Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་ཡིད་བཞིན་རེ་སྐོང་ཐར་འདོད་གྲུ་རྫིང་།
   
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཡིད་བཞིན་རེ་སྐོང་ཐར་འདོད་གྲུ་རྫིང་། next

བླ་མའི་རྣལ་འབྱོར་ཡིད་བཞིན་རེ་སྐོང་ཐར་འདོད་གྲུ་རྫིང་།


SPN001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཡིད་བཞིན་རེ་སྐོང་ཐར་འདོད་གྲུ་རྫིང་ཞེས་བྱ་བ་བཞུགས། ན་མོ་གུ་ར་ཝེ། འདིར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་བསྐང་བཤགས་པའི་རིམ་པ་སྤྲོ་ན་འདི་ལྟ་སྟེ། དང་པོ་སྐྱབས་སེམས་ནི། རྒྱལ་བ་རབ་འབྱམས་ཀུན་འདུས་པའི། །བླ་མེད་སྟོན་པ་རྡོ་རྗེ་འཛིན། །དཀྱིལ་འཁོར་གཙོ་མཆོག་དམ་པ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །རྣམ་གྲོལ་


SPN001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་མཆོག་ལ་འགོད་ཕྱིར། །དེང་ནས་སངས་རྒྱས་ཐོབ་ཀྱི་བར། །བདག་གིས་བླ་མ་བསྒྲུབ་པར་བགྱི། །དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་ལས་མཆོད་རྫས་ཕྱི་ནང་གསང་བ་ཡི། །སྨན་གཏོར་རཀྟའི་ཚོགས་རྣམས་ཟག་མེད་ཀྱི། །ཡེ་ཤེས་བདུད་རྩི་འོད་རླབས་རབ་འཕྲོ་བ། །ཀུན་བཟང་སྨོན་ལམ་ལས་གྲུབ་དགྱེས་སྐྱེད་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ཏེ། བསྐྱེད་རིམ་བསྒོམ་པ་ནི། ཕྱི་ནང་སྣོད་བཅུད་མི་དམིགས་སྟོང་ཉིད་གྱུར། །རང་ཉིད་ལྷར་གསལ་མདུན་གྱི་མཁའ་དབྱིངས་སུ། །ཡེ་ཤེས་ལྔ་ཡི་འཇའ་འོད་འཐིབས་པའི་ཀློང་། །རིན་ཆེན་དར་དང་སེང་གེས་བཏེགས་པའི་ཁྲི། །དེ་སྟེང་པདྨ་དཀར་པོ་འདབ་སྟོང་རྒྱས། །ཉི་ཟླའི་དཀྱིལ་འཁོར་གསལ་ལ་འཚེར་བའི་དབུས། །སངས་རྒྱས་པདྨ་འབྱུང་གནས་ངོ་བོ་ཉིད། །དཔལ་ལྡན་རིགས་ཀུན་དབང་ཕྱུག་ཧེ་རུ་ཀ། མཐའ་ཀླས་ཞིང་གི་བདག་པོ་དཔའ་བོ་ཆེ། །རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ། །སྐུ་མདོག་དཀར་སྨུག་ཞི་མ་ཁྲོ་ཡི་ཚུལ། །དབུ་ལ་པདྨ་མཐོང་གྲོལ་རབ་མཛེས་གསོལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་དང་། །གཡོན་པས་སྡིགས་མཛུབ་གནམ་ལྕགས་ཕུར་བུ་བསྣམས། །སྐུ་ལ་ཕོད་ཀ་ཆོས་གོས་རྣམ་གསུམ་བཀླུབས། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ། །ཧཱུྃ་ལས་འོད་འཕྲོས་འོག་མིན་ཞིང་རབ་འབྱམས། །ཁྱད་པར་ཨོ་རྒྱན་དཔལ་གྱི་མཁའ་སྤྱོད་ནས། །རྡོ་རྗེ་


SPN001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རྟ་མགྲིན་དབང་གི་རྒྱལ། །མ་ཚོགས་མཁའ་འགྲོ་རིག་འཛིན་བྱེ་བ་འབུམ། །ཆོས་ཀྱི་སྲུང་མ་རྒྱ་མཚོ་འཁོར་བཅས་རྣམས། །དེང་འདིར་དད་དང་དམ་ཚིག་མོས་བློ་ཡིས། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཞེས་སྤྱན་དྲངས་ཏེ་གདན་འབུལ། པདྨ་ཀ་མ་ལཱ་ཡ་སྟྭྃ། ཧྲཱིཿསངས་རྒྱས་ཀུན་འདུས་སྐུ་མཆོག་མཚན་དཔེས་བརྒྱན། །དམ་པའི་གསུང་མཆོག་ཚངས་དབྱངས་དྲུག་ཅུ་ལྡན། །ཐུགས་མཆོག་རྡོ་རྗེ་ཏིང་འཛིན་བརྒྱ་ཕྲག་མངའ། །རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནས་མཆོད་པ་འབུལ་བ་ནི། ཡན་ལག་བརྒྱད་ལྡན་མཆོད་ཡོན་ཞབས་བསིལ་དང་། །པུཎྜ་རི་ཀ་ལ་སོགས་མེ་ཏོག་ཚལ། །ཚུལ་ཁྲིམས་དྲི་བསུང་བདུག་སྤོས་སྤྲིན་བཞིན་གཏིབས། །རབ་གསལ་སྣང་བའི་སྒྲོན་མེ་ཉི་ལྟར་འཚེར། །ཚངས་རལ་ལས་འོངས་དག་བྱེད་དྲི་ཆབ་དང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་རོ་བརྒྱར་ལྡན། །པི་ཝཾ་གླུ་དབྱངས་གྲག་སྟོང་སྒྲ་ཡིས་མཆོད། །དབང་ལྔའི་ཆུ་སྐྱེས་གསུར་ཆེན་སྤོས་ཞུན་མེ། །དྲི་ཆབ་ཞལ་ཟས་ཐོད་རྔ་རྐང་གླིང་སྒྲ། །བདུད་རྩི་སྨན་དང་རཀྟ་བ་ལིཾ་ཏ། །སྦྱོར་སྒྲོལ་ཏིང་འཛིན་བླ་ན་མེད་པའི་རྫས། །ཕྱི་ནང་གསང་མཆོད་སྣ་ཚོགས་བཞེས་སུ་གསོལ། །བསྟོད་པ་བྱ་བ་ནི། ཧྲཱིིཿགདོད་ནས་རྣམ་དག་ཆོས་ཀྱི་སྐུ་བརྙེས་ཀྱང་། །བྱམས་པས་འགྲོ་ལ་རྗེས་སུ་བརྩེ་བ་ཡི། །གང་འདུལ་དེར་སྟོན་སྒྱུ་འཕྲུལ་གར་རོལ་པ། །ཤྲཱི་ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་བསྟོད། །གྲུབ་གཉིས་སྩོལ་ཞིང་ས་


SPN001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བར་ཆད་སེལ། །རིག་འཛིན་རྒྱ་མཚོ་བྱེ་བ་འབུམ་སྡེ་དང་། །ཛྙཱ་ན་ཌཱ་ཀི་དཔའ་བོ་དཔའ་མོའི་ཚོགས། །ཆོས་ཀྱི་སྲུང་མ་རྣམས་ལ་བསྟོད་པར་བགྱི། །བཤགས་པ་ནི། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བསྐལ་དུས་སྔོན་ནས་ད་ལྟའི་བར་འདི་རུ། །མ་རྟོགས་དབང་གིས་ནོངས་པར་གྱུར་པ་རྣམས། །སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་བ་བརྗོད། དེ་ནས་བཟླས་བའི་རིམ་པ་ནི། མདུན་བསྐྱེད་བླ་མའི་ཐུགས་ཀར་ཟླ་སྟེང་ཧཱུྃ། །མཐིང་གསལ་འབར་བ་དེ་མཐར་སྔགས་ཕྲེང་འཁོར། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས། །ཚུར་འདུས་ཡེ་ཤེས་བདག་རྒྱུད་ལ་སྨིན་གྱུར། །ༀ་ཨཱཿཤྲཱི་ཙིཏྟ་བཛྲ་ཧཱུྃ། ཞེས་ཅི་ཅུས་བཟླས། དེ་ནས་ཚོགས་མཆོད་འབུལ་བ་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། འདིར་བཤམས་ཞལ་ཟས་ཚོགས་གཏོར་གྱི། །མ་དག་གཉིས་འཛིན་བསྲེག་སྦྱང་བཀྲུས། །ཡེ་ཤེས་བདུད་རྩིར་བྱིན་བརླབ་ནས། །ཟག་མེད་མཆོད་སྤྲིན་རྒྱ་མཚོར་གྱུར། །གནས་འོག་མིན་ཆོས་དབྱིངས་ཞིང་རབ་འབྱམས། །དཔལ་ཨོ་རྒྱན་མཁའ་སྤྱོད་གཞལ་ཡས་ནས། །མགོན་མཚུངས་མེད་ཐུགས་ཀྱི་རྡོ་རྗེ་མཆོག །ཡིད་གདུང་བས་ཚོགས་ལ་སྤྱན་འདྲེན་གཤེགས། །འཁོར་རིག་འཛིན་གྲུབ་བའི་དབང་ཕྱུག་ཆེ། །མ་གནས་གསུམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་བའི་མགོན་པོ་ལྕམ་དྲལ་རྣམས། །ཚོགས་མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ། །ཧོ་ཚོགས་རྫས་འདོད་ཡོན་སྣ་ཚོགས་པ། །རོ་བཅུད་ལྡན་ལོངས་སྤྱོད་


SPN001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་འདི། །དཔལ་རྡོ་རྗེ་ཅན་དངོས་ཞལ་དུ་འབུལ། །འཁོར་དང་བཅས་དགྱེས་པར་ད་རོལ་ཅིག །གྷ་ན་ཙཀྲ་པཱུ་ཛ་ཧོཿཞེས་ཚོགས་ཕུད་ཕུལ་ནས་བསྐང་བ་བྱ་བ་ནི། ཧཱུྃ་ཧྲཱིཿའཆི་མེད་གྲུབ་པའི་འཁོར་ལོས་སྒྱུར། །པད་འབྱུང་སྒྱུ་འཕྲུལ་གར་རོལ་པ། །ཚངས་པ་ལྷ་ཡི་མེ་ཏོག་དང་། །དབྱེར་མེད་རྡོ་རྗེ་དྲག་བོ་རྩལ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །རིག་འཛིན་བྱེ་བ་འབུམ་གྱི་སྡེ། །མ་ཚོགས་ཌཱ་ཀི་དཔའ་བོ་དང་། །དམ་ཅན་ཆོས་སྲུང་ཐུགས་དམ་བསྐང་། །གཡར་དམ་གཉན་པོ་བསྐང་བའི་རྫས། །མཁའ་དབྱིངས་ཀུན་ཁྱབ་མཆོད་པའི་སྤྲིན། །ཉེར་སྤྱོད་ལྔ་དང་འདོད་ཡོན་དྲུག །རྡོ་རྗེ་ལྷ་མོ་བཅུ་དྲུག་པོ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད། །མཆོད་པའི་བྱེ་བྲག་མཐའ་ཀླས་པས། །ཐུགས་དམ་བསྐང་ངོ་བྱིན་གྱིས་རློབས། །དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ། །དེ་ནས་བཤགས་པ་ནི། ཧོ་རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པའི་སྐུ། །དཀྱིལ་འཁོར་མངའ་བདག་སློབ་དཔོན་དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་བའི་ལས་དབང་གིས། །སོ་ཐར་བྱང་སེམས་གསང་སྔགས་དམ་འགལ་བ། །བཤགས་སོ་བཤགས་སོ་གནོང་འགྱོད་དྲག་པོས་བཤགས། །བཟོད་པར་བཞེས་ལ་དག་ཚངས་དབུགས་དབྱུང་གསོལ། །གཉིས་འཛིན་ལོག་རྟོག་གཡུལ་ངོ་ལས་རྒྱལ་ནས། །སྐུ་བཞི་མངོན་གྱུར་བླ་མེད་སངས་རྒྱས་ཤོག །བསྒྲལ་བ་ནི། ན་མོ་རྩ་གསུམ་ལྷ་ཡི་བདེན་པའི་མཐུས། །བསྟན་


SPN001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དམ་ཉམས་མ་ལུས་འདིར་ཁུག་ཅིག །ཡེ་ཤེས་ཕུར་བུས་རབ་བསྒྲལ་དབྱིངས་སུ་བསྟིམ། །ཞལ་དུ་བསྟབ་བོ་བཞེས་ཤིག་དགྱེས་པར་རོལ། །དེ་ནས་ལྷག་མ་ཕུལ་བ་ནི། ཧཱུྃ་གསང་སྔགས་དཀྱིལ་འཁོར་སྐྱོང་བའི་ལྷག་སྡུད་རྣམས། །ཐམས་ཅད་འདིར་སྤྱོན་ཚོགས་ལྷག་གཏོར་མ་བཞེས། །གང་བཅོལ་ལས་ཀུན་ཐོགས་མེད་བསྒྲུབ་པ་དང་། །མི་མཐུན་རྐྱེན་རྣམས་བཟློག་པའི་ཕྲིན་ལས་མཛོད། །ཆད་ཐོ་དང་བརྟན་སྐྱོང་ནི། སྔོན་ཚེ་བར་དང་ཐ་དུས་བསྐལ་པ་ལ། །རིག་འཛིན་པདྨ་ཐོད་ཕྲེང་རྒྱལ་པོ་དང་། །དབྱེར་མེད་དཔལ་ཆེན་ཐུགས་ཀྱི་རྡོ་རྗེའི་དྲུང་། །ཡེ་ཤེས་ལས་ཀྱི་དཔའ་བོ་མཁའ་འགྲོ་སོགས། །འཇིག་རྟེན་དྲེགས་བྱེད་དམ་ཅན་སྲུང་མ་ཡིས། །སོ་སོའི་ཁས་བླངས་དམ་ཚིག་དྲན་མཛོད་ལ། །གསང་སྔགས་དཀྱིལ་འཁོར་གཉེན་པོ་སྐྱོང་བ་དང་། མཆོད་གཏོར་བཞེས་ལ་གང་བཅོལ་ཕྲིན་ལས་སྒྲུབས། །བོད་ཁམས་སྐྱོང་བའི་མ་སྲིང་བརྟན་མའི་ཚོགས། །ཐ་ཚིག་མ་འདའ་བཀའ་ཡི་གཏོར་མ་བཞེས། །བསྟན་པ་སྲུང་དང་འགྲོ་ལ་ཕན་བདེ་སྤེལ། །རྣལ་འབྱོར་འཁོར་སྲུང་བར་ཆད་བཟློག་ཏུ་གསོལ། །དེ་ནས་རྗེས་ཀྱི་བྱ་བ་ནི། རིག་འཛིན་ལྷ་ཚོགས་མཆོད་ཅིང་བསྒྲུབ་ལགས་ན། །ཐུགས་རྗེས་དགོངས་ཏེ་བདག་གཞན་སྨིན་གྲོལ་གྱི། །ལམ་ལ་འགོད་ཕྱིར་དབང་དང་དངོས་གྲུབ་སྩོལ། །སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །འོད་ཟེར་དཀར་དམར་སྔོ་ལྗང་སེར་འཕྲོས་ནས། །


SPN001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་གནས་བཞིར་ཐིམ་པས་དབང་བཞི་རྫོགས། །བླ་མ་འོད་ཞུ་དབྱེར་མེད་གཅིག་འདྲེས་གྱུར། །དེའི་ངང་ལ་དར་ཅིག་ཅི་གནས་སུ་མཉམ་པར་བཞག །དགེ་བ་འདིས་མཚོན་དུས་གསུམ་བསགས་ཡོད་ཀྱི། །དགེ་ཚོགས་ཐམས་ཅད་གཅིག་ཏུ་བཟླུམས་བྱས་ནས། །དགེ་ཀུན་སེམས་ཅན་སངས་རྒྱས་ཐོབ་ཕྱིར་བསྔོ། །དགེ་དེས་ཚོགས་གཉིས་ཡོངས་སུ་རྫོགས་ཐོབ་ཤོག །ཅེས་བསླབ་གསུམ་རྒྱན་ལྡན་བླ་མ་ནོར་བུ་ནས་རྟེན་དང་བཅས་འདི་ལྟར་དགོས་ཞེས་བསྐུལ་བ་ལྟར་སི་ཏུས་སྤེལ་བ་མངྒ་ལམ།། །།


previousབླ་མའི་རྣལ་འབྱོར་ཡིད་བཞིན་རེ་སྐོང་ཐར་འདོད་གྲུ་རྫིང་། next