Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དབང་བཞི་དངོས་གྲུབ་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དབང་བཞི་དངོས་གྲུབ་སྤྲིན་ཕུང་། next

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དབང་བཞི་དངོས་གྲུབ་སྤྲིན་ཕུང་།


SPN001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དབང་བཞི་དངོས་གྲུབ་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །རྩ་བའི་བླ་མ་སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འདིར་བླ་སྒྲུབ་བྱིན་རླབས་ཆར་འབེབས་ལས་འཕྲོས་པའི་དབང་ཆོག་ཞིག་བཀོད་པ་སྟེ། བླ་མེད་ལུགས་ཀྱི་ཐུན་མོང་མིན་པའི་སྨིན་བྱེད་


SPN001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལ། མདུན་བསྐྱེད་མཆོད་པའི་དབུས་སུ་མཉྫིའི་སྟེང་རྣམ་རྒྱལ་བུམ་པ་ལྔ་ཕྲག་ལྔ་ཡི་རྫས་ཀྱིས་གཏམས་པར་དྲི་བཟང་གི་ཆུས་སུམ་གཉིས་བཀང་བའི་ཁར་དུང་ཆོས་དང་གཟུངས་རྡོར་ཁ་རྒྱན་སོགས་ཀྱང་བཀོད། རིགས་ལྔའི་དབང་རྫས་བཀྲམ། དེ་ཡི་སྟེང་དུ་ཀ་པཱ་ལ་མཚན་ཉིད་ལྡན་པ་མྱོས་བྱེད་དང་བདུད་རྩི་རིལ་བུས་གང་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་བཤམས། གཞན་ཡང་ཉེར་མཁོའི་ཡོ་བྱད་འདུ་བར་བྱས་ལ། ཐོག་མར་མདུན་བསྐྱེད་དཀྱུས་ལྟར་གྱི་བཤགས་པའི་བར་བཏོན་ལ། བུམ་པ་བསངས་སྦྱངས་པ་ནི། ༀ་ཨཱ་བིགྷྣཱན་སོགས་དང་། ༀ་སྭ་བྷཱ་ཝས་སྦྱངས་ལ། སྟོང་ལས་དལ་དབུས་མཚན་ཉིད་ཡོངས་རྫོགས་པའི། །རིན་ཆེན་བུམ་པ་མཆུ་འཕྱང་ལྟོ་བ་ལྡིར། །མགྲིན་རིང་ཁ་ཡངས་ཞབས་ཞུམ་རྒྱན་གྱིས་སྤྲས། །ལམ་གསུམ་འབབས་ཀྱི་རྒྱུན་བཟང་མཚོ་འཁྱིལ་དབུས། །དྲི་མེད་པདྨའི་སྡོང་པོ་འདབ་རྒྱས་ལྟེར། །བསིལ་ཟེར་བྱེད་པའི་ཆ་ཤས་ཡོངས་གང་སྟེང་། །གར་དབང་རིགས་ཀུན་བདག་པོ་རྡོ་རྗེ་འཆང་། །དམར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ། །བསྣོལ་འཛིན་རང་འོད་ཡུམ་འཁྱུད་མཚན་དཔེ་འབར། །ལོངས་སྤྱོད་རྫོགས་པའི་རྒྱན་དང་ཆ་ལུགས་མཛེས། །རྡོར་སྐྱིལ་གྱིས་བཞུགས་བདེ་སྟོང་ཡེ་ཤེས་རྒྱས། །གནས་གསུམ་ཡིག་གསུམ་ས་བོན་མཚན་པར་གྱུར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཁྱད་པར་ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ནས། །སྤྱན་དྲངས་དབྱེར་མེད་བུམ་ལྷར་སིབ་སིབ་ཐིམ། །གུ་རུ་བཛྲ་ས་མ་ཡ་ཛཿཛ་ཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །དེ་ནས་ཨརྒྷཾ་


SPN001_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་མཆོད་ནས། དྲན་པ་ཙམ་གྱིས་འཁོར་མཚོ་ལས། །ངེས་པར་སྒྲོལ་བའི་ཐུགས་རྗེ་ཅན། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་འཛིན། །རིགས་ཀུན་བདག་པོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཕྱག་འཚལ་བ་དང་སོགས་ཡན་ལག་བདུན་པ་ཕུལ། བུམ་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །རྒྱལ་བ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ་བར་བྱས། །དེ་ཉིད་ཚུར་འདུས་སྐུ་ཡི་ཆ་ཤས་ནས། །ཡེ་ཤེས་བདུད་རྩིའི་རྒྱུན་གྱི་ཆར་འབེབས་གྱུར། །ༀ་ཨཱཿཧཱུྃ་གུ་རུ་བཛྲ་དྷྲྀ་ཀྲ་ཧཱུྃ་སྭཱ་ཧཱ། ཅེས་སྙིང་པོ་གང་འགྲུབ་བཟླའོ། །བུམ་ལྷ་འོད་ཞུ་བདུད་རྩིའི་ངོ་བོར་གྱུར། །ཅེས་བརྗོད། དེ་ནས་སྔར་གྱི་མདུན་བསྐྱེད་བླ་མའི་དཀྱིལ་འཁོར་བཀྲ་ལམ་མེར་སླར་ཡང་མངོན་སུམ་གསལ་བཏབ་ནས། གཙོ་བོ་བུམ་བསྐྱེད་ལྟར་ལོངས་སྤྱོད་རྫོགས་སྐུ་གར་དབང་རྡོ་རྗེ་འཆང་རང་འོད་ཡུམ་ཅན་དུ་བསྐྱེད་ལ་དབང་བླང་བ་ནི། དང་པོ་གསལ་གདབ་ནི། ༀ་ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔར་བདག་སྒྲུབས་ཤིག །ཞེས་གསོལ་བ་བཏབ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་། སྔོན་འགྲོ་གཏོར་མ་བྱིན་རླབས་དང་བཅས་བགེགས་བསྐྲད་སྲུང་འཁོར་བར་བཏོན་ནས། མཎྜལ་ཕུལ་ལ། མི་ཕྱེད་པའི་བློས། ཐུགས་རྗེའི་བདག་ཉིད་བཀའ་དྲིན་གྱིས། །ཡང་དག་ཡེ་ཤེས་མཆོག་ཐོབ་སྟེ། །ཆོས་ཀྱི་བདུད་རྩི་འདི་འཐུང་ཕྱིར། །བླ་མ་ཆེ་ལ་གསོལ་བ་འདེབས། །ཅེས་ལན་གསུམ་བརྗོད། རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ། །ཐར་པ་


SPN001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གྲོང་མཆོག་ཏུ། །ངེས་པར་བདག་ནི་འཇུག་པ་དང་། །རིགས་ལྔའི་དམ་ཚིག་སོ་སོར་བཟུང་། །ལན་གསུམ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། རྡོ་རྗེ་སྙིང་གར་བཞག་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཅེས་སེམས་བསྐྱེད་ལ། བླ་མ་ཧེ་རུ་ཀ་དཔལ་སྙིང་ལ་བཞུགས། །རྡོ་རྗེ་སྙིང་གར་རེག །ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་གདབ་པ་ནི། དཔལ་ཧེ་རུ་ཀ་ཡི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཀྱིས་བདག་ལ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ་བདུད་རྩི་ལྟ་བུ། རིན་པོ་ཆེ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཤིན་ཏུ་ཡང་སྨིན་པར་མཛད་དུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་གསང་གསུམ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་རང་གི་སྤྱི་བོ་ནས་ཞུགས། ལུས་སེམས་བདེ་བ་ཆེན་པོའི་འོད་ཀྱིས་གང་བར་གྱུར། ༀ་གུ་རུ་བཛྲ་ས་མ་ཡ་ཛ་ཛ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨ། དྲག་ཏུ་བརྗོད་ཅིང་། སྤོས་དང་རོལ་མོ་བྱའོ། །ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་སེམས་ལ་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མེད། །སྐྱེ་མེད་བདེ་བ་ཆེན་པོའི་སྐུ། །རང་ལ་ཡོད་པ་ངོ་མཚར་ཆེ། །རང་སེམས་ཆོས་སྐུའི་མེ་ལོང་ལ། །གཉིས་མེད་ཡེ་ཤེས་འོད་དུ་ཤར། །ཤར་བ་


SPN001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས་གྲུབ་མེད་དེ། །བདེ་ཆེན་ལྷན་ཅིག་སྐྱེས་པ་ཡིན། །ཏིཥྛ་བཛྲ་གྱིས་བརྟན་པར་བྱས། སློབ་མ་དབང་རྫས་རིགས་ལྔ་ཡབ་ཡུམ་གསལ། །འོད་ཀྱིས་ལྷ་ཡི་དབང་རྫས་སོ་སོར་ཐོགས། །དགོངས་པ་མཛད་དང་མཆོད་ཅིང་ཤིས་པ་བརྗོད། །སྲུང་བའི་ལས་དང་བུམ་པ་བདུད་རྩི་ཡིས། །ཇི་ལྟར་བལྟམས་ཚེ་བཅོམ་ལྡན་ཁྲུས་གསོལ་ལྟར། །ལྷ་ཆུ་དག་པས་འདིར་ནི་དབང་བསྐུར་རོ། །ༀ་བཛྲ་ཨ་བྷི་ཥཉྩ་ཧཱུྃ། རཏྣ་མུ་ཀུ་ཊ་ཨ་བྷི་ཥེཉྩ་ཏྲྃ། བཛྲ་དྷཱ་ར་ནི་ཨ་བྷི་ཥིཉྩ་ཧྲཱིཿབཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨཱཿབཛྲ་ན་མཿཨ་བྷི་ཥིཉྩ་ༀ། ཅེས་བརྗོད་ལ་བུམ་པ་དང་། དབུ་རྒྱན། པདྨ། དྲིལ་བུ། མིང་དབང་རྣམས་སོ་སོར་བསྐུར་ནས། ༀ་བཛྲོ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏ་སྟྭཾ་ཨཱ་ཧཾཿཞེས་ཆུ་དབང་བསྐུར། དེ་ལྟར་དབང་བསྐུར་དུག་ལྔའི་སྒྲིབ་པ་དག །ཕུང་ལྔ་གནས་གྱུར་ཡེ་ཤེས་ལྔ་ཐོབ་ནས། །ཆུ་ཞབས་ཡར་ལུད་རིགས་ལྔས་དབུ་རྒྱན་གྱུར། །དེ་ནས་སློབ་དཔོན་དབང་ནི། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །ལན་གསུམ་གསོལ་བ་བཏབ། རྡོ་རྗེ་དང་དྲིལ་བུ་བླངས་སྟེ། ཧཱུྃ་བྱུང་རྡོ་རྗེ་མ་ཧཱ་བཛྲ་ཧཱུྃ། ཨཱཿབྱུང་དྲིལ་བུ་བཛྲ་གནྜེ་ཨཱཿའཁྱུད་པའི་རྒྱ་དང་བཅས། སློབ་མ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སྙེ་མ་ཟུང་འཇུག་གསལ། །རྡོ་རྗེ་དྲིལ་བུ་ཆེ་ཟུང་ཞིག །རྡོ་རྗེར་བྱིན་རློབས་སློབ་དཔོོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །དབང་བསྐུར་བ་ནི། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་


SPN001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །བུམ་པ་སྤྱི་བོར་བཞག་ཆུ་བཏུང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཆུ་ཞབས་གྱེན་འཁྱིལ་མི་བསྐྱོད་རྒྱས་གདབ་གྱུར། །ༀ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། འདོད་ཡོན་རོལ་ཞིང་ཁམས་གསུམ་དོན། །རྟེན་ཅིང་འབྲེལ་འབྱུང་ཉིད་དུ་སྤྱོད། །དེ་ལྟར་ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ། །བསྐྱེད་རིམ་བརྟན་ཐོབ་སྤྲུལ་སྐུ་འགྲུབ་པར་གྱུར། །དེ་ནས་གསང་དབང་ནི། མགོན་པོ་བདག་སོགས་འཁོར་བའི་འདམ། །བྱིང་བ་སྐྱབས་མེད་སྒྲོལ་མཛོད་ཅིག །ལན་གསུམ་གསོལ་བ་གདབ། གཙོ་བོ་ཡབ་ཡུམ་སྙོམས་འཇུག་གི། །བྱང་སེམས་རྒྱུན་གྱི་དབང་མཆོག་བསྐུར། ཀཱ་པ་ལ་མགྲིན་པར་བཞག་ལ། ཨ་ཧོ་མ་ཧཱ་སུ་ཁ། བདུད་རྩི་མྱོང་ལ། དེ་ལྟར་སངས་རྒྱས་རྣམས་ལས་བྱུང་བ་ཡི། །དམ་ཚིག་བཅུད་ཀྱི་བདེ་བ་ཆེན་པོ་མྱོང་། །ངག་གི་སྒྲིབ་དག་གསང་དབང་ཐོབ་ནས་ནི། །རྩ་རླུང་བརྟན་ཐོབ་ལོངས་སྐུ་འགྲུབ་པར་གྱུར། །དེ་ནས་ཤེས་རབ་ཡེ་ཤེས་དབང་ནི། ཧེ་རུ་ཀ་དཔལ་བདག་དྲོངས་ཤིག །གསང་བ་ཆེན་པོས་སྨིན་པར་མཛོད། །ལན་གསུམ་གསོལ་བ་བཏབ། སིནྡྷཱུ་རའི་དཀྱིལ་འཁོར་ཡུམ་དུ་གསལ་བས། རྡོ་རྗེ་སྙེ་མ་ལས་སྤྲོས་པའི། །བདེ་སྟེར་ལྷ་མོ་མཆོད་པར་གྱིས། །ཞེས་གཏད་ལ། མཁའ་གསང་བྱིན་བརླབས་སྦྱོར་བ་ཡིས། །དགའ་དང་མཆོག་དགའ་ཁྱད་པར་དགའ། །ལྷན་སྐྱེས་དགའ་བཞི་ཉམས་མྱོང་གྱུར། །སིནྡྷཱུ་རས་གནས་བཞིར་ཐིག་ལེ་བྱ། སེམས་ཀྱི་སྒྲིབ་དག་བདེ་སྟོང་བསྒོམ་པར་དབང་། །ཆོས་སྐུ་འགྲུབ་པའི་སྐལ་བ་ལྡན་པར་གྱུར། །བཞི་པ་ཚིག་དབང་ནི། རྡོ་རྗེ་ཅན་ཞབས་བཀའ་དྲིན་གྱིས། །རིན་ཆེན་བཞི་པའང་དེང་འདིར་སྩོལ། །ལན་


SPN001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསོལ་བ་གདབ། བླ་མ་སྤྱི་བོར་བསྒོམ། ལུས་གནད་ངོ་བོ་སྐྱོང་ལ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་ཚིག་གི་བརྡ་སྤྲད་ལ། དོན་དམ་དེ་བཞིན་ཉིད་ཀྱི་དབང་བསྐུར་ཐོབ། །སྒོ་གསུམ་སྒྲིབ་དག་ཕྱག་ཆེན་བསྒོམ་པར་དབང་། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །དེ་ནས་རྗེས་རིམ་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་བདག་གིས་བགྱི། །ལན་གསུམ་དང་། གཏང་རག་གི་མཎྜལ་འབུལ་བར་བྱའོ། །དེང་ནས་བརྩམས་ཏེ་བདག་བྲན་སོགས་བརྗོད་ལ། དེ་ནས་དཔའ་བོའི་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་རོལ་པ་སོགས་རྣལ་འབྱོར་གྱི་ཉམས་བསྐྱང་བར་བྱའོ། །ཅེས་པའང་བསླབ་པའི་ཚུལ་ཁྲིམས་དང་དད་པའི་ནོར་ལྡན་སྒྲུབ་ཆེན་པ་བཀྲ་ཤིས་ཀྱི་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ཡང་དབེན་དུ་སྤེལ་བ་མངྒ་ལཾ།། །།


previousབླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་དབང་བཞི་དངོས་གྲུབ་སྤྲིན་ཕུང་། next