བསྟན་པའི་སྒོར་ཞུགས་བླ་མ་མཆོག །འབྲལ་མེད་བརྙེས་པ་གསུམ་གྱིས་གུས་མཆོད་ཅིང། །བློ་འདས་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ཉོན་མོངས་ཆུ་བོར་སྤྱོད་པའི་འགྲོ་བ་རྣམས། །རབ་དཀར་དགེ་བའི་གྲུ་རྫིང་ལ་བརྟེན་ནས། །བྱང་ཆུབ་སེམས་གཉིས་སྐྱ་བས་རྒྱུད་བསྐུལ་ཏེ། །མྱང་འདས་ཆེན་པོའི་


SPN001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་འཕགས་ནོར་བདུན་གྱིས་ཕྱུག་པ་མཆོག་སྤྲུལ་བདེ་ཆེན་རབ་འཕེལ་ནས་བླ་མའི་རྣལ་འབྱོར་སྤྱི་ལ་འཇུག་པའི་ཁྱེར་བདེ་ཞིག་བསྐུལ་ངོར་སི་ཏུ་ཧོ་ཐོག་ཐུ་པདྨ་ཉིན་བྱེད་དབང་པོས་ཤིང་ཡོས་ཁྲུམས་ཟླའི་ཡར་ཚེས་ལ་བྲིས་པ་འགྲོ་རྣམས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པར་གྱུར་ཅིག །བཀྲ་ཤིས།། །།རང་ལྷར་གསལ་བའི་སྤྱི་བོར་པད་ཟླའི་སྟེང་། །ངོ་བོ་བླ་མ་རྣམ་པ་རྡོ་རྗེ་འཆང། །རྩ་བརྒྱུད་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཆོས་སྐྱོང་རྒྱ་མཚོས་བསྐོར་ནས་བཞུགས་པར་གསལ། །ཕྱག་འཚལ་མཆོད་ཅིང་བསྟོད་དང་ནོངས་པ་བཤགས། །ཡི་རངས་བསྐུལ་གསོལ་དགེ་བ་བྱང་ཆུབ་བསྔོ། །བདག་སོགས་འགྲོ་རྣམས་འདི་བཟུང་སྙིང་པོའི་བར། །སྐྱབས་གསོལ་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། ༀ་ཨཱཿབཛྲ་དྷཱ་ར་ཧཱུྃ། ཅི་ནུས་བཟླས་མཐར། མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་གཅིག་འདྲེས་མ་བཅོས་ངང་དུ་བཞག །དགེ་དེས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །དམ་པས་རྗེས་བཟུང་སྐུ་བཞི་མངོན་གྱུར་ཤོག །ཅེས་སི་ཏུ་པས་རྣམ་གླིང་དགོན་པར་བླ་སྤྲུལ་བཞེད་ངོར་སྤེལ་བ་དགེ།། །།སྤྱི་བོར་པད་ཉི་ཟླ་གདན་སྟེང་། །རྡོ་རྗེ་འཆང་དབང་ཆོས་ཀྱི་རྗེ། །ནམ་མཁའི་མདོག་ཅན་རྡོར་དྲིལ་བསྣམས། །ཞབས་ཟུང་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ལྷ་རྫས་དར་གྱི་ན་བཟས་མཛེས། །རིན་ཆེན་རྒྱན་གྱིས་རྣམ་


SPN001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀླུབས། །ཡེ་ཤེས་འོད་ལྡའི་ཀློང་དུ་གསལ། །སངས་རྒྱས་ཀུན་གྱི་སྤྱི་དཔལ་ཆེ། །རིགས་རྣམས་ཁྱབ་བདག་འཁོར་ལོའི་མགོན། །བཀའ་དྲིན་མཉམ་མེད་བླ་མ་མཁྱེན། །སྐྱེ་ཞིང་སྐྱེ་བར་རྗེས་འཛིན་ཏེ། །བླ་མེད་རྡོ་རྗེ་འཆང་འགྲུབ་ཤོག །སྤྱི་བོའི་བླ་མ་འོད་ཞུ་ནས། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟར། །རང་སེམས་མ་བཅོས་ལྷུག་པར་བཞག །ཅེས་རྟོགས་ལྡན་དཔལ་ལྡན་ཕྲིན་ལས་ནས་བསྐུལ་ལྟར། སི་ཏུས་དཔལ་འཛོང་གནས་མཆོག་ནས་བྲིས་པ་མངྒ་ལྃ།། །།རང་ལུས་ཐ་མལ་སྤྱི་བོ་རུ། །བླ་མ་རྡོ་རྗེ་འཆང་ཆེན་པོ། །སྐུ་ུམདོག་སྔོན་པོ་ཕྱག་གཉིས་ཀྱིས། །རྡོར་དྲིལ་བསྣོལ་ཐབས་ལོངས་སྐུའི་ཆས། །ཡོངས་རྫོགས་འོད་ལྔའི་ཀློང་དུ་གསལ། །དཀོན་མཆོག་འདུས་པའི་ངོ་བོ་ཉིད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དབང་བཞི་རྫོགས་ཐོབ་སྒྲིབ་བཞི་དག །སྐུ་བཞིའི་གོ་འཕང་ཡོངས་ཐོབ་ནས། །བླ་མེད་བྱང་གྲོལ་མྱུར་ཐོབ་ཤོག །ཅེས་བསྟན་དབང་ནས་བསྐུལ་ངོར་སི་ཏུས་སྤེལ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག །དགེའོ།། །།


no previousབླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།next