Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
གྲུབ་ཆེན་ཀརྨ་པཀྴིའི་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousགྲུབ་ཆེན་ཀརྨ་པཀྴིའི་བླ་མའི་རྣལ་འབྱོར། next

གྲུབ་ཆེན་ཀརྨ་པཀྴིའི་བླ་མའི་རྣལ་འབྱོར།


SPN001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཀརྨ་པཀྴིའི་བླ་མའི་རྣལ་འབྱོར་བཞུགས་སོ། །


SPN001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་འཁོར་འདས་ཆོས་ཐམས་ཅད། །འཛིན་མེད་བློ་འདས་ཕྱག་རྒྱ་ཆེའི། །རང་མདངས་མ་འགགས་གསལ་བའི་ངང་། །སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ཨོ་རྒྱན་ཆེན་པོའི་ངོ་བོ་ཉིད། །རྣམ་པ་དཔལ་ཆེན་ཧེ་རུ་ཀ། གྲུབ་ཐོབ་རྒྱ་མཚོའི་དབང་ཕྱུག་མཆོག །ཀརྨ་པཀྴི་གཟི་འོད་འབར། །དམར་སྨུག་ཞལ་གཅིག་ཕྱག་གཉིས་ཀྱི། །ཟིལ་གནོན་ཕྱག་རྒྱ་ཞབས་རྡོར་སྐྱིལ། །ཆོས་གོས་རྣམ་གསུམ་ཟབ་བེར་གསོལ། །ཞྭ་ནག་ཁྱུང་གཤོག་དབུ་ལ་མཛེས། །སྤྱན་གསུམ་འོད་ཀྱི་དཀྱིལ་འཁོར་འཁྱིལ། །ཁྲོ་འཛུམ་ཨག་ཚོམ་ཟུར་གསུམ་ནག །ཡེ་ཤེས་ལྔ་ལྡན་ཐིག་ལེའི་དབུས། །སྣང་ལ་རང་བཞིན་མེད་པར་གསལ། །གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །རྩ་གསུམ་ལྷ་ཡི་ཐུགས་རྗེ་བསྐུལ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །དབང་ལྷས་དབང་བསྐུར་མཆོད་ཅིང་བསྟོད། །རིགས་བདག་པད་འབྱུང་རྒྱས་གདབ་གྱུར། །ཐུགས་ཀར་ཧཱུྃ་མཐར་སྔགས་ཕྲེང་འཁོར། །སྤྲོ་བསྡུས་སྒྲིབ་སྦྱང་རྒྱལ་ཀུན་གྱི། །ཡེ་ཤེས་ཆེན་པོ་ཐོབ་པར་གྱུར། །ༀ་ཨཱཿཤྲི་མཱན་མ་ཧཱ་གུ་རུ་ཀརྨ་པཀྴི་སརྦ་སིདྡྷི་ཕ་ལ་ཧཱུྃ། དུས་གསུམ་མཉམ་མེད་ཤཱཀྱའི། །རྒྱལ་པོས་བྱིན་རླབས་ལུང་བསྟན། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་། །ཞེས་གྲགས་སངས་རྒྱས་གཉིས་པ། །པད་འབྱུང་དབྱེར་མེད་ཉིད་དུ། །ལུང་


SPN001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་བསྟན་འགྲོའི་མགོན་པོ། །དུས་གསུམ་མཁྱེན་པ་ནས་བཟུང་། །བཅུ་གསུམ་བདུད་འདུལ་རྡོ་རྗེའི། །བར་དུ་སྐྱེས་རབས་ཕྲེང་བ། །གཅིག་ཏུ་བསྡུས་པའི་ངོ་བོ། །ཆོས་ཀྱི་བླ་མ་མཁྱེན་ནོ། །གཉིས་འཛིན་འཁྲུལ་པས་བསླད་པའི། །འཁོར་བའི་འཁོར་ལོ་འདི་ལྟའི། །མ་དག་སེམས་ཀྱི་ཆོ་འཕྲུལ། །རིག་སྟོང་རྩ་བྲལ་ཆེན་པོ། །རང་གསལ་རང་གྲོལ་ངང་དུ། །ཀ་དག་དབྱིངས་སུ་ཟློག་ཅིག །ༀ་ཨཱཿཀརྨ་པཀྴི་ཧཱུྃ། གསོལ་བཏབ་མཐུ་ལས་དེང་ནས་བཟུང་། །མ་ནོར་ལམ་སྟོན་བླ་མ་དང་། །ཐེག་ཆེན་གསང་སྔགས་དམ་པའི་ཆོས། །སྤྱོད་པའི་སྐལ་བ་ལྡན་གྱུར་ཅིག །ལྟ་ལོག་ཆོས་ལྟར་བཅོས་པའི་བདུད། །དམ་ཉམས་འདྲེས་ཁྱེར་དྲེད་པོ་ཡིས། །ནམ་ཡང་བསླུ་བར་མ་གྱུར་ཅིག །གདོད་མའི་སངས་རྒྱས་ཀུན་ཏུ་བཟང་། །དགོངས་པ་མཉམ་ཉིད་རྟོགས་པར་ཤོག །བླ་མ་འོད་ཞུ་རང་ལ་ཐིམ། །ཆུ་ལ་ཆུ་བཞག་ཇི་བཞིན་པར། །དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །སྣང་གྲག་རྟོག་བའི་དོན་ཐམས་ཅད། །བླ་མའི་དཀྱིལ་འཁོར་ཡོངས་སུ་ཤར། །འཁོར་འདས་དུས་གསུམ་དགེ་བའི་ཚོགས། །འབྲས་བུ་སྐུ་གསུམ་ཐོབ་ཕྱིར་བསྔོ། །རྩ་གསུམ་བདེ་ལེགས་རབ་དགའི་ཆར། །སྲིད་གསུམ་ཀུན་ཏུ་ཁྱབ་གྱུར་ཅིག །སྐྱབས་ཆེ་བླ་མ་བསོད་ནམས་ཆོས་འཕེལ་གྱི་དགོངས་བཞེད་ལྟར་གར་དབང་རིན་པོ་ཆེའི་བཀའ་ཕེབས་པར་སི་ཏུ་པདྨ་ཉིན་བྱེད་དབང་པོས་འོག་མིན་ཀརྨ་ནས་སྤེལ་བ་མདྒ་ལཾ། དགེའོ།། །།


previousགྲུབ་ཆེན་ཀརྨ་པཀྴིའི་བླ་མའི་རྣལ་འབྱོར། next