Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
ཀརྨ་པ་བདུད་འདུལ་རྡོ་རྗེའི་བླ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousཀརྨ་པ་བདུད་འདུལ་རྡོ་རྗེའི་བླ་སྒྲུབ།next

ཀརྨ་པ་བདུད་འདུལ་རྡོ་རྗེའི་བླ་སྒྲུབ།


SPN001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༈ རང་ཉིད་ཐ་མལ་སྤྱི་བོར་པདྨ་དཀར། །འདབ་རྒྱས་དེ་སྟེང་ཟླ་དཀྱིལ་དྲི་མེད་དབུས། །རྒྱལ་ཀུན་ཕྲིན་ལས་བདག་པོ་ཀརྨ་ཀ། རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་མཆོག །སྐུ་མདོག་དཀར་གསལ་མཚན་དཔེའི་རྒྱན་རྣམས་རྫོགས། །ཞྭ་ནག་གསེར་མདངས་རིན་ཆེན་རྒྱན་སྤྲས་གསོལ། །སྤྱན་གཉིས་དོན་དམ་ཆོས་ཉིད་དབྱིངས་སུ་གཟིགས། །ཆོས་གོས་རྣམ་གསུམ་ན་བཟས་ཀུན་ཏུ་བཀླུབས། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཡེ་ཤེས་ལྔ་ལྡན་འཇའ་འོད་གཏིབས་པའི་ཀློང་། །གསལ་སྟོང་སྒྲིབ་མེད་སྐུ་རུ་གསལ་བར་གྱུར། །སྟེང་འོག་བར་མཚམས་འཇའ་འོད་ཐིག་ལེའི་ཀློང་། །བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་། །རྒྱུད་སྡེ་རབ་འབྱམས་ཡི་དམ་ཞི་ཁྲོའི་ཚོགས། །ཆོས་ཀྱི་སྲུང་མ་མ་མགོན་ལྕམ་དྲལ་དང་། །དམ་ཅན་གཏུམ་རྔམ་དྲག་ཤུལ་ལྡན་པའི་ཚོགས། །སྣ་ཚོགས་སྐུ་དང་ཆ་ལུགས་ཅིར་ཡང་སྒྱུར། །མེ་རླུང་འཚུབས་མའི་ནང་དུ་མངོན་སུམ་གསལ། །དེ་ལྟར་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་ལ། །བདག་སོགས་སེམས་ཅན་རྣམས་ཀྱི་ལུས་རྡུལ་སྙེད། །གྲངས་མེད་དུ་མར་སྤྲུལ་ཏེ་རྩེ་གཅིག་པའི། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་


SPN001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །མི་དགེ་ནོངས་པའི་ལས་གྱུར་མཐོལ་ལོ་བཤགས། །གཞན་ཕན་བྱང་ཆུབ་སྤྱོད་ལ་རྗེས་ཡི་རངས། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །དད་དང་མོས་པའི་བློ་ཡིས་གསོལ་བ་འདེབས། །དུས་གསུམ་བསགས་དགེ་མྱང་འདས་རྒྱུ་རུ་བསྔོ། །ཞེན་ལོག་ངེས་འབྱུང་དྲག་པོས་རྒྱུད་བརླན་ཅིང་། །གདོད་ནས་དོན་དམ་ལྷན་སྐྱེས་ཡེ་ཤེས་ཀྱི། །འོད་ཟེར་སྣང་བས་མ་རིག་སྒྲིབ་པའི་ཚོགས། །མུན་པའི་དྲ་བ་རྩད་ནས་གཞིལ་བ་དང་། །སེམས་ཉིད་ཆོས་སྐུའི་ངོ་བོ་གནད་མཐོང་ཞིང་། །སྐུ་བཞིའི་ངོ་བོ་མངོན་དུ་གྱུར་ནུས་པའི། །སྐྱབས་ཡུལ་དམ་པས་མྱུར་བར་བྱིན་རློབས་ཤིག །ཀརྨ་པ་མཁྱེན་ནོ། །ཅི་ནུས་བརྗོད་མཐར། འཕགས་པ་སྙིང་རྗེའི་རང་གཟུགས། །རྒྱལ་མཆོག་ཕྱག་ན་པདྨོ། །སྤྱན་རས་གཟིགས་དངོས་དམ་པ། །གྲུ་འཛིན་ཕྲེང་བ་རིམ་བྱོན། །བཅུ་གསུམ་བདུད་འདུལ་རྡོ་རྗེ། །ཐུགས་བསྐྱེད་གཏིང་མཐའ་ཡས་པས། །བསྐལ་པར་མཆོག་གི་སྤྲུལ་སྐུ། །རྒྱུན་མི་ཆད་པར་སྟོན་པའི། །འགྲོ་དྲུག་སྐྱབས་གནས་གཅིག་པུ། །རྗེ་བཙུན་ཁྱེད་རང་མཁྱེན་ནོ། །བདག་དང་བདག་འདྲའི་སེམས་ཅན། །ཉོན་མོངས་འཁོར་བའི་འདམ་ལས། །མྱུར་དུ་སྒྲོལ་བར་བྱིན་རློབས། །སྟན་ཐོག་འདི་རུ་བྱིན་རློབས། །བརྩེ་བ་ཆེན་པོས་བྱིན་རློབས། །ཡེ་ཤེས་འཕོ་བར་བྱིན་རློབས། །མཐར་ནི་སྐྱབས་ཡུལ་ཐམས་ཅད་འོད་ཞུ་ནས། །རྩ་བའི་བླ་མའི་སྐུར་ཐིམ་དེ་ཉིད་ཀྱི། །སྐུ་ལས་འོད་ཟེར་དཀར་དམར་སྔོ་སེར་


SPN001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་། །འཕྲོས་ཏེ་རང་ལུས་ལ་ཐིམ་སླར་ཡང་ནི། །དགྱེས་པ་དང་བཅས་འོད་དུ་ལྟེམ་གྱིས་ཞུ། །དབྱེར་མེད་གཅིག་འདྲེས་ཆུ་ལ་ཆུ་བཞག་ལྟར། །དུས་གསུམ་རྟོག་པ་མ་ལུས་རྒྱུན་བཅད་ནས། །མ་བཅོས་སོ་མའི་ངང་དུ་མཉམ་པར་བཞག །དགེ་འདི་བདག་གཞན་སེམས་ཅན་ཀུན། །སྤྱན་རས་གཟིགས་དབང་སྐུ་ཐོབ་ནས། །རིགས་དྲུག་འཁོར་བ་དོང་སྤྲུག་གི། །ཕྲིན་ལས་ཚད་མེད་འགྲུབ་གྱུར་ཅིག །ཅེས་པའང་དད་གསུམ་མངོན་མཐོ་རྗེ་སྟོད་མཛོད་པ་ཤཱཀྱ་དར་རྒྱས་ཀྱིས་བསྐུལ་བཞིན་ཀརྨའི་གདན་སར་ས་ཟླའི་དུས་ཆེན་ལ་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཛ་ཡ།། །།


previousཀརྨ་པ་བདུད་འདུལ་རྡོ་རྗེའི་བླ་སྒྲུབ།next