Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བ།
   
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བ། next

བླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བ།


SPN001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བར་སྤྲོ་ན། སྐྱབས་སེམས་ནི། མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །རྡོ་རྗེ་འཛིན་དབང་བླ་མ་ལ། །སྐྱབས་སུ་མཆི་ཞིང་འགྲོ་བ་རྣམས། །འཁོར་མཚོ་ལས་གྲོལ་སེམས་བསྐྱེད་དོ། །ལན་གསུམ། མདུན་རྟེན་བསྐྱེད་པ་ནི། ༀ་ཤཱུ་ནྱ་ཏས་སྟོང་བར་སྦྱངས། ཆོས་རྣམས་མ་སྐྱེས་མི་འགགས་པ། །གསལ་སྟོང་རིག་པའི་སྣང་ཆ་ལས། །རང་ལྷར་གསལ་བའི་མདུན་གྱི་མཁར། །ཡེ་ཤེས་ལྔ་ལྡན་འཇའ་འོད་ཀློང་། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །དྲིན་ཆེན་རྩ་བའི་བླ་མ་མཆོག །རྡོ་རྗེ་འཆང་གི་རྣམ་པ་ཅན། །ལོངས་སྤྱོད་རྫོགས་པའི་རྒྱན་ལྡན་པ། །རྒྱལ་ཀུན་འདུས་པའི་ངོ་བོར་གསལ། །འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ། །གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་འཁོར་བཅས། །བླ་མའི་ཡེ་ཤེས་རོལ་པ་རུ། །སྤྱན་དྲངས་དམ་ཡེ་དབྱེར་


SPN001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྱུར། །ཤྲཱི་མཱན་གུ་རུ་དེ་ཝ་བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡ་སྟྭྃ། སྤྱན་དྲངས་བཞུགས་གསོལ་དང་། བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱི་ཡི་མཆོད་པ་སྣ་ཚོགས་དང་། །རང་བྱུང་འདོད་ཡོན་ནང་མཆོད་འབུལ། །གསང་མཆོད་བདེ་ཆེན་ལྷ་མོའི་ཚོགས། །འཁོར་འདས་རོ་མཉམ་དེ་བཞིན་ཉིད། །དུས་གསུམ་མཉམ་ཉིད་རྟོགས་པས་མཆོད། །ༀ་བཛྲ་ཨརྒྷཾ་ནས། པཱ་དྱཾ། ཤབྡའི་བར་དང་། མ་ཧཱ་པཉྩ་རཀྟ། བ་ལིང་ཏ། མ་ཧཱ་སུ་ཁ་པཱུ་ཛ་ཧོ། ཞེས་མཆོད། དུས་གསུམ་རྒྱལ་ཀུན་འདུས་པའི་དཔྱིད། །སྙིགས་དུས་འགྲོ་ལ་རྗེས་བརྩེ་བའི། །ཐུགས་རྗེ་རྨད་བྱུང་རིགས་ཀུན་བདག །རྡོ་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ༀ་ཨཱཿདྷརྨ་སུཪྱཱ་མ་ཧཱ་མུ་དྲ་སིདྡྷི་ཧཱུྃ། ཅེས་སྔགས་བཟླའོ། །དེ་ནས་ཚོགས་རྫས་རྣམས། ཨམྲྀ་ཏས་བསངས། ༀ་སྣང་བ་སྣོད་ཀྱི་གཏོར་གཞོང་དུ། ཨཱཿསྟོང་པ་བཅུད་ཀྱི་བདུད་རྩིས་གཏམས། །ཧཱུྃ་འདོད་ཡོན་སྣ་ཚོགས་སྤྲིན་སྤྲོར་གྱུར། །ཧྲཱིཿབདེ་ཆེན་མཉམ་ཉིད་ཚོགས་མཆོད་བཞེས། །ཞེས་ཚོགས་སྤྲོ། བདག་ཅག་འཁྲུལ་པའི་དབང་གྱུར་པས། །བསྐྱེད་རྫོགས་མི་གསལ་མོས་གུས་ལ། །ལྟེམས་རྐྱང་ཚོད་ཡོད་གྱུར་པ་སོགས། །སྡོམ་གསུམ་འགལ་ཉམས་སྡིག་སྒྲིབ་བཤགས། །གཉིས་འཛིན་མ་རིག་དགྲ་


SPN001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་བགེགས། །བདག་མེད་ཕུར་པས་བསྒྲལ་ནས་ཀྱང་། །དུག་གསུམ་སྐུ་གསུམ་བདུད་རྩིར་གྱུར། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ། །ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཕུལ། ཨ་ཧོཿམ་ཧཱ་སུ་ཁཿ། དངོས་གྲུབ་རོལ། ལྷག་མ་ནི། ཧཱུྃ། དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་། །རོལ་རྩལ་ལས་ཤར་སྲུང་མ་བྲན། །དྲེགས་བྱེད་མ་མོ་མཁའ་འགྲོའི་ཚོགས། །ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད། །དེ་ནས་བྱིན་རླབས་དབང་ལེན་ནི། ཧྲཱིཿམདུན་བསྐྱེད་བླ་མའི་གནས་བཞི་ལས། །རྡོ་རྗེ་བཞི་ཡི་ངོ་བོ་རུ། །ༀ་ཨཱཿཧཱུྃ་ཧོཿདཀར་དམར་མཐིང་། །ལྗང་འཕྲོས་རང་གི་གནས་བཞིར་ཐིམ། །དབང་བཞི་ཡེ་ཤེས་མཆོག་ཐོབ་ནས། སྐུ་བཞིའི་གོ་འཕང་རྒྱུད་སྨིན་གྱུར། །གུ་རུ་སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་ཆུ་ལ་ཆུ་ུབཞག་ལྟར། །དུས་གསུམ་རྟོག་པའི་རྒྱུན་བཅད་ནས། །མ་བཅོས་གང་ཤར་ངོ་བོ་བསྐྱང་། །ཞེས་ཅི་གནས་སུ་མཉམ་པར་བཞགདགེ་འདིས་འགྲོ་དྲུག་སེམས་ཅན་རྣམས། །བླ་མེད་གོ་འཕང་ཐོབ་པར་ཤོག །ཅེས་སི་ཏུ་པདྨའི་མིང་གིས་དད་གསུམ་ལྡན་པ་དགེ་ལེགས་ཆོས་འཕེལ་ངོར་རྡོ་རྗེ་དྲག་པོའི་མཆོག་སྤྲུལ་དེ་ཉིད་ཀྱི་བླ་སྒྲུབ་སྟེ། བླ་མའི་རྣལ་འབྱོར་གཞན་ལའང་སྦྱར་རུང་དུ་སྤེལ་བ་དགེ། མངྒ་ལམ།། །།


previousབླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བ། next