Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་ཡེ་ཤེས་གཟི་འབར་བྱིན་རླབས་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཡེ་ཤེས་གཟི་འབར་བྱིན་རླབས་མཆོག་སྩོལ། next

བླ་མའི་རྣལ་འབྱོར་ཡེ་ཤེས་གཟི་འབར་བྱིན་རླབས་མཆོག་སྩོལ།


SPN001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཡེ་ཤེས་གཟི་འབར་བྱིན་རླབས་མཆོག་སྩོལ་བཞུགས། སྭསྟི། གཅོད་ཡུལ་གྲུབ་བརྙེས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་མཆོད་ཀྱི་རིམ་པ་སྤྲ་ོན། མཆོད་རྫས་རྣམས་འདུ་བགྱིད་ལ། རང་ལྷར་གསལ་བའི་ངང་ནས། སྭ་བྷཱ་ཝས་དངོས་འཛིན་གྱི་ཆོས་ཐམས་ཅད་སྟོང་པར་སྦྱངས་ལ། སྟོང་ལས་མདུན་མཁར་འོད་ལྔའི་ཐིག་ལེའི་ཀློང་། །པད་དཀར་ཟླ་སྟེང་ཧྲཱིཿཡིག་ཡོངས་གྱུར་ལས། །རྒྱལ་དབང་ཀརྨའི་ཕྲིན་ལས་རང་གཟུགས་རྩལ། །ཡོངས་གྲུབ་གུ་རུ་ཛྙཱ་ན་བགྲེས་ཉམས་ཅན། །དབུ་ལ་སྒོམ་ཞུ་ཕྱག་གཉིས་ཆོས་འཆད་རྒྱ། །ཆོས་གོས་རྣམ་གསུམ་ཞབས་གཉིས་རྡོར་སྐྱིལ་བཞུགས། །ཆོས་དབྱིངས་སྐྱེ་མེད་ངང་ལ་ལྟ་སྟངས་ཅན། །གསོལ་བཏབ་ཙམ་གྱིས་བྱིན་རླབས་ཆར་རྒྱུན་འབེབས། །འབེབས་ཙམ་ཉིད་ནས་མོས་གུས་མྱུ་གུ་སྐྱེ། །སྐྱེས་པའི་མོད་ལ་བརྗོད་མེད་ཡེ་ཤེས་འཆར། །གནས་གསུམ་འབྲུ་གསུམ་འོད་ཀྱིས་འོག་མིན་ཞིང་། །དག་པ་མཁའ་སྤྱོད་གནས་ནས་ཨོ་རྒྱན་རྗེ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་འཁོར་ཚོགས་བཅས། །སྤྱན་དྲངས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །ཐུགས་ལས་འོད་འཕྲོས་དབང་ལྷས་དབང་བསྐུར་ནས། །འདོད་ཡོན་ལྷ་མོས་ཕྱི་ནང་གསང་མཆོད་འབུལ། །ཐུགས་ཀར་ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་སྦྱངས་གྱུར། །ༀ་ཨཱཿགུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཞེས་གང་འགྲུབ་བཟླས་ལ། བསྡུས་བ་ནི་དབང་བཞི་ལེན་པར་འཇུག །སྤྲོ་ན་ཚོགས་


SPN001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོད་པ་དཔའ་བོའི་དགའ་སྟོན་ནི། རྃ་ཡྃ་ཁྃ་འཕྲོས་ཚོགས་རྫས་ཀྱི། །གཟུང་འཛིན་ཀུན་རྟོག་བག་ཆགས་སྦྱངས། །དག་པ་ཡེ་ཤེས་བདུད་རྩིར་སྤེལ། །རྒྱ་ཆེན་རྒྱུན་མི་ཆད་པར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་བརླབས་ལ། གནས་མཁའ་སྤྱོད་པདྨ་འོད་ཀྱི་ཞིང་། །ལྷ་ཞི་ཁྲོ་རབ་འབྱམས་འདུས་པའི་དབུས། །རྒྱལ་ཡོངས་ཀྱི་སྤྱི་གཟུགས་པདྨ་འབྱུང་། །དབྱེར་མེད་ཀྱི་རྗེ་བཙུན་ཀརྨ་ཀ། གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱུད་སྨིན་གྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །གནས་རང་བཞིན་རྣམ་པར་དག་པའི་ཞིང་། །དངོས་སྣང་སྲིད་ལྷ་ཡི་དཀྱིལ་འཁོར་དབུས། །བཀའ་བརྒྱུད་པའི་གྲུབ་ཐོབ་རྒྱ་མཚོ་དང་། །གཅོད་ཡུལ་གྱི་གུ་རུ་ཛྙཱ་ན་མཆོག །གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱུད་སྨིན་གྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །གནས་ཐབས་ཤེས་བདེ་སྟོང་དབྱེར་མེད་ཞིང་། །རྒྱུད་སྡེ་བཞིར་འབྲེལ་བའི་ཡི་དམ་དང་། །མ་གནས་གསུམ་དཔའ་བོ་ཌཱ་ཀིའི་ཚོགས། །ལེགས་ཉེས་ཀྱི་སྟངས་འཛིན་གཡར་དམ་ཅན། །གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱུད་སྨིན་གྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །བཀའ་གསང་དང་དམ་ཚིག་གཉན་པོའི་ཞིང་། །ཆོས་སྐྱོང་བའི་མ་ཧཱ་ཀཱ་ལ་དང་། །དཔལ་ལྷ་མོ་ཡེ་ཤེས་ལས་འཇིག་རྟེན། །དྲེགས་ཅན་གྱི་སྲུང་མ་དམ་ཅན་རྣམས། །གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་


SPN001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །ཕྲིན་ལས་ཀྱི་སྡོང་གྲོགས་མ་གཡེལ་མཛོད། །ཕྱི་སྣོད་ཀྱི་གཞལ་ཡས་ཁང་བྱིན་རློབས། །ནང་བཅུད་ཀྱི་མཆོད་རྫས་བདུད་རྩིར་བསྒྱུར། །བདག་རྒྱུད་ལ་ཟག་མེད་ཡེ་ཤེས་ཀྱི། །བདེ་སྟོང་གི་ཏིང་འཛིན་བསྐྱེད་དུ་གསོལ། །ག་ཎ་ཙཀྲ་པཉྩ་ཨམྲྀ་ཏ་ཁཱ་ཧི། ཅེས་པས་ཕུལ། ཧོ། ཐོག་མེད་ནས་ད་ལྟའི་ལུས་འདི་བར། །རྩ་བ་དང་ཡན་ལག་དམ་ཉམས་པ། །འདོད་ཡོན་ཚོགས་མཆོད་པས་བསྐང་ཞིང་བཤགས། །བཤགས་བྱ་དང་བཤགས་བྱེད་གཉིས་མེད་པར། །རང་རིག་པ་རང་བྱུང་ཀ་དག་ཀློང་། །བློ་འདས་ཀྱི་མཉམ་ཉིད་ཆེན་པོར་བཤགས། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། ཧཱུྃ། བཀའ་ཡི་ལྷག་གཏོར་དབང་བ་ཡི། །མ་མོ་མཁའ་འགྲོ་ཤུགས་འགྲོའི་ཚོགས། །འདིར་གཤེགས་ཕུད་ལྷག་བཤལ་ཆུ་བཞེས། །བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་། །དམ་ཚིག་རྗེས་གཅོད་མེལ་ཚེ་དང་། །ནད་ཡམས་དལ་ཁ་བསྒྱུར་དུ་གསོལ། །ཨུཥྩྀ་ཊ་བ་ལིདྟ་ཁཱ་ཧི། རྗེས་རིམ་བྱིན་རླབས་བསྡུ་བ་ནི། མདུན་བསྐྱེད་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས་པ་ལས། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་བཞི་དག་ནས་སྐུ་བཞི་མངོན་དུ་གྱུར། །དེ་ཉིད་དགྱེས་པ་དང་བཅས་འོད་ཞུ་ནས། །རང་ཐིམ་དབྱེར་མེད་བདེ་ཆེན་ངང་དུ་བཞག །ཅེས་མ་བཅོས་སོ་མའི་ངང་དུ་ཅི་གནས་སུ་ངོ་བོ་བསྐྱངས་ལ། དགེ་དེས་བདག་


SPN001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འགྲོ་བ་མ་ལུས་པ། །ཀུན་བཟང་རྡོར་འཆང་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་དད་དམ་ཚུལ་ལྡན་དབུ་མཛད་ཀརྨ་དར་རྒྱས་ཀྱིས་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ། སརྦ་མངྒ་ལམ།། །།


previousབླ་མའི་རྣལ་འབྱོར་ཡེ་ཤེས་གཟི་འབར་བྱིན་རླབས་མཆོག་སྩོལ། next