Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ།next

བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ།


SPN001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ་ཞེས་བྱ་བ་བཞུགས། ན་མོ་གུ་རུ་ཝེ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མའི་རྣལ་འབྱོར་ཟབ་མོའི་ཉེ་ལམ་འདི་ལྟར་ཚིག་དོན་ཡ་མ་བྲལ་བར་ཉམས་སུ་ལེན་པར་བྱ་སྟེ། དེའང་དང་པོ་སྐྱབས་སེམས་ནི། ཕྱོགས་བཅུ་དུས་བཞིའི་མཆོག་གསུམ་རྩ་བ་གསུམ། །གཅིག་བསྡུས་བླ་མ་རྡོ་རྗེ་འཛིན་རྣམས་ལ། །སྐྱབས་སུ་མཆིའོ་མཁའ་མཉམ་འགྲོ་བ་ཀུན། །བླ་མ་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ལན་གསུམ་དང་། གཉིས་པ་བསྐྱེད་པའི་རིམ་པ། ཕྱི་སྣོད་ནང་བཅུད་རང་ལུས་གཟུང་འཛིན་གྱི། །ཨ་འཐས་སྤྲོས་པ་ཀུན་བྲལ་གཉུག་མའི་ངང་། །རང་སྣང་རྣམ་དག་འོག་མིན་ཆོས་ཀྱི་དབྱིངས། །ཐར་པ་ཆེན་པོའི་རྒྱན་བཀོད་ཚད་མེད་པའི། །མདུན་མཁར་དབུས་སུ་སངས་རྒྱས་ཀུན་འདུས་པ། །འཇིག་རྟེན་དབང་ཕྱུག་ཐེག་མཆོག་རྡོ་རྗེ་འཆང་། །ཕྱག་གཉིས་མཆོག་སྦྱིན་ཆོས་འཆད་པད་དཀར་འཛིན། །ཞྭ་ནག་མཐོང་གྲོལ་གསོལ་ཞིང་ལྷམ་མེར་བཞུགས། །གཡས་སུ་འབྲི་ཁུང་ཆོས་ཉིད་ནོར་བུའི་དཔལ། །སྒོམ་ཞྭ་གསོལ་ཞིང་རབ་བྱུང་ཆ་ལུགས་ཅན། །གཡོན་ཏུ་བྱམས་མགོན་རྣམ་འཕྲུལ་སི་ཏུ་ུཔ། །པདྨ་ཉིན་བྱེད་ཞྭ་དམར་གསེར་མདངས་གསོལ། །མདུན་དུ་དཔལ་ལྡན་དཔའ་བོ་སྔགས་འཆང་ཆས། །པད་ཞུ་གསོལ་ཞིང་རྡོ་རྗེ་ཐོད་ཆང་བསྣམས། །གཙོ་བོའི་ཕྱོགས་བཞིར་རིག་པ་འཛིན་དབང་པོ། །རྡོ་རྗེ་དྲག་པོའི་སྒྱུ་འཕྲུལ་ཆོས་ཉི་མ། །ཀརྨ་ཆགས་མེད་མཆོག་སྣང་བསྟན་ཕྲིན་ཞབས། །མ་ཧཱ་སུ་ཁའི་རྣམ་པར་རོལ་པ་དང་། །ཡེ་ཤེས་ཉི་མའི་སྡེ་སོགས་སྟོན་


SPN001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས། །རང་རྟགས་རིགས་ཀྱི་ཅོད་པན་གསོལ་བཞིན་པར། །མཚན་དཔེའི་ཆ་རྫོགས་ཆོས་གོས་རྣམ་གསུམ་བཀླུབས། །ཕྱག་གཉིས་མཉམ་བཞག་ཞབས་གཉིས་སྐྱིལ་མོ་ཀྲུང་། །སེང་ཁྲི་པདྨ་ཟླ་བའི་གདན་ལ་བཞུགས། །རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབ་དབུས་གསལ། །དྲན་ཙམ་ཉིད་ལ་ཟག་མེད་བདེ་ཆེན་བསྐྱེད། །གཤེགས་བཞུད་མི་མངའ་ཆུ་མཚོར་ཟླ་གཟུགས་བཞིན། །བླ་མའི་དཀྱིལ་འཁོར་མངོན་སུམ་གསལ་བར་གྱུར། །གསུམ་པ་ཡན་ལག་བདུན་འབུལ་པ་ནི། ན་མོ། བདག་ལུས་ཞིང་རྡུལ་གྲངས་མཉམ་ལུས་སྤྲུལ་ནས། །ཡོན་ཏན་བསྔགས་བརྗོད་སྒོ་གསུམ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་སོགས། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོ་བློས་སྤྲུལ་འབུལ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །སྒོ་གསུམ་ནོངས་པའི་ལས་ཀུན་མཐོལ་ཞིང་བཤགས། །རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་དང་། །གཞན་ཡང་འགྲོ་ཀུན་དགེ་ལ་རྗེས་ཡི་རངས། །བསྟན་པ་རིས་མེད་སྐྱོང་བའི་གང་ཟག་རྣམས། །གདུལ་བྱའི་ཁམས་དབང་འཚམས་པའི་ཆོས་སྟོན་བསྐུལ། །བདག་སོགས་སྙིགས་མའི་བསྟན་འགྲོར་རྗེས་དགོངས་ལ། །འཕོ་མེད་རྟག་པར་འཚོ་ཞེས་བཞུགས་གསོལ་འདེབས། །རང་གཞན་ཟག་བཅས་ཟག་མེད་དགེ་ཚོགས་ཀུན། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་ཕྱིར་བསྔོ། །བཞི་པ་མོས་གུས་གསོལ་འདེབས་ནི།


SPN001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །ཐེག་མཆོག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ནཱ་གཱ་ཱརྫུ་ུན་འཇིག་རྟེན་གསུམ་མགོན་པོའི། །བརྒྱུད་འཛིན་ཆོས་ཉིད་ནོར་བུར་གསོལ་བ་འདེབས། །དཔལ་ལྡན་སངས་རྒྱས་མཚོ་སྐྱེས་རྡོ་རྗེ་ཡི། །རྣམ་རོལ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །ཨོ་རྒྱན་ལུང་ཟིན་གསང་སྔགས་སྟོན་པའི་བདག །གཙུག་ལག་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ལྔ་བདོའི་དུས་འདིར་ཐུགས་རྗེ་གཞན་ལས་མྱུར། །ཐུགས་ཀྱི་རྡོ་རྗེ་གཉིས་པར་གསོལ་བ་འདེབས། །བཀའ་གཏེར་ཟབ་ཆོས་ཡོངས་ཀྱི་མངའ་བདག་མཆོག །ཀརྨ་ཤཱ་ས་དྷ་རར་གསོལ་བ་འདེབས། །རང་རིག་ཡེ་ཤེས་མངོན་གྱུར་རྟོགས་པའི་བདག །བདེ་ཆེན་མཆོག་གི་སྤྲུལ་སྐུར་གསོལ་བ་འདེབས། །སྒྲུབ་བརྒྱུད་ངེས་གསང་བསྟན་པའི་ཕྲིན་ལས་པ། །ཛྙ་ན་སཱུཪྱ་གར་ལ་གསོལ་བ་འདེབས། །སྐྱབས་གནས་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །དྲིན་ཆེན་རྩ་བ་བརྒྱུད་པའི་བླ་མའི་ཚོགས། །དུས་གསུམ་སངས་རྒྱས་སྲས་སློབ་བཅས་རྣམས་དང་། དབྱེར་མེད་ངེས་པས་གསོལ་བ་བཏབ་པའི་མཐུས། །སྐལ་ལྡན་མོས་པའི་བུ་ུལ་བྱིན་གྱིས་རློབས། །ཐུགས་རྗེས་སྨིན་གྲོལ་དངོས་གྲུས་བསྩལ་དུ་གསོལ། །ལྔ་པ་མཚན་སྔགས་བཟླ་བ། ཀརྨ་པ་མཁྱེན། བརྒྱ་རྩ་བརྒྱད་བཟླ། དེ་ནས། ༀ་ཨཱཿཡཱ་ན་པར་མ་བཛྲ་ཧཱུྃ། སྔགས་ཤམ། མ་ཧཱ་མུ་དྲ་སིདྡྷི་ཧཱུྃ། དྲུག་པ་འདོད་


SPN001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ཆོས། །ཐོས་བསམ་སྒོམ་དང་སྒྲུབ་པའི་རྒྱལ་མཚན་འཛིན། །ཐར་པའི་དེད་དཔོན་བསྟན་འཛིན་དམ་པ་རྣམས། །ཞབས་པད་བརྟན་ཅིང་རྣམ་བཞིའི་ཕྲིན་ལས་རྒྱས། །རིས་མེད་དགེ་འདུན་འདུས་པའི་ཚོགས་རྣམས་ཀྱང་། །ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ལྡན་ཅིང་། །རྣལ་འབྱོར་བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས། །སྤངས་དང་རྟོགས་པའི་ཡོན་ཏན་མཐའ་རུ་ཕྱིན། །གཞན་ཕན་ཚད་མེད་འགྲུབ་པར་བྱིན་གྱིས་རློབས། །དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །མ་ནོར་ལམ་སྟོན་བླ་མས་རྗེས་འཛིན་ཅིང་། །ཞབས་ཏོག་དགུ་ཕྲུགས་མཆོད་པས་མཉེས་བྱས་ཏེ། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་གྱུར་ཅིག །མཁའ་ཁྱབ་མ་གྱུར་རིགས་དྲུག་སེམས་ཅན་རྣམས། །བྱང་ཆུབ་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཅེས་དང་། བདུན་པ་བྱིན་རླབས་དབང་བཞི་ལེན་པ་ནི། རྒྱལ་ཀུན་འདུས་པ་བླ་མའི་དཀྱིལ་འཁོར་གྱི། །གསང་གསུམ་ཡེ་ཤེས་རྡོ་རྗེས་བྱིན་བརླབས་ནས། །དབང་བཞི་རྫོགས་པར་དེང་འདིར་བསྐུར་དུ་གསོལ། །ལྷན་སྐྱེས་བདེ་བས་ལུས་ལ་བྱིན་གྱིས་རློབས། །རྡོ་རྗེའི་བཟླས་པས་ངག་ལ་བྱིན་གྱིས་རློབས། །ཕྱག་རྒྱ་ཆེན་པོས་ཡིད་ལ་བྱིན་གྱིས་རློབས། །རྩེ་གཅིག་སྙིང་ནས་མོས་གུས་དྲག་པོ་ཡིས། །གསོལ་བ་བཏབ་པས་འཁོར་རྣམས་རིམ་པ་བཞིན། །འོད་དུ་ཞུ་ནས་གཙོ་བོའི་སྐུ་ལ་ཐིམ། །དེ་ཉིད་དཀོན་མཆོག་


SPN001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ངོ་བོར་གསལ། །དཔལ་ལྡན་རིགས་ཀུན་ཁྱབ་བདག་ཀརྨ་པ། །གང་དེའི་སྤྱི་མགྲིན་ཐུགས་ཀ་ལྟེ་བ་ནས། །འོད་ཟེར་འཇའ་ཚོན་དཀར་དམར་མཐིང་སེར་རྣམས། །འཕྲོས་ནས་རང་གི་གནས་བཞི་ལ་ཐིམ་པས། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི། །དབང་བསྐུར་བྱིན་རླབས་རྒྱུད་བཞི་སྨིན་པར་གྱུར། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙ་ན་བཛྲ་སིདྡྷི་ཕ་ལ་ཧཱུྃ། ལན་གསུམ། ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང་། །གཟུགས་སྐུ་བདག་གི་ལས་ཉོན་སྒྲིབ་སྦྱང་ཕྱིར། །ཐུགས་རྗེ་ཆེན་པོས་དབྱིངས་ནས་དགོངས་སུ་གསོལ། །དགྱེས་པ་དང་བཅས་འོད་ཀྱི་རྣམ་པར་ཞུ། །ཆུ་ལ་ཆུ་བཞག་ཇི་བཞིན་རང་སེམས་དང་། །དབྱེར་མེད་མ་བཅོས་ངང་དུ་མཉམ་པར་བཞག །ཅེས་ཅི་གནས་སུ་སེམས་ཀྱི་ངོ་བོ་བསྐྱང་བ་བྱའོ། །བརྒྱད་པ་རྗེས་ཀྱི་བསྔོ་སྨོན་བྱ་བ་ནི། དགེ་བ་འདིས་མཚོན་དུས་གསུམ་བསགས་ཡོད་ཀྱི། །ཟག་བཅས་ཟག་མེད་དགེ་ཚོགས་ཇི་སྙེད་པ། །མཐའ་ཡས་འགྲོ་རྣམས་བླ་མེད་བྱང་ཆུབ་ཀྱི། །གོ་འཕང་དམ་པ་མྱུར་དུ་ཐོབ་ཕྱིར་བསྔོ། །ཅེས་སི་ཏུ་པདྨའི་མིང་ཅན་གྱིས། ལུགས་ཟུང་མངོན་པར་མཐོ་བ་རག་ཤུལ་བེ་ཧུ་དཔལ་ལྡན་ཚེ་བརྟན་གྱི་བཞེད་ངོར་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་བཟང་པོར་བཀོད་པ་སརྦ་ཐཱ་མདྒ་ལམ།། །།


previousབླ་མའི་རྣལ་འབྱོར་གྲུབ་གཉིས་མཆོག་སྩོལ།next