Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།next

བླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།


SPN001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་མཁར་པད་དཀར་ཟླ་སྟེང་ཀརྨ་པ། །ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཚན་དཔེ་རྫོགས། །ཕྱག་གཉིས་ས་གནོན་མཉམ་བཞག་ཞབས་རྡོར་སྐྱིལ། །སྣང་བཞིན་གསལ་སྟོང་ལྷུན་གྲུབ་སྐུ་རུ་བསྐྱེད། །སྐྱབས་གནས་ཀུན་འདུས་བདུད་འདུལ་རྡོ་རྗེ་མཁྱེན། །གནས་གསུམ་འབྲུ་གསུམ་འོད་འཕྲོས་རང་ལ་ཐིམ། །དབང་བཞི་མཆོག་ཐོབ་སྐུ་བཞི་མངོན་གྲུབ་ཤོག །ཅེས་ཀརྨ་བཀྲ་ཤིས་ངོར་སྤེལ།། །།རང་ཉིད་ལྷར་གསལ་སྤྱི་བོར་པད་ཟླའི་སྟེང་། །བཀའ་བརྒྱུད་རྒྱ་མཚོ་ཡི་དམ་ལྷ་རབ་འབྱམས། །ཆོས་སྐྱོང་ཀུན་འདུས་ངོ་བོ་རྡོ་རྗེ་བེར། །དབྱེར་མེད་དྷརྨཱ་ཀ་ར་ཐམས་ཅད་མཁྱེན། །ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཞབས་སྐྱིལ་ཀྲུང། །ཆོས་གོས་རྣམ་གསུམ་དབུ་ལ་མཐོང་


SPN001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གསོལ། །རབ་གསལ་སྟོན་ཟླའི་སྟེང་དུ་ལྷམ་མེར་གསལ། །སྐྱབས་གསུམ་སྤྱི་མེས་ཉིད་དུ་ངེས་བྱས་ནས། །ཕྱག་འཚལ་མཆོད་བཤགས་ཡི་རངས་བསྐུལ་གསོལ་འདེབས། །དགེ་ཀུན་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ། །དེང་བཟུང་བླ་མེད་བྱང་ཆུབ་སྙིང་པོའི་བར། །བདེ་ཆེན་འཁོར་ལོར་འདུ་འབྲལ་མེད་པ་རུ། །བསྙེན་པའི་གསོལ་འདེབས་བདག་རྒྱུད་སྨིན་གྲོལ་གྱི། །ཡེ་ཤེས་མཆོག་གི་ལམ་ཟབ་དབང་མཆོག་སྩོལ། །ༀ་ཨཱཿདྷརྨཱ་ཀ་ར་ཧཱུྃ། ཅེས་པའང་ཅི་ནུས་བཟླས་མཐར་བྱིན་རླབས་བསྡུ་བ། བཟོད་པར་གསོལ་བ། དུག་གསུམ་སྒྲིབ་པས་འཐུམས་པ་ཡི། །བསླབ་པ་གསུམ་དང་འགལ་བ་རྣམས། །མི་འཆབ་མི་སྦེད་མཐོལ་ཞིང་བཤགས། །སླན་ཆད་མི་བགྱིད་དམ་བཅའ་བཟུང་། །དག་ཚངས་སྒྲིབ་པར་མི་འགྱུར་བའི། །མགོན་པོས་དབུགས་དབྱུང་སྩལ་དུ་གསོལ། །བླ་མ་དགྱེས་བཅས་འོད་ཞུ་ནས། །རང་ཐིམ་སྒོ་གསུམ་དྲི་མ་དག །སྐུ་གསུམ་འབྲས་བུ་མངོན་གྱུར་ཏེ། །དབྱེར་མེད་ངང་དུ་མཉམ་པར་བཞག །མཐར་བསྔོ་སྨོན་བྱ། ཞེས་པའང་གནས་མདོ་ཆོས་རྒྱལ་གྱིས་བསྐུལ་ངོར། སི་ཏུ་པས་སྤེལ་བ་བཀྲ་ཤིས་ཀྱི་སྣང་བས་ཁྱབ་པར་གྱུར་ཅིག། །།རང་གི་སྦྱི་བོར་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་པདྨ་འབྱུང་། །ངོ་བོ་ཡེ་ནས་གྲུབ་པ་ལ། །རྣམ་པ་པདྨའི་མཚན་འཆང་བ། །བཀྲ་གསལ་ལམ་མེར་རབ་བྱུང་ཆས། །ཟག་མེད་བདེ་སྟོང་དབྱེར་མེད་པའི། །རྡོར་དྲིལ་བསྣོལ་འཛིན་འོད་ཀློང་དུ། །རྩ་གསུམ་


SPN001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡོངས་འདུས་ཤར། །བཛྲ་གུ་རུ་བཟླ། རྗེ་བཙུན་པདྨའི་རྣམ་རོལ། །གང་ཤར་རང་བྱུང་ཉིད་གྲུབ། །གསོལ་འདེབས་བདག་རྒྱུད་བྱིན་རློབས། །གནས་སྐབས་མཐར་ཐུག་ཉེས་ཚོགས། །བར་ཆད་སེལ་ཞིང་སེམས་ཉིད། །ཀ་དག་གདོད་མའི་ངོ་བོ། །རང་ཞལ་མཐོང་བར་བྱིན་རློབས། །གང་ཁྱོད་བསྟན་འགྲོའི་དཔལ་དུ། །འཚོ་བརྟན་མི་འགྱུར་རྡོ་རྗེའི། །རང་བཞིན་གཞུགས་གསོལ་བྱིན་རློབས། །བླ་མའི་སྐུ་ལས་འོད་འཕྲོས་པས། །གནས་བཞིར་ཐིམ་པས་དབང་བཞི་ཐོབ། །རྒྱུད་བཞི་སྨིན་ཅིང་སྐུ་བཞི་འགྲུབ། །དབྱེར་མེད་རྡོ་རྗེ་འཆང་ཐོབ་ཤོག །ཅེས་པའང་བསླབ་གསུམ་ལྡན་བ་གྲུབ་དབང་བླ་མ་པདྨ་དབང་དྲག་གིས་བཞེད་ངོར་སི་ཏུ་པདྨའི་མིང་ཅན་གྱི་སྤེལ་བ་དགེའོ།། །།ༀ་ཨཱཿཧཱུྃ། རང་སྣང་རྣམ་དག་གཞལ་ཡས་ཁང་གི་དབུས། །རང་སེམས་བདེ་གཤེགས་སྙིང་པོའི་སྣང་བའི་ཆ། །ཡི་དམ་གདན་གསུམ་ཚང་བའི་སྐུར་གསལ་བའི། །སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་དྲན་ཆོག་འཁོར་ལོའི་མགོན། །སྣང་སྲིད་ཟིལ་ནོན་པདྨ་རྒྱལ་པོའི་ཚུལ། །མཚན་དཔེའི་གཟི་འབར་རྒྱན་དང་ཆ་ལུགས་རྫོགས། །དྲན་ཙམ་བདེ་ཆེན་ཡེ་ཤེས་རྫོགས་པ་ཆེའི། །ཉམས་རྟོགས་ཡོན་ཏན་རྒྱུད་ལ་བསྐྱེད་ནུས་གསལ། །ཀྱེ་ཧོཿརབ་འབྱམས་རྒྱལ་བ་ཀུན་འདུས་རྡོ་རྗེ་འཆང་། །ལུང་རྟོགས་དམ་ཆོས་རྒྱ་མཚོའི་འབྱུང་གནས་ཆེ། །ཚོགས་མཆོག་དགེ་འདུན་ཀུན་གཙོ་རིགས་དཀྱིལ་བདག །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་དང།


SPN001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཔདྨ་དེ་ཝེནྡྲ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཅེས་པའི་སྔགས་ཀྱང་བཟླས་མཐར། དཔལ་ལྡན་བླ་མ་རྡོ་རྗེ་ཅན། །སྲིད་པའི་འཇིགས་ལས་སྒྲོལ་པ་པོས། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །དབང་བཞི་བསྐུར་བར་མཛད་དུ་གསོལ། །ཞེས་གསོལ་བཏབ་པས་བླ་མ་ཡི། །རྡོ་རྗེ་བཞི་ཡི་ས་བོན་འོད། །གནས་བཞིར་ཐིམ་པས་དབང་བཞི་ཐོབ། །བླ་མ་འོད་ཞུ་རང་ལ་ཐིམ། །རང་སེམས་བླ་མའི་ངོ་བོར་ཤར། །བཅོས་མའི་མོས་གུས་མ་ཡིན་པར། །བླ་མ་ཆོས་སྐུའི་རང་ཞལ་མཇལ། །ལྷུན་གྲུབ་གདོད་མའི་གནས་ཐོབ་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་སོགས་བརྗོད། ཅེས་དད་གསུམ་མངོན་མཐོ་བླ་མ་སྐུ་དགའི་བཞེད་ངོར་སི་ཏུ་པདྨའི་མིང་ཅན་གྱིས་སྤེལ་བ་དགེ། །།རང་ལུས་སྣང་སྟོང་ལྷར་གསལ་སྤྱི་བོ་རུ། །རིགས་ཀྱི་བདག་པོ་ཐེག་མཆོག་རྡོ་རྗེ་དང་། །པདྨ་ཉིན་བྱེད་གཙུག་ལག་ཆོས་ཀྱི་རྒྱལ། །རྡོ་རྗེ་དྲག་པོའི་སྒྱུ་འཕྲུལ་རྣམ་པར་རོལ། །བླ་མེད་བླ་མ་རྡོ་རྗེ་ཅན་རྣམས་གསལ། །དེ་ལ་གསོལ་བཏབ་མོས་གུས་བྱས་པའི་མཐུས། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་རླབས་དབང་བསྐུར་བདུད་རྩིས་རྒྱུད་སྨིན་ནས། །སྐུ་བཞི་མངོན་འགྱུར་མཆོག་ཐུན་དངོས་གྲུབ་སྩོལ། །བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་གྱུར། །བློ་འདས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །དགེ་བས་བདག་གཞན་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་གླིང་ཐོག་ཀརྨ་དངོས་གྲུབ་ངོར་སྤེལ།། །།ཧྲཱིཿཿ


SPN001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་སྣང་རྣམ་དག་རྒྱལ་བའི་དཀྱིལ་འཁོར་དུ། །རང་ལུས་དག་པ་ལྷ་ཡི་སྐུར་གསལ་བའི། །སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྒྱལ་ཀུན་འདུས་གཟུགས་པདྨ་འབྱུང་གནས་དང་། །དབྱེར་མེད་དྲིན་ཆེན་ཨདྒ་ཀཱ་རའི་ཞབས། །གསུམ་ལྡན་རྡོ་རྗེ་འཛིན་པའི་ཆ་ལུགས་སུ། །བག་བྲོ་བརྗིད་ཆགས་དྲན་པས་བདེ་ཆེན་གྱི། །ཡེ་ཤེས་རྩོལ་མེད་རྒྱུད་ལ་བསྐྱེད་ནུས་གྱུར། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོང་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཅེས་དང་། མ་ནམ་འཁའ་དང་མཉམ་པའི་སོགས་གྲངས་མང་བརྗོད་ཅིང་། གསོལ་འདེབས་སྙིང་པོ་བཛྲ་གུ་རུ་བཟླ། མཐར་ནི་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་འཕྲོས་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞིའི་གོ་འཕང་འགྲུབ། །བླ་མ་འོད་ཞུ་རང་དང་དབྱེར་མེད་འདྲེས། །རང་སེམས་སྐྱེ་འགགས་གནས་དང་བྲལ་བའི་ངང་། བརྗོད་བྲལ་ལྷན་སྐྱེས་བདེ་སྟོང་ཟུང་འཇུག་པ། །བསམ་འདས་བླ་མ་ཆོས་སྐུའི་ཀློང་ཡངས་སུ། །བདག་དང་འབྲེལ་ཀུན་མངོན་པར་སངས་རྒྱས་ཤོག །ཅེས་ཀརྨ་བསོད་ནམས་ཀྱི་བཞེད་སྐོང་དུ་སི་ཏུས་སྤེལ།། །།བསྐལ་བཟང་འདྲེན་པ་སྟོང་རྩ་འབྱོན་པ་ལས། །བཞི་པ་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །རྒྱལ་བསྟན་བྱང་ཕྱོགས་ལྗོངས་འདིར་སྤེལ་བའི་ཕྱིར། །འགྲོ་མགོན་བླ་མ་རྡོ་རྗེ་རྒྱལ་པོ་ཞེས། །དོན་


SPN001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བདེ་ཆེན་འཁོར་ལོ་སྡོམ་པའི་དཔལ། །སྟོང་ཉིད་ཤེས་རབ་ཡུམ་དང་མཉམ་པར་སྦྱོར། །བདེ་དང་སྟོང་པའི་ཡེ་ཤེས་གཟི་འོད་འབར། །སྐད་ཅིག་དྲན་པས་ལྷན་སྐྱེས་ཕྱག་རྒྱ་ཆེ། །མངོན་སུམ་རྒྱུད་ལ་སྐྱེད་ནུས་རྡོ་རྗེའི་སྐུ། །སྙིང་དབུས་ལྔ་ལྡན་འོད་ཀློང་གསལ་བར་གྱུར། །དཔལ་ལྡན་ཕག་མོ་གྲུ་ཡི་ནགས་ཁྲོད་ན། །སྐལ་ལྡན་གདུལ་བྱ་མང་པ་ོསྨིན་མཛད་ཅིང་། བསམ་གྱིས་མི་ཁྱབ་ཆོ་འཕྲུལ་སྣ་ཚོགས་སྟོན། །འགྲོ་མགོན་རིན་པོ་ཆེ་ལ་གསོལ་བ་འདེབས། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཚར་ཁ་ཤས་རྒྱང་འབོད་ཚུལ་དུ་བཏོན་ལ། བླ་མ་ཡབ་ཡུམ་རྗེས་སུ་ཆགས་པའི་མེས། །ལྟེམ་གྱིས་ཞུ་བ་རང་གི་རྩ་དང་རླུང་། །ཐིག་ལེ་དང་བཅས་རྣམ་པར་དག་པའི་ཁམས། །མི་ཕྱེད་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །སྐྱེ་བ་འདི་ནས་རིགས་བདག་མི་འཆོལ་ཞིང་། །སོགས་བརྗོད། ཅེས་པའང་སྐལ་ལྡན་ཀརྨའི་མཚན་ཅན་བཞེད་སྐོང་ཆེད་དུ་སྤེལ་བ་དགེ། །།


previousབླ་མའི་རྣལ་འབྱོར་ཚན་ཆུང་ཁ་ཤས་བཞུགས།next