Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བ་རབ་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བ་རབ་གསལ།next

བླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བ་རབ་གསལ།


SPN001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བ་རབ་གསལ་བཞུགས་སོ། །མདུན་གྱི་ནམ་མཁར་པད་ཟླའི་གདན་གྱི་སྟེང་། །དུས་གསུམ་རྒྱལ་བའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། །ཡོངས་གྲུབ་སྐྱེ་དགུའི་འདྲེན་པ་ཆེན་པོ་པ། །བྱང་ཆུབ་སེམས་དཔའ་ཆོས་གྲུབ་རྒྱ་མཚོ་མཆོག །དབང་གི་མདངས་ལྡན་ཅོད་པན་དབུ་ལ་གསོལ། །ཕྱག་གཉིས་མཉམ་བཞག་འཆི་མེད་ཚེ་བུམ་འཛིན། །སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །བདེ་བར་གཤེགས་བའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ཆར་ལྟར་བབས། །ཞི་དང་ཁྲོ་བོའི་སྐུར་སྟོན་ཡི་དམ་དང་། །ཌཱ་ཀི་དམ་ཅན་སྲུང་མ་རླུང་ལྟར་འཚུབས། །དེ་མདུན་བདག་དང་བདག་གི་འབྲེལ་ཐོགས་པའི། །ཕ་མར་གྱུར་པའི་འགྲོ་བ་རིགས་དྲུག་ཀུན། །རྩེ་གཅིག་བླ་མ་དཀོན་མཆོག་རྣམ་གསུམ་ལ། །དད་གུས་དྲག་པོས་སྙིང་ནས་ཕྱག་འཚལ་ཞིང་། །མཆོད་པའི་སྤྲིན་ཚོགས་ནམ་མཁའ་གང་བར་འབུལ། །དམ་ཚིག་རྩ་ལྟུང་ཐམས་ཅད་མཐོལ་ཞིང་བཤགས། །གཞན་ཕན་སྤྱོད་པ་དག་ལ་རྗེས་ཡི་རང་། །སེམས་ཅན་དོན་དུ་བསྐལ་མང་བཞུགས་གསོལ་འདེབས། །བདག་སོགས་འགྲོ་ཀུན་ཐར་པའི་ལམ་མཁན་མཆོག །བཀའ་དྲིན་གསུམ་ལྡན་གྲུབ་དབང་བླ་མ་མཁྱེན། །འགྲོ་བའི་མགོན་པོ་མཚུངས་མེད་ཆོས་ཀྱི་རྗེ། །རྒྱལ་བ་མི་ཕམ་ཆོས་གྲུབ་རྒྱ་མཚོ་མཁྱེན། །


SPN001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་མཁྱེན་ནོ། །ཞེས་སྙིང་ཐག་པ་ནས་ཅི་ནུས་བརྗོད། ཐབས་མཁས་གང་འདུལ་ཕྲིན་ལས་ཟབ་མོའི་བདག །བརྩེ་ཆེན་ཁྱོད་ཀྱི་ཐུགས་རྗེའི་ཀློང་ཡངས་ནས། །བྱང་ཆུབ་སེམས་ཀྱི་འོད་དཀར་ཡོངས་སུ་འཆར། །གདུལ་བྱའི་མོས་བློའི་ཀུ་མུད་རྣམ་པར་བཀྲ། །གསང་ཆེན་ཐེག་པའི་དམ་ཆོས་སྤྱོད་པ་དང་། །ནམ་ཞིག་སྒྱུ་ལུས་འཕོ་བར་གྱུར་མ་ཐག །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་སུ། །པདྨའི་སྙིང་པོར་བརྫུས་ཏེ་སྐྱེ་བར་ཤོག །དེ་མ་ཐག་ཏུ་ཞིང་དེའི་སྟོན་པ་མཆོག །འོད་དཔག་མེད་མགོན་གར་དབང་སྤྲུལ་པའི་སྐུ། །མི་ཕམ་དཔལ་ལྡན་ཆོས་གྲུབ་རྒྱ་མཚོའི་སྡེ། །ཞལ་མཐོང་གསུང་གི་བདུད་རྩི་མྱོང་བར་ཤོག །འཁོར་རྣམས་འོད་ཞུ་གཙོར་ཐིམ་དེ་ཉིད་ཀྱང་། །དགྱེས་པའི་ཚུལ་གྱིས་རང་གི་ལུས་ལ་ཐིམ། །དབང་བཞི་ཐོབ་ནས་སྐུ་བཞི་མངོན་དུ་བྱས། །མཚོ་ལ་ཆར་བབས་ལྟ་བུར་གཉིས་མེད་གྱུར། །དར་གཅིག་ལྟ་བའི་ངང་ལ་མཉམ་པར་བཞག་ནས་ཉམས་ལེན་ལ་གནས། སྐྱེ་དང་ཚེ་རབས་བརྒྱུད་པ་ཐམས་ཅད་དུ། །རྩ་བའི་བླ་མ་མི་འབྲལ་མཆོད་པར་ཤོག །དགེ་འདིས་འགྲོ་ཀུན་མྱང་འདས་སར་བཀོད་ནས། །མགོན་པོ་ཁྱོད་ཀྱི་གོ་འཕང་ཐོབ་གྱུར་ཅིག །ཅེས་རྒྱལ་མཆོག་བཅུ་གསུམ་བའི་ལུང་གིས་རས་སྤྲུལ་ཤེས་རབ་རྒྱ་མཚོ་ཞེས་པ་གང་ནས་ལྷ་རྫས་དང་བཅས་བསྐུལ་བར་བརྟེན། ས་བརྒྱད་སེམས་དཔའ་སྲིད་པའི་ལྷ་ཆེན་གྱི་བསྟི་གནས་དང་མི་རིང་བ་གང་དེའི་འཁོར་དུ་གཏོགས་པ་གང་བ་བཟང་པོའི་རི་


SPN001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཞོལ་གྱི་ངོགས་སུ་ཀརྨ་སི་ཏུས་བྲིས་པ་ཀུན་ཏུ་བཀྲ་ཤིས་ཀྱི་དཔལ་ལ་སྤྱོད་པར་གྱུར་ཅིག །མདྒ་ལམ།། །།


previousབླ་མའི་རྣལ་འབྱོར་བདེ་ཆེན་ལམ་གྱི་སྣང་བ་རབ་གསལ།next