Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་དགའ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར།
   
   
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousདཔལ་དགའ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར། next

དཔལ་དགའ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར།


SPN001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྭསྟི། འདིར་དཔལ་དགའ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར་ལ་མོས་པ་དག་གིས། ངོ་བོ་བླ་མ་ལ་རྣམ་པ་ཨོ་རྒྱན་ཆེན་པོ་བསྐྱེད་བཟླས་སྤྲུལ་གཞི་ཉིད་དུ་ངེས་པས་རྟེན་དང་མཆོད་པ་ཚར་དུ་


SPN001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དངར་བ་འདུ་བྱས་ལ། ༀ་ཨཱཿཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་དང་འགྲོ་ཀུན་མ་གྱུར་སེམས་ཅན་རྣམས། །སངས་རྒྱས་གོ་འཕང་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ། ༀ་ཤཱུནྱ་ཏ་སོགས། གཉིས་སུ་འཛིན་པའི་དྲི་མ་ཀུན་བྲལ་ངང་། །མདུན་མཁར་པད་སྡོང་ཉི་ཟླ་བརྩེགས་པའི་སྟེང་། །སྟོང་དང་སྙིང་རྗེ་ཟུང་འཇུག་རིག་རྩལ་ལས། །ཧྲཱིཿཡིག་ཡོངས་གྱུར་རྒྱལ་ཀུན་འདུས་པའི་དཔྱིད། །གུ་རུ་པདྨ་འབྱུང་གནས་ལམ་མེར་གསལ། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་བདེ་ཆེན་པདྨ་འོད་ཞིང་ནས། །རྒྱལ་བ་སྲས་འཁོར་རྩ་གསུམ་ལྷ་ཡི་ཚོགས། །སྤྲིན་ཕུང་གཏིབ་བཞིན་སྤྱན་དྲངས་ས་མཱ་ཛཿཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་གསོལ་འདེབས་སྔགས་དང་བཅས་ལན་གསུམ་གྱིས་བྱིན་ཕབས། ཧོཿརིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང་། །གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང་། །གཉིས་སུ་འཛིན་པའི་རྟོག་པ་ཞི་བའི་ཕྱིར། །གཉིས་མེད་བདེ་བ་ཆེན་པོར་བཞུགས་སུ་གསོལ། །ཡེ་ནས་གནས་པ་ཆོས་སྐུའི་རོལ་པ་ལ། །དེ་བཞིན་ཉིད་དུ་རྟོགས་པས་གུས་ཕྱག་འཚལ། །ཕྱི་མཆོད་ཚོགས་དྲུག་ཡུལ་སྣང་མཆོད་ལྷར་སྤྲུལ། །ནང་མཆོད་སྐུ་གསུམ་བདུད་རྩི་ར་ས་ཡན། །གསང་བ་བདེ་བ་ཆེན་པོ་རྡོ་རྗེའི་དངོས། །འཁོར་གསུམ་དམིགས་བྲལ་དེ་བཞིན་ཉིད་དང་བཅས། །ལྷ་ལ་


SPN001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཐིམ་དགྱེས་པའི་ཚུལ་གྱིས་རོལ། །གང་གི་གསང་གསུམ་རྒྱལ་བ་ཀུན་ཡེ་ཤེས། །དབྱེར་མེད་གཅིག་ཏུ་ངེས་པར་བསྔགས་འོས་སྟོབས། །སྲིད་འདིར་མ་མཆིས་འོན་ཀྱང་རང་རིག་པ། །གདོད་མའི་མགོན་པོར་རོ་གཅིག་མོས་པས་བསྟོད། །བཤགས་དང་བཤགས་བྱ་བཤགས་མཁན་མི་དམིགས་པ། །སྒྱུ་མ་ལྟ་བུར་ནོངས་གྱུར་མ་ལུས་འཆགས། །དངོས་གྲུབ་སྩོལ་དང་སྩོལ་བ་མི་དམིགས་ཀྱང་། །ཐུན་མོང་སྤྱི་དང་རང་རིག་ཡེ་ཤེས་ཆེ། །མངོན་མཐོང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །ཚིག་དང་ཡི་གེར་མི་ལྟོས་རྡོ་རྗེ་བཞིས། །བྱིན་རླབས་འཕོ་དབང་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དང་། གསོལ་འདེབས་སྙིང་པོ་བཛྲ་གུ་རུ་བཟླས། རྒྱུན་ཁྱེར་བསྡུས་པའི་སྐབས་འདི་ནས་བྱིན་རླབས་བསྡུ་བ་ཕྱིན་བཏོན། རྒྱས་པར་སྤྲོ་ན་དེ་ནས་ཚོགས་རྫས་བཤམས་ལ་བྱིན་རླབས་ནི། ༀ་སྣང་བ་སྣོད་ཀྱི་གཏོར་གཞོང་དུ། །ཨཱཿསྟོང་པའི་རང་མདངས་ཚོགས་ཀྱི་རྫས། །ཧཱུྃ་ཀུན་བཟང་རོལ་པ་ཆེན་པོར་གྱུར། །ཧྲཱིཿཟག་མེད་བདེ་སྐྱེད་ཡེ་ཤེས་ཀྱི། །བཅུད་ཆེན་འདི་དཔལ་མཆོག་ཧེ་རུ་ཀ། དོན་སྟོང་ཉིད་རོལ་པའི་ཡུམ་དང་འཁོར། །དཔལ་རྩ་གསུམ་ལྷ་ཡི་སྤྲོ་བསྡུ་བཅས། །སྐྱབས་དམ་པར་གྱུར་ཀུན་དགྱེས་པར་བཞེས། །གཤིས་ཀུན་ཁྱབ་འགྱུར་བ་མེད་པའི་དངོས། །དོན་མཉམ་ཉིད་དབྱིངས་སུ་བསྒྲལ་བར་མཛོད། །དགྲ་གཉིས་འཛིན་འཁྲུལ་རྟོག་ལས་ཉོན་བདུད། །འཕྲལ་གློ་བུར་དྲི་མས་བསྒྲིབས་པ་རྣམས། །ཐབས་རང་རིག་


SPN001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་མཐོང་ངང་དུ་བཤགས། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དཔལ་བདེ་བ་ཆེན་པོ་རྡོ་རྗེའི་གར། །དབྱིངས་གསུམ་གྱི་མཁའ་རུ་བསྒྱུར་བ་དང་། །ལྷ་སྔགས་དང་ཡེ་ཤེས་ཆེན་པོ་རུ། །འདུ་ཤེས་པའི་བདུད་རྩི་ཨེ་མ་ཧོ། །ཞེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ། ཧོཿདོན་བདེ་ཆེན་ཐིག་ལེ་ཉག་གཅིག་ལས། །ཐབས་སྣང་ཚུལ་གསང་བའི་དཀྱིལ་འཁོར་གྱི། །ཕྱི་མུ་རན་སྐྱོང་བའི་ལྷག་སྡུད་རྣམས། །བཅུད་རོ་ལྡན་ལྷག་མའི་གཏོར་མ་ལོངས། །འཕྲལ་བྱང་ཆུབ་སྒྲུབ་པའི་བར་ཆད་དང་། །གཏན་རྣལ་འབྱོར་བཞི་ཡི་གོལ་ཤོར་གྱི། །ས་ལམ་ལ་བར་གཅོད་འབྲས་འབྱིན་པའི། །འཁྲུལ་རྟོག་གི་བདུད་བཞིའི་དགྲ་དཔུང་ཟློག །ཨུཥྩི་ཊ་བ་ལིདྟ་ཁཱ་ཧི། བྱིན་རླབས་བསྡུ་བ་ནི། བླ་མའི་སྐུ་ཡི་གནས་བཞིར་རྡོ་རྗེ་བཞིའི། །ཡི་གེ་གསལ་ལས་འོད་འཕྲོས་གནས་བཞིར་ཐིམ། །དབང་དང་བྱིན་རླབས་ཀུན་ཐོབ་འོད་དུ་ཞུ། །རང་རིག་གདོད་མའི་དབྱིངས་སུ་རོ་གཅིག་འདྲེས། །དགེ་འདིས་འགྲོ་བ༴ རྟག་བདེའི༴ ནང་གིས་ལམ༴ སངས་རྒྱས་ཉིད་ཀྱི༴ ཞེས་སི་ཏུ་པདྨའི་མིང་ཅན་གྱིས་ཟུར་མང་བསྟན་འཛིན་མཆོག་སྤྲུལ་བཞེད་ངོར། འཛི་སྒར་ཆོས་སྐྱོང་སྤྲུལ་སྐུ་དཔལ་དགའི་བླ་མའི་རྣལ་འབྱོར་དུ་སྤེལ་བ་དགེ། གཞན་སྤྱི་ཁྱབ་ཏུ་གུ་རུ་རིན་པོ་ཆེ་ཁོ་ནའི་བླ་སྒྲུབ་ཏུ་དམིགས་ནས་ཉམས་ལེན་བགྱིས་ན་ཆོག་འདུག་སྟེ་ལེགས་བར་སེམས་སོ།། །།ༀ་ཨཱཿཧཱུྃ་ཧྲཱིཿརང་སྣང་གདོད་ནས་རྣམ་དག་སྟོང་ཉིད་ལས། །ཐབས་མཆོག་སྙིང་རྗེའི་རོལ་གར་ཡི་དམ་ལྷ། །


SPN001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གསུམ་ཚང་བའི་སྐུར་གསལ་སྤྱི་གཙུག་ཏུ། །རྒྱལ་ཀུན་ཡེ་ཤེས་དབྱིངས་སུ་རོ་གཅིག་ཀྱང་། །གང་འདུལ་སྐུ་གསུམ་ཆུ་ཟླའི་རོལ་རྩེད་ཚུལ། །ཆོས་ཀྱི་སྣང་བ་མཐའ་ཡས་ཆོས་སྐུའི་ཀློང་། །འགྲོ་འདུལ་ལོངས་སྤྱོད་ཡོངས་རྫོགས་ཉིན་མོར་བྱེད། །ཆགས་མེད་གང་འདུལ་སྐུར་སྟོན་སྤྲུལ་པའི་སྐུ། །སྐུ་དང་ཡེ་ཤེས་ཐ་དད་བྲལ་བ་ཡི། །དབྱིངས་རིག་འདུ་འབྲལ་མེད་པའི་འོད་ཀློང་གསལ། །ༀ། ཆོས་དབྱིངས་མཐའ་བྲལ་ཀུན་ཏུ་ཁྱབ་པའི་དངོས། །དུས་གསུམ་སྐྱེ་འགགས་སྤྲོས་པའི་མཚན་མ་ལས། །ཡོངས་གྲོལ་བདེ་གཤེགས་སྙིང་པོ་དམ་པའི་བདག །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །ཨཿལྷུན་འགྲུབ་ཡེ་ཤེས་ལྔ་ལྡན་འཕོ་བྲལ་ཁམས། །རིགས་རྣམས་ཀུན་གྱི་ཟློས་གར་མི་འགོག་པར། །རང་རྩལ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད། །བླ་མ་ལོངས་སྤྱོད་རྫོགས་སྐུར་གསོལ་བ་འདེབས། །ཧཱུྃ། སྐྱེ་མེད་རྩལ་ལས་གང་འདུལ་འགགས་མེད་ཀྱི། །སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་རོལ་བ་ཡིས། །འཁོར་བ་སྲིད་དུ་འཁོར་བའི་དོན་མཛད་པ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཧྲཱིཿརང་སེམས་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེའི། །ངོ་བོར་བཅོས་མིན་རྩེ་གཅིག་མཉམ་བཞག་པས། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་ཡེ་ཤེས་ཏེ། །བླ་མ་ངོ་བོ་ཉིད་སྐུ་མངོན་དུ་གྱུར། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས་བརྗོད། ཅེས་སྐྱབས་རྗེ་འབྲུག་བ་རིན་པོ་ཆེའི་ཞལ་སློབ་བསྟན་འཛིན་ཆོས་དབང་གི་ངོར་སི་ཏུས་སྤེལ།། །།


previousདཔལ་དགའ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར། next