Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་བདེ་ཆེན་མཆོག་སྩོལ།
   
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་བདེ་ཆེན་མཆོག་སྩོལ།next

བླ་མའི་རྣལ་འབྱོར་བདེ་ཆེན་མཆོག་སྩོལ།


SPN001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མའི་རྣལ་འབྱོར་བདེ་ཆེན་མཆོག་སྩོལ་བཞུགས། མཆོག་གསུམ་ངོ་བོ་བླ་མ་ལ། །བདག་སོགས་འདི་ནས་བྱང་ཆུབ་བར། །སྐྱབས་གསོལ་འགྲོ་ཀུན་བདེ་གྱུར་ལྡན། །སྡུག་བསྔལ་དང་བྲལ་སངས་རྒྱས་ཤོག །སྭ་བྷཱ་ཝས་སྦྱངས། སྟོང་ལས་ཕྱི་ནང་མཆོད་པའི་རྫས། །རྒྱ་ཆེན་རྒྱུན་མི་ཆད་པ་ཡི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི། །ཟག་མེད་བདེ་ཆེན་དགྱེས་སྐྱེད་གྱུར། །ཨ་ཀཱ་རོས་བྱིན་བརླབས་ནས། བདག་ཉིད་ལྷར་གསལ་མདུན་གྱི་མཁའ་དབྱིངས་སུ། །རིན་ཆེན་གཞལ་ཡས་གྲུ་ུབཞི་མུ་ཁྱུད་རྫོགས། །དབུས་སུ་པདྨ་ཕྱོགས་མདོག་འདབ་བཞིར་ལྡན། །གེ་སར་དབུས་སུ་ཆོས་དབྱིངས་ཡེ་ཤེས་ཀྱི། །ངོ་བོ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྡོ་རྗེ་གཙུག་ལག་དགའ་བའི་རྡོ་རྗེ་འཆང་། །ཞལ་གཅིག་ཕྱག་གཉིས་ཌཱ་དྲིལ་ཞབས་རོལ་སྟབས། །ཕོད་ཀ་ཆོས་གོས་པད་ཞྭ་རུས་རྒྱན་སྤྲས། །ཤར་གྱི་འདབ་མར་མེ་ལོང་ཡེ་ཤེས་ཀྱི། །ངོ་བོ་རིག་འཛིན་གྲུབ་པའི་དབང་ཕྱུག་མཆོག །ཧྱ་གྷྲྀཝ་ན་ཐཱ་ལམ་མེར་གསལ། །ལྷོ་ཡི་འདབ་མར་མཉམ་ཉིད་ཡེ་ཤེས་ཀྱི། །ངོ་བོ་ཁྲག་འཐུང་དཔལ་ཆེན་རྡོ་རྗེ་འཛིན། །ཤྲཱི་ཙིཏྟ་བཛྲ་ལམ་མེར་གསལ། །ནུབ་ཀྱི་འདབ་མར་སོར་རྟོག་ཡེ་ཤེས་ཀྱི། །ངོ་བོ་གསང་སྔགས་གྲུབ་པའི་སྐྱེས་བུ་མཆོག །རྗེ་བཙུན་པདྨ་ཀུན་ནས་རབ་ཏུ་གསལ། །བྱང་གི་འདབ་མར་བྱ་གྲུབ་ཡེ་ཤེས་ཀྱི། །ངོ་བོ་མངོན་སྤྱོད་ཕྲིན་ལས་སྣ་ཚོགས་ལ། །དབང་བསྒྱུར་ཚེ་དབང་འཆི་མེད་དཔལ་དར་གསལ། །རྒྱན་དང་


SPN001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལུགས་ཕྱག་མཚན་གཙོ་བོ་ལྟར། །འོད་དང་འོད་ཟེར་འབར་བའི་ཀློང་དུ་གསལ། །དེ་ལྟར་སོ་སོའི་ཐུགས་ལས་འོད་འཕྲོས་པས། །འོག་མིན་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །བསྒོམ་པ་དང་འདྲའི་ཡེ་ཤེས་སྤྱན་དྲངས་ཏེ། །མཚོ་ལ་ཆར་བཞིན་དབྱེར་མེད་རོ་གཅིག་གྱུར། །ཞེས་སྤྱན་དྲངས་ཏེ་མཆོད་པ་འབུལ་བ་ནི། ཧོ་ཕྱི་ནང་གསང་བའི་འདོད་ཡོན་རྫས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། །ཤ་ལྔ་བདུད་རྩི་ལྔ་ལྡན་གྱི། །ལོངས་སྤྱོད་ཟད་མེད་འདི་དག་ཀུན། །མཆོད་ཡུལ་དམ་པའི་ལྷ་ཚོགས་མཆོད། །བཞེས་ཤིག་རོལ་ཅིག་པཱུ་ཛ་ཧོ། །བདག་དང་མཐའ་ཡས་སེམས་ཅན་ཀུན། །དུག་གསུམ་དུག་ལྔའི་དབང་གྱུར་པའི། །རྩ་བ་ཡན་ལག་ཉམས་པ་བཤགས། །རང་རིག་ཀ་དག་དོན་རྟོགས་ནས། །ཡེ་ཤེས་སྐུ་ལྔ་མཆོག་ཐོབ་ཅིང་། །གཉིས་འཛིན་ལོག་རྟོག་གཡུལ་རྒྱལ་ཏེ། །དམ་པའི་གོ་འཕང་རེག་གྱུར་ཅིག །བཀྲ་ཤིས་དགེ་ལེགས་ཡོངས་འདུའི་ལྗོན། །འབད་མེད་ལྷུན་གྲུབ་དཔལ་ཐོབ་ནས། །བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་མཆོག །སྲིད་པའི་རྩེ་མོར་མཐོ་གྱུར་ཅིག །ཅེས་པའང་བླ་མ་ཕྲིན་ལས་རབ་རྒྱས་ཀྱི་བཞེད་ལྟར། སི་ཏུས་སྤེལ་བ་མངྒ་ལམ།། །།སྣང་སྲིད་ཡེ་དག་བདེ་ཆེན་པད་འོད་ཞིང་། །རང་ལྷར་གསལ་བའི་སྤྱི་བོར་འཁོར་ལོའི་མགོན། །ངོ་བོ་པད་འབྱུང་རྣམ་པ་དཔལ་འབྲུག་པ། །བསྟན་པའི་རྒྱལ་མཚན་མཚན་དཔེ་མཐོང་གྲོལ་སྐུ། །ཐོས་དང་དྲན་རེག་ཡེ་ཤེས་མངོན་གྱུར་པའི། །སངས་རྒྱས་ཆོས་


SPN001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚོགས་མཆོག་ཀུན་འདུས་པ། །དྲན་མཆོག་དྭངས་མའི་མགོན་གྱུར་སྐྱབས་གནས་རྗེ། །དུས་འདིར་དྲན་ནོ་ཅི་མཛད་ཁྱེད་ཤེས་ཀྱི། །བཅོས་མིན་མོས་གུས་ངང་ནས་གསོལ་བ་འདེབས། །རྗེ་བཙུན་ཁྱེད་བཞིན་བདག་རྒྱུད་བྱིན་གྱིས་རློབས། །དེ་ནས་གསོལ་འདེབས་དང་། མཆོད་པ། བཀྲ་ཤིས་སོགས་ཞལ་བསྒྱུར་འདིའང་འདོན། བདེ་ཆེན་འགྱུར་མེད་འོད་གསལ་ཀུན་ཁྱབ་ཀློང་། །རང་བྱུང་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །རིགས་དཀྱིལ་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །དཔལ་ལྡན་འབྲུག་པའི་ཞབས་ལ་གསོལ་བ་འདེབས། །ལན་གསུམ་མམ་བདུན། མཚན་སྔགས་ནི། ༀ་ཨཱཿཤཱ་ས་ན་དྷྭ་ཛ་ཧཱུྃ། ཅི་ནུས་བཟླ་ཞིང་། དཔལ་ལྡན་འབྲུག་པ་མཁྱེན། དད་པའི་བློ་ཡིས་གང་གྲུབ་དང་། མཐར་ནི། བྱིན་རླབས་དབང་བཞིས་སྨིན་ཅིང་གྲོལ་བ་ཡི། །མི་འགྱུར་ཟག་མེད་བདེ་སྟོང་ཕྱག་རྒྱ་ཆེ། །རང་གཞན་དོནགཉིས་མཐར་ཕྱིན་ཆོས་ཀྱི་སྐུ། །མངོན་བྱང་ཆུབ་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་སི་ཏུ་པདྨའི་མིང་ཅན་གྱིས་དད་ལྡན་སེ་བོ་འཚོ་བྱེད་ཀརྨ་བཀྲ་ཤིས་ངོར་བཀོད་པའོ། །ཛ་ཡནྟུ།། །།


previousབླ་མའི་རྣལ་འབྱོར་བདེ་ཆེན་མཆོག་སྩོལ།next