Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བི་ཛ་ཧ་ར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བི་ཛ་ཧ་ར། next

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བི་ཛ་ཧ་ར།


SPN001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བི་ཛ་ཧ་ར། ན་མོ་གུ་རུ་ཨ་མི་ཏ་བྷ་ཡ། འདིར་སངས་རྒྱས་ཐམས་ཅད་འདུས་བའི་བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་སྒྲུབ་པའི་ཆོ་ག་མཐར་ཆགས་སུ་བརྗོད་པར་བྱ་སྟེ། དེ་ཡང་། ཇི་སྐད་དུ། མཛོད་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །ཞེས་སོགས་ཀྱི་དཔེ་ཟླས་དབེན་བའི་ཡོན་ཏན་དུ་མས་མདོ་རྒྱུད་ཀུན་ནས་བསྔགས་བརྗོད་རྒྱ་ཆེར་གསུངས་ཤིས་ངེས་པ་དོན་གྱི་ཡོངས་བཅུད་དུ་ངེས་པའི། དེ་ལ་འདིར་རྟེན་སྐུ་བརྙན་འདྲ་འབག་དངོས་སམ། ཡང་ན་རྗེ་ཞྭ་དམར་པའི་སྐུ་འདྲ་གང་བྱུང་བཤམས་ལ། མདུན་ནུ་མཆོད་པ་


SPN001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ལྔ། ནང་མཆོད་དང་གཏོར་མ་ཚོགས་ཀྱི་ཡོ་བྱད་སྣ་ཚོགས་པ། མཎྜལ་སོགས་མཆོད་པ་ཇི་སྙེད་འདུས་པར་བྱས་ཏེ། རང་ཉིད་ཡི་དམ་ལྷ་གང་རུང་བསྐྱེད་ལ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་ནི། མདུན་གྱི་ནམ་མཁར་དུས་གསུམ་སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོ་གསལ་བའི་སྤྱན་སྔར་བདག་སོགས་མ་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་དྭངས་པའི་བློས། སྐྱབས་མཆོག་སྐྱབས་ཀྱི་མགོན་པོ་ཐུགས་རྗེ་ཅན། །བླ་མ་ཡི་དམ་སངས་རྒྱས་ཆོས་དགེ་འདུན། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ། །དེང་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཅེས་སྐྱབས་སེམས་འདི་དག་ལན་གསུམ་དང་། ཀྱེ་མ། བདག་གིས་འགྲོ་ཕན་ལྷག་བསམ་དྲག་པོ་ཡི། །བྱམས་དང་སྙིང་རྗེའི་གོ་ཆ་ཆེར་བགོས་ནས། །རིགས་དྲུག་འཁོར་བ་དོང་ནས་སྤྲུག་པ་ཡི། །ཚད་མེད་ཐུགས་རྗེས་འགྲོ་དོན་སྐྱོང་བར་ཤོག །དུས་གསུམ་རྒྱལ་ཀུན་འདུས་པ་ཡི། །དཔལ་ལྡན་བླ་མར་སྐྱབས་སུ་མཆི། །བདག་ལུས་ལོངས་སྤྱོད་དངོས་སྣང་སྲིད། །དཔལ་འབྱོར་མ་ལུས་མཆོད་པར་འབུལ། །ལས་ཉོན་སྒྲིབ་པའི་སྨག་རུམ་གྱི། །འཐིབ་པོའི་དབང་གྱུར་ཉེས་ཀུན་བཤགས། །ཆུ་ཟླའི་གར་གྱི་རོལ་པ་བཞིན། །མོས་ངོར་དེར་སྣང་རྗེས་ཡི་རང་། །བླ་མེད་ཡང་དག་སྣང་བ་ཡི། །དམ་ཆོས་ཉིན་བྱེད་ཀུན་གསལ་སྟོན། །ཐེག་ཆེན་བྱང་སེམས་སྤྱོད་པ་ཅན། །མགོན་རྣམས་བསྐལ་བརྒྱར་བཞུགས་


SPN001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས། །རབ་དཀར་དགེ་ཚོགས་ཆུ་རྒྱུན་རྣམས། །ཐར་བའི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་ཡན་ལག་བདུན་པ་འབུལ་ནས་ཚད་མེད་བཞི་བསྒོམ་པ་ནི། འགྲོ་རྣམས་བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །དགའ་བདེའི་བཏང་སྙོམས་ཚད་མེད་གནས་གྱུར་ཅིག །ནང་མཆོད་བདུད་རྩི། ༀ་ཨཱཿབིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས་ལ། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །ཡྃ་ལས་རླུང་དཀྱིལ་གཞུ་དབྱིབས་ཅན། རྃ་ལས་མེད་དཀྱིལ་ཟུར་གསུམ་པ། །དེ་སྟེང་ཧཱུྃ་གསུམ་སྤྲོས་པ་ལས། །བྷནྡྷ་སྐམ་པོ་བུམ་རིལ་གསུམ། །ལྟག་པ་ནང་བསྟན་དེ་སྟེངས་སུ། །ཨཱཿལས་ཐོད་སྣོད་ཡངས་པ་ནི། །ཕྱི་དཀར་ནང་དམར་དབུས་སུ་མུ། །ཤར་དུ་བི་དང་ལྷོ་རུ་ར། །ནུབ་ཏུ་ཤུ་དང་བྱང་དུ་མ། །བདུད་རྩི་ལྔ་པོ་ཡིག་འབྲུས་མཚན། །དབུས་སུ་ུན་དང་ཤར་ལྷོར་གོ། ལྷོ་ནུབ་ཀུ་དང་ནུབ་བྱང་ད། །བྱང་ཤར་ཧ་སྟེ་ཤ་ལྔའོ། །ཡི་གེ་སོ་སོས་མཚན་པར་གྱུར། །རང་གི་སྣ་བུག་གཡོན་པ་ནས། །ཧཱུྃ་གི་དབྱིབས་ཅན་རླུང་འཕྲོས་པས། །རླུང་གིས་མེ་བསྐྱོད་ཐོད་རྫས་ཁོལ། །མ་དག་དྲི་མ་དག་གཙང་སྦྱངས། །དེ་སྟེང་ༀ་ཨཱཿཧཱུྃ་ཡིག་ལས། །འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག །དམ་ཚིག་བདུད་རྩི་གཉིས་མེད་པར། །དག་པ་ཡེ་ཤེས་བདུད་རྩིར་གྱུར། །ཅེས་བདུད་རྩི་བྱིན་གྱིས་བརླབས་ལ། དེ་ནས་མདུན་གྱི་ནམ་མཁར་བླ་མའི་དཀྱིལ་འཁོར་བསྐྱེད་པ་ནི། སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་འདི་ལྟར་བསྒོམ་པར་བྱའོ། །ༀ་ཤུནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཟུང་འཛིན་གྱིས་བསྡུས་བའི་ཆོས་ཐམས་ཅད་དོན་དམ་ཡེ་ཤེས་རྡོ་རྗེའི་དབྱིངས་སུ་བསྒྱུར་ནས། ཕྱི་ནང་སྣང་སྲིད་གཉིས་བསྡུས་དངོས་པོ་རྣམས། །


SPN001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཆེན་པོའི་དབྱིངས་སུ་སྦྱང་བྱས་ནས། །མདུན་གྱི་ནམ་མཁར་རིན་ཆེན་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་རྒྱན་དང་བཀོད་པ་རྣམས། །ཞིང་ཁམས་རབ་འབྱམས་ལྷུན་གྲུབ་དེ་དབུས་སུ། །གྱད་དང་སེང་གེ་བརྒྱད་བཏེགས་རིན་ཆེན་ཁྲིར། །དབྱིབས་ལེགས་རྨད་བྱུང་དེ་སྟེང་པདྨ་དཀར། །དྲི་མེད་འདབ་སྟོང་རྒྱས་པ་དེ་སྟེངས་སུ། །རབ་དཀར་ལྷུན་སྡུག་ཟླ་བའི་དཀྱིལ་འཁོར་དབུས། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛོད། །མི་བཟད་རྒྱན་འཁོར་ལྔ་ཡི་བདག་པོ་སྟེ། །རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་སྣང་བ། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་དམར་མདངས། །ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཛིན། །སྤྱན་གཉིས་ཆོས་ཉིད་འགྱུར་མེད་དོན་ལ་གཟིགས། །དབུ་ལ་མཐོང་གྲོལ་པདྨ་རཱ་གའི་མདོག །ཁྱུང་གཤོག་གསེར་མདངས་རིན་ཆེན་ཕྲ་ཚོམ་ཅན། །རིགས་བདག་པདྨ་གར་དབང་ཚུལ་དུ་གསོལ། །ཆོས་གོས་རྣམ་གསུམ་ཟ་འོག་བེར་ཆེན་བཀླུབས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་སྔོན་མཚན། །གཞན་ཡང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་ཚོགས། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །ཞིང་སྐྱོང་བསྟན་སྲུང་རྒྱ་མཚོ་མ་ལུས་པ། །དཔག་མེད་


SPN001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་བརྗོད་བྲལ་ཇི་སྙེད་ཚོགས། །བར་མཚམས་མེད་པར་བུ་ཡུག་འཚུབས་བཞིན་བཞུགས། །གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །རྣམ་དག་ཕྱོགས་བཅུའི་ཞིང་དང་འོག་མིན་གནས། །ཁྱད་པར་བདེ་ལྡན་པདྨ་བཀོད་ཞིང་ནས། །རྒྱལ་བ་འོད་སྣང་མཐའ་ཡས་ཐུགས་རྒྱུད་བསྐུལ། །མཆོག་གི་སྤྲུལ་སྐུ་གར་གྱི་དབང་པོ་ལ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་འཁོར་ཚོགས་བཅས། །ཆར་སྤྲིན་གཏིབས་བཞིན་མདུན་བསྐྱེད་ལྷ་རྣམས་ལ། །གཉིས་མེད་དུ་མ་རོ་གཅིག་ངང་ཉིད་དུ། །དམ་ཚིག་དང་ནི་ཡེ་ཤེས་མཉམ་ཉིད་གྱུར། །གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བྃ་ཧོཿསླར་ཡང་ཐུགས་ལས་འོད་ཟེར་དཀར་པོ་འཕྲོས། །རིགས་ལྔ་ཡུམ་ལྔ་ལ་སོགས་དབང་ལྷའི་ཚོགས། །རང་བཞིན་གནས་ནས་སྤྱན་དྲངས་མདུན་མཁར་བཞུགས། །དེ་བཞིན་གཤེགས་ཀུན་དབང་གི་དགོངས་པ་བཛད། །གཤེགས་མ་རྣམས་ཀྱིས་ཤིས་བརྗོད་མེ་ཏོག་འཐོར། །རིན་ཆེན་བུམ་པ་བདུད་རྩིས་ལེགས་གཏམས་པས། །དབང་བསྐུར་སྐུ་གང་ཆུ་ཞབས་ཡར་ལུད་ནས། །རིགས་བདག་པདྨ་གར་དབང་དབུ་བརྒྱན་གྱུར། །ཅེས་དབང་བསྐུར་རྒྱས་གདབ་དང་། དེ་ནས་མཆོད་བ་འབུལ་བའི་རིམ་པ་ནི། མཆོད་པ་རྣམས་ནང་མཆོད་བདུད་རྩིས་བསངས་ལ། ༀ་ཨཱཿབིགྷྣཱན་སོགས་དང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི། །སྣོད་མཆོག་ཡིད་འོང་དུ་མའི་ནང་། །


SPN001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །སྒྲ་སྙན་ལ་སོགས་གཞན་ཡང་ནི། །ཕྱི་ནང་མཆོད་རྫས་དཔག་མེད་ཚོགས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན། །བདེ་ཆེན་ཡེ་ཤེས་སྐྱེད་བྱེད་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེགནྡྷེ། ནི་ཝི་དྱ། ཤབྡ། སོགས་དང་། རཱུ་པ། ཤབྡ། གནྡྷེ། རཱ་ཱས། སྤཪྴེ། བི་ཤྭ་སྥ་ར་ཎ་ཨཱ་ཧཱུྃ་གིས་བྱིན་བརླབས་ནས། རབ་ཏུ་དག་གཙང་དྲི་མེད་གདུང་སེལ་བའི། །རྡོ་རྗེའི་མཆོད་ཡོན་འབུལ་གྱི་བདག་བྱིན་རློབས། །ༀ་ཤྲཱི་མཱན་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དྭངས་ཤིང་སིམ་པའི་རྒྱུར་གྱུར་དལ་འབབས་ཀྱི། །ཞབས་བསིལ་ཡིད་འོང་འབུལ་གྱི་བདག་བྱིན་རློབས། །སྔགས་ཐོག་མཐའ་འདྲ་བ། པཱ་དྱཾ། སྐབས་གསུམ་མེ་ཏོག་མནྡཱ་ར་བ་སོགས། །ཆུ་སྐྱེས་ཐང་སྐྱེས་འབུལ་གྱི་བདག་བྱིན་རློབས། །པུཥྦེ། དྲི་བསུང་ཕུན་ཚོགས་སྤྲིན་ཆེན་ཕྱོགས་མཐར་དཀྲིགས། །བདུག་པའི་སྤོས་མཆོག་འབུལ་གྱི་བདག་བྱིན་རློབས། །དྷཱུ་པེ། ཉི་ཟླ་གཟའ་སྐར་འཕྲུལ་གྱི་གསལ་བྱེད་སོགས། །སྣང་བའི་རིགས་ཀུན་འབུལ་གྱི་བདག་བྱིན་རློབས། །ཨཱ་ལོ་ཀེ། ཇི་སྙེད་སྨན་སྤོས་སྦྱར་བ་ལས་བྱུང་བའི། །བྱུགས་པའི་དྲི་བཟང་འབུལ་གྱི་བདག་བྱིན་རློབས། །གནྡྷེ། ལྷ་ཡི་ཞལ་ཟས་རོ་བརྒྱ་དང་ལྡན་པ། །བཅུད་ཀྱིས་


SPN001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གཏམས་འབུལ་གྱི་བདག་བྱིན་རློབས། །ནཻཝཱི་དྱ། གྲག་སྟོང་སྒྲ་ཡི་བྱེ་བྲག་སྣ་ཚོགས་དང་། །མི་ཤིགས་ནཱ་ད་འབུལ་གྱི་བདག་བྱིན་རློབས། །ཤབྡ། རོལ་མོ་ལྡིར། མཐའ་ཡས་རབ་འབྱམས་འཇིག་རྟེན་གྱི། །གཟུགས་བཟང་དབྱངས་སྙན་དྲི་ངད་ལྡན། །བཤོས་གཙང་རེག་འཇམ་དུ་ཀུ་ལ། །རྣམ་མང་མཆོད་འབུལ་བདག་བྱིན་རློབས། །ༀ་ཤྲཱི་མཱན་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་རཱུ་པ། ཤབྡ། གྷནྡྷེ། རཱ་ས། སྤཪྴེ་པཱུ་ཛི་ཏེ་ཨཱཿཧཱུྃ། གཞན་ཡང་སྲིད་ཞིའི་ལོངས་སྤྱོད་ཀྱི། །དཔལ་འབྱོར་རྒྱ་ཆེན་མི་བཟད་པ། །བསྐལ་པར་རྒྱུན་མི་འཆད་པ་ཡི། །མཆོད་སྤྲིན་མཁའ་དབྱིངས་གང་གྱུར་ཅིག །དེ་ནས་མཎྜལ་ནི། ༀ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་བརྗོད་ལ། རྡོ་རྗེའི་ས་གཞི་རྣམ་པར་དག་པའི་དཀྱིལ་འཁོར་ལ། །མུ་ཁྱུད་ར་བས་ཡོངས་བསྐོར་དབུས་སུ་རི་དབང་པོ། །ལྷུན་པོ་མཆོག་རབ་ཤིན་ཏུ་མངོན་མཐོ་ལྷམ་མེ་བ། །ལུས་འཕགས་འཛམ་གླིང་བ་ལང་སྤྱོད་དང་སྒྲ་མི་སྙན། །ཤར་ལྷོ་ནུབ་བྱང་གླིང་ཆེན་བཞི་སྟེ་གླིང་གཡོག་དང་། །རིན་ཆེན་རི་བོ་དཔག་བསམ་རྐང་འཐུང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་འཁོར་ལོ་ནོར་བུ་བཙུན་མོ་དང་། །ཁྱིམ་བདག་ཅང་ཤེས་ཁྱུ་མཆོག་གཡུལ་རྒྱལ་དཔའ་བོ་ཆེ། །གཏེར་ཆེན་བུམ་བཟང་སྒེག་པ་ཕྲེང་འཛིན་གླུ་དབྱངས་མ། །གར་མཁན་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཐོགས། །འདོད་ཡོན་ལྷ་མོ་རབ་འབྱམས་ཞིང་བཀང་མཆོད་པ་སྤྲོ། །ཉི་ཟླ་རིན་ཆེན་གདུགས་


SPN001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྣམ་རྒྱལ་རྒྱལ་མཚན་བསྒྲེང་། །གཞན་ཡང་བར་མཚམས་ཀུན་ཏུ་ལྷ་མིའི་མཆོད་པའི་རྫས། །མཐའ་ཡས་མུ་མེད་ཕྲ་རབ་རྡུལ་གྱི་གྲངས་ལས་འདས། །བཀོད་ལེགས་རྨད་བྱུང་ཕུན་ཚོགས་ཡོན་ཏན་བརྗིད་པ་འདི། །དཔལ་ལྡན་བླ་མ་ཡི་དམ་སངས་རྒྱས་ཆོས་དགེ་འདུན། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ་བར་བགྱི། །བདག་གཞན་འགྲོ་ལ་བརྩེ་བར་དགོངས་མཛོད་དབྱིངས་ནས་རོལ། །བྱིན་རླབས་ཆར་གྱི་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱག་འཚལ་མཆོད་བཤགས་ཡི་རང་བསྐུལ་གསོལ་འདེབས། །དུས་གསུམ་དགེ་རྩ་ཆོས་དབྱིངས་ཆེན་པོར་བསྔོ། །ཅེས་མཎྜལ་ཕུལ་ནས། ནང་མཆོད་འབུལ་བ་ནི། སྐུ་གསུམ་ཡེ་ཤེས་ལྔ་བདག་རྡོ་རྗེ་ཅན། །བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་སོགས། །ཞིང་ཁམས་རབ་འབྱམས་བཞུགས་པའི་མཆོད་འོས་ལ། །དག་པ་ཡེ་ཤེས་བདུད་རྩིའི་རྒྱུན་འབུལ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ༀ་ཨཱཿཧཱུྃ། ཞེས་འབུལ། དེ་ནས་སྐབས་འདིར་བསྟོད་བཤགས་འབུལ་བ་ནི། ཆོས་དབྱིངས་ཀྱི་ནམ་མཁའ་མཐའ་དབུས་བརྡལ། །བདེ་ཆེན་རྩལ་མ་འགགས་སྤྲིན་ཚོགས་གཏིབས། །སྒྱུ་འཕྲུལ་གར་རྩེད་ཀྱི་ཆར་རྒྱུན་འབབས། །སྐུ་གསུམ་གྱི་བདག་ཉིད་ཁྱོད་ལ་བསྟོད། །སྐུ་མཚན་དཔེའི་ཉིན་བྱེད་འོད་སྟོང་ལྡན། །ལོག་རྟོག་གི་མུན་ཆེན་ཕ་མཐར་གཞོམ། །མཐོང་ཙམ་གྱིས་གྲོལ་བའི་ལམ་མཆོག་


SPN001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །མཆོག་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གསུང་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན། །བཀའ་བརྒྱད་ཁྲི་བཞི་སྟོང་ཆོས་འཁོར་བསྐོར། །ཐོས་ཙམ་གྱིས་ཡང་དག་བདེན་པ་རྟོགས། །མཆོག་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཐུགས་མཐའ་བྲལ་ཟབ་ཞི་སྤྲོས་དང་བྲལ། །ཏིང་ངེ་འཛིན་བརྒྱ་ཕྲག་སྟོང་མངའ་བ། །དྲན་ཙམ་གྱིས་རྣམ་གྲོལ་ལམ་ལ་བཀོད། །མཆོག་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་གྱི་རྒྱལ་བ་མ་ལུས་པ། །ཀུན་འདུས་པ་བླ་མ་རྡོ་རྗེ་འཆང་། །དཔལ་མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞབས། །བདག་མགོན་མེད་འདི་ནས་བྱང་ཆུབ་བར། །མི་འབྲལ་བར་གཅིག་ཏུ་སྨོན་ལགས་ན། །རྗེ་ཁྱེད་ཀྱི་ཐུགས་རྗེས་བདག་བྱིན་རློབས། །དངོས་སྣང་གི་འཛིན་པའི་ཞེན་ཆགས་དང་། །འཁྲུལ་སྣང་ལ་ཨ་འཐས་རེ་དོགས་སོགས། །ཆོས་བརྒྱད་ཀྱི་ཉོན་མོངས་དགྲ་བོ་འདི། །རང་སར་ཡལ་བདེན་མེད་རྟོགས་གྱུར་ཅིག །སྐྱེ་མེད་ཀྱི་ངང་དུ་འགགས་མེད་པ། །གནས་མེད་ཀྱི་རྟོགས་པའི་རྩལ་རྫོགས་ཤོག །དུས་སྙིགས་མ་ལྔ་ཡི་ཡང་མཐའ་འདིར། །སྐལ་མེད་བདག་སྐལ་བར་ལྡན་ནམ་སྙམ། །རྗེ་སངས་རྒྱས་བདུད་འདུལ་རྡོ་རྗེ་དང་། །མཆོག་དབང་གི་ཅོད་པན་འཛིན་པ་གཉིས། །མཐོང་ཐོས་པས་ཐུགས་རྗེའི་ཟླ་སྣང་གིས། །བདག་བློ་ཡི་དད་བའི་ཀུ་མུད་རྒྱས། །བཅོས་མིན་གྱི་མོས་གུས་དྲག་པོ་ཡིས། །ལུས་བྱེ་སྙེད་སྤྲུལ་ནས་ཕྱག་འཚལ་ཞིང་། །ངག་ལྷང་ལྷང་གསོལ་བ་འདེབས་འདེབས་སོ། །


SPN001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུང་དུང་འདུན་པ་རྩེ་གཅིག་པས། །ཕ་མཁྱེན་ནོ་དུས་གསུམ་སངས་རྒྱས་མཁྱེན། །ཕ་མཁྱེན་ནོ་སངས་རྒྱས་ཀུན་འདུས་མཁྱེན། །བདག་ལས་ཉོན་ཁུར་གྱིས་ལྕི་བ་ཡིས། །དངོས་བཀའ་ཡི་གདམས་པ་གཡེལ་ལགས་ཀྱང་། །གདུང་ཤུགས་ཀྱི་མོས་གུས་འབར་བའི་མཐུས། །ཉམས་གསལ་སྣང་ངང་དུ་ཆོས་སྟོན་གསོལ། །མཆོག་ཁ་སྦྱོར་ཡན་ལག་བདུན་ལྡན་པ། གནད་མ་ཧཱ་མུ་དྲའི་བདག་ཉིད་ཅན། །ལམ་གཅིག་ཆོད་ཟབ་མོ་མྱུར་བརྒལ་ནས། །སྐུ་བཞི་ཡི་རྒྱལ་སར་དྲང་དུ་གསོལ། །ཅེས་དང་། དེ་ནས་སྙིང་པོ་བཟླས་པ་ནི། མདུན་བསྐྱེད་བླ་མའི་ཐུགས་ཀར་ཟླ་སྟེང་ཧྲཱིཿ། དམར་པོའི་མཐའ་མར་ཡིག་དྲུག་འཁོར་བ་ལས། །འོད་ཟེར་འཕྲོས་པས་བདག་གཞན་འགྲོ་ལ་ཐིམ། །སྡིག་སྒྲིབ་ཀུན་དག་སྣང་སྟོང་མངོན་དུ་གྱུར། །ༀ་ཨ་མི་དྷེ་ཝ་ཧྲཱིཿཅི་ནུས་དང་། ༀ་ཨཱཿདྷརྨ་སིདྡྷ་སཱ་ག་ར་ཧཱུྃ། མཚན་སྔགས་ཀྱང་བཟླའོ། །བླ་མ་ལ་གསོལ་བ་འདེབས་སོ། །བདག་འདྲའི་དམུ་རྒོད་སེམས་ཅན། །ལས་ངན་གཡང་ས་བརྒལ་ནས། །ཁྱོད་ཀྱི་ཞིང་ཁམས་བདེ་ལྡན་། །པདྨོ་བཀོད་པར་སྐྱེས་ནས། །རྒྱལ་བའི་ཞལ་མཐོང་ལུང་ཐོབ། །རྩེ་གཅིག་སྨོན་ལམ་འདེབས་སོ། །མི་ཕམ་ཆོས་གྲུབ་རྒྱ་མཚོ། །མཁྱེན་ནོ་ཐུགས་རྗེས་ཟུངས་ཤིག །ཅེས་རྒྱང་འབོད་ཚུལ་དུ་བྱའོ། །ཡང་། ཨ་ཧོཿརང་སེམས་འཁྲུལ་པ་ཞེས་དང་། མ་འོངས་དྲུག་པ་མཚན་གཉིས་ཀྱང་སྤྲོ་ན་བརྗོད། དེ་ནས་ཕྱི་ནང་དམ་ཚིག་ཉམས་ཆག་བཤགས་པ་ནི། ཀྱཻ། བླ་མ་རིན་པོ་


SPN001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔའ་བོ་ཆེན་པོ་དང་། གཞན་ཡང་མཁྱེན་ཅིང་གཟིགས་པ་མངའ་བ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་ཉོན་མོངས་པའི་དབང་ལས་གྱུར་པའི་མི་དགེ་བའི་ལས་ཀྱི་སོ་ཐར་དང་གསང་སྔགས་བྱང་སེམས་ཀྱི་དམ་ཚིག་དང་འགལ་བའི་སྡིག་སྒྲིབ་ཉེས་ལྟུང་ནོངས་པ་ཐམས་ཅད་དེང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་དྲུང་དུ་མཐོལ་ལོ་བཤགས་སོ། །དེ་ལྟར་ཉེས་ཚོགས་བཤགས་པའི་བསོད་ནམས་ཀྱིས། །རྒྱལ་ཀུན་མགྲིན་དབྱངས་གཅིག་པས་དབུགས་དབྱུང་གྱུར། །ཕྱིན་ཆད་ནོངས་པར་བགྱིས་པའི་ལས་གང་དག །སྲོག་ལ་བབ་ཀྱང་མི་འདོར་དམ་བཅའ་བཟུང་། །ཞེས་བཤགས་སྦྱང་སྟོབས་བཞིའི་ཡ་གྱལ་རྟེན་བླ་མའི་སྟོབས་ཁྱད་འཕགས་གསུངས་ཕྱིར་འདི་ཡང་འབད་པས་ཟུངས་ཤིག །ཚོགས་གཉིས་རྒྱ་མཚོའི་རླབས་ཕྲེང་གཡོ་བའི་ཕྱིར། །ཚོགས་འཁོར་བྱིན་རླབས་མྱུར་འབེབས་བརྗོད་པར་བྱ། །ནང་མཆོད་ལྟར་ཚོགས་བྱིན་གྱིས་བརླབས་ནས། དག་པ་ཡེ་ཤེས་བདུད་རྩིར་གྱུར། །བར་དང་། ཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་པའི། །འདོད་ཡོན་ཞལ་ཟས་ཚོགས་འཁོར་ལོ། །ཤ་ལྔ་བདུད་རྩི་ལྔ་དང་ལྡན། །ཟག་མེད་ལོངས་སྤྱོད་ཆར་འབེབས་གྱུར། །པཉྩ་ཨ་མྲི་ཏ་ལ་ཁཱ་ཧི། ག་ན་ཙཀྲ་ལ་ཁཱ་ཧི། དེ་ནས་ཚོགས་རོལ་གྱི་མགྲོན་རྣམས་སྤྱན་དྲངས་པ་ནི། ཧཱུྃ་རང་སྣང་ཆོས་དབྱིངས་ཞིང་ཁམས་ནས། །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རྣམ་འཕྲུལ་ཀློང་ཡངས་ཐིབས་སེ་ཐིབ། །འདིར་


SPN001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །རྩ་བའི་བླ་མ་སྐུ་བསྐྱོད་འཚལ། །བྱིན་རླབས་སྤྲིན་ཕུང་ཀྱི་ལི་ལི། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །སངས་རྒྱས་བྱང་སེམས་སྐུ་བསྐྱོད་འཚལ། །ཐུགས་རྗེའི་ཆར་རྒྱུན་སི་ལི་ལི། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དག་པ་མཁའ་སྤྱོད་ཞིང་ཁམས་ནས། །ཡི་དམ་ཌཱ་ཀི་སྐུ་བསྐྱོད་འཚལ། །དངོས་གྲུབ་དབྱར་རྔ་དི་རི་རི། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཆོས་སྐྱོད་སྲུང་མ་སྐུ་བསྐྱོད་འཚལ། །ཕྲིན་ལས་གློག་འོད་ཁྱུགས་སེ་ཁྱུག །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཙཱ་རི་ཡེ་ཤེས་འཁོར་ལོ་ནས། །ཞིང་སྐྱོང་འཁོར་བཅས་སྐུ་བསྐྱོད་འཚལ། །མྱུར་མགྱོགས་རླུང་ལྟར་ཐོགས་མེད་འཕྱོ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་དང་འདོད་ཡོན་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་ཆེན་བསྐུར། །རླུང་སེམས་སྣང་བ་དབང་སྡུད་ཅིང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ནས་ཚོགས་ཕུད་རིམ་པར་སྤྲོས་ལ། གཏོར་མར་བྲན་ནས། བླ་མ་ཡི་དམ་ཆོས་སྐྱོང་སོགས་ལ་དམིགས་ནས། སྔར་བཞིན་བདུད་རྩི་བྱིན་རླབས་བྱས་ལ། ཕེཾ་ཕེཾ་ཕེཾ། ༀ་བཛྲ་ཨ་རལླི་ཧོཿཛཿཧཱུྃ་བྃ་ཧོཿབཛྲ་ཌ་ཀི་ནི་ས་མ་ཡ་སྟྭཾ་ཌི་ཤྱ་ཧོཿཆོས་སྐུ་གར་དབང་རྡོ་རྗེ་འཆང་ཆེན་དང་། །ལོངས་སྐུ་ཚེ་འོད་


SPN001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དཔག་ཏུ་མེད། །སྤྲུལ་སྐུ་འཆི་མེད་པདྨ་ཐོད་ཕྲེང་རྩལ། །མཐོན་མཐིང་པདྨ་རཱ་གའི་ཅོད་པན་ཅན། །རྒྱལ་བས་ལུང་ཟིན་རིམ་པར་བྱོན་རྣམས་དང་། །བཀའ་བརྒྱུད་གྲུབ་ཐོབ་རིག་འཛིན་རྒྱ་མཚོ་དང་། །སངས་རྒྱས་བྱང་སེམས་ཡི་དམ་དཀྱིལ་འཁོར་ལྷ། །མ་མགོན་མགར་གསུམ་ཞིང་སྐྱོང་ཆེན་པོ་སོགས། །ཆོས་སྐྱོང་སྲུང་མའི་ཞལ་དུ་མཆོད་པ་འབུལ། །དགྱེས་བཞེས་དངོས་གྲུབ་དམ་པ་མྱུར་དུ་སྩོལ། །དེ་ནས་འཇིག་རྟེན་སྐྱོང་བ་རྣམས་ལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྴ་རཀྴ་སོགས་དང་། ༀ་ཧྲིཾ་ཧྲིཾ་ཧ་ཧ་སོགས་དང་ཕེཾ་བར་བརྗོད། ཞིང་སྐྱོང་བརྒྱད་དང་མཁའ་འགྲོ་སོ་གཉིས་སོགས། །འཁོར་བཅས་འདིར་བྱོན་མཆོད་སྦྱིན་འདོད་ཡོན་གྱི། །གཏོར་མ་འདི་བཞེས་རྣལ་འབྱོར་མཐུན་རྐྱེན་སྤེལ། །འགལ་རྐྱེན་ཕྱིར་བཟློག་ལས་བཞིའི་ཕྲིན་ལས་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་ཁྱད་པར་སྒོས་ཀྱི་བཀའ་སྲུང་ཞིང་སྐྱོང་ཆེན་པོའི་གཏོར་འབུལ་ནི། ཧཱུྃ་བྷྱོ། མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ། །རབ་འཇིགས་དུར་ཁྲོད་རོལ་པ་ནས། །འཁོར་ལོ་སྡོམ་པའི་ཐུགས་ལས་སྤྲུལ། །གྷ་ཡ་དྷ་ར་ཡབ་ཡུམ་དང་། །བདུད་དམག་སྟོང་སྡེའི་དཔུང་ཚོགས་བཅས། །དམ་ཚིག་འདུ་འབྲལ་མེད་བཞིན་དུ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །འདིར་བཤམས་ཡེ་ཤེས་ལྔ་ཡི་རྫས། །བ་ལིང་གཏོར་མ་རི་ལྟར་སྤུངས། །སྨན་རཀ་གཏན་འཁྱིལ་མཚོ་ལྟར་རྒྱས། །གཞན་ཡང་བསྐང་རྟེན་སྒྲུབ་པའི་རྫས། །ལོངས་སྤྱོད་མི་བཟད་སྤྲིན་ལྟར་གཏིབས། །བསྟན་སྲུང་


SPN001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་ལ་འབུལ། །དཔལ་ལྡན་མཁའ་སྤྱོད་དབང་པོ་ཡི། །རྡོ་རྗེའི་བཀའ་བསྒོས་མ་བསྙེལ་བར། །སངས་རྒྱས་བསྟན་དང་བསྟན་འཛིན་སྲུང་། །རྣལ་འབྱོར་ཚེ་དཔལ་ཆོས་འཕེལ་ཞིང་། །ནད་མཚོན་དལ་ཀ་དགྲ་ལ་སྒྱུར། །ཕ་རོལ་བྱད་དང་རྦོད་གཏོང་ཟློག །བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་ཕུལ། དེ་ནས་དངོས་གྲུབ་ཀྱི་རྫས་ཚོགས་ལ་རོལ་པ་ནི། ཀྱེ་ཀུན་རྟོག་མཉམ་ཉིད་ངང་ནས་འདོད་ཡོན་རོལ། །ལེན་པ་པོས། ཧོཿགཟུང་འཛིན་མཚན་བྲལ་དེ་བཞིན་ཉིད་ལ་འདུད། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿཞེས་བརྗོད་ལ་རོལ་པར་བྱའོ། ཕུད་ལྷག་ལ་བདུད་རྩིས་བྲན་ལ། ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཕུད་ལྷག་བཤལ་ཆུའི་གཏོར་མ་ལ་དབང་བའི་མཁའ་འགྲོ་དང་ཡང་འཁོར་ཕོ་ཉའི་ཚོགས་རྣམས་ལ་བསྔོ་ཞིང་འབུལ་བར་བགྱིའོ། །བསྟན་པ་སྲུང་ལ་རྣལ་འབྱོར་སྐྱོང་བའི་ཕྲིན་ལས་མ་གཡེལ་ཅིག །ཨུཙྪི་ཊ་བ་ལིཾ་ཏ་ཁཱ་ཧི། ཅེས་ཕུལ། དེ་ནས་མཆོད་པ་གསོ་བྲན་བྱས་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻཝི་དྱ། ཤབྡ་དང་། ༀ་བཛྲ་རཱུ་པ། ཤབྡ། གནྡྷེ། རཱ་ས། སྤཪྴེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད། དྲན་པ་ཙམ་གྱིས་འཁོར་མཚོ་ལས། །ངེས་པར་སྒྲོལ་བའི་ཐུགས་རྗེ་ཅན། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་འཛིན། །རིགས་ཀུན་བདག་པོར་ཕྱག་འཚལ་བསྟོད། །ཅེས་དང་། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་བཞུགས་གསུངས་བཞིན། །ཇི་ལྟར་དཔལ་


SPN001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་མཆོག །བདག་ངོར་ངེས་པར་མངོན་སུམ་ཤར། །དེ་ཡི་ངང་ནས་རྩེ་གཅིག་མོས་གུས་དར་དྲག་བསྐྱེད་ལ། བླ་མའི་ཞལ་ནས་མངོན་སུམ་རྡོ་རྗེའི་བཀའ་ཡིས་གནང་བ་ཐོབ་པར་བསམ་ལ། ཀྱཻ་ཧོཿསེམས་ཉིད་དངོས་མེད་གདོད་ནས་རྣམ་དག་ལ། །རང་བཞིན་སྟོང་ཞིང་བཅོས་མེད་བསྒོམ་བྱ་དང་། །སྒོམ་བྱེད་བྲལ་བའི་ངང་ལ་ཤིགས་སེ་ཞོག །དེ་ཁོ་ན་ཉིད་སངས་རྒྱས་དགོངས་པའོ། །ཞེས་དེའི་ངང་ནས་བྱིན་རླབས་དབང་བཞི་བླང་བའི་མོས་གུས་ཀྱིས། སྐྱབས་ཡུལ་ཀུན་ཀྱང་མདུན་བསྐྱེད་བླ་མར་ཐིམ། །དེ་ཉིད་དགྱེས་པའི་འཛུམ་མདངས་གཡོ་བཞིན་དུ། །སྤྱི་བོ་མགྲིན་པ་ཐུགས་ཀ་ལྟེ་གསང་ནས། །ༀ་དཀར་ཨཱཿདམར་ཧཱུྃ་སྔོན་སྭཱ་སེར་ཧཱ། །ལྗང་འོད་ཟེར་འཕྲོས་རང་གི་གནས་ལྔར་ཐིམ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་ཞུགས། །ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་ཐོབ་གྱུར། །དེ་ཡི་ངང་ནས་བརྩེ་བ་ཆེན་པོར་བཅས། །འོད་དཀར་ལྟེམ་གྱིས་གྱུར་ནས་བདག་ལུས་དང་། །དབྱེར་མེད་གཅིག་འདྲེས་ཕྱག་རྒྱ་ཆེན་པོ་ཡི། །ཉམས་ལེན་ལྟ་བའི་ངང་དུ་དར་གཅིག་བཞག །དེ་ནས་བསྔོ་བ་སྨོན་ལམ་ནི། ན་མོ། བླ་མ་སྒྲུབ་པའི་དགེ་བ་གང་། །བདག་དང་སེམས་ཅན་ཐམས་ཅད་ཀུན། བླ་མེད་རྫོགས་པའི་བྱང་ཆུབ་བསྔོ། །ཕྱམ་གཅིག་སངས་རྒྱས་སར་འགོད་ཤོག །ཅེས་དང་། སྟོན་མཆོག་ཞི་བ་ཆགས་བྲལ་དང་། །རྩ་གསུམ་མཐུ་ུསྟོབས་འོད་སྟོང་ཅན། །དེང་འདིར་ཀུན་ནས་ཀུན་གསལ་བའི། །བཀྲ་ཤིས་རབ་གསལ་རབ་རྒྱས་ཤོགཅེས་ཤིས་པའི་མེ་ཏོག་འཐོར།


SPN001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གནས་སོགས་བརྗོད་པར་བྱའོ། །དེ་ལྟར་དབང་གི་ཅོད་པན་འཛིན་པ་བཅུ་པ་མི་ཕམ་ཆོས་གྲུབ་རྒྱ་མཚོའི་བླ་སྒྲུབ་འདི་བཞིན་འོག་མིན་ཀརྨའི་གྲྭ་ཚང་བསླབ་གསུམ་ལྡན་པ་དགེ་སློང་ཀརྨ་ཚེ་བརྟན་གྱིས་དངོས་པོའི་མཎྜལ་དང་བཅས་བསྐུལ་བའི་ངོར་རྗེ་དེ་ཉིད་ཀྱི་ཐུགས་རྗེས་རྗེས་འཛིན་སི་ཏུ་པདྨ་ཉིན་བྱེད་དབང་པོས་རྒྱལ་ཟླའི་དཀར་ཕྱོགས་ཀྱི་ཉ་ལ་སྤེལ་བ། བདག་འདྲ་སོ་སྐྱེའི་བརྗོད་པ་དཔེ་ཆུ་ཤིང་དང་མཚུངས་པར་གྱུར་ཀྱང་། དོན་བླ་མ་སྒྲུབ་པ་མཆོག་གི་ཉེ་ལམ་སྟེ་སྐལ་ལྡན་རྣམས་ཀྱི་ཐར་པའི་ཐེམ་སྐས་ཙམ་དུ་གྱུར་པའོ། །དགེ་འདིས་ཀུན་མཁྱེན་བྱང་གྲོལ་མྱུར་ཐོབ་ཤོག །འདི་ཉིད་རྒྱས་བསྡུས་གསུམ་དུ་དབྱེ་བས་རྒྱས་པ་ནི་འདིར་གསལ་གྱི་འབྲིང་པོར་སྐྱབས་སེམས་ཡན་ལག་བདུན་པ་དེ་ནས་མདུན་བསྐྱེད་དབང་བསྐུར་རྒྱས་གདབ་མཆོད་པ་བྱིན་རླབས་ནས་མཎྜལ་ཚར་རྗེས། བསྟོད་ཕྱག །བཟླས་པ། བཤགས་སྡོམ་མཐར། སྔགས་མཆོད་རྣམས་དང་། དེ་ནས་གཞུང་ལྟར་རོ། །རྒྱུན་ཁྱེར་ལྟ་བུར་བསྡུ་ན། སྐྱབས་སེམས་ཡན་ལག་བདུན་ཕུལ་ནས། མདུན་བསྐྱེད་དབང་བསྐུར་རྒྱས་གདབ་པར། །སྔགས་མཆོད་ཕུལ་ནས་བསྙེན་པར་འཇུག །རྒྱང་འབོད་བཤགས་སྡོམ་མཐར། གང་ཞིག་སངས་རྒྱས་མན། བཀྲ་ཤིས་བར་གྱིས་འགྲུབ། ཅེས་ཡང་དབེན་དུ་སྤེལ།། །།


previousབླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བི་ཛ་ཧ་ར། next