Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་ཟབ་ལམ་མཐར་ཐུག་མཆོག་དངོས་བདུད་རྩིའི་བུམ་བཟང་།
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཟབ་ལམ་མཐར་ཐུག་མཆོག་དངོས་བདུད་རྩིའི་བུམ་བཟང་། next

བླ་མའི་རྣལ་འབྱོར་ཟབ་ལམ་མཐར་ཐུག་མཆོག་དངོས་བདུད་རྩིའི་བུམ་བཟང་།


SPN001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཟབ་ལམ་མཐར་ཐུག་མཆོག་དངོས་བདུད་རྩིའི་བུམ་བཟང་བཞུགས། ན་མོ་གུ་རུ་པྲ་ཝཱ་ཀ་ར་ཡེ། འདིར་ལུང་ཟིན་སྐྱེས་མཆོག་རིག་འཛིན་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་སྐོང་སྤྲོ་བ་དག་གིས་ཚོགས་གཉིས་སྤེལ་ཕྱིར་མཆོད་པ་རྣམས་གང་འབྱོར་འདུ་བར་བྱས་ལ། རང་ལྷའི་རྣལ་འབྱོར་དང་ལྡན་པས། རྙིང་ལུགས་ལྟར་གྱི་སྐྱབས་


SPN001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྤྱི་མཐུན་སྔོན་དུ་འགྲོ་བས། ཤཱུནྱ་ཏའི་སྔགས་ཀྱིས་གཟུང་འཛིན་ཆོས་རྣམས་སྟོང་པར་སྦྱངས་ནས། སྟོང་ལས་མདུན་མཁར་འཇའ་ཚོན་ལྔ་ལྡན་གྱི། །ཐིག་ལེ་ཐིག་ཕྲན་འོད་དང་འོད་ཟེར་འཕྲོ། །དེ་དབུས་སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །བུདྡྷ་ཐོད་ཕྲེང་ངོ་བོར་ཡོངས་གྲུབ་པ། །རྣམ་པ་ཐུགས་ཀྱི་རིག་འཛིན་འཁོར་ལོས་སྒྱུར། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་སྤྱོད་པ་འཆང་། །ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན་རྩལ། །ཞལ་གཅིག་གཡུ་རལ་ལྕང་ལོ་སྤྲིན་ལྟར་གཏིབས། །སྤྱན་གཉིས་ལྟ་སྟངས་དོན་དམ་ཆོས་ཉིད་གཟིགས། །དབང་ཞུ་པདྨ་མཐོང་གྲོལ་ཅོད་པན་གསོལ། །ཕྱག་གཡས་ཅང་ཏེའུ་གཡོན་པས་ཐོད་ཆང་འཛིན། །ཤེས་རབ་སྙེམས་ཚུལ་ཁ་ཊཱཾ་གྲུ་མོར་བཅུག །རབ་བརྗིད་སྐུ་ནི་རི་རྒྱལ་ལྷུན་པོ་བཞིན། །མདོ་སྔགས་གཉིས་ལྡན་ཆ་ལུགས་ཡོངས་རྫོགས་པའི། །ཕོད་ཀ་སྟག་ཤམ་ཆོས་གོས་ཟབ་བེར་བཀླུབས། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟངས་སྟབས་ཀྱིས། །སྣང་སྲིད་ཟིལ་གནོན་གར་ཉམས་དགུ་དང་ལྡན། །གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན། །རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་གྲུབ། །གནམ་ས་བར་སྣང་ཆུ་འཛིན་ཕྲེང་བྲེས་དབུས། །བཀའ་བརྒྱུད་བླ་མ་ཡི་དམ་དཔའ་བོ་དང་། །རྣལ་འབྱོར་མ་ཚོགས་ཌཱ་ཀི་ཆོས་སྲུང་རྣམས། །བུ་ཡུག་འཚུབས་བཞིན་བྱིན་རླབས་ཆར་རྒྱུན་འབེབས། །ཀུན་ཀྱང་གསལ་སྟོང་འཛིན་མེད་ལྷམ་མེར་གསལ། །ཨེ་མ་ཧོ། ཀུན་ཁྱབ་སྤྲོས་བྲལ་ཡེ་ཤེས་ལྔ་ཀློང་དུ། །ལོངས་


SPN001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡོངས་རྫོགས་གང་འདུལ་སྤྲུལ་པར་ཤར། །སྐལ་ལྡན་རྗེས་འཛིན་སྐལ་མེད་ཚར་གཅོད་འདྲེན། །ཕྲིན་ལས་བཞི་རྫོགས་མཐུ་སྟོབས་དབང་ཕྱུག་མཁྱེན། །ཆོས་དང་མཐུན་པའི་བསམ་དོན་ཡིད་བཞིན་འགྲུབ། །ཕྱི་ནང་གསང་བའི་བར་ཆད་སེལ་བྱིན་རློབས། །དེ་ལྟར་ལན་གསུམ་མམ་ལྔ་བདུན་བརྗོད་ལ། ཐུགས་ཀའི་ས་བོན་མཐར་སྔགས་ཕྲེང་། །སྤྲོ་སྡུས་པདྨ་འོད་ཞིང་ནས། །ཨོ་རྒྱན་རྗེ་འབངས་འཁོར་ཚོགས་བཅས། །བདག་མདུན་ལ་ཐིམ་དབྱེར་མེད་ངང་། །ཡེ་ཤེས་རྡོ་རྗེའི་གོ་འཕང་མཆོག །དངོས་གྲུབ་རྒྱུན་སྨིན་གྲོལ་ཐོབ་གྱུར། །ༀ་ཨཱཿབི་ཛ་ཡ་བཛྲ་ཧཱུྃ། གང་འགྲུབ་བཟླས་ལ་མཆོད་ཚོགས་བྱིན་རླབས་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། མཆོད་ཚོགས་རྣམ་དག་བདེ་ཆེན་གྱུར། །གདོད་ནས་ལྷུན་རྫོགས་གྲུབ་པའི་གནས། །ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེ། །ཚོགས་ཁང་གཞལ་ཡས་བྱིན་རེ་ཆགས། །བླ་མེད་ཕྱི་ནང་གསང་མཆོད་རྫས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། །ཡེ་ཤེས་བདུད་རྩིའི་ཟེར་མ་ལས། །འདོད་ཡོན་ལྷ་མོས་གར་བསྒྱུར་ཞིང་། །ཟག་མེད་འདོད་དགུའི་ལོངས་སྤྱོད་སྤེལ། །ནམ་མཁའ་མཛོད་བཞིན་དང་རེ་སྤྲོ། །གྲུབ་པའི་རྣལ་འབྱོར་མཆེད་རྣམས་ཀྱང་། །ལྟ་སྤྱོད་ཚུལ་ལྡན་དམ་རེ་གཙང་། །དངོས་སུ་འབྱོར་དང་ཡིད་སྤྲུལ་པ། །ཀུན་བཟང་རྣམ་ཐར་འབྱམས་ཀླས་བཞིན། །སྣང་སྲིད་འཁོར་འདས་ཡོངས་བཀང་ནས། །ཕྱི་ནང་གསང་བ་ཡང་གསང་གི། །མཆོད་སྤྲིན་རབ་འབྱམས་རྒྱ་མཚོ་འདིས། །རྩ་གསུམ་འདུས་


SPN001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད། །ལུང་ཟིན་སྐྱེས་མཆོག་རྡོ་རྗེ་འཛིན། །སྒྲུབ་པའི་སྲོལ་གཏོད་བསྟན་པ་སྐྱོང་། །ཟབ་གཏེར་མངའ་བདག་རིག་སྔགས་འཆང་། །ཐེག་མཆོག་འོད་གསལ་ཨ་ཏིའི་ཆོས། །འགྲོ་རྒྱུད་མུན་སེལ་ལམ་བཟང་སྟོན། །རྣམ་རྒྱལ་རྡོ་རྗེའི་ཐུགས་དམ་བསྐང་། །གཞན་ཡང་བཀའ་བབས་ཆོས་ཀྱི་བདག །རྩ་བ་བརྒྱུད་པའི་བླ་མ་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །བཀའ་ཉན་གཏེར་བདག་ཆོས་སྲུང་རྣམས། །བསྐང་ངོ་བསྐལ་པ་ཐུགས་དམ་བསྐང་། །གཡར་དམ་གཉན་པོ་བསྐང་གྱུར་ནས། །དབང་དང་དངོས་གྲུབ་སྩོལ་བྱིན་རློབས། །བདག་ནི་ཉོན་མོངས་དུག་ལྔ་ཡི། །སྒྲིབ་པས་མ་རིག་དབང་གིས་ནི། །དམ་ཚིག་ཉམས་ཆག་འགལ་འཁྲུལ་སོགས། །ནོངས་གྱུར་ཐམས་ཅད་གནོང་འགྱོད་བཤགས། །ཆོས་ཀུན་ཡེ་ནས་མཉམ་ཉིད་ངང་། །བསྐང་དང་བཤགས་བྱ་བརྗོད་ལས་འདས། །མ་བཅོས་རང་བྱུང་ལྷུན་གྲུབ་རྩལ། །དོན་དམ་ཀ་དག་དབྱིངས་སུ་བསྐང་། །འཁོར་གསུམ་དམིགས་མེད་མཐའ་བྲལ་ཀློང་། །ཀུན་བཟང་རོལ་པར་སོར་ཆུད་ཤོག །ཅེས་ཚོགས་ཀྱི་མཆོད་པས་བསྐངས་ནས། དངོས་གྲུབ་ཀྱི་རྫས་ལ་རོལ་ཞིང་། ལྷག་མ་བཏང་བ། སྔགས་ཀྱི་བཀའ་སྲུང་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་སོགས། །ལྷག་གཏོར་བཞེས་ལ་བཅོལ་པའི་ལས། །མ་གཡེལ་མ་འདའ་ཕྲིན་ལས་མཛོད། །ཅེས་འབུལ། དེ་ནས་རྗེས་རིམ་བྱིན་རླབས་བསྡུ་བ་ནི། ན་མོ་གུ་རུ། སྤྲོས་བྲལ་ཆོས་དབྱིངས་ནམ་མཁའ་ཡངས་པ་


SPN001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བདེ་བ་ཆེན་པོ་མི་ཕྱེད་རྡོ་རྗེའི་བདག །ཨེ་ཝཾ་ཟུང་འཇུག་མཚོར་འཁྲུངས་པདྨ་སྐྱེས། །རིགས་ཀུན་ཁྱབ་བདག་མགོན་དེར་གསོལ་བ་འདེབས། །ལྔ་བརྒྱ་ཐ་མར་སྙིགས་དུས་སེམས་ཅན་རྣམས། །ཉོན་མོངས་རགས་པའི་མི་བསྲུན་འཆོལ་སྤྱོད་ངོར། །རྒྱལ་རྣམས་ཕྲིན་ལས་འཇུག་སྒོའི་གནས་དབེན་ཀྱང་། །ཨོ་རྒྱན་ཐུགས་བསྐྱེད་ལྷག་པར་རྗེས་སྐྱོང་བའི། སྤྲུལ་དང་ཡང་སྤྲུལ་གར་བསྒྱུར་རྣམ་རོལ་ནི། །སྣ་ཚོགས་བཀོད་པ་ཅིར་ཡང་འཆར་བ་ལས། །གང་འདིར་སྔགས་རིག་གྲུབ་པའི་སྤྱོད་འཆང་ཚུལ། །བླ་མེད་གསང་མཆོག་སྟོན་དེར་གསོལ་བ་འདེབས། །མི་ཕྱེད་འདུན་དང་དམ་ཚིག་རྣམ་དག་གི། གཞི་བརྟན་མོས་གུས་ལྟེམ་རྐྱང་བྲལ་བའི་ངང་། །བཅོས་མིན་གསོལ་འདེབས་བདག་ལ་བརྩེར་དགོངས་ཀྱཻ། །དབང་བཞི་བསྐུར་ཞིང་རྒྱུད་བཞི་སྨིན་པར་མཛོད། །ལམ་བཞི་འབྱོངས་ནས་སྐུ་བཞི་ཐོབ་བྱིན་རློབས། །དེ་ནས་སྐྱེད་པའི་དཀྱིལ་འཁོར་རང་ལ་ཐིམ། །བློ་འདས་བྱར་མེད་ཀུན་བཟང་གཉུག་མའི་གཤིས། །ཁྱབ་གདལ་ཀློང་ཡངས་སྐྱེ་མེད་ས་མ་དྷི། །ཨ་ཨ་ཨཱཿདེའི་ངང་དུ་གནས་ལུགས་ཀྱི་ངོ་བོ་སྐྱོང་། མཐར་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་དཀྱུས་མཐུན་གྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ཀ་ཉིན་ལུང་ཆོས་གྲྭའི་སྒྲུབ་སྡེའི་སྤོང་བ་པ་སྦས་པའི་རྣལ་འབྱོར་སྙིང་པོའི་དོན་ལ་གཞོལ་བ་བླ་མ་ཀརྨ་འཕགས་མཆོག་དང་འཕེལ་རྒྱས་མཆེད་ཀྱི་བཞེད་ལྟར། སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་འགྲོ་རྣམས་ཀུན་བཟང་རྡོ་རྗེ་འཆང་ཆེན་པད་འབྱུང་གི་གོ་འཕང་ལ་འགོད་པར་གྱུར་ཅིག །དགེའོ། །བཀྲ་ཤིས།། །།


previousབླ་མའི་རྣལ་འབྱོར་ཟབ་ལམ་མཐར་ཐུག་མཆོག་དངོས་བདུད་རྩིའི་བུམ་བཟང་། next