Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
བདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བཱ་ལ་ཧ།
   
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བཱ་ལ་ཧ། next

བདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བཱ་ལ་ཧ།


SPN001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བཱ་ལ་ཧ་ཞེས་བྱ་བ་བཞུགས་སོ། །


SPN001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བེ། འདིར་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད་དང་རྣམ་དབྱེར་མེད་པའི་དབང་གི་ཅོད་པན་འཆང་བ་དྲིལ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་གྱི་སྒོམ་རིམ་ཉུང་བསྡུས་ཞིག་བརྗོད་པར་བྱ་སྟེ། མཎྜལ་པདྨ་འདབ་བརྒྱད་ཀྱི་ཚོམ་བུའི་སྟེང་དུ་འོད་དཔག་མེད་ཀྱི་སྐུ་བརྙན་ནམ་བླ་མའི་སྐུ་གང་འབྱོར་བཤམས། མདུན་དུ་མཆོད་པ་ཉེར་སྤྱོད་རྣམས་དང་། གཏོར་ཟླུམ་དང་མཐེབ་ཀྱུ། བསང་ཆུ་སོགས་ཉེ་བར་བསགས་ལ། དང་པོ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ཚད་མེད་བསྒོམ་པ་ནི། ན་མོ། མཆོག་གསུམ་སྤྱི་དཔལ་རྡོ་རྗེ་ཅན། །རྩ་གསུམ་ཀུན་འདུས་རང་བཞིན་མཆོག །རྟག་པར་སྐྱབས་མཆི་སེམས་ཅན་རྣམས། །འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ལན་གསུམ་མམ་བདུན།


SPN001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །དགའ་དང་བཏང་སྙོམས་ཆེར་གནས་ཤོག །ལན་གསུམ། མཆོད་རྫས་རྣམས། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས་ལ། ༀ་ལས་རིན་ཆེན་པདྨའི་སྣོད། །རབ་འབྱམས་རྒྱ་ཁྱོན་བྲལ་བའི་ནང་། །ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི། །མཆོད་སྤྲིན་སྣ་ཚོགས་མཐའ་ཡས་པ། །ཀུན་བཟང་རྣམ་ཐར་ཇི་བཞིན་དུ། །རྒྱུན་མི་ཆད་པའི་རང་བཞིན་གྱུར། །ༀ་བཛྲ་སྥ་ར་ཎ་ཁཾ། ལན་གསུམ་དང་། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནི་ཝི་དྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཅེས་གནས་དང་། ཡོ་བྱད་བྱིན་གྱིས་བརླབས། དེ་ནས་བསྐྱེད་པའི་རིམ་པ་བསྒོམ་པ་ནི། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་


SPN001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཨཏྨ་ཀོ྅་ཧཾ། གཟུང་འཛིན་ཆོས་རྣམས་སྟོང་པ་ཆེན་པོའི་དབྱིངས། །ཡེ་ཤེས་རྡོ་རྗེའི་ངོ་བོར་སྦྱངས་བྱས་ནས། །སྣོད་བཅུད་ལྷ་ཡི་འཁོར་ལོའི་རང་བཞིན་བསྒྱུར། །རྣམ་པར་དག་པའི་ཞིང་མཆོག་བདེ་བ་ཅན། །ས་གཞི་ལག་མཐིལ་ལྟར་མཉམ་མིག་མང་རིས། །མནན་ན་ནེམ་དང་བཏེགས་ན་སྤར་བྱེད་པ། །དཔག་བསམ་ལྗོན་པ་བདུད་རྩིའི་རྒྱ་མཚོས་བསྐོར། །དབུས་སུ་བྱང་ཆུབ་ཤིང་མཆོག་རྣམ་པར་སྣང་། །དེ་མདུན་རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར། །པདྨ་སྟོང་ལྡན་ཆུ་ཤེལ་འོད་དཀར་སྟེང་། །ཧྲིཿདམར་འོད་ཀྱི་འཕྲོ་འདུས་འཕགས་པ་མཆོད། །འགྲོ་བའི་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །མཐའ་ཡས་འོད་མངའ་སྟོབས་བཅུའི་དབང་ཕྱུག་མཆོག །བཅོམ་ལྡན་སངས་རྒྱས་པདྨ་གསུང་གི་དབང་། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ནི། །ཚེ་དང་ཡེ་ཤེས་དཔག་མེད་སྟོན་པར་གསལ། །པདྨ་རཱ་གའི་མདོག་ཅན་འོད་ཟེར་འཕྲོ། །སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ། །ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བཅུད་བཀང་ནས། །ཚེ་བུམ་ཤིང་ལོའི་ཁ་རྒྱན་འདོད་དགུ་སྟེར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་བཞུགས། །གཡས་གཡོན་པད་དཀར་དྲི་མེད་ཟླ་དཀྱིལ་དབུས། །རྒྱལ་སྲས་ཐུ་བོ་འཕགས་པ་བྱང་ཆུབ་སེམས། །


SPN001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཚད་མེད་ཐུགས་རྗེའི་རྣམ་པར་རོལ། །འཁོར་བ་དོང་སྤྲུག་འདྲེན་པའི་བདག་ཉིད་ཅན། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་ནི། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་མངོན་སུམ་ཤར། །དཀར་གསལ་བཅོ་ལྔའི་ཟླ་བ་ཉ་འདྲའི་མདོག །ལོངས་སྐུའི་ཆས་རྫོགས་ཀྲྀ་ཎས་ནུ་གཡོན་བཀབ། །དར་དང་རིན་ཆེན་རྒྱན་ལྡན་ཕྱག་གཉིས་གཡས། །མཆོག་སྦྱིན་གཡོན་པས་ཨུཏྤལ་འདབ་རྒྱས་འཛིན། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་གསལ། །གཡོན་དུ་བྱམས་པ་ཆེན་པོའི་སྟོབས་འཆང་བ། །ཤེས་རབ་ཉི་མས་འགྲོ་བློའི་མུན་སེལ་གཉེན། །ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སྨྲ་བའི་དབང་། །འཕགས་པ་མ་ཕམ་མགོན་པོར་སྣང་བ་ནི། །དམར་སེར་གུར་གུམ་གེ་སར་མདོག་ལྟར་འཚེར། །ལོངས་སྐུའི་ཆས་རྫོགས་དར་དང་རིན་ཆེན་བརྒྱན། །ཕྱག་གཉིས་ཆོས་འཆད་ཨུཏྤལ་གཡས་གཡོན་སྟེང་། །ཀླུ་ཤིང་རིལ་པ་ཞབས་གཉིས་བཞེངས་སྟབས་གསལ། །གཞན་ཡང་གཡས་གཡོན་ཉེ་བའི་སྲས་ཆེན་པོ། །འཇམ་དཔལ་དཔའ་བོ་མཐུ་ཆེན་རྡོ་རྗེ་འཛིན། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་ཀུན་ཏུ་བཟང་པོ་རྣམས། །སྣ་ཚོགས་མདོག་དང་སྣ་ཚོགས་རྒྱན་གྱིས་མཛེས། །སྣ་ཚོགས་ཕྱག་མཚན་སྣ་ཚོགས་ཕྲིན་ལས་ཀྱིས། །འགྲོ་ཁམས་རྒྱ་མཚོར་ཆུ་ཟླའི་གར་རྩེད་དུ། །སྤྲུལ་པ་དུ་མས་ཡང་དག་ལམ་མཆོག་སྟོན། །འོད་དང་འོད་ཟེར་མ་


SPN001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀུན་ཏུ་འཕྲོ། །བྱང་ཆུབ་སེམས་དང་ཉན་ཐོས་དགེ་འདུན་སྡེ། །བར་མཚམས་ཐམས་ཅད་ལྷ་དང་ལྷ་མོའི་ཚོགས། །མངོན་པར་རྒྱལ་བའི་ཞབས་ཀྱི་པདྨོ་ལ། །དྭངས་ཤིང་འདུད་པའི་དགའ་བདེའི་སིམ་པ་བསྐྱེད། །གཙོ་འཁོར་ཀུན་གྱི་གནས་གསུམ་ༀ་ཨཱཿཧཱུྃ། །དེ་ལས་འོད་འཕྲོས་ནུབ་ཕྱོགས་བདེ་བ་ཅན། །པདྨ་རྣམ་པར་བཀོད་པའི་ཞིང་ཁམས་ནས། །བླ་མ་འོད་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ། །བརྩེ་བ་ཆེན་པོས་དབྱིངས་ནས་རྗེས་དགོངས་ལ། །ལྷ་ཚོགས་མ་ལུས་འཁོར་དང་བཅས་པ་རྣམས། །ཆར་ལྟར་འབབ་བཞིན་གནས་འདིར་སྤྱན་དྲངས་གྱུར། །ༀ་སརྦ་ཏ་ཐྭ་ག་ཏ་བཛྲ་ས་མ་ཡ་ཛཿཅེས་བརྗོད་ལ་སྤྱན་དྲངས་ནས། ཛཿཧཱུྃ་བྃ་ཧོཿགཉིས་མེད་གྱུར། །པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་གདན་འབུལ་དང་། སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་ཟེར་རབ་འཕྲོས་དབང་ལྷའི་ཚོགས། །སྤྱན་དྲངས་དབང་བསྐུར་སྐུ་ཁྲུས་གསོལ། །སངས་རྒྱས་རིགས་ལྔས་རྒྱས་གདབ་པོ། །ཞེས་དང་། དེ་ནས་མཆོད་པ་འབུལ་བ་ནི། འཇིག་རྟེན་འདི་འམ་གཞན་དག་ན། །དག་གཙང་མཆོད་ཡོན་རྒྱ་མཚོ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་འདི་འམ་གཞན་དག་ན། །དལ་འབབ་རྒྱུན་བཟང་ཞབས་བསིལ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་


SPN001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དངོས་གྲུབ་སྩོལ། །སྔགས་ཐོག་མཐའ་འདྲ་བར། པཱདྱཾ། འཇིག་རྟེན་འདི་འམ་གཞན་དག་ན། །ཡིད་འོང་མེ་ཏོག་དགའ་ཚལ་རྒྱས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །པུཥྤེ། འཇིག་རྟེན་འདི་འམ་གཞན་དག་ན། །དྲི་བཟང་སྨན་སྤོས་དུད་པའི་སྤྲིན། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །དྷཱུ་པེ། འཇིག་རྟེན་འདི་འམ་གཞན་དག་ན། །རབ་ཏུ་གསལ་བྱེད་འོད་ཟེར་འབར། །རྒྱལ་བ་སྲས་དང་བཅས་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །ཨཱ་ལོ་ཀེ། འཇིག་རྟེན་འདི་འམ་གཞན་དག་ན། །སྦྱར་དང་བྱུགས་པའི་དྲི་བཟང་པོ། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །གནྡྷེ། འཇིག་རྟེན་འདི་འམ་གཞན་དག་ན། །ལྷ་ཡི་ཞལ་ཟས་སྣ་ཚོགས་པ། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །ནིཝིདྱ། འཇིག་རྟེན་འདི་འམ་གཞན་དག་ན། །གྲག་སྟོང་སྙན་པའི་རོལ་མོ་ལྡིར། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །ཤབྡ། ཅེས་སོགས་རོལ་མོ་སྣ་ཚོགས་འབུལ་ནས། འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །རང་བྱུང་ཡེ་ཤེས་དངོས་གྲུབ་སྩོལ། །སྲིད་ཞིའི་ལོངས་སྤྱོད་ཆར་གྱི་རྒྱུན། །མཎྜལ་དཔལ་


SPN001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱ་མཚོས་གང་། །གླིང་བཞི་གླིང་ཕྲན་མེ་ཏོག་བཀྲ། །འབུལ་བཞེས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཕྱི་ཡི་མཆོད་པ་དང་། མཚར་སྡུག་སྒེག་མཛེས་ལང་ཚོ་ཅན། །རྡོ་རྗེ་ལྷ་མོ་བཅུ་དྲུག་པོ། །རང་སྣང་ཕྱག་རྒྱ་གར་གྱིས་རོལ། །གསང་བ་ནང་གི་མཆོད་པ་འབུལ། །ཅེས་ནང་དང་གསང་བའི་མཆོད་པ་དང་། མཆོད་བྱ་མཆོད་བྱེད་བྲལ་བ་ཡི། །འཁོར་གསུམ་དག་པའི་མཆོད་པ་འབུལ། །དེ་བཞིན་ཉིད་མཆོད་དང་། ༀ། མཁའ་ཁྱབ་རང་བཞིན་ལྷུན་གྱིས་གྲུབ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཨཱཿསྣ་ཚོགས་དབྱིངས་ཀྱིས་ཆོས་སྒྲ་སྒྲོག །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཧཱུྃ། མཐའ་བྲལ་མི་རྟོག་ཏིང་འཛིན་ལྡན། །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་ཕྱག་འཚལ་ནས། ཀྱཻ་ཧོ། དགོངས་སུ་གསོལ་ལོ་མགོན་པོ་ཐུགས་རྗེ་ཅན། །བདག་ནི་ཐོག་མེད་དུས་ནས་ད་ལྟའི་བར། །ཀུན་རྟོག་འཁྲུལ་པའི་མི་དགེ་སྡིག་པའི་ལས། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །དག་ཚངས་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །ཅེས་ནོངས་པ་བཤགས་ནས་བསྙེན་པར་འཇུག་པ་ནི། མདུན་བསྐྱེད་ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་མཐར། །སྔགས་ཕྲེང་གཡས་སུ་འཁོར་ལས་འོད་ཟེར་འཕྲོས། །འཕགས་མཆོད་འགྲོ་བའི་དོན་བྱས་བདག་རྒྱུད་ལ། །བྱིན་གྱིས་བརླབ་ཅིང་དངོས་གྲུབ་མྱུར་ཐོབ་གྱུར། །ༀ་ཨ་མི་དྷེ་ཝ་ཧྲཱིཿཅི་ནུས་བཟླས་ལ། ཐུན་མཚམས་སུ་གཏོར་མ་འབུལ་བར་སྤྲོ་ན། ཨ་མྲྀ་ཏས་བསངས་།


SPN001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝས་སྦྱངས། རིན་ཆེན་སྣོད་དུ་འདོད་ཡོན་ལྔ་ལྡན་གྱི། །གཏོར་མ་དྭངས་ཤིང་ཟག་མེད་རྒྱ་ཆེན་སྤེལ། །ༀ་ཨཱཿཧཱུྃ་ལན་གསུམ་བྱིན་གྱིས་བརླབས་ལ། ལྷ་རྣམས་ལྗགས་ཧཱུྃ་རྡོ་རྗེ་འོད་སྦུ་གུས། །གཏོར་མ་གསོལ་བས་གསང་གསུམ་དགྱེས་བསྐྱེད་གྱུར། །ཨ་ཀཱ་རོ་ལན་གསུམ་བརྗོད་ནས་ཕུལ། བདག་གཞན་འགྲོ་བ་མ་ལུས་པ། །ཕྱིར་མི་ལྡོག་པའི་ཞིང་ཁམས་མཆོག །སྐྱེས་ནས་རྒྱལ་བའི་ལུང་བསྟན་ཐོབ། །ཀུན་ཀྱང་འདྲེན་པའི་དཔལ་གྱུར་ཅིག །ཅེས་འདོད་དོན་གསོལ། རྗེས་ནི། མདུན་བསྐྱེད་ཕྱི་ནང་སྣོད་བཅུད་ལྷ་ཚོགས་རྣམས། །གཙོ་བོར་ཐིམ་པ་དེ་ཉིད་འོད་ཞུ་ནས། །རང་ཉིད་ལ་ཐིམ་ལུས་གང་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱས། །རྡོ་རྗེ་བཞི་ཡི་ངོ་བོར་ལྷུན་གྲུབ་ནས། །སྣང་སྲིད་དག་པ་རབ་འབྱམས་ངོ་བོར་ཤར། །ཅེས་དར་གཅིག་ཕྱག་ཆེན་གྱི་ཉམས་ལེན་ལྟ་བའི་ངང་ལ་བཞག་ནས། དེ་ནས་བསྔོ་བ་དང་སྨོན་ལམ་ནི། ན་མོ། བདེར་གཤེགས་གསུང་གི་རྡོ་རྗེའི་བདག་ཉིད་ཅན། །བདེན་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་གི་ལེགས་པར་བྱས་པའི་བསོད་ནམས་ལས། །བྱུང་བའི་དགེ་ཚོགས་ཆུ་རྒྱུན་མི་ཟད་པ། །འགྲོ་རྣམས་ཕྱིར་མི་ལྡོག་པའི་གོ་འཕང་ལ། །མྱུར་དུ་ཐོབ་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །བདག་དང་བདག་ལ་འབྲེལ་བའི་སེམས་ཅན་དང་། །ནམ་མཁའི་མཐའ་ཁྱབ་འགྲོ་བ་རིགས་དྲུག་རྣམས། །སྡུག་བསྔལ་འཁོར་བའི་དུཿཁ་ལས་གྲོལ་སྟེ། །འདུས་བྱས་


SPN001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྒྱུ་མའི་འཁྲུལ་འཁོར་གཟུགས། །ཆུ་བུར་ལྟ་བུ་ནམ་ཞིག་ཡལ་བའི་ཚེ། །དོན་དམ་རང་བཞིན་གཞི་ལམ་འོད་གསལ་གྱི། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་གྱུར་ནས། །སྔོན་གྱི་ཐུགས་བསྐྱེད་ཟབ་མོའི་སྨོན་ལམ་གྱིས། །སྟོན་མཆོག་བཅོམ་ལྡན་བླ་མ་འོད་དཔག་མེད། །རྒྱལ་སྲས་ཐུ་བོ་གཉིས་བཅས་དངོས་བྱོན་ནས། །བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་དྲོངས། །པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་ནས་སུ། །སངས་རྒྱས་ཞལ་མཐོང་བླ་མེད་དབུགས་དབྱུང་ཞིང་། །འགྲོ་ཁམས་རྒྱ་མཚོའི་འཇུག་པ་ཇི་སྲིད་པར། །དེ་སྲིད་བར་དུ་རླབས་ཆེན་འགྲོ་དོན་སྤྱོད། །ཐེག་ཆེན་སྨོན་ལམ་དེང་འདིར་ཡོངས་གྲུབ་ཤོག །ཏདྱ་ཐཱ་པཉྩ་བྲི་ཡ་ཨ་བ་བྷོ་དྷ་ན་ཡ་སྭཱ་ཧཱ། ཅེས་སོ། །དེ་ནས་ཤིས་པ་བརྗོད་པ་སོགས་སྤྱི་དང་མཚུངས་པར་བྱའོ། །ཅེས་པ་གཡུ་ཐོག་ཆོས་སྡེའི་སྒྲུབ་ཆེན་བླ་མ་ཀརྨ་བསྟན་པ་དར་རྒྱས་ཀྱིས་བསྐུལ་བའི་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྣྲོན་ཟླའི་ཉ་གང་བའི་ཚེས་བཟང་པོར་བཀོད་པ་འགྲོ་རྣམས་འོད་དཔག་མེད་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།


previousབདེ་ཆེན་ཞིང་གི་སྒྲུབ་པ་ལྷ་དང་བླ་མ་དབྱེར་མེད་ཀྱི་རྣལ་འབྱོར་རྟ་མཆོག་བཱ་ལ་ཧ། next