Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་དོན་གཉིས་ཡོངས་འདུ་དངོས་གྲུབ་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་དོན་གཉིས་ཡོངས་འདུ་དངོས་གྲུབ་མཆོག་སྩོལ། next

བླ་མའི་རྣལ་འབྱོར་དོན་གཉིས་ཡོངས་འདུ་དངོས་གྲུབ་མཆོག་སྩོལ།


SPN001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་དོན་གཉིས་ཡོངས་འདུ་དངོས་གྲུབ་མཆོག་སྩོལ་བཞུགས། ན་མོ་གུ་རུ་བཛྲ་དྷ་ར་ཡ། འདིར་བླ་མའི་རྣལ་འབྱོར་ཁྱེར་བདེར་བཀོད་པ་ལ། དེ་ཡང་ཚོགས་དང་མཆོད་པ་འབྲེལ་པ་ཕན་ཡོན་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཐོབ་པ་སྟེ། རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཅེས་གསུངས་པ་ལྟར། རྟེན་གྱི་དྲུང་དུ། མཆོད་པའི་བྱེ་བྲག་ཐམས་ཅད་འདུ་བགྱིས་ལ། བདེ་བའི་སྟན་ལ་འཁོད་ནས། དང་པོ་སྐྱབས་སེམས་ནི། ན་མོ། དུས་གསུམ་སྟོན་མཆོག་ཆགས་བྲལ་དམ་པའི་ཆོས། །རིག་གྲོལ་ཚོགས་དང་རྩ་གསུམ་རབ་འབྱམས་ལྷ། །ཀུན་འདུས་དབྱེར་མེད་བླ་མར་སྐྱབས་སུ་མཆི། །འགྲོ་རྣམས་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ་དང་། གཉིས་པ་མཆོད་རྫས་བྱིན་བརླབ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས་། ༀ་ལས་རིན་ཆེན་སྣོད་རྣམས་སུ། །ཧཱུྃ་ཡིག་འོད་ཞུ་ལྷ་ཡི་རྫས། །རྡོ་རྗེའི་མཆོད་པའི་སྤྲིན་རྒྱ་མཚོ། །ཀུན་བཟང་སྨོན་ལམ་ཇི་བཞིན་གྱུར། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། །དེ་བཞིན། པཱ་དྱཾ་ནས། ཤབྡའི་བར་


SPN001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གསུམ་པ་རང་ལྷར་གསལ་བའི་མདུན་མཁར་བསྐྱེད་པའི་རིམ་པ་བསྟན་པ་ནི། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་མཁར་འོད་ལྔའི་ཀློང་། །བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་ཆེན་པོ། །གྲུ་བཞི་སྒོ་བཞི་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་གྱད་དང་སེང་ཆེན་བཞིས་བཏེགས་ཁྲིར། །ལྷ་མིའི་དཔལ་འབྱོར་བཀོད་ལེགས་ཕུན་ཚོགས་སྟེང་། །པྃ་ལས་པད་དཀར་འདབ་སྟོང་གེ་སར་རྒྱས། །ཨ་ལས་ཉ་གང་ཆུ་ཤེལ་དབང་པོས་མཚན། །དེ་སྟེང་རྒྱལ་ཀུན་གསུང་གི་ངོ་བོ་ཧྲཱིཿ། འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱང་། །ཚུར་འདུས་ཡོངས་གྱུར་འཇིག་རྟེན་དབང་ཕྱུག་མགོན། །ས་ར་ཧ་ཡི་རྣམ་རོལ་སྤྲུལ་པའི་སྐུ། །དཔལ་ལྡན་གྲུབ་མཆོག་དགེ་ལེགས་རབ་རྒྱས་ནི། །བདེ་ཆེན་གཟི་བྱིན་རབ་འབར་བརྗིད་བག་ཅན། །ཞལ་གཅིག་ཞལ་འཛུམ་དབུ་ལ་སྒོམ་ཞུ་གསོལ། །སྤྱན་ཟུང་ལྟ་སྟངས་ཆོས་ཉིད་དབྱིངས་ལ་གཟིགས། །ཕྱག་གཉིས་ཌཱ་དྲིལ་གྲག་སྟོང་སྒྲ་སྒྲོག་ཅིང་། །ལེ་བརྒན་དར་གྱི་ཆོས་གོས་རྣམ་གསུམ་དང་། །ཟ་འོག་བེར་ཆེན་ཟླུམ་འཁྱིལ་ལྷབ་མ་ལྷུབ། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་དང་བཅས་བཞུགས། །ཡེ་ཤེས་རང་འོད་འཕྲོ་བའི་ཀློང་དུ་གསལ། །དཔྲལ་མགྲིན་ཐུགས་ཀར་འབྲུ་གསུམ་མཚན་པར་གྱུར། །གཞན་ཡང་སྟེང་འོག་ཕྱོགས་མཚམས་བར་མེད་དུ། །བཀའ་བརྒྱུད་བླ་མ་ཡི་དམ་དཔའ་བོ་དང་། །མཁའ་འགྲོ་ཆོས་སྐྱོང་ལ་སོགས་སྐྱབས་ཡུལ་རྣམས། །སྤྲིན་


SPN001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་གཏིབས་བཞིན་གསལ་སྟོང་འཛིན་མེད་པ། །རྣམ་དག་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་རྫོགས། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པོ་ཊ་ལ། །བདེ་ལྡན་ཞིང་དང་དཔལ་གྱི་རི་བོ་ནས། །འགྲོ་བའི་དོན་དུ་སྙིང་རྗེས་བརྩེར་དགོངས་ལ། །འཁོར་བཅས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ༀ་ཤྲཱི་མཱན་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿབཞི་པ་བྱིན་འབེབས་ཅིང་སྤྱན་འདྲེན་པ་ནི། ཧཱུྃ། སྐྱེ་མེད་སྤྲོས་བྲལ་ཀློང་ཡངས་ནས། །རྒྱལ་བ་རབ་འབྱམས་རྒྱ་མཚོའི་དབུས། །སྤྱན་རས་གཟིགས་དབང་སྐུ་བསྐྱོད་འཚལ། །དབང་བཞི་བསྐུར་ལ་བྱིན་ཆེན་ཕོབ། །རང་བྱུང་ཐུགས་རྗེའི་རོལ་པ་ལས། །བརྟུལ་ཞུགས་སྤྱོད་པ་འཆང་རྣམས་དང་། །བྲམ་ཟེ་ཆེན་པོ་འདིར་གཤེགས་ལ། །སྨིན་ཅིང་གྲོལ་བའི་བྱིན་ཆེན་ཕོབ། །འགྲོ་བའི་དོན་དུ་གཟུགས་སྐུར་བསྟན། །རིག་འཛིན་རྣལ་འབྱོར་འཁོར་ཚོགས་བཅས། །གྲུབ་མཆོག་བླ་མ་གནས་འདིར་བྱོན། །དབང་བསྐུར་བྱིན་རླབས་དངོས་གྲུབ་སྩོལ། །ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཿཛཿཧཱུྃ་བྃ་ཧོཿཞེས་དམ་ཡེ་དབྱེར་མེད་དུ་མོས་ལ། ལྔ་པ་དབང་བསྐུར་རྒྱས་གདབ་ནི། སླར་ཡང་ཐུགས་ལས་འོད་འཕྲོས་ཏེ། །རང་བཞིན་གནས་ནས་དབང་གི་ལྷ། །སྤྱན་དྲངས་དབང་བསྐུར་ཁྲུས་གསོལ་ནས། །རིགས་བདག་སྣང་མཐས་དབུ་བརྒྱན་གྱུར། །དྲུག་པ་མཆོད་པ་འབུལ་བ་ནི། དྲི་མེད་རྣམ་དག་རབ་དཀར་མོས་པའི་


SPN001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བློས། །དྲངས་པའི་ལེགས་བྱས་རང་གཟུགས་ལྷ་ལམ་ཁྱོན། །དོག་པོར་གྱུར་པའི་རྡོ་རྗེའི་མཆོད་པའི་སྤྲིན། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཨཱཿཧཱུྃ། ནས། ཤབྡའི་བར་དང་། གཞན་ཡང་ལྷ་མིའི་བདོག་པ་མཆིས་སོ་ཅོག །ཡིད་སྤྲུལ་དངོས་འབྱོར་ལོངས་སྤྱོད་དཔག་མེད་རྣམས། །མཎྜལ་གཅིག་ཏུ་བསྡུས་ནས་འབུལ་ལགས་ན། །བཞེས་ནས་བླ་མེད་གྲུབ་གཉིས་སྩལ་དུ་གསོལ། །གུ་རུ་ཨི་དཾ་མཎྜལ་ཀཾ་ནིཪྻ་ཏ་ཡ་མི། བདུན་པ་བཟླས་པ་བྱ་བ་ནི། མདུན་བསྐྱེད་ཐུགས་ཀར་ཟླ་སྟེང་ཧྲཱིཿམཐར་སྔགས། །འཁོར་བའི་འོད་ཀྱིས་རྒྱལ་མཆོད་དངོས་གྲུབ་ཐོབ། །འགྲོ་དྲུག་སྒྲིབ་སྦྱང་ཀུན་ཀྱང་ཡེ་ཤེས་ཀྱི། །རོལ་པ་ཆེན་པོའི་རང་བཞིན་ཉིད་དུ་གྱུར། །ༀ་ཨཱཿསིདྡྷ་པ་ར་མ་སྭ་སྟི་ཧཱུྃ། ཅེས་མཚན་སྔགས་ཅི་འགྲུབ་བཟླས་ལ། བརྒྱད་པ་ཚོགས་གཉིས་སྤེལ་ཕྱིར་དཔའ་བོའི་དགའ་སྟོན་ནི། ཨམྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་མཚན་ལྡན་བདེ་སྐྱོང་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེའི་ནང་དུ་ཤ་ལྔ་དང་། བདུད་རྩི་ལྔ་པོ་ས་བོན་མཚན་པ་ལས། །འོད་འཕྲོས་དམ་ཡེ་གཉིས་མེད་རྒྱ་མཚོར་གྱུར། །ༀ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བྱིན་བརླབས་ལ། གནས་གྲུ་འཛིན་པོ་ཊ་ལ་ཞིང་དང་། །བདེ་བ་ཅན་དཔལ་རི་པད་འོད་སོགས། །རང་བཞིན་གྱི་དག་པའི་དཀྱིལ་འཁོར་ནས། །ལྷ་ནོར་བུ་པདྨ་ཅན་ཉིད་དང་། །དབྱེར་མེད་པའི་མདའ་བསྣུན་


SPN001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཆོག །སྐུ་རྣམ་འཕྲུལ་གསུམ་ལྡན་རྡོ་རྗེ་འཛིན། །གང་མི་མངོན་ཡེ་ཤེས་ཀློང་ཡངས་ནས། །ཐུགས་བདེ་སྟོང་དབྱིངས་ནས་དགོངས་མཛོད་ལ། །དེང་སྐལ་ལྡན་རྡོ་རྗེའི་དམ་ཚིག་ཅན། །དད་མོས་ཀྱིས་མཆོད་པའི་ཞིང་འདི་རུ། །རྒྱལ་བ་དང་རྒྱལ་སྲས་ཐུ་བོ་རྣམས། །རྩ་གསུམ་ལྷ་སྤྲིན་ལྟར་འདུས་པའི་དབུས། །གནས་འདིར་སྤྱོན་ཚོགས་ལ་གཤེགས་སུ་གསོལ། །བླ་མེད་ཀྱི་མཆོད་པའི་ཁྱད་པར་མཆོག །ཐབས་ཤེས་རབ་གཉིས་མེད་ཚོགས་འཁོར་ལོ། །བདག་གུས་པས་འབུལ་ལོ་བརྩེ་བས་བཞེས། །མཆོག་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཅེས་ཚོགས་ཕུད་ཕུལ་ནས་སྒྲུབ་པོ་རྣམས་ཀྱང་དངོས་གྲུབ་ལ་རོལ་ནས། དགུ་པ་ལྷག་མ་ནི། རྡོ་རྗེ་འཆང་གི་བཀའ་གཏེར་སྲུང་མ་གཉན། །མཁའ་འགྲོ་ཤུགས་འགྲོ་ལ་སོགས་སྤྲུལ་འཁོར་རྣམས། །ཕུད་དང་ལྷག་མའི་དམ་རྫས་འདི་བཞེས་ལ། །བསྟན་སྐྱོང་རྣལ་འབྱོར་བསྲུང་བའི་ཕྲིན་ལས་མཛོད། །ཨུཥྩིཊ་བ་ལིངྟ་ཁཱ་ཧི། དེ་ནས་བཅུ་པ་ནོངས་བཤགས་ནི། ཀྱཻ། སངས་རྒྱས་ཀུན་འདུས་བླ་མ་མཆོག །དཀྱིལ་འཁོར་ཁྱབ་བདག་ཧེ་རུ་ཀ། འཁོར་བཅས་དེང་འདིར་དགོངས་སུ་གསོལ། །མི་ཤེས་རྨོངས་པར་གྱུར་པ་ཡིས། །སྡོམ་གསུམ་འགལ་ཉམས་ཅི་མཆིས་རྣམས། །མཐོལ་བཤགས་མི་སྒྲིབ་ཚངས་པར་སྩོལ། །ཡི་གེ་བརྒྱ་པ་བརྗོད། བཅུ་གཅིག་པ་བྱིན་རླབས་བསྡུ་བ་ནི། སྐྱབས་ཡུལ་ཀུན་ཀྱང་


SPN001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་འོད་ཟེར་གྱི། །རྣམ་པར་གཙོ་མཆོག་དཔལ་ལྡན་བླ་མར་ཐིམ། །དེ་ཡང་དགྱེས་པའི་འཛུམ་མདངས་དང་བཅས་ཏེ། །བྱིན་རླབས་དབང་གི་དགོངས་གཏད་མོད་ཉིད་ལས། །རྡོ་རྗེའི་སྐུ་གསུང་ཐུགས་དང་ཡེ་ཤེས་བཞིའི། །ངོ་བོ་འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་མཆོག་ཐོབ་སྐུ་བཞི་མངོན་དུ་གྱུར། །བླ་མ་འོད་ཞུ་རང་དང་དབྱེར་མེད་ངང་། །གསལ་སྟོང་འཛིན་བྲལ་མ་བཅོས་མཉམ་པར་བཞག །དར་གཅིག་མི་རྟོག་པའི་ངང་དུ་བཞག་ལ། སླར་ཡང་རིག་རྩལ་ལྷ་ཡི་རོལ་པར་གསལ། །བཅུ་གཉིས་པ་དགེ་བ་བསྔོ་བ་ནི། རྡོ་རྗེའི་རྣལ་འབྱོར་འདིར་འབད་དགེ་བ་དང་། །དུས་གསུམ་ཟག་བཅས་ཟག་མེད་ལེགས་བྱས་བཅས། །རྨད་བྱུང་སྨོན་ལམ་ཟབ་མོས་མཚམས་སྦྱར་མཐུས། །བདག་གཞན་ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཤོག །བཅུ་གསུམ་པ་བཀྲ་ཤིས་བརྗོད་པ་ནི། རྒྱལ་ཀུན་ཡོངས་འདུ་བཀྲ་ཤིས་རྒྱ་མཚོའི་ཀློང་། །དོན་གཉིས་འབྲས་སྟེར་དགོས་འབྱུང་ཡིད་བཞིན་དབང་། །སྲིད་ཞིའི་གདུང་སེལ་འབད་མེད་འདོད་དགུའི་ཆར། །ཕན་བདེའི་དཔྱིད་དུ་འབབ་པའི་བཀྲ་ཤིས་ཤོག །དེ་ལྟར་དོན་ཚན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡི་གྲངས་ལྡན་ཟབ་མོའི་རྣལ་འབྱོར་འདི་དག་ཟུར་མང་བླ་མ་བསྟན་འཛིན་པ་དེ་ཉིད་ཟག་མེད་ཐུགས་ཀྱི་དགོངས་པ་བདེ་ཆེན་ཆོས་དབྱིངས་ཀློང་དུ་བསྐང་བའི་ཕྱིར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་འགྲོ་རྣམས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལམ།། །།


previousབླ་མའི་རྣལ་འབྱོར་དོན་གཉིས་ཡོངས་འདུ་དངོས་གྲུབ་མཆོག་སྩོལ། next