Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཟིན་བྲིས་རབ་གསལ་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཟིན་བྲིས་རབ་གསལ་མེ་ལོང་། next

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཟིན་བྲིས་རབ་གསལ་མེ་ལོང་།


SPN001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཟིན་བྲིས་རབ་གསལ་མེ་ལོང་བཞུགས། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་དེ་ཉིད་ཀྱི་བླ་མའི་རྣལ་འབྱོར་མདོར་བསྡུས་ཞིག་སྐལ་བ་དང་ལྡན་པའི་ཆོས་སྐལ་དུ་སྦྱིན་པ་བྱིན་རླབས་ཆར་འབེབས་ཀྱི་ཟིན་ཐོ་ཞིག་དགོས་ཞེས་བྱ་བཏང་མངྒ་ལའི་མིང་ཅན་གྱིས་རྣམ་པར་དག་པའི་བློ་ཡིས་བསྐུལ་ཏེ། དེས་ན་ཐོ་ཙམ་བརྗོད་པར་བྱ་སྟེ། འདི་ཉིད་ཀྱི་སྒྲུབ་པ་དབང་དང་འབྲེལ་བའི་ཚེ་ལྟ་བུར་སྤྲོ་ན། ཐོག་མར་གདོད་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་ས་སྤྱོད་དཔའ་བོ་མཁའ་འགྲོ་འདུ་བའི་གནས་སམ། རྒྱལ་བ་གོང་མས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་གནས་སམ། དབེན་ཞིང་ཉམས་དགའ་ལ་བསམ་གཏན་གྱི་ཚེར་མ་མེད་པའི་སར་གནས་འཆའ་ཞིང་། ས་གཞི་བྱི་དོར་དང་། གཙང་སྦྲ་གང་ཆེའི་བཤམས་བཀོད་སོགས་བྱས་ལ། དམིགས་པའི་རྟེན་རྗེ་ཞྭ་དམར་པའི་སྐུ་བརྙན་འདྲ་ཞལ་ལམ། ན་རིམ་གང་ཡིན་གྱི་སྐུ་འམ་རས་བྲིས་བཤམས་ལ་སྟེགས་ཀྱི་ཁར་ལྷ་མཚན་མཎྜལ་དབུས་དང་ཕྱོགས་བཞིར་འབྲུ་དཀར་དྲི་བཟང་སྦགས་པའི་ཚོམ་བུ་བཀོད། དེ་སྟེང་མཉྫིའི་ཁར་བུམ་པ་མགུལ་ཆིངས་ཁ་རྒྱན་དུང་ཆོས་གཟུངས་རྡོར་ཡང་བཤམས། བུམ་པའི་སུམ་གཉིས་ཆུ་གཙང་གིས་


SPN001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་དང་། བུམ་རྫས་ཉེར་ལྔ་དྲི་བཟང་སོགས་བཏབ། དེ་སྟེང་མཉྫིའི་རིམ་གཅིག་སྟེང་རབ་ཏུ་ཐོད་པ་མཚན་ལྡན། མིན་ཀྱང་སྐྱོན་མེད་ཀྱི་ཐོད་པར་ཆང་དང་། འཛོམས་ན་རྩ་བརྒྱད་སྟོང་སྦྱར་གྱི་ཆོས་སྨན་བཏབ། དེ་ཡི་ཁར་མེ་ལོང་སིནྡྷཱུ་ར་བྱུགས་པའི་དབུས་སུ་ཆོས་འབྱུང་བསྣོལ་མ་ཁུག་དྲུག་ལ་དགའ་འཁྱིལ་གཡོན་བསྐོར། ལྟེ་བར་ཧྲཱིཿདེ་མཐར་ཡིག་ངོས་ནང་བསྟན་གྱིས། ༀ་བཛྲ་དྷྲིཀྲ་ཛྙཱ་ན་ཌཱ་ཀི་ནི་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཿཞེས་བྲིས་ལ་དར་དམར་གྱིས་དགབ། ཕྱོགས་བཞིར་དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་དངོས་སམ་ཙཀླི་སོགས་གང་བདེ་བཤམས་ལ་མདུན་དུ་མཆོད་པ་ཕྲེང་ཚར་བཤམས། ནང་མཆོད་ཀ་པཱ་ལ་བདུད་རྩིས་གང་བ་ཐོད་རྫས་དང་བཅས་པ། བླ་མ་ཡི་དམ་ཆོས་སྐྱོང་མཁའ་འགྲོའི་གཏོར་མ་ལྔ་ཚོམ་ཚོགས་དང་། ཤ་ཆང་གཞན་ཡང་ཟས་སྣའི་རིགས་དང་། མཆོད་པའི་མཎྜལ་སོ་བདུན་མའི་བཀོད་པ་ཅན་དང་། སྔོན་འགྲོ་གཏོར་མ། ཌཱ་དྲིལ། སྤོས་སྣོད། ཡུངས་ཀར་གུ་གུལ་ལ་སོགས་པ་ཉེར་མཁོའི་ཡོ་བྱད་འདུ་བར་བགྱིད་ལ། སྟན་བདེ་བར་ལུས་གནད་གང་བདེས་འཁོད་ལ། རང་ཉིད་རྩ་བའི་ཡི་དམ་གང་ཡིན་དེ་གསལ་བཏབ། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་འདོན་སྒོམ་སྦྲགས་ནས། སྐྱབས་སེམས། ཡན་ལག་བདུན་པ། ཚད་མེད་བཞི་སོགས་བསྒོམ། ནང་མཆོད་བདུད་རྩི་བསང་སྦྱངས་བྱིན་རླབས་དང་པོ་ཉིན་པར་བྱ། སྔོན་འགྲོ་ཡང་དེ་བཞིན། བྱིན་རླབས་ཉིན་བསྟར་ཆགས་དང་། སྲུང་


SPN001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར། དེ་ནས་མདུན་མཁར་བླ་མའི་དཀྱིལ་འཁོར་བསྐྱེད་པ་སོགས་གཞུང་ཚིག་དང་དམིགས་པ་མཐུན་པར་ལྷ་སྐུ་ངོ་བོ་གསལ་བ། རྣམ་པ་སྟོང་པ། འཇའ་ཚོན་ལྟ་བུ། གཞན་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་དང་། ཉེ་སྲས་བརྒྱད། ཉན་ཐོས་གནས་བརྟན་སོགས་བྱང་འཕགས་ཀྱི་སེམས་དཔའ་རྣམས་དང་། གུ་རུ་པདྨ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་དང་། བདེ་དགྱེས་གསང་གསུམ་སོགས་རྒྱུད་སྡེ་བཞི་ཡི་ལྷ་རབ་འབྱམས། ཡེ་ཤེས་མགོན་པོ་བེར་དང་། ལྷ་མོ། དམ་ཅན། ཞིང་སྐྱོང་སོགས་ཆོས་སྐྱོང་རྒྱ་མཚོས་བསྐོར་བ་བར་མཚམས་མེད་པར་བཞུགས་པ། བཀྲ་ལམ་མེར་མེ་ལོང་གི་གཟུགས་བརྙན་བཞིན་གསལ་བར་བསྐྱེད་ནས་སྤྱན་འདྲེན་སོགས་གཞུང་ཚིག་ལྟར་དམིགས་པར་བྱའོ། །མདུན་བསྐྱེད་ཐུགས་ཀའི་འོད་ཀྱིས་བསྐུལ་བའི་དབང་ལྷ་སྤྱན་དྲངས་སོགས་དང་། ཕྱི་ནང་གི་མཆོད་པ། བསྟོད་ཕྱག་རྣམས་དཀྱུས་ལྟར་བྱའོ། །སྔགས་འཁོར་གསལ་ལྟར་ཧྲཱིཿཡི་མདུན་ནས་ཡིག་དྲུག་ངོ་ཕྱིར་བསྟན་གཡོན་དུ་བཀོད་གཡས་སུ་བསྐོར་བཟླས་པའི་སྔགས་དག་ཆ་དང་བཅས། དང་པོ་རིམ་བཞིན་གསལ་བཏབ། དེ་ནས་བར་མེད་ལྟ་བུར་འཁོར་བ་དང་། དེ་ནས་འོད་ཀྱི་རིགས་དྲུག་གི་ཞིང་དུ་ཕོག །སྡིག་སྒྲིབ་སྦྱངས། སྣང་གྲག་སྣོད་བཅུད་ལྷ་ཡི་ངོ་བོར་གསལ་བར་བསམ། མཚན་སྔགས་ཀྱང་སྐབས་སུ་བཟླའོ། །དེ་ལྟར་ཡིག་དྲུག་གཙོ་བོར་སྟོན་པ་ནི་གསུང་གི་དབང་ཕྱུག་སྣང་མཐའ་དང་ངོ་བོ་གཅིག་བཞིན་


SPN001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དགོས་ཁྱད་བསྟན་པའོ། །དེ་ནས་རྒྱང་འབོད་བྱ་བ་ནི། མི་རྟག་སྐྱོ་ཤས་ཀྱིས་བློ་བསྐུལ་ནས་ཆོས་བརྒྱད་གཉིས་འཛིན་ལ་ཞེན་པ་ལྡོག །སེམས་ཅན་རྣམས་ལ་སྙིང་རྗེ་དུང་ངེ་བ་བསྐྱེད་ནས་གྲུབ་ཐོབ་གོང་མའི་རྣམ་ཐར་རྗེས་སུ་དྲན་བཞིན་དེ་ཡི་རྗེས་སུ་སློབ་པའི་མོས་འདུན་གཏིང་ནས་སྐྱེས་པར་བྱས་ལ་གདུང་བའི་དབྱངས་དང་ལྡན་པས་སྣང་བ་འགྱུར་ངེས་སུ་བྱའོ། །དེ་ནི་མོས་གུས་སྒོམ་གྱི་མགོ་བོ་དང་། ཞེན་ལོག་སྒོམ་གྱི་རྐང་པར་གསུངས་བཞིན་མོས་གུས་དང་དག་སྣང་སྙིང་རྗེ་དམ་ཚིག་སོགས་ལམ་ཆོད་བྱིན་རླབས་འཇུག་ཕུལ་ཆེ་བ་རྒྱལ་བ་དག་གི་གསུང་ལས་བྱུང་བས་ནན་ཏར་འབད་པས་ཟུང་ཞིགདེ་ནས་སྡོམ་གསུམ་བཤགས་སྡོམ་སོགས་ཀྱང་སྙིང་ཁུང་རུས་པའི་གཏིང་ནས་འགྱོད་པ་དྲན་བཞིན་དུ་རྩེ་གཅིག་པས་བྱའོ། །དེ་ནས་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། དངོས་གྲུབ་སྤྲིན་ཕུང་དུ་གསལ་ལྟར་རྣམ་རྒྱལ་བུམ་པ་སྐྱེད་ཆོག་དང་ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་མཐར་སྔགས་ཕྲེང་བཀོད་པ་མདུན་བསྐྱེད་ལྟར་སྔགས་ཀྱི་དབྱེ་བ་ལས་གཞན་དུ་མ་མཆིས། འདི་སྐབས་རྡོར་འཆང་གཙོ་བོར་སྟོན་པ་ནི་གར་དབང་རྡོ་རྗེ་འཆང་ཉིད་ངེས་པ་ཐུན་མོང་མ་ཡིན་པའི་སྒྲུབ་པའི་རྩ་བ་མཐར་ཐུག་པའོ། །དེ་ནས་བདག་འཇུག་དབང་བཞི་བླང་བ་སོགས་གཞུང་དུ་བཀོད་པ་ལྟར་དང་། དབང་གི་ལྷ་རྣམས་རང་ཉིད་ལ་རིམ་པ་བཞིན་བསྟིམ་པ་སོགས་འདོན་སྒོམ་དང་བསྟུན་པར་གསལ་བར་དམིགས་པའོ། །དེས་རང་རྒྱུད་སྨིན་པར་བྱས་ནས་གཞན་སྐལ་པ་དང་ལྡན་པ་སྙིང་པོའི་བསྟན་པ་ལ་འཇུག་པའི་སློབ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་རྒྱུད་བྱིན་གྱིས་བརླབས་ཕྱིར་སྨིན་བྱེད་བསྐུར་བར་རུང་གི། དེ་ཡང་བདག་འཇུག་


SPN001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ནས་ཚོགས་ཕུལ་བ་གཏོར་བསྔོས་མཚམས་སློབ་མ་རྗེས་འཛིན་བྱ་ལ། དེ་མིན་རྒྱུད་མ་དུལ་བའི་གཏི་མུག་ཅན་རྣམས་ལ་ནི་གསང་བ་གདམས་པ་མི་བྱའོ། །རྗེས་ཀྱི་བྱ་བ་ཚོགས་ཀྱི་འཁོར་ལོ་ནང་མཆོད་ལྟར་བྱིན་གྱིས་བརླབས། སྤྱན་འདྲེན་གཏོར་བསྔོས་ཚོགས་རོལ་ལྷག་མ་དང་། མཆོད་བསྟོད་རྣམས་དཀྱུས་ལྟར་འདོན་སྒོམ་དང་། བསྡུ་རིམ་གསོལ་གདབ་མི་བྱེད་པའི་འདུན་པ་དང་བཅས། བླ་མའི་ཞལ་ནས་དངོས་སུ་གདམས་པའི་དོན་ཚིགས་རྐང་བཞི་ལྷང་ལྷང་གསུངས་བར་མོས་ལ་མ་ཡེངས་པར་བྱས་ནས་དེ་ཡི་དོན་ཡིད་ལ་ཆུབ་པར་བྱས་ལ། མཐར་བྱིན་རླབས་བསྡུ་བའི་དབང་ནི། སྐྱབས་ཡུལ་ཐམས་ཅད་གཙོ་བོར་ཐིམ། དེ་ཡི་སྤྱི་བོ་ནས་ༀ་དཀར་པོ་འོད་ཟེར་དང་བཅས་པ་རང་གི་དཔྲལ་བར་ཐིམ། སྐུ་ཡི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། དེ་ཡི་རིགས་འགྲེས་ཀྱི། ཨཱཿདམར་པོ། མགྲིན་པར་ཐིམ། གསུང་གི་དབང་ཐོབ། འདོད་ཆགས་དག །སོར་རྟོག་ཡེ་ཤེས་ཐོབ། ཧཱུྃ་སྔོན་པོ་སྙིང་གར་ཐིམ། ཐུགས་དབང་ཐོབ། ཞེ་སྡང་དག །མེ་ལོང་ཡེ་ཤེས་ཐོབ། སྭཱ་སེར་པོ་ལྟེ་བར་ཐིམ། ཡོན་ཏན་དབང་ཐོབ། ང་རྒྱལ་དགམཉམ་ཉིད་ཡེ་ཤེས་ཐོབ། ཧཱ་ལྗང་གུ་གསང་བར་ཐིམ། ཕྲིན་དབང་ཐོབ། ཕྲག་དོག་དག །བྱ་གྲུབ་ཡེ་ཤེས་ཐོབ་པར་མོས་ལ་མཐར་བླ་མ་འོད་དུ་ཞུ་རང་ཉིད་དང་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པར་མོས་ལ་སེམས་ཀྱི་གནས་ལུགས་སྐྱོང་། བསྔོ་བ་དང་སྨོན་ལམ་བཀྲ་ཤིས་སོགས་བྱའོ། །དེ་ནི་ཅུང་ཟད་རྒྱས་པ་སྤྲོ་བ་ཡིན་གྱི། དེ་ལས་ཁྱེར་བདེ་བའི་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ནི་བྱིན་རླབས་ཆར་འབེབས་ཀྱི་མཐར་གསལ་ལོ། །དེ་ལྟར་འཇུག་པ་དེའི་ཟིན་བྲིས་ཐོ་ཙམ་ཞིག་བཀོད་པ་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག། །།


previousབླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཟིན་བྲིས་རབ་གསལ་མེ་ལོང་། next