Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་བཞི་དངོས་གྲུབ་སྤྲིན་ཕུང་གི་མཚམས་སྦྱོར་པད་དཀར་ཆུན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousདབང་བཞི་དངོས་གྲུབ་སྤྲིན་ཕུང་གི་མཚམས་སྦྱོར་པད་དཀར་ཆུན་པོ། next

དབང་བཞི་དངོས་གྲུབ་སྤྲིན་ཕུང་གི་མཚམས་སྦྱོར་པད་དཀར་ཆུན་པོ།


SPN001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་དངོས་གྲུབ་སྤྲིན་ཕུང་གི་མཚམས་སྦྱོར་པད་དཀར་ཆུན་པོ་ཞེས་བྱ་བ་བཞུགས་སོ། །སློབ་མ་ཁྲུས་དང་། སྔོན་འགྲོ་གཏོར་མ་བཏང་། བགེགས་བསྐྲད་ལ། དང་པོ་དབང་གི་སྤྱི་བཤད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་བཀོད་སྙམ་པའི་སེམས་བསྐྱེད་ནས་ལེགས་པར་གསན་འཚལ། གསན་པར་བྱ་བའི་ཆོས་དེ་ལ་ཡང་བདག་ཅག་གི་སྟོན་པས་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་སུ་གསུངས་པར་འདུས་ཤིང་། དེ་ཡང་རྒྱུད་སྡེ་བཞིར་དབྱེ་བ་ལས། ནང་


SPN001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསེས་གཉིས་སུ་དབྱེ་བ། གསུམ་དང་བཞིར་དབྱེ་བ། ལྔ་དང་དྲུག་ཏུ་དབྱེ་བ་གྲངས་ངེས་མེད་དུ་དབྱེ་བ་མཆིས་ནའང་ཡོངས་སུ་གྲགས་པ་རྒྱུད་སྡེ་བཞིར་བསྟན་ཅིང་། སྐྱེ་གནས་རྣམ་པ་བཞི་ཡི་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་གི་གང་ཟག་ལ་དགོངས་ནས་སོ་སོར་གསལ་ཞིང་སྟོན་པར་མཛད་ཅིང་། དེ་ཡང་དབང་རྣོན་གྱི་རྒྱུད་ལ་བྱིན་རླབས་མྱུར་དུ་སྨིན་པའི་ཕྱིར། ཀུན་རྫོབ་ཏུ་དམ་ཡེ་གཉིས་ཀ་གདོད་ནས་རང་ཆས་སུ་བཞུགས་པ་དེ་ཡི་ངོ་བོར་གནས་པ་ལ་གསལ་ཐེབས་པས་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པས་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཅེས་གྲགས་པ་འདི་ཉིད་ཡིན་གྱི། དོན་དམ་པར་ནི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཡེ་ཤེས་དབྱེར་མེད་འོད་གསལ་ཆེན་པོའི་ཆོས་ཉིད་ཀྱི་རང་བཞིན་ཅིར་ཡང་ཤར་བ་སྟེ། རྟག་པ་ཕྱི་མ་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེ་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པ་རྣལ་འབྱོར་པས་ཤེས་ཀྱི། །ཞེས་པ་ལྟར་བསྟན་ཅིང་། མཆོག་གི་རྨད་དུ་བྱུང་བའི་རྒྱུད་ལ་བསྟེན་ནས་ལམ་གཅིག་ཆོད་ཀྱི་ཟབ་མོ་བླ་མ་སྒྲུབ་པའི་རྣལ་འབྱོར་གྱི་སྒོ་ནས་རྗེས་སུ་འཛིན་པ་སྟེ། དེ་ཡང་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ནི་དཔེར་ན་མེ་ལོང་གི་དངོས་པོ། གདུལ་བྱ་ནི་དེ་ཡི་ངོགས་ནས་གཟུགས་འཆར་བ། འདུལ་བྱེད་གཟུགས་ཀྱི་སྐུ་ནི་མི་གཡོ་བར་གཟུགས་ཇི་ལྟ་བར་འཆར་བའི་གཉེན་པོ། ཤར་བཞིན་པ་མེ་ལོང་ཉིད་ལ་དེ་ཡི་ངེས་པས་གསལ་བར་མཚོན་ནོ། །ཀུན་སྤྱོད་ཀྱི་རྒྱུད་ནས་གསུངས་པའི་མཆོད་བརྗོད།


SPN001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་དྲིན་གྱི་བདེ་ཆེན་ཉིད། །ཅེས་པའི་ཚིག་རྐང་བ་བཞི་པོའི་ལུང་དང་མཐུན་པར། བླ་མ་བསྟེན་པ་ལ་གུས་པ་རྣམས་སྨིན་ལམ་དབང་གི་དུས་མཚོན་བྱ་དོན་དམ་པའི་ཡེ་ཤེས་སྐྱེད་པར་བྱེད་དེ། དགྱེས་རྡོར་ལས། བླ་མའི་དུས་ཐབས་བསྟེན་པ་ལ། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ཤིང་། དེ་ལྟ་བུའི་བླ་མ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་སྟེ། གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བར་རྫོགས་པར་བྱེད་ནུས་པས་སོ། །དེས་ན་དེ་ཉིད་རྡོ་རྗེ་སེམས་དཔའ་འམ། རྡོ་རྗེ་ཅན་ཏེ། ཇི་སྐད་དུ། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ཡང་མི་རྟོག་གོ། ཞེས་དང་། དུས་གསུམ་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །ཅེས་དང་། འཇམ་དཔལ་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་སོགས། མདོ་རྒྱུད་གང་ནས་ཀྱང་ལུང་གི་འདྲེན་པ་ཆེས་མང་བར་གསལ་ཞིང་བསྔགས་པར་མཛད་ལ། དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་མཆོད་ཅིང་བྱིན་རླབས་རྒྱུད་ལ་སྨིན་པའི་ཕྱིར་རྣལ་འབྱོར་བསྒོམ་རིམ་ལ་བརྩོན་པར་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བར་ངེས་པའི་ཚུལ་ལ་དྭངས་པ་བསྐྱེད་ཅིང་། དེ་དག་གི་ཕན་ཡོན་ཐེག་པ་ཆེ་ཆུང་སོ་སོ་ནས་གསུང་ཚུལ་དཔག་ཏུ་མེད་པ་སྤྲོས་ཀྱིས་མི་ལང་གི། འདིར་ནི་གཙོ་བོ་བྱིན་རླབས་བརྒྱུད་པའི་བཀའ་སྲོལ་མ་ཆད་པ་འབྲེལ་ཚད་དོན་དང་ལྡན་ཞིང་། ཁྱད་


SPN001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐལ་ལྡན་གྱི་རྒྱུད་ལ་དངོས་སུ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྐྱེད་པར་མཛད་ཅིང་ཕྱིར་མི་ལྡོག་པའི་གོ་འཕང་ལ་བཀོད་ནུས་པའི་བླ་མ་དེ་ཉིད་རྡོ་རྗེ་འཆང་དངོས་སུ་སྣང་བར་བྱེད་པ་རིགས་ཏེ། དེ་ཡང་སངས་རྒྱས་དྲུག་པ་སེངྒེའི་རྣམ་འཕྲུལ་མཐོན་མཐིང་གི་ཅོད་པན་འཆང་བ་དཔལ་ཀརྨ་པ་སྐྱེས་རབས་ཀྱི་ཕྲེང་བ་བཅུ་གསུམ་དང་། དབང་རྟགས་པདྨ་རཱ་གའི་ཅོད་པར་འཆང་བ་ཞྭ་དམར་པ་སྐྱེས་རབས་བཅུ་པ་འཛིན་པའི་རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་སྣང་བ་འདི་དག་ནི་རྒྱལ་བ་བུ་རམ་ཤིང་པ་དང་། ཨོ་རྒྱན་ཆེན་པོའི་ལུང་གིས་ཟིན་ཅིང་དབུགས་དབྱུང་བར་མཛད་པ་སོགས་ཆེས་གསལ་བར་བསྟན་པ་གསར་རྙིང་གི་ཆོས་སྒོ་དུ་མར་བཀྲལ་བར་སྣང་བ་དང་། འོག་མིན་ཆོས་ཀྱི་དབྱིངས་ངེས་པ་ལྔ་ལྡན་གྱི་ཞིང་ན་གར་དབང་རྡོ་རྗེ་འཆང་གི་རྣམ་པར་རོལ་པ་དང་། བདེ་བ་ཅན་པདྨོ་རྣམ་པར་བཀོད་པར་འོད་སྣང་མཐའ་ཡས་ཀྱི་སྐུར་གསལ་བ་དང་། སྔོན་འདས་པའི་དུས་སངས་རྒྱས་དཀོན་མཆོག་ཡན་ལག་ཏུ་མངོན་པར་བྱང་ཆུབ་ནས་བདུད་རྩི་བརྙེས་ཟིན་ཀྱང་། གངས་རིའི་ལྗོངས་འདིར་ཡང་སྙིང་རྗེ་དང་། བྱམས་པ་དང་། བརྩེ་བ་ཆེན་པོས་འགྲོ་རྣམས་ཡལ་བ་མ་དོར་བའི་ཕྱིར་སྐྱེ་བའི་རྣམ་པར་འཕྲུལ་པ་ཇི་སྲིད་དུ་སྟོན་པར་མཛད་ཅིང་། དེ་ཡང་རྡོ་རྗེ་གུར་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ནི། །དེ་ཉིད་སློབ་དཔོན་གཟུགས་བཟུང་སྟེ། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཅེས་གསུངས་པས་བསྟན་ཅིང་གདུལ་བྱ་རྣམས་ཐབས་དང་རྣམ་པ་སྣ་ཚོགས་པའི་སྒོ་ནས་འདུལ་བར་


SPN001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང་། ཡང་དག་པའི་སར་ངེས་པར་དཀྲི་བའི་འཕགས་པ་མཆོག་གི་སྤྱོད་པ་དག་ཉེ་བར་སྤྱད་པའི་སྟོབས་ཀྱིས་དཀྱིལ་འཁོར་ཀུན་གྱི་གཙོ་བོ། རིགས་ཐམས་ཅད་ཀྱི་དབང་ཕྱུག །རྡོ་རྗེ་འཆང་དང་མི་གཉིས་པར་རྡོ་རྗེ་བཞི་ཡི་ངོ་བོར་མངོན་དུ་བསྙེན་པའི་སྒོ་ནས་སྨིན་དབང་འདི་དག་ཐོབ་པའི་དགོས་ཁྱད་ནི། དཀྱིལ་འཁོར་མཐོང་ཞིང་དབང་བསྐུར་ཐོབ། །ཕུང་པོ་བདག་ཉིད་སྨིན་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །རྡོ་རྗེ་འཛིན་པའི་གནས་ཐོབ་བོ། །ཞེས་གསུངས་ཞིང་། དེ་ཡང་སྣོད་འདི་ལྟ་བུར་རུང་བའི་དལ་བ་བརྒྱད་དང་། འབྱོར་པ་བཅུ་དང་ལྡན་པའི་མི་ལུས་ཐོབ་པ་ཤིན་ཏུ་རྙེད་པར་དཀའ། དེ་ཡི་ནང་ནས་ཀྱང་རྡོ་རྗེ་ཐེག་པའི་སྙིང་པོ་གསང་བ་བླ་ན་མེད་པའི་ལམ་དུ་འཇུག་པ་ནི་དེ་བས་ཀྱང་ཁྱད་པར་དུ་འཕགས་ཤིང་རྨད་དུ་བྱུང་བ་སྟེ། དེ་ལ་ཡང་ཚེ་གཅིག་བྱང་ཆུབ་ཀྱི་འབྲས་བུ་སྨིན་པར་ནུས་པའི་མོས་གུས་བླ་མའི་རྣལ་འབྱོར་རྩ་བ་དང་གཞི་མ་ལྟར་ལམ་དང་ལམ་གྱི་སྟེགས་སུ་གྱུར་པས་དེ་དག་གི་སྒོ་ནས་སྨིན་གྲོལ་གྱི་དབང་བསྐུར་ཟབ་མོ་བགྱིད་པ་ལ་ཐོག་མར་བདག་སློབ་དཔོན་ཏུ་འོས་པའི་བྱ་བ། དཀྱིལ་འཁོར་མཆོད་ཅིང་བསྟོད་བསྐུལ་བསྙེན། །འཇུག་སོགས་རང་སྨིན་གཞན་གྲོལ་སྟོན། །ཞེས་གསུངས་པ་ལྟར་གྱི་སྦྱོར་དངོས་རྣམས་ཇི་ལྟར་བར་གྲུབ་ཅིང་། ཁྱེད་རང་སྐལ་ལྡན་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཡོངས་སུ་རྫོགས་པར་ཞུ་བའི་དོན་དུ་དངོས་དང་ཡིད་སྤྲུལ་གྱིས་དམིགས་ཏེ་མཎྜལ་གནང་བར་ཞུ། ཞེས་མཎྜལ་ཕུལ་ནས།


SPN001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས། ཁྱེད་རྣམས་བླ་ན་མེད་པའི་བྱང་ཆུབ་འདོད་པ་ནི་ཤིན་ཏུ་ལེགས། དེ་ཡང་བླ་མའི་དཀྱིལ་འཁོར་ཆེན་པོས་ཁྱེད་རྣམས་ཀྱི་རྒྱུད་སྨིན་པར་བྱེད་པ་ལ་བདག་བླ་མར་འོས་པ་ལ་གསོལ་བ་འདེབས་པའི་འདུན་པས་འདིའི་རྗེས་ཟློས། ཐུགས་རྗེའི་བདག་ཉིད་བཀའ་དྲིན་གྱི་སོགས་བརྗོད་དུ་གཞུགཁྱེད་རྣམས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་ལས་ངེས་པར་འབྱུང་བའི་བློས། ཆོས་བརྒྱད་རྣམ་གཡེང་འཇིག་རྟེན་གྱི་འདུ་འཛི་སྤངས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འདོད་པའི་ཕྱིར་མགོན་པོས་འདྲེན་པར་གསོལ་ཞེས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་རྒྱལ་པོ་སོགས་བརྗོད། དེ་ནས་སེམས་བསྐྱེད་པའི་ཕྱིར་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་དང་དོན་དམ་གྱི་མཚོན་བྱེད་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་ལ་འདིའི་རྗེས་ཟློས། ༀ་སརྦ་ཡོ་ག་ཙིཏྟ་སོགས། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོས་བྱིན་དབབ་པའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ཧེ་རུ་ཀ་ཡི་དཀྱིལ་འཁོར་གྱི་སོགས་བརྗོད་དུ་གཞུག་ནས་བྱིན་འབེབས་པར་བྱའོ། །དེ་ལྟར་ཕབས་པའི་ཡེ་ཤེས་དེ་ངོ་སྤྲད་པའི་ཕྱིར་རྡོ་རྗེ་གླུ་བླང་བ་ནི། ལྟོས་ཤིག་སོགས། དེ་ལྟར་ཡེ་ཤེས་དེ་ཉིད་བརྟན་པར་མོས་ཤིག །ཏིཥྛབཛྲ། དེ་ལྟར་ཡེ་ཤེས་དབབ་པ་དང་རྒྱས་བཏབ་ཟིན་གྱི། དེ་ནས་རིགས་པའི་དབང་ལྔ་བསྐུར་པ་ནི་སྡོམ་འབྱུང་ལས། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །ཅེས་གསུངས་པས་དང་པོ་མི་བསྐྱོད་པ་ཆུ་ཡི་དབང།


SPN001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་། འོད་དཔག་མེད་རྡོ་རྗེའི་དབང་། དོན་ཡོད་གྲུབ་པ་དྲིལ་བུའི་དབང་། རྣམ་པར་སྣང་མཛད་མིང་གི་དབང་སྟེ་རིགས་པའི་དབང་ལྔའོ། །དེ་ཡང་གཞི་ཕུང་པོ་ལྔ་གདོད་མ་ནས་རྒྱལ་བ་རིགས་ལྔར་བཞུགས་པ་ལ། དེ་ལྟར་མ་རིག་པའི་གདུལ་བྱ་རྣམས་ལ་གནས་ལུགས་ཇི་ལྟ་བ་བཞིན་སྟོན་པ་སྟེ། དམིགས་པ་འདི་བཞིན་དུ་མཛོད། ཅེས་བརྗོད་ལ། སློབ་མ་དབང་རྫས་སོགས་བརྗོད། ཆུ་དབང་གི་རྗེས་སུ། དེ་དག་ནི་ཐུགས་རྡོ་རྗེའི་དབང་ངོ་། །དབུ་རྒྱན། དེ་དག་ནི་ཡོན་ཏན་གྱི་དབང་ངོ་། །རྡོ་རྗེ། དེ་དག་ནི་གསུང་རྡོ་རྗེའི་དབང་ངོ་། །དྲིལ་བུ། དེ་དག་ནི་ཕྲིན་ལས་ཀྱི་དབང་ངོ་། །མིང་དབང་། དེ་དག་ནི་སྐུ་རྡོ་རྗེའི་དབང་ངོ་། །དེ་ལྟར་དབང་བསྐུར་དུག་ལྔའི་སྒྲིབ་པ་དག་སོགས་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་འདིའི་རྗེས་ཟློས་མཛོད། དཔའ་བོ་ཆེན་པོ་སོགས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྦྱིན་པ་ནི། ཧཱུྃ་བྱུང་སོགས་ནས། ཉིད་དུ་གྱིས་བར་བརྗོད་ལ། དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་རྒྱུན་གྱི་དབང་བསྐུར་བ་ནི། རྡོ་རྗེ་ཆེན་པོ་སོགས། དེ་ནས་གསང་དབང་གི་དོན་དུ་འདིའི་རྗེས་ཟློས། མགོན་པོ་སོགས། བླ་མ་ཧེ་རུ་ཀ་ཡབ་ཡུམ་བདེ་བ་ཆེན་པོས་བསྐུལ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། རྗེས་ཆགས་ཀྱི་བྱང་སེམས་ཞུ། རྩ་འཁོར་ལོ་བཞིར་ཁྱབ་པར་མོས་ཤིག །དེ་ལྟར་སངས་རྒྱས་རྣམས་སོགས། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དོན་དུ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་སོགས། མེ་


SPN001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་སིནྡྷུ་ར་ཆོས་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོའི་གསང་བ་ནས་འཕྲོས་པའི་ཤེས་རབ་མ་སྤྱིན་པ་ནི། རྡོ་རྗེ་སྙེ་མ་སོགས། སེམས་ཀྱི་སྒྲིབ་དག་སོགས། བཞི་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གི་དོན་དུ་རྗེས་ཟློས་མཛོད། རྡོ་རྗེ་ཅན་སོགས། དེ་ཡང་དཔེ་ཡི་ལྷན་སྐྱེས་ལས་དོན་གྱི་ཡེ་ཤེས་མཚོན་པར་བྱ་སྟེ། ཁྱེད་རྣམས་ལུས་གནད་དང་ལྡན་པའི་སེམས་ཀྱི་རྡོ་རྗེ་གང་ཤར་དེ་ཡི་ངོ་བོ་ལ་མཉམ་པར་ཞོག་ཅིག །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་སོགས་བརྗོད། དོན་དམ་དེ་བཞིན་ཉིད་ཀྱི་སོགས་བརྗོད། དེ་ལྟར་རྡོ་རྗེའི་གསང་བ་ཆེན་པོས་དབང་བསྐུར་རྫོགས་པར་གྲུབ་པ་ཡིན་གྱི། དེ་ཡང་དེ་ལྟ་བུ་ཐོབ་པའི་དགོས་ཁྱད་ནི། སློབ་དཔོན་ཨ་བྷཱ་ཡས། སྔར་མི་དབང་བ་ལ་དབང་བས་དབང་ཞེས་བྱ་སྟེ། དབུལ་པོའི་སྒྱེད་པུ་གསེར་དུ་ཡོད་པ་ངོ་ཤེས་པ་ལྟ་བུའོ་ཞེས་གསུངས་པ་ལྟར་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་གྱིས་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མནྜལ་དང་། ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་བདག་བྲན་དུ་སོགས་ཀྱང་བརྗོད་པར་བྱའོ། །དེ་ནས་མ་དན་དང་བ་ལ་ཚོགས་ཀྱི་ཡོ་བྱད་གཙོ་བོར་གྱུར་པའི་འདོད་ཡོན་རྣམས་ལ་དཔའ་བོའི་དགའ་སྟོན་གྱིས་རོལ་པར་བྱ་ཞིང་། རྣམ་པར་རྟོག་པ་མེད་པར་ནང་གི་སྦྱིན་སྲེག་གི་ངེས་པས་ལོངས་སྤྱད། དེའི་ཚེ་རྡོ་རྗེའི་གླུ་དང་གར་དང་། ཡེ་ཤེས་ཀྱི་ཀུན་ཏུ་རུའི་སྤྱོད་པ་སོགས་བྱའོ། །དེ་ལྟར་ཁྱབ་བདག་རྡོ་རྗེ་སེམས། །ཧེ་རུ་ཀ་དཔལ་བླ་མ་ཡི། །དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི། །དབང་བསྐུར་ཡེ་ཤེས་རྒྱུན་བཟང་འདི། །ཚུལ་འདིར་མོས་པའི་


SPN001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པ་ཅན། །སྒྲུབ་ཆེན་མངྒའི་མིང་ཅན་གྱི། །རྣམ་དཔྱོད་བློ་གྲོས་པད་ཚལ་བཞད། །གདུལ་བྱའི་ར་ཡིག་གཉིས་པ་རྣམས། །ཆོས་ཀྱི་ཟིལ་མངར་ཐོབ་པའི་ཕྱིར། །ཉིན་མོར་བྱེད་པའི་དབང་པོ་ཡིས། །ཀུན་དགའི་འོད་སྟོང་སྤྲོ་བར་བྱས། །དགེ་དེས་སྐྱེ་དགུ་རྒྱལ་གྱུར་ཅིག །ཤུ་བྷཾ།། །།


previousདབང་བཞི་དངོས་གྲུབ་སྤྲིན་ཕུང་གི་མཚམས་སྦྱོར་པད་དཀར་ཆུན་པོ། next