Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
བླ་སྒྲུབ་ཡིད་བཞིན་ཀུན་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་སྒྲུབ་ཡིད་བཞིན་ཀུན་སྩོལ། next

བླ་སྒྲུབ་ཡིད་བཞིན་ཀུན་སྩོལ།


SPN001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྒྲུབ་ཡིད་བཞིན་ཀུན་སྩོལ་ཞེས་བྱ་བ་བཞུགས་སོ། །སྭ་སྟི། འདིར་དཔལ་ལྡན་ཀརྨ་པའི་བླ་མའི་རྣལ་འབྱོར་ལ་བརྩོན་པའི་སྒྲུབ་པ་པོས། དབེན་པའི་གནས་སུ། རྟེན་གསུམ་གྱི་དྲུང་དུ་མཆོད་པ་ཇི་སྙེད་ཚར་དུ་དངར་བ་བཤམས་པར་བྱའོ། །དེའང་དང་པོ་ཡོན་ཏན་ཟུར་ཙམ་བརྗོད་ན། རྡོ་རྗེ་གདན་བཞི་ལས། དུས་གསུམ་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་མཆོད། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཅེས་དང་། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་སོགས་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ནི། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཅེས་སོགས་རྒྱུད་ལུང་དུ་མ་ནས་བསྔགས་པའི་ཡུལ་དུ་མཛད་པ་ལྟར་མོས་པས་ཡར་གཞལ་ཙམ་དུ་མ་ཡིན་པར། བཅོས་མིན་གྱི་དད་གུས་གདུང་ཤུགས་དང་བཅས་པས་ཀུན་ནས་བསླང་པས་ཚུལ་འདིར་འཇུག་པ་ལ་ཐོག་མར་སྐྱབས་ཡུལ་རྣམས་མདུན་མཁར་ལམ་གྱིས་གསལ་བཏབ་ལ། ན་མོ། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་གཅིག་བསྡུས་རྡོ་རྗེ་འཛིན། །རྩ་བའི་བླ་མར་དེང་བཟུང་སྙིང་པོའི་བར། །བདག་སོགས་སྐྱབས་མཆི་ཐུགས་རྗེས་བཟུང་དུ་གསོལ། །མ་གྱུར་སེམས་ཅན་དོན་ཕྱིར་བླ་མ་བསྒྲུབ། །ཀུན་ཀྱང་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ། །ཅེས་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་དང་། དེ་ནས་བླ་མའི་རྣལ་འབྱོར་ལ་འཇུག་པ་ནི། སྣང་སྲིད་ཆོས་ཀུན་དམིགས་མེད་ངང་། །སྟོང་དང་སྙིང་རྗེའི་རྩལ་སྣང་ལས། །རང་ཉིད་རྡོ་རྗེ་རྣལ་འབྱོར་མར། །གསལ་བའི་སྤྱི་བོར་པད་དཀར་དང་། །ཉི་ཟླའི་སྟེང་དུ་རྒྱལ་ཀུན་གྱི། །ཡེ་ཤེས་གཅིག་བསྡུས་འཁོར་ལོའི་མགོན། །ངོ་བོ་དཔལ་ལྡན་ཀརྨ་པ། །རྗེ་བཙུན་བདུད་འདུལ་


SPN001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ། །རྣམ་པ་བཅོམ་ལྡན་རྡོ་རྗེ་འཆང་། །ནམ་མཁའི་མདོག་ཅན་ལོངས་སྐུའི་ཆས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཐབས་ཤེས་རྡོར་དྲིལ་བསྣོལ་སྟབས་འཛིན། །ཞབས་གཉིས་རྡོར་སྐྱིལ་འོད་ལྔའི་ཀློང་། །སྒྲུབ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །ཀུན་ཀྱང་མཚན་དཔེ་ལྷམ་མེར་གསལ། །ཆོས་དབྱིངས་དགོངས་པ་སྐྱེ་མེད་ངང་། །དོན་དམ་གཟིགས་པའི་ལྟ་སྟངས་ཅན། །དྲན་ཙམ་ཉིད་ནས་མོས་གུས་འབར། །བཟོད་མེད་གདུང་ཤུགས་དྲག་པོ་ཡིས། །གསོལ་བཏབ་ཙམ་གྱི་བྱིན་རླབས་མྱུར། །མྱུར་བའི་སྟོབས་ཀྱིས་བདག་རྒྱུད་ལ། །ཡེ་ཤེས་མངོན་སུམ་སྟོན་བ་ཡི། །ཐུགས་རྗེའི་འོད་ཟེར་ཀུན་ཏུ་ཁྱབ། །སྙིང་ནས་གསོལ་འདེབས་དུས་ལ་བབ། །ཀྱེ། སྣང་སྟོང་སྐུ་ལ་གྲག་སྟོང་གསུང་། །བདེ་སྟོང་ཐུགས་ཀྱི་རང་བཞིན་ཅན། །རྡོ་རྗེའི་གསང་བ་གསུམ་ཕྱག་འཚལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །ཀྱེ། རང་བྱུང་སྣང་སྟོང་ཕོ་བྲང་ནས། །རྩ་བའི་བླ་མ་སྤྱན་འདྲེན་ན། །གནམ་ས་བླ་འོག་མཆོག་གསུམ་དང་། །རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབས། །དངོས་གྲུབ་ཆར་འབེབས་འཇའ་འོད་འཚེར། །དད་དང་གདུང་བས་གསོལ་བཏབ་པས། །ཐུགས་དམ་དབང་གིས་འདིར་གཤེགས་གསོལ། །མོས་བའི་བུ་ལ་བྱིན་གྱིས་རློབས། །དེ་ལྟར་བྱིན་འབེབས་ནས་མཆོད་པ་འབུལ་བ་ཡན་ལག་བདུན་པ་ནི། ཕྱག་


SPN001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་མཆོད་ཅིང་མི་དགེ་བཤགས། །ཡི་རངས་ཆོས་འཁོར་བསྐོར་གསོལ་འདེབས། །དགེ་བས་འགྲོ་དྲུག་སངས་རྒྱས་ཀྱི། །གོ་འཕང་ཐོབ་པའི་ཕྱིར་བསྔོའོ། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཀྱི། །དངོས་པོ་ཀུན་གྱི་མཆོད་པའི་ཚོགས། །ཞིང་ཁམས་རབ་འབྱམས་རྒྱས་འགེངས་པ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། དེ་ནས་རྗེ་ཟླ་འོད་གཞོན་ནུའི་གསུང་ལས་བྱུང་བ་འདིའང་བྱིན་རླབས་ཀྱི་ཁྱད་དུ་བརྗོད་པར་བྱ་བ་ནི། བླ་མ་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །འདུག་ས་འདི་ཉིད་དུ་དག་པར་བྱིན༴ ཐུན་གཅིག་པོ་འདི་ཉིད་ངང་ལ་དག་པར་བྱིན༴ བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་འདི་དག་པར་བྱིན༴ རྒྱུད་འདི་རྣམ་པར་གྲོལ་བར་བྱིན༴ ད་ལྟ་ཉིད་དུ་དག་པར་བྱིན༴ འདུག་ས་འདི་ཉིད་དུ་དག་པར་བྱིན༴ ཐུན་འདི་ཉིད་ལ་དག་པར་བྱིན༴ བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ་ཏིང་ངེ་འཛིན་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་སྐྱེ་བར་མཛད་དུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན༴


SPN001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་འདི་ཉིད་ཀྱི་རིང་ལ་སྐྱེ་བར་བྱིན༴ བླ་མ་རྗེ་བཙུན་རིན་པོ་ཆེ་བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ་ཡེ་ཤེས་ཕྱིན་ཅི་མ་ལོག་པ་མཆོག་ཏུ་གྱུར་པ་བསྐྱེད་པར་མཛད་དུ་གསོལ། །ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན༴ ཐུན་འདི་ཉིད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པ་རྣམས་སོ་སོར་ལན་གསུམ་རེ་བརྗོད་ལ། ཀརྨ་པ་མཁྱེན་ནོ། །ཞེས་ཅི་ནུས་དང་། དེ་ནས་རྗེ་དུས་གསུམ་མཁྱེན་པས་མཛད་པར་གྲགས་པ། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་མིན་རྣམ་རྟོག་འགག་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་རློབས། །ཅེས་ཀྱང་བརྗོད་པར་བྱའོ། །སྤྲོ་ན་རྒྱང་འབོད་མདོར་བསྡུས་ནི། སྐྱབས་དཀོན་མཆོག་འདུས་པའི་ངོ་བོ་ཉིད། །མགོན་དྲིན་ཆེན་རྩ་བའི་བླ་མ་ལ། །དུས་འདི་ནས་མཐར་ཐུག་སངས་རྒྱས་བར། །བདག་མགོན་མེད་སེམས་ཅན་བསྐྱབ་ཏུ་གསོལ། །གནས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མཚོར། །བྱིངས་པ་ཡི་སྐྱབས་མེད་རྣམས་བསྒྲལ་དུ་གསོལ། །གདོད་རང་ཆས་སུ་གྲུབ་པའི་གཉུག་མའི་སེམས། །དོན་མངོན་གྱུར་གྱི་རྟོགས་པའི་གདེང་ཐོབ་ཤོག །ཕ་བཀའ་བརྒྱུད་ཀྱི་བླ་མ་དགོངས་སུ་གསོལ། །ཆོས་ཐེག་ཆེན་གྱི་ལྟ་སྒོམ་རྣམ་དག་པར། །ཚུལ་ཇི་བཞིན་ཤེས་རབ་ཀྱི་མིག་ཐོབ་ནས། །གནད་མ་ནོར་སྦྱངས་གོམས་ཀྱི་མཐར་སོན་ཤོག །དེ་ནས་བརྒྱུད་པའི་གསོལ་འདེབས་བསྡུས་པར་ན། ཆོས་སྐུ་རྡོ་རྗེ་འཆང་ཆེན་མ་ཏིའི་ཞབས། །ས་ར་ཧ་དང་ཀླུ་སྒྲུབ་ཤ་བ་རི། །མཻ་ཏྲི་མར་མི་དྭགས་


SPN001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དུས་གསུམ་མཁྱེན། །རས་ཆེན་རྒྱལ་སྲས་པཀྵི་ཨོ་རྒྱན་རྗེ། །རང་བྱུང་གཡུང་སྟོན་རོལ་རྡོར་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་བ་རིན་ཆེན་བཟང་དོན་ལྡན། །འཇམ་དཔལ་བཟང་པོ་གུ་ཤྲི་མཚོ་སྐྱེས་ཞབས། །སངས་རྒྱས་མཉན་པ་མི་བསྐྱོད་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་སྙིང་པོ་དང་། །ཡེ་ཤེས་རྡོ་རྗེ་ཆོས་ཀྱི་དོན་ཀུན་འགྲུབ། །བྱང་ཆུབ་རྡོ་རྗེ་ཆོས་ཀྱི་འབྱུང་གནས་མཆོག །བདུད་འདུལ་རྡོ་རྗེ་ཆོས་གྲུབ་རྒྱ་མཚོའི་སྡེ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀའ་སྲུང་ལ། །གསོལ་འདེབས་རང་བྱུང་རིག་པ་རང་གྲོལ་ངང་། །ལྷན་སྐྱེས་ཡེ་ཤེས་མངོན་གྱུར་བྱིན་གྱིས་རློབས། །དེ་ནས་བྱིན་རླབས་དབང་བཞི་བླང་བའི་རིམ་པ་ནི། དྲན་ཆོག་རྒྱལ་པོ་བླ་མ་རིན་པོ་ཆེ། །སྐལ་ལྡན་སྨིན་གྲོལ་དབང་བཞི་བསྐུར་གསོལ་འདེབས། །སྐྱབས་ཡུལ་ཐམས་ཅད་རྩ་བའི་བླ་མར་ཐིམ། །དགྱེས་པ་དང་བཅས་དབང་གི་དགོངས་པ་མཛད། །བླ་མའི་དཔྲལ་བའི་ༀ་ལས་འོད་དཀར་འཕྲོས། །རང་གི་དཔྲལ་ཐིམ་ལུས་ཀྱི་སྒྲིབ་པ་དག །བུམ་དབང་ཐོབ་ཅིང་བསྐྱེད་རིམ་སྣང་སྟོང་ལྷར། །བསྒོམ་པར་དབང་བའི་སྤྲུལ་སྐུ་འགྲུབ་པར་འགྱུར། །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་ཐིམ་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ་རྫོགས་རིམ་རྩ་ཐིག་རླུང་། །སྒྱུ་ལུས་གསལ་སྟོང་བསྒོམ་དབང་ལོངས་སྐུ་འགྲུབ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། །རང་


SPN001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་ཁར་ཐིམ་པས་ཡིད་སྒྲིབ་དག །ཤེར་ཡེའི་དབང་ཐོབ་དགའ་བཞི་ཡེ་ཤེས་ཀྱི། །བདེ་སྟོང་བསྒོམ་དབང་ཆོས་ཀྱི་སྐུ་འགྲུབ་འགྱུར། །སླར་ཡང་འོད་ཟེར་དཀར་དམར་མཐིང་འཕྲོས་ནས། །སྒོ་གསུམ་ལ་ཐིམ་ཆ་མཉམ་སྒྲིབ་པ་དག །དབང་བཞི་ཐོབ་ཅིང་ཕྱག་རྒྱ་ཆེ་བསྒོམ་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །རྡོ་རྗེ་འཆང་དབང་དཔལ་ལྡན་ཀརྨ་པ། །བདག་ཉིད་པདྨའི་ཟེའུ་འབྲུར་རྟག་བཞུགས་ནས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ལ། །གསང་གསུམ་རྡོ་རྗེའི་བྱིན་རླབས་དེང་འདིར་སྩོལ། །དེ་ལྟར་གསོལ་བཏབ་བླ་མ་འོད་ཞུ་ནས། །རང་ཐིམ་གཅིག་འདྲེས་ཕྲིན་ལས་རབ་འབྱམས་ཀུན། །བསྒྲུབ་པར་ནུས་པ་རྡོ་རྗེ་སློབ་དཔོན་དབང་། །ཐོབ་ཅིང་བདག་རྒྱུད་བླ་མའི་སྐུ་གསུང་ཐུགས། །དབྱེར་མེད་ངང་ལ་མ་བཅོས་རང་བབས་སུ། །སྤྲོས་ཀུན་བྲལ་བ་ཅི་གནས་མཉམ་པར་བཞག །ཅེས་པའི་ཚིག་དོན་ལྟར་རང་སེམས་ངོ་བོ་བསྐྱང་ལ། མཐར། བདག་གིས་དུས་གསུམ་བསགས་པའི་དགེ་གང་མཆིས། །འགྲོ་ཀུན་གདོད་མའི་བདེར་གཤེགས་རྡོ་རྗེ་འཆང་། །གོ་འཕང་ཐོབ་ཕྱིར་ཡོངས་སུ་བསྔོ་བར་བགྱི། །དེ་ལྟར་སྨོན་ལམ་རྣམ་དག་འགྲུབ་གྱུར་ཅིག །ཅེས་པའང་དད་གསུམ་གྱི་ལྷག་བློ་དང་ལྡན་པ་དགེ་སློང་འབྱོར་ལྡན་གྱིས་བསྐུལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་དཀར་ཕྱོགས་བཟང་པོ་གཉིས་པར་བཀོད་པ་འབྲེལ་བཅས་སངས་རྒྱས་ཀརྨ་ཀའི་གོ་འཕང་ལ་རེག་པར་གྱུར་ཅིག །མངྒ་ལམ།། །།


previousབླ་སྒྲུབ་ཡིད་བཞིན་ཀུན་སྩོལ། next