Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
ཐུན་མིན་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousཐུན་མིན་བླ་མའི་རྣལ་འབྱོར། next

ཐུན་མིན་བླ་མའི་རྣལ་འབྱོར།


SPN001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མིན་བླ་མའི་རྣལ་འབྱོར་བཞུགས། མཆོག་གསུམ་ངོ་བོ་


SPN001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྡོ་རྗེ་འཆང་ཀརྨ་པ་ལ་ཕྱག་འཚལ་ལོ། །འདིར་སྐལ་བ་དང་ལྡན་པ་དག་གི་སྤྱོད་ཡུལ་དུ་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་བསྒོམ་པར་སྤྲོ་ན། དང་པོ་སྐྱབས་སེམས་ནི། བདག་དང་མ་གྱུར་འགྲོ་བ་རྣམས། །དེང་ནས་བྱང་ཆུབ་སྙིང་པོའི་བར། དཀོན་མཆོག་ཀུན་འདུས་བླ་མ་ལ། །རྟག་པར་སྐྱབས་མཆི་གསོལ་བ་འདེབས། །དུས་གསུམ་མཁའ་མཉམ་སེམས་ཅན་རྣམས། །རྫོགས་སངས་གོ་འཕང་ལ་འགོད་ཕྱིར། །སྨོན་དང་འཇུག་བའི་སེམས་བསྐྱེད་ནས། །ཚད་མེད་འགྲོ་སྒྲོལ་དམ་བཅའོ། །ལན་བདུན་ནམ་ཉེར་གཅིག །གཉིས་པ་བསྐྱེད་རིམ་རྣལ་འབྱོར་ནི། ༀ་ཤཱུ་ནྱ་ཏས་སྦྱངས་ནས། གཟུང་འཛིན་སྣང་བ་འདི་ཀུན་རང་བཞིན་གྱི། །སྟོང་པའི་རང་མདངས་དེ་ལས་མ་གཡོས་ངང་། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་མཁར། །ཡེ་ཤེས་ལྔ་ལྡན་འོད་ཀློང་དཀྱིལ་འཁོར་དབུས། །གྱད་དང་སེང་ཆེན་གྱིས་བཏེགས་རིན་ཆེན་ཁྲིར། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང། །དེ་དབུས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །རྩ་བའི་བླ་མ་བྱམས་ཆེན་མི་ཕམ་མགོན། །དངོས་སྣང་རྗེ་བཙུན་དྷརྨཱ་ཀ་ར་མཆོག །ཞྭ་དམར་གསེར་མདངས་ཅོད་པན་དབུ་ལ་གསོལ། །དཀར་གསལ་བགྲེས་ཉམས་ཕྱག་གཉིས་ཆོས་འཆད་རྒྱས། །ཨུཏྤལ་སྡོང་བུས་བཏེགས་པའི་རལ་པོད་བསྣམས། །ཆོས་གོས་རྣམ་གསུམ་ཞབས་གཉིས་རྡོར་སྐྱིལ་བཞུགས། །དེ་ཡི་དཔྲལ་བར་པད་ཉི་ཟླ་སྟེང་དུ། །མ་འོངས་བསྐལ་བཟང་དྲུག་པ་


SPN001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་སྒྲའི། །རྣམ་འཕྲུལ་དཔལ་ལྡན་དུས་གསུམ་ཀུན་ཏུ་མཁྱེན། །བགྲེས་ཚུལ་ཞྭ་ནག་ཅོད་པན་ཕྱག་བྱང་ཆུབ། །མཆོག་གི་རྒྱ་ཅན་ངུར་སྨྲིག་རྣམ་གསུམ་བཀླུབས། །རྡོར་སྐྱིལ་གྱིས་བཞུགས་མགྲིན་པར་པདྨ་དང། །ཉི་ཟླའི་སྟེང་དུ་འདས་པའི་སངས་རྒྱས་ནི། །རཏྣ་ཨངྒ་སྤྲུལ་བསྒྱུར་གར་གྱི་དབང་། །དཀོན་མཆོག་ཡན་ལག་པད་རག་ཅོད་པན་མཛེས། །ཕྱག་གཉིས་བགྲང་ཕྲེང་ཆོས་གོས་གསུམ་ལྡན་གསོལ། །ཞབས་གཉིས་སྐྱིལ་མོ་ཀྲུང་བཞུགས་ཐུགས་ཀ་རུ། །པད་ཉི་ཟླ་སྟེང་སྙིང་པོ་དོན་བརྒྱུད་ཀྱི། །བྱིན་རླབས་ངེས་ཐོབ་པདྨ་ཉིན་བྱེད་དབང་། །དགེ་སློང་ཆ་ལུགས་དབང་ཞུ་མཐོང་གྲོལ་ཅན། །རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་དང་བཅས་གསལ། །གཙོ་བོའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །རིགས་བདག་རྡོར་འཆང་ཟླ་འོད་གཞོན་ནུའི་ཚུལ། །སྒོམ་ཞྭ་གསོལ་ཞིང་འདུལ་འཛིན་ཆ་བྱད་ཀྱི། །མཉམ་བཞག་ནོར་བུ་བསྣམ་ཞིང་ཞབས་རྡོར་སྐྱིལ། །དེ་ལྟར་སངས་རྒྱས་སྐུ་ལྔའི་བདག་ཉིད་གསལ། །ཕྱོགས་དང་ཕྱོགས་མཚམས་བཀའ་བརྒྱུད་བླ་མའི་ཚོགས། །དུས་གསུམ་རྒྱལ་དང་དམ་ཆོས་འཕགས་དགེ་འདུན། །རྒྱུད་བཞིར་འབྲེལ་བའི་ཡི་དམ་དཀྱིལ་འཁོར་ལྷ། །ཡེ་ཤེས་ཆོས་སྐྱོང་ལས་དང་འཇིག་རྟེན་གྱི། །དམ་ཅན་བཀའ་ཡི་སྲུང་མ་མཐུ་རྩལ་ཅན། །ཀུན་ཀྱང་བཀྲ་གསལ་ལམ་མེར་སྤྲིན་ལྟར་གཏིབས། །གསོལ་བཏབ་ཙམ་གྱིས་བཟོད་མེད་མོས་གུས་


SPN001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །ཐ་མལ་སྣང་བ་གང་ཤར་སྟོང་ཉིད་དང་། །སྙིང་རྗེ་ཟུང་འཇུག་བདེ་གསལ་མི་རྟོག་ངང་། །སྣང་སྲིད་བླ་མའི་དཀྱིལ་འཁོར་རོལ་པར་ཤར། །སོ་སོའི་གནས་གསུམ་ༀ་དཀར་ཨཱཿདམར་པོ། །ཧཱུྃ་མཐིང་མཚན་པ་དེ་ལས་འོད་ཟེར་འཕྲོས། །འོག་མིན་ཆོས་དབྱིངས་ཕོ་བྲང་བདེ་བ་ཆེ། །རང་རིག་ངོ་བོ་དག་པ་རབ་འབྱམས་ཀྱི། །ལྷ་ཚོགས་སྤྱན་དྲངས་བཛྲ་ས་མ་ཛཿགསུམ་པ་སྤྱན་འདྲེན་ནི། ༀ། སྐུ་ལྔའི་བདག་ཉིད་བཅོམ་ལྡན་འདས། །ཨཱཿརྣམ་གྲོལ་ལམ་མཆོག་སྟོན་པའི་བདག །ཧཱུྃ། ཟབ་ཞི་སྤྲོས་བྲལ་འདུས་མ་བྱས། །ཧོཿདབྱིངས་ནས་བརྩེར་དགོངས་འདིར་གཤེགས་གསོལ། །བདག་གཞན་འགྲོ་རྒྱུད་ཉོན་མོངས་ཀྱི། །དྲ་བ་རྩད་ནས་གཞོམ་པའི་ཕྱིར། །ཡེ་ཤེས་ཐུགས་རྗེའི་ཀློང་ཡངས་ནས། །མཆོག་ཐུན་གྲུབ་པའི་བདུད་རྩིའི་ཆར། །བྱིན་རླབས་དབང་བཞིས་སྨིན་པ་དང་། །རྒྱུད་བཞི་གྲོལ་བར་མཛད་དུ་གསོལ། །བཞི་པ་མཆོད་འབུལ་ནི། རང་གི་ཐུགས་ཀའི་འོད་ཟེར་ལས། །སྤྲུལ་པའི་རྡོ་རྗེ་ལྷ་མོ་ནི། །གཟུགས་སྒྲ་དྲི་རོ་རེག་ཆོས་སོགས། །ཕྱི་ཡི་མཆོད་པ་བཅུ་དྲུག་དང་། །དམ་རྫས་ཤ་ལྔ་བདུད་རྩི་ལྔ། །བླ་མེད་ནང་གི་མཆོད་པ་དང་། །གསང་བ་བདེ་སྟོང་དབྱེར་མེད་ངང་། །ཟུང་འཇུག་བདེ་ཆེན་མཆོད་པ་འབུལ། །དེ་ལྟར་མཆོད་བྱ་མཆོད་བྱེད་རྣམས། །གཉིས་མེད་རྟོགས་པས་བསྐང་ཞིང་བཤགས། །ཡི་གེ་བརྒྱ་པ་བརྗོད་ལ། །བདག་གཞན་


SPN001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་ཉེས་པ་གང་མཆིས་བཤགས་ཤིང་། བླ་མ་རྣམས་ཀྱི་སྐུ་ལས་བདུད་རྩི་འོ་རྒྱུན་ལྟ་བུ་སྤྲོས་ནས་རང་ལུས་ལྟེམས་ཀྱིས་གང་ནས། དེའི་འོད་ཟེར་གྱིས་འགྲོ་བའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་མོས་ལ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་རྩེ་གཅིག་མོས་པས། ཀརྨ་པ་མཁྱེན་ནོ། །ཅི་ནུས་བཟླ། དྲུག་པ་བླ་མ་རྒྱང་འབོད་གསོལ་འདེབས། དུས་གསུམ་གྱི་སངས་རྒྱས་འདུས་པའི་སྐུ། །ཆོས་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འདྲེན་པ་ཚོགས་ཞིང་གི་མངའ་བདག་མཆོག །མ་རིགས་དྲུག་སེམས་ཅན་གཟིགས་སུ་གསོལ། །མཁའ་ཁྱབ་ཆོས་སྐུ་ཡི་རང་བཞིན་ལ། །བདེ་བ་ཆེ་ལོངས་སྤྱོད་ཡོངས་རྫོགས་པ། །གང་འདུལ་གྱི་སྤྲུལ་བསྒྱུར་སྟོན་པ་པོ། །བདག་འགྲོ་དྲུག་ཐུགས་རྗེས་སྐྱོང་དུ་གསོལ། །འཇིག་རྟེན་གྱི་ཞེན་འཛིན་མཐའ་མེད་འདི། །བློ་ཨ་འཐས་འཁྲུལ་སྣང་ཤེས་བཞིན་པར། །མི་རྟག་དང་ངེས་འབྱུང་མོས་གུས་ཀྱིས། །ལུས་རྟེན་འདིར་རྒྱུད་གྲོལ་བྱིན་གྱིས་རློབས། །སྣང་སྲིད་ཀུན་སྐྱེ་མེད་ཀློང་ཡངས་པར། །རང་བྱུང་གི་རིག་པ་རང་གྲོལ་ངང་། །ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་གྱུར་ནས། །རྗེ་བཙུན་གྱི་རྣམ་ཐར་མཚུངས་བྱིན་རློབས། །དེ་ནས་བདུན་བ་དབང་བཞིའི་བྱིན་རླབས་བསྐུལ་བ། ཀྱེ་ཧོ། ཕ་གཅིག་དྲིན་ཆེན་བླ་མ། །དོན་བརྒྱུད་བྱིན་རླབས་གཏེར་ཆེན། །དེང་བདག་རྡོ་རྗེ་སེམས་དཔའ། །མྱུར་འགྲུབ་རྒྱུད་སྨིན་གྲོལ་མཛོད། །མཐོང་ཐོས་དྲན་རེག་འབྲེལ་ཚད། །ཐུགས་རྗེའི་རོལ་པས་སྐྱོང་བཞིན། །གང་འདིར་མངོན་བྱང་ཆུབ་པའི། །གོ་འཕང་བདེ་བླག་སྩོལ་


SPN001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བརྒྱད་བ་དབང་ལེན་པ་དངོས། དེ་ལྟར་གསོལ་བཏབ་ཐུགས་བརྒྱུད་བསྐུལ་བའི་མཐུས། །སྐྱབས་གནས་རྒྱ་མཚོ་འདུས་ཞལ་ངེས་པ་ཡི། །བླ་མའི་དཀྱིལ་འཁོར་ལྷ་ཚོགས་འོད་ཞུ་ནས། །རིགས་ཀུན་ཁྱབ་བདག་གཙོ་བོའི་སྐུ་ུལ་ཐིམ། །དེ་ཡི་གསང་གསུམ་ཡེ་ཤེས་རྡོ་རྗེ་བཞིའི། །བྱིན་རླབས་བུམ་གསང་ཤེར་ཡེ་བཞི་པའི་དོན། །རྣམ་པ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་ག །ཧོཿལྗང་འོད་ཟེར་དང་ནི་བདུད་རྩིའི་རྒྱུན། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །རྒྱུད་སྨིན་སྒྲིབ་དག་ལམ་བཞི་འབྱོངས་པ་དང་། །སྐུ་བཞིའི་གོ་འཕང་མངོན་གྱུར་བྱིན་གྱིས་རློབས། །བླ་མ་དགྱེས་ཞལ་མདངས་བཅས་འདི་སྐད་དུ། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡངས་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །ཅེས་པའི་ཟབ་དོན་བཀའ་གསང་གནང་ཐོབ་ནས། །བྱམས་ཆེན་ཞི་བའི་དབྱིངས་ལས་རྗེས་དགོངས་ཏེ། །འོད་ཞུ་བདག་ཐིམ་དབྱེར་མེད་བདེ་ཆེན་ངང་། །མ་བཅོས་སྤྲོས་ཀུན་བྲལ་བའི་ཀློང་དུ་བཞག །ཅི་གནས་སུ་ཉམས་ལེན་བསྐྱངས་ལ་མཐར་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་ཡང་བྱའོ། །ཅེས་པའི་རྣལ་འབྱོར་དོན་ཚན་བརྒྱད་པ་འདིའང་སི་ཏུ་པདྨའི་མིང་ཅན་གྱིས། བམ་སྟེང་གྲུབ་པའི་དབང་མཆོག་གི། །སྤྲུལ་གར་སྔོན་སྨོན་ལེགས་སྨིན་པ། །གུཎའི་མཚན་ཅན་བཞེད་སྐོང་ཆེད། །བཀོད་དགེས་འགྲོ་ཀུན་སངས་རྒྱས་ཤོག །མདྒ་ལཾ། ཛ་ཡནྟུ།། །།


SPN001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མ་རྒྱང་འབོད་དང་གསོལ་འདེབས་དངོས་གྲུབ་ཡོངས་འདུ་ཞེས་པ་བཞུགས་སོ། །ཨ་ཧོཿརང་སེམས་འཁྲུལ་པ་རྒྱ་འབྱམས་ཀྱི་ངང་ནས། །སྐབས་ཤིག་སྣང་བ་ཡེ་ཆ་ལས་འཕྲོས་པའི། །རྩ་བའི་བླ་མ་དམ་པ་དེ་དྲན་བྱུང་། །རྡོ་རྗེ་འཆང་དངོས་སུ་ངེས་ཤེས་རྙེད་བྱུང་། །འཇུར་བུར་བཅིངས་པའི་རྗེས་ཤེས་ཀྱི་ངང་ནས། །རྣམ་རྟོག་ཐོལ་བྱུང་དུ་གཏད་མེད་འཕྲོས་པའི། །དྲན་མཆོག་རྩ་བའི་བླ་མ་གསལ་བྱུང་ངོ་། །རྡོ་རྗེ་འཆང༴ སེམས་དུས་གསུམ་གྱི་སྤྲོས་པ་རྒྱུན་བཅད་ནས། །ཤེས་ཐོག་ཏུ་རིག་པ་གནས་པའི་ཚེ་ན། །གཤིས་ཀུན་ཁྱབ་ངོ་བོ་བླ་མ་དྲན་བྱུང་ངོ་། །རྡོ་རྗེ༴ མགོན་ཁྱོད་ཀྱི་བཀའ་དྲིན་རྗེས་སུ་སྐྱོང་བའི། །ལམ་འབྲས་བུའི་ཉམས་ལེན་གནད་དུ་བསྣུན་པས། །སྐུ་བཞི་ཡི་དབང་ཕྱུག་བླ་མ་དྲན་བྱུང་ངོ་། །རྡོ་རྗེ༴ སྣང་སྲིད་ཀྱིས་བསྡུས་བའི་ཆོས་རྣམས་ཐམས་ཅད། །ཆོས་དབྱིངས་ཡེ་སྟོང་མཐའ་བྲལ་གྱི་ཡེ་ཤེས། །སྐྱེ་མེད་ངོ་བོ་བླ་མ་དྲན་བྱུང་ངོ་། །རྡོ་རྗེ་འཆང་དངོས་སུ་ངེས་ཤེས་རྙེད་བྱུང་། །སུ་ཁ་སིདྡྷི། ཨ་ཧོཿགསོལ་བ་སྙིང་གི་དཀྱིལ་ནས་འདེབས་སོ། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ་ཅིག །ཕ་གཅིག་སངས་རྒྱས་རྡོ་རྗེ་འཆང་མཁྱེན་ནོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྨིན་གྲོལ་སྩོལ་ཅིག །ཅེས་རྒྱང་འབོད་དར་དྲག་ལ་ཡུན་རིང་བ་སེམས་མོས་གུས་ཀྱི་སྣང་བ་འགྱུར་ངེས་བྱས་ལ་མཆོག་གི་བླ་མའི་རྣལ་འབྱོར་རྣམས་ལ་རྟག་འགྲུས་སུ་འབད་པ་ཆེར་སྤྲོ་བར་རིགས་སོ། །དེ་ཡང་དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་བའི་ལྷ། །བསྐལ་བ་འབུམ་དུ་བསྒོམས་པ་ལས། །བླ་མ་དྲན་བ་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་པ་ས་ཡ་ལས། །བླ་མའི་གསོལ་འདེབས་ལན་གཅིག་ལྷག །ཅེས་སོགས་ཕན་ཡོན་མཐའ་ཡས་བར་གསུངས་པའི་ཕྱིར་རོ། །མདྒ་ལམ་ཀུརྦནྟུ། ཤུ་བྷམ།། །།


previousཐུན་མིན་བླ་མའི་རྣལ་འབྱོར། next