Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་སངས་རྒྱས་ལག་གཏད་ཡེ་ཤེས་རང་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་སངས་རྒྱས་ལག་གཏད་ཡེ་ཤེས་རང་འབར།next

བླ་མའི་རྣལ་འབྱོར་སངས་རྒྱས་ལག་གཏད་ཡེ་ཤེས་རང་འབར།


SPN001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སངས་རྒྱས་ལག་གཏད་ཡེ་ཤེས་རང་འབར་བཞུགས། ༀ་མ་ཧཱ་ཤཱུ་ཎྱ་ཏ་སོགས་ཀྱིས་སྟོང་པར་སྦྱངས། སྤྱི་བོར་པད་དཀར་འདབ་སྟོང་དྲི་མེད་སྟེང་། །ཆུ་ཤེལ་དབང་པོ་ཆ་ཤས་ཡོངས་རྫོགས་དབུས། །དུས་གསུམ་རྒྱལ་བའི་སྤྱི་དཔལ་འཁོར་ལོའི་མགོན། །འཕགས་པའི་སར་གནས་བྱང་ཆུབ་སེམས་དཔའ་མཆོག །རྗེ་བཙུན་བདུད་འདུལ་རྡོ་རྗེ་ཞལ་གཅིག་པ། །ཕྱག་གཉིས་ས་གནོན་མཉམ་བཞག་ཚེ་བུམ་བསྣམས། །ཆོས་གོས་རྣམ་གསུམ་ཟབ་བེར་ཟླུམ་གསོལ་ཞིང་། །དབུ་ལ་མཐོང་གྲོལ་ཞྭ་ནག་གསེར་མདངས་མཛེས། །སྤྱན་གཉིས་ཆོས་ཉིད་དོན་དམ་དབྱིངས་ལ་གཟིགས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་ངང་། །འོད་དང་འོད་ཟེར་ཟེར་ཐག་ཀུན་ཏུ་འཕྲོ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་སྤྲིན་ལྟར་གཏིབས། །ཡི་དམ་དཔའ་བོ་ཌཱ་ཀི་ཆོས་སྲུང་མ། །ཆར་ལྟར་བབ་ཅིང་དངོས་གྲུབ་


SPN001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཆེན་འབེབས། །མོས་གུས་གསོལ་བཏབ་ཙམ་གྱིས་སྣང་སྲིད་ཞིང་། །དག་པ་བླ་མའི་དཀྱིལ་འཁོར་བསྒྱུར་ནུས་པའི། །གདུང་ཤུགས་དྲག་པོའི་དབྱངས་ཀྱིས་བསྐུལ་ལགས་ན། །ཐུགས་རྗེ་ཅན་གྱི་བཀའ་བརྒྱུད་བླ་མ་རྣམས། །བདག་རྒྱུད་ཡེ་ཤེས་བདེ་ཆེན་རང་འབར་ནས། །གཟུང་འཛིན་འཆིང་བ་མ་ལུས་དབྱིངས་སུ་དག །སྟན་ཐོག་འདི་རུ་མཆོག་དངོས་ཐོབ་ནུས་པའི། །མི་འགྱུར་དོན་གྱི་བྱིན་རླབས་འཕོ་དབང་སྩོལ། །ཅེས་བསྐྱེད་དང་འབེབས་པའི་དམིགས་པ་དང་། དེ་ནས། བླ་མ་ལ་གསོལ་བ་འདེབས་སོ། །བཀའ་བརྒྱུད་ཀུན་འདུས་ངོ་བོ་ལ་གསོལ་བ་འདེབས་སོ། །རྒྱལ་དབང་ཀརྨ་པ་ལ་གསོལ་བ་འདེབས་སོ། །བཅུ་གསུམ་བདུད་འདུལ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །རབ་འབྱམས་ཞིང་ཀུན་སྐུ་ཡིས་ཁྱབ་པ་ལ་གསོལ་བ་འདེབས་སོ། །སྐུ་དང་ཞིང་ཁམས་ཐ་མི་དད་པ་ལ་གསོལ་བ་འདེབས་སོ། །ཆོས་དབྱིངས་ཡེ་ཤེས་ངང་ནས་ཐུགས་རྗེས་གཟིགས་ཤིག །བདག་སོགས་སེམས་ཅན་ངན་སོང་གཡང་ལས་སྒྲོལ་ཅིག །མི་རྟག་སྐྱོ་ཤས་ངེས་འབྱུང་རྒྱུད་ལ་སྐྱེ་བར་གྱུར་ཅིག །སྐྱེས་ནས་དམ་པའི་ཆོས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག །ཉམས་ལེན་ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ་པར་གྱུར་ཅིག །ཀརྨ་པ་མཁྱེན་ནོ། །ཅི་ནུས་བགྲང་མཐར། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་སྐུ་གསུམ་འདུས་པའི་དཔལ། །བྱམས་མགོན་སེང་གེ་ལ་སོགས་བསྐལ་བཟང་གི། །འདྲེན་པ་རྣམས་ཀྱི་


SPN001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ནུས་མཐུ་རྩལ། །ཀུན་འདུས་སངས་རྒྱས་ཕྲིན་ལས་རོལ་པ་འཆང་། །གང་དེར་སྙིང་ནས་གསོལ་འདེབས་བདག་རྒྱུད་ཀྱི། །མ་རིག་དབང་གྱུར་དུག་ལྔའི་སྡིག་སྒྲིབ་ཚོགས། །སྡོམ་གསུམ་འགལ་བའི་ལས་བགྱིས་མཐོལ་ལོ་བཤགས། །ཕྱིན་ཆད་ཀུན་རྟོག་རྐྱེན་གྱིས་མི་ལྡང་བར། །བྱིན་གྱིས་རློབས་ཤིག་བདེ་ཆེན་འཁོར་ལོའི་མགོན། །ངན་སོང་རིགས་དྲུག་སྐྱེ་སྒོ་བཅད་དུ་བསོལ། །རྣམ་དག་བདེ་བ་ཅན་དུ་ལམ་སྣ་དྲོངས། །གདོད་མའི་གནས་ལུགས་མངོན་གྱུར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་གནས་བཞིར་རྡོ་རྗེ་བཞིའི། །ངོ་བོ་སྣ་ཚོགས་འོད་འཕྲོས་རང་གནས་བཞིར། །ཐིམ་པས་དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །སྐུ་བཞི་ཐོབ་ཅིང་དགྱེས་པའི་འཛུམ་ཞལ་གྱི། །བྱང་ཆུབ་བར་དུ་འདུ་འབྲལ་མེད་པ་ཡི། །དབུགས་དབྱུང་རྡོ་རྗེའི་གསུང་གི་གནང་བ་བཅས། །འོད་དཀར་ལྟེམས་ཀྱིས་ཞུ་ནས་རང་ལུས་ཐིམ། །བདེ་གསལ་མི་རྟོག་རང་བྱུང་རིག་པའི་མདངས། །བྱར་མེད་བློ་འདས་བདེ་བ་ཆེན་པོའི་ངང་། །ཞེས་མཉམ་བཞག་དང་བཅས་ཉམས་ལེན་ངང་ལ་དར་ཅིག་བཞག །མཐར། དགེ་འདིའི་འགྲོ་བ་མ་ལུས་རྡོ་རྗེ་སེམས། །སོགས་ཤླཽ་ཀ་གཅིག་གིས་བསྔོ་བ་དང་། ཟབ་ལམ་རྣལ་འབྱོར་སྒྲུབ་པའི་དགེ་ཚོགས་མཐུས། །སྟན་ཐོག་འདི་རུ་བདེ་ལྡན་ཞིང་བགྲོད་ཅིང་། །མཁའ་མཉམ་མ་གྱུར་ཀུན་ཀྱང་སྲིད་ཞི་ལ། །མི་གནས་བྱང་ཆེན་འདྲེན་པའི་དཔལ་གྱུར་ཅིག །ཅེས་པའི་སྨོན་ལམ་མདོར་བསྡུས་དང་། །གཞན་ཡང་སྨོན་ལམ་གང་ཤེས་བྱའོ། །དེ་ལྟར་ཁང་གསར་ཀརྨ་འཆི་མེད་རྒྱ་མཚོ་ནས་


SPN001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོའི་རྣལ་འབྱོར་ཞིག་ནན་གྱིས་བསྐུལ་ཡང་། རང་གིས་གཞིགས་འབྲེལ་གྱིས་རྒྱལ་མཆོག་བཅུ་གསུམ་པ་ཞལ་མཐོང་གསུང་གི་བདུད་རྩི་ཐོབ་པའི་སངས་རྒྱས་དངོས་སྣང་རྒྱལ་བའི་ལུང་ཟིན་ཉིད་དུ་ཚད་མར་གྲུབ་པ་མཆོག་དེའི་རྣལ་འབྱོར་བྱིན་རླབས་ཀྱི་དགོས་ཁྱད་ཆེ་བའི་ཆེད་དུ་བྱས་ཏེ། དགེ་བས་བདག་གཞན་འགྲོ་རྣམས་མགོན་དེའི་ཐུགས་རྗེས་སྐྱོང་བར་གྱུར་ཅིག། །།ༀ་ཨཱཿཧཱུྃ། རང་སྣང་རྣམ་དག་གཞལ་ཡས་ཁང་གི་དབུས། །རང་སེམས་བདེ་གཤེགས་སྙིང་བོའི་སྣང་བའི་ཆ། །ཡི་དམ་གདན་གསུམ་ཚང་བའི་སྐུར་གསལ་བའི། །མདུན་མཁར་འཇའ་འོད་ཟེར་ཀློང་སེང་ཁྲི་དང་། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་མཆོག །སྤྱན་རས་གཟིགས་དངོས་རྗེ་བཙུན་ཀརྨ་པ། །བདུད་འདུལ་རྡོ་རྗེ་ཞྭ་ནག་གསེར་མདངས་ཅན། །བགྲེས་ཚུལ་རབ་བྱུང་ཆ་ལུགས་ཕྱག་ས་གནོན། །མཉམ་བཞག་ཚེ་ཡི་བུམ་འཛིན་ཞབས་རྡོར་སྐྱིལ། །ཟླ་བའི་རྒྱབ་ཡོལ་དང་བཅས་ལྷམ་མེར་ཞུགས། །གཞན་ཡང་རྩ་བར་བརྒྱུད་པའི་བླ་མ་དང་། །ཡི་དམ་ཌཱ་ཀི་ཆོས་སྐྱོང་སྤྲིན་ལྟར་གཏིབས། །དྲན་ཙམ་བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེའི། །ཉམས་རྟོགས་ཡོན་ཏན་རྒྱུད་ལ་བསྐྱེད་ནུས་གསལ། །ཀྱེ་ཧོཿརབ་འབྱམས་རྒྱལ་བ་ཀུན་འདུས་རྡོ་རྗེ་འཆང་། །ལུང་རྟོགས་དམ་ཆོས་རྒྱ་མཚོའི་འབྱུང་གནས་ཆེ། །ཚོགས་མཆོག་དགེ་འདུན་ཀུན་གཙོ་རིགས་དཀྱིལ་བདག །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་དང་། ༀ་ཨཱཿམཱ་ར་ད་མ་ཀ་བཛྲ་ཧཱུྃ།


SPN001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་སྔགས་ཀྱང་བཟླས་མཐར། དཔལ་ལྡན་བླ་མ་རྡོ་རྗེ་ཅན། །སྲིད་པའི་འཇིགས་ལས་སྒྲོལ་བ་པོས། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །དབང་བཞི་བསྐུར་བར་མཛད་དུ་གསོལ། །ཞེས་གསོལ་བཏབ་པས་བླ་མ་ཡི། །རྡོ་རྗེ་བཞིི་ཡི་ས་བོན་འོད། །གནས་བཞིར་ཐིམ་པས་དབང་བཞི་ཐོབ། །བླ་མ་འོད་ཞུ་རང་ལ་ཐིམ། །རང་སེམས་མ་བཅོས་སོ་མའི་ངང་། །ཡེངས་མེད་དེ་ཡི་ངོ་བོ་སྐྱོང་། །བླ་མ་ཆོས་སྐུའི་རང་ཞལ་མཇལ། །ལྷུན་གྲུབ་གདོད་མའི་གནས་ཐོབ་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་སོགས་བརྗོད། ཅེས་ཁྲ་འགུ་དགོན་བློ་གྲོས་ཉི་མའི་སྤྲུལ་སྐུའི་བཞེད་ངོར་དགེ། །།


previousབླ་མའི་རྣལ་འབྱོར་སངས་རྒྱས་ལག་གཏད་ཡེ་ཤེས་རང་འབར།next