Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་དངོས་གྲུབ་ཡོངས་འདུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་དངོས་གྲུབ་ཡོངས་འདུ། next

བླ་མའི་རྣལ་འབྱོར་དངོས་གྲུབ་ཡོངས་འདུ།


SPN001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་དངོས་གྲུབ་ཡོངས་འདུ་བཞུགས་སོ། །སྭ་སྟི། འདིར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་མཆོད་ཀྱི་རིམ་པ་ཁྱེར་བདེར་བྱེད་པ་སྤྲོ་ན། ཡོ་བྱད་མཆོད་རྫས་རྣམས་འདུ་བགྱིས་ལ་རང་ལྷར་གསལ་བའི་ངང་ནས། ཨམྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་ལས་ཨ་ཡིག་ཡོངས་གྱུར་ཐོད་པའི་སྣོད། །རྣམས་ཀྱི་ནང་དུ་ཧཱུྃ་ཡིག་ཚོགས་འོད་ཞུ། །དེ་ལས་མཆོད་པའི་བྱེ་བྲག་ཕྱི་ནང་རྫས། །འདོད་ཡོན་ཟག་མེད་མཆོད་སྤྲིན་རྒྱ་མཚོར་སྤེལ། །ཨ་ཀཱ་རོས་ལན་གསུམ་བྱིན་བརླབས། རང་མདུན་ནམ་མཁར་གྱད་དང་སེང་གེ་བཞིས། །བཏེགས་པའི་རིན་ཆེན་ཁྲི་སྟེང་པདྨ་དཀར། །འདབ་སྟོང་གེ་སར་རབ་རྒྱས་ཉི་ཟླའི་དབུས། །ཧྲཱིཿཡིག་འོད་ཀྱིས་དོན་གཉིས་བྱས་ཡོངས་གྱུར། །དཔལ་ལྡན་བླ་མ་ཆོས་སྐྱོང་འགྱུར་མེད་མཆོག །དཀར་གསལ་ཞི་འཛུམ་སྤྱན་གཉིས་ལྟ་སྟངས་གཟིགས། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཁྱུད་སྟབས་འཛིན། །དབུ་ལ་སྒོམ་ཞུ་དང་ནི་ཞབས་སྐྱིལ་ཀྲུང་། །ཆོས་གོས་རྣམ་གསུམ་ན་བཟས་མཛེས་པར་བཀླུབས། །གནས་གསུམ་འབྲུ་


SPN001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡི་གེས་མཚན་པར་གྱུར། །འཇའ་ཟེར་འོད་སྐུད་འཁྲུགས་པའི་ཀློང་དུ་གསལ། །གསོལ་བཏབ་ཙམ་གྱིས་བཟོད་མེད་གདུང་ཤུགས་འབར། །འབར་ཙམ་ཉིད་ནས་བྱིན་རླབས་ཐུགས་རྗེ་མྱུར། །མྱུར་བའི་སྟོབས་ཀྱིས་མཆོག་དང་ཐུན་མོང་གི། །དངོས་གྲུབ་སྤྲིན་འཁྲིགས་ཆར་རྒྱུན་ཤ་ར་ར། །སྟེང་འོག་བར་མཚམས་བཀའ་བརྒྱུད་བླ་མ་དང་། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་ཀྱང་སྐྱབས་གནས་རྒྱ་མཚོའི་ངོ་བོར་གསལ། །གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས། །རྩ་གསུམ་ལྷ་ཚོགས་སྤྱན་དྲངས་དམ་ཚིག་དང་། །ཡེ་ཤེས་དབྱེར་མེད་དབང་ལྷས་དབང་བསྐུར་ཞིང་། །རིགས་བདག་རྡོར་སེམས་རྒྱས་གདབ་མཆོད་པའི་ཚོགས། །ནམ་མཁའ་གང་བས་དགྱེས་བསྐྱེད་མཆོད་པར་གྱུར། །ༀ་བཛྲ་ཨརྒྷཾ། པཱདྱཾ་ནས། ཤབྟའི་བར་གྱིས་མཆོད། ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་པོའི། །མཐའ་མར་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་རྒྱལ་མཆོད་འགྲོ་དོན་བྱས། །ཚུར་འདུས་འཕགས་པའི་ཐུགས་རྗེ་དང་། །བྱིན་རླབས་བདག་རྒྱུད་ལ་སྨིན་ནས། །སྒོ་གསུམ་རྡོ་རྗེ་གསུམ་བརྙེས་གྱུར། །ༀ་ཨཱཿདྷརྨ་པཱ་ལ་ཨཀྵ་ར་ཧཱུྃ། ཞེས་བཟླས་ལ། ཚོགས་འཁོར་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་


SPN001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་གང་བ། །སྦྱང་རྟོགས་སྦར་བའི་ནུས་པ་ཡི། །ཡེ་ཤེས་བདུད་རྩིའི་རང་བཞིན་ཅན། །ཐབས་ཤེས་གཉིས་མེད་མཆོད་པའི་སྤྲིན། །རབ་འབྱམས་མཐའ་ཡས་ཀུན་ཁྱབ་པའི། །འདོད་ཡོན་ཚོགས་ཀྱི་འཁོར་ལོར་གྱུར། །དེ་ནས་སྤྱན་དྲངས་པ་ནི། གནས་བདེ་ཆེན་འོག་མིན་གཞལ་ཡས་ནས། །ཕ་བཀའ་བརྒྱུད་བླ་མ་ཚོགས་ལ་བྱོན། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ནས། །རྗེ་ཆོས་སྐྱོང་འགྱུར་མེད་ཚོགས་ལ་བྱོན། །གནས་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །ལྷ་ཡི་དམ་ཌཱ་ཀི་ཚོགས་ལ་བྱོན། །གནས་བཀའ་གསང་དམ་ཚིག་དཀྱིལ་འཁོར་ནས། །ཆོས་སྐྱོང་བའི་སྲུང་མ་ཚོགས་ལ་བྱོན། །ཕྱི་ནང་གི་དངོས་པོའི་གཟུང་འཛིན་ཀུན། །ཡེ་ཤེས་ཀྱི་རོལ་པ་ཆེན་པོར་བསྒྱུར། །འདོད་ཡོན་ཚོགས་བདུད་རྩིའི་རང་བཞིན་སྤེལ། །རྣལ་འབྱོར་རྣམས་ཟག་མེད་བདེ་སྟོང་གི། །ཏིང་འཛིན་གྱི་རྩལ་སྐྱེད་མཆོག་ཐུན་མོང་། །དངོས་གྲུབ་ཀྱི་ཆར་ཆེན་དུས་འདིར་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་སྤྱན་དྲངས་ཤིང་ཚོགས་ཕུད་ཕུལ་ལ། རྣལ་འབྱོར་རྣམས་ཀྱང་རོལ་ནས། ལྷག་མ་ཨ་ཀ་རོས་བྱིན་བརླབས་ནས། ཕུད་ལྷག་བཤལ་ཆུར་དབང་བའི་མཁའ་འགྲོའི་ཚོགས། །ཀུན་ཀྱང་འདིར་སྤྱོན་གཏོར་མ་འདི་བཞེས་ལ། །བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་བ་སོགས། །གང་བཅོལ་ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །ཞེས་པས་


SPN001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། དེ་ནས་རྗེས་རིམ་བྱིན་རླབས་བསྡུ་བ་ནི། བླ་མའི་གསང་གསུམ་ཡེ་ཤེས་རྡོ་རྗེ་བཞིའི། །བྱིན་རླབས་ངོ་བོ་འོད་ཟེར་སྣ་ཚོགས་འཕྲོས། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་བཞི་དག་ནས་སྐུ་བཞི་མངོན་དུ་གྱུར། །སྐྱབས་ཡུལ་ཐམས་ཅད་དཀྱིལ་འཁོར་གཙོ་བོར་བསྡུས། །དེ་ཉིད་དགྱེས་པ་དང་བཅས་འོད་ཞུ་ནས། །རང་ཐིམ་དབྱེར་མེད་ཆོས་དབྱིངས་གཉུག་མའི་གཤིས། །དུས་གསུམ་སྤྲོས་པ་བྲལ་བའི་ངང་དུ་བཞག །ཅི་གནས་སུ་མཉམ་པར་བཞག་ལ། དགེ་བ་འདི་ཡིས་སོགས་དང་། བསྔོ་སྨོན་དང་བཅས་བརྗོད། ཅེས་དབོན་པོ་བླ་མ་ཀརྨ་བསྟན་པ་ཚེ་རིང་གི་དགྱེས་སྐོང་ཕྱིར། སི་ཏུ་པས་སྤེལ་བ་སརྦ་ཛ་ག་ཏཾ།། །།


previousབླ་མའི་རྣལ་འབྱོར་དངོས་གྲུབ་ཡོངས་འདུ། next