Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྩོལ། next

བླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྩོལ།


SPN001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྩོལ་བཞུགས་སོ། །རང་མདུན་ཡེ་ཤེས་ལྔ་ཡི་འོད་ཀྱི་ཀློང་། །རིན་ཆེན་སེང་གེས་བཏེགས་པའི་ཁྲི་སྟེང་དུ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཀརྨ་པ། །འཇིགས་བྲལ་རྒྱལ་དབང་བདུད་འདུལ་རྡོ་རྗེ་ནི། །སྐུ་མདོག་དཀར་གསལ་ཕྱག་གཉིས་མཉམ་པར་བཞག །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་ལ་ཆོས་གོས་རྣམ་གསུམ་ལྷུག་པར་གསོལ། །མཚན་དཔེའི་གཟི་བྱིན་རབ་གསལ་ལྷང་ངེ་བ། །བདག་སོགས་མཁའ་མཉམ་འགྲོ་བའི་དཔལ་དུ་ཤར། །མཆོག་གསུམ་རྒྱལ་བ་རྒྱལ་སྲས་འཕགས་པའི་ཚོགས། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་བཀའ་བརྒྱུད་ཀྱི། །གྲུབ་ཐོབ་རྒྱ་མཚོ་ཉིན་མོར་བྱེད་ལྟར་གསལ། །མཆོག་དང་ཐུན་མོང་གྲུབ་གཉིས་སྩོལ་མཛད་པ། །རྒྱུད་སྡེ་བཞི་ཡི་ཡི་དམ་རབ་འབྱམས་རྣམས། །དྲི་མེད་ཆ་ཤས་ཡོངས་རྫོགས་འོད་དཀར་བཞིན། །དངོས་གྲུབ་བདུད་རྩིའི་ཆར་རྒྱུན་སི་ལི་ལི། །ཆོས་དབྱིངས་ཡེ་ཤེས་ངང་ལས་གྲུབ་པའི་ལྷ། །མ་ཧཱ་ཀཱ་ལ་རྡོ་རྗེ་རེ་མ་ཏི། །དམ་ཅན་བཀའ་སྡོད་ཆོས་ཀྱི་སྲུང་མ་རྣམས། །ཆར་སྤྲིན་དང་མཚུངས་བཟོད་དཀའི་གཟི་བྱིན་ལྡན། །གཞན་ཡང་ཕྱི་ནང་བར་ཆད་ཀུན་སེལ་བ། །གནས་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ཀྱི། །ཌཱ་ཀི་དཔའ་བོ་རྒྱུ་སྐར་ཕྲེང་བཞིན་གསལ། །སྣ་ཚོགས་ཕྲིན་ལས་ནམ་མཁའི་གློག་ལྟར་འཁྱུག །དེ་ལྟར་སྐྱབས་ཡུལ་ངོ་བོ་མཆོག་གསུམ་དང་། །རྩ་


SPN001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་བའི་དཀྱིལ་འཁོར་གསལ་བའི་མདུན། །བདག་གིས་གཙོ་བྱས་རིགས་དྲུག་ཕ་མའི་ཚོགས། །གདུང་ཤུགས་དྲག་བོས་ཕྱག་འཚལ་མཆོད་པ་འབུལ། །ཉེས་བཤགས་རྗེས་སུ་ཡི་རང་ཆོས་སྟོན་འཚལ། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །མི་ཕྱེད་རྩེ་གཅིག་སྙིང་ནས་གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་ཀརྨ་པ་མཁྱེན་ནོ། །ཀརྨ་པ་མཁྱེན་ནོ། །ཞེས་མོས་གུས་ཀྱི་འདུན་པ་དང་ལྡན་པས་མང་ཙམ་བརྗོད་ནས། །འཕགས་པ་སྙིང་རྗེའི་རང་གཟུགས་འགྲོ་བའི་མགོན། །སྤྱན་རས་གཟིགས་དངོས་རྒྱལ་མཆོག་ཀརྨ་པ། །འཇིགས་བྲལ་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །རྣམ་ཀུན་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་གཅིག་དམ་ཆོས་ཟབ་མོ་ཕྱག་རྒྱ་ཆེའི། །གནས་ལུགས་དོན་རྟོགས་སྒྱུ་ལུས་ཆོས་སྐུར་འཆར། །རྟེན་ཐོག་འདི་རུ་འཇའ་ལུས་སྐུ་འགྲུབ་ནས། །རྡོ་རྗེ་འཆང་གི་གོ་འཕང་ཡོངས་ཐོབ་ཤོག །མཐར་ནི་སྐྱབས་ཡུལ་བླ་མའི་སྐུ་ལ་ཐིམ། །རྩ་བའི་བླ་མ་རང་སེམས་གཉིས་མེད་འདྲེས། །དབང་བཞི་མཆོག་ཐོབ་སྒོ་གསུམ་སྡིག་སྒྲིབ་དག །སྣང་གྲག་རྟོག་གསུམ་བླ་མའི་དཀྱིལ་འཁོར་གྲུབ། །བདག་ཅག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །རིགས་ཀུན་ཁྱབ་བདག་བཛྲ་དྷཱ་ར་དང་། །དབྱེར་མེད་དཔལ་ལྡན་བླ་མས་རྗེས་བཟུང་སྟེ། །མ་ཧཱ་མུ་དྲའི་གོ་འཕང་ཐོབ་གྱུར་ཅིག །དེ་ལྟར་འཇིག་རྟེན་ཞིང་འདིའི་སྟོན་མཆོག་དཔལ་ཀརྨ་པའི་གསོལ་འདེབས་བླ་མའི་རྣལ་འབྱོར་འདི་ཡང་གཏེར་ཆེན་རོལ་པའི་རྡ་ོ


SPN001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྒྱུ་འཕྲུལ་པདྨ་བསྟན་འཕེལ་གྱི་དགོངས་བཞེད་ལྟར། སི་ཏུའི་མིང་ཅན་གྱིས་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོ་ཆོ་འཕྲུལ་ཅན་གྱི་ཡར་ཚེས་ལ་དཔལ་གྱི་མཚུར་ཕུའི་གཙུག་ལག་ཏུ་བྲིས་པའོ།། །།


previousབླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྩོལ། next