Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
བླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས་བདེ་སྨོན་ཡོངས་འདུའི་ལྗོན་པ།
   
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousབླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས་བདེ་སྨོན་ཡོངས་འདུའི་ལྗོན་པ། next

བླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས་བདེ་སྨོན་ཡོངས་འདུའི་ལྗོན་པ།


SPN001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས་བདེ་སྨོན་ཡོངས་འདུའི་ལྗོན་པ་བྱ་བ་བཞུགས་སོ། །ན་མོ་བུདྡྷ་བོ་དྷི་ས་ཏྭ་བྷྱ། མཐའ་ཡས་བླ་ན་མེད་པའི་སྙིང་སྟོབས་ཀྱི། །དམ་བཅས་ས་གསུམ་གཡོ་བའི་ཐུགས་རྗེ་ཅན། །མཆོག་གི་དང་པོའི་སངས་རྒྱས་འོད་མི་འགྱུར། །ཚེ་འོད་དཔག་ཏུ་མེད་པའི་སྐུར་སྣང་བ། །རྣམ་དག་ཞིང་གི་ཡོན་ཏན་ལྷུན་རྫོགས་པའི། །བདེ་ལྡན་པདྨོ་བཀོད་པའི་ཕོ་བྲང་དབུས། །


SPN001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་གཟི་བྱིན་བལྟར་མི་མངོན་པར་བཞུགས། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་མགྲིན་དབྱངས་གཅིག །རབ་བསྟོད་དབུགས་དབྱུང་དུ་མས་གཟེངས་བསྟོད་ཅིང་། །ལྷར་བཅས་ཡོངས་ཀྱི་སྐྱབས་ཡུལ་གཉེན་གཅིག་པུ། །སྤྱི་བོས་འདུད་པའི་སྐལ་བཟང་ཅིར་ཡང་ཐོབ། །གང་ཞིག་འགྲོ་ལ་བརྩེ་ཆེན་རྟ་བདུན་གྱིས། །དྲངས་བའི་སྒྱུ་འཕྲུལ་རྡོ་རྗེའི་འོད་སྟོང་གི། །གོང་བུ་གཅིག་ཏུ་སྨིན་པའི་དཔལ་ཡོན་ཅན། །འཆར་ཀའི་ཉིན་བྱེད་ལྟར་དམར་ཅོད་པན་འཛིན། །གར་དབང་རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་མཆོག །ལུས་ཅན་སྐལ་ལྡན་མཐོང་དང་ཐོས་པ་ཡི། །འབྲེལ་ཚད་ཕྱམ་གཅིག་བདེ་ཆེན་སར་བཀོད་པ། །སྣང་མཐའ་ཡས་དང་དབྱིངས་དང་ཡེ་ཤེས་ཀྱི། །ངོ་བོ་གཅིག་ལ་རྣམ་པ་གང་འདུལ་སྟོན། །ཐབས་མཁས་གདུལ་བྱའི་མོས་པ་སྣ་ཚོགས་པས། །འདྲེན་པའི་དེད་དཔོན་ཁྱོད་ལ་གསོལ་བ་འདེབས། །བདག་སོགས་བདེ་ཆེན་ཞིང་དུ་བགྲོད་གྱུར་ཅིག །གཡས་སུ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །གཡོན་དུ་ཕྱག་ན་རྡོར་འཛིན་མཐུ་ཆེན་ཐོབ། །བྱམས་པ་འཇམ་དཔལ་ཀུན་ཏུ་བཟང་པོ་དང་། །ནམ་མཁའི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ས་ཡི་སྙིང་པོ་བྱང་སེམས་ཉེ་སྲས་བརྒྱད། །ལྷག་པའི་མཁྱེན་བརྩེ་ལྷག་པའི་སེམས་བསྐྱེད་ཀྱི། །ཟླ་མེད་ཐུགས་རྗེ་ཆེན་


SPN001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྣང་བ་ལས། །མཁའ་མདངས་མི་བསྐྱོད་ཅོད་པན་འཆང་ནས་སུ། །འགྲོ་སྒྲོལ་ཕྲིན་ལས་བདུད་རྩིའི་ཆ་ཤས་གང་། །རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་འཆང་། །བྱིན་རླབས་འོད་དཀར་སྲིད་ཞིའི་མུན་སེལ་མགོན། །གསོལ་བ་འདེབས་སོ་ཁྱོད་ཞབས་བསྙེན་པར་སྨོན། །རབ་ཏུ་འཕགས་པའི་སར་གནས་འཕགས་པ་ཡི། །ཐུགས་བསྐྱེད་གོ་ཆ་བཙན་པོའི་སྙིང་སྟོབས་ཀྱིས། །ལོག་ལྟ་བདུད་རིས་ཁྲི་མུན་ཞུམ་པའི་ཕྱིར། །གཟུགས་སྐུ་ཁྱུང་སྔོན་སྐྱེས་ལྟར་ལུང་རིགས་ཀྱིས། །རྒྱལ་བསྟན་ཡོངས་རྫོགས་འཛིན་པ་སྨྲ་བའི་དབང་། །བྱམས་མགོན་དངོས་སྣང་དྷརྨཱ་ཀཱ་རའི་ཞབས། །གསོལ་བ་འདེབས་སོ་བདག་བྱིན་བརླབས་པ་དང་། །སྒྲིབ་གཉིས་བག་ཆགས་མ་ལུས་སྦྱང་དུ་གསོལ། །དེ་ལྟར་རྣམ་པར་དག་པའི་ཞིང་རྣམས་ཀུན། །སྐུ་ལ་རྫོགས་ཤིང་སྐུ་ཡི་བཀོད་པ་ནི། །ཞིང་ཁམས་མ་ལུས་གང་བར་སྣང་བ་ཡི། །སྟོན་འཁོར་ཐ་མི་དད་པའི་ཕྲིན་ལས་ཀྱིས། །བསྐལ་མང་སྔོན་ནས་བྱང་ཆུབ་སྤྱད་མཆོག་དོན། །འགྲོ་ལ་རྗེས་སུ་ཆགས་པའི་སྙིང་སྟོབས་འཕྲུལ། །གཡོ་བ་མེད་བཞིན་གུས་པས་གསོལ་འདེབས་ན། །མྱུར་བར་ཐུགས་རྗེའི་ལྕགས་ཀྱུས་དྲོང་དུ་གསོལ། །འབྱུང་ལྔའི་ཕུང་ཁམས་སྒྱུ་ལུས་ཡལ་བའི་ཚེ། །རྩེ་གཅིག་སྐྱབས་གནས་ཡིད་ཀྱིས་འཆང་ལགས་ན། །མྱུར་བར་ཐར་པའི་ལམ་སྣ་དྲངས་ནས་སུ། །


SPN001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཆོག་དམ་པར་བརྫུས་ཏེ་སྐྱེ་བར་ཤོག །དེ་མ་ཐག་ཏུ་ཞལ་མཐོང་ལུང་བསྟན་ཐོབ། །སྤྲུལ་པས་ཕྱོགས་བཅུར་འགྲོ་བའི་དོན་ལ་སྤྱོད། །ཕྱིར་མི་ལྡོག་པར་བདེ་བ་ཅན་ཞིང་དུ། །རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་གྱུར་ཅིག །ཅེས་རྡོ་སྟོད་གཡུ་ཐོག་པའི་སྒྲུབ་ཆེན་ཀརྨ་ནས་རྒྱལ་བ་ཡབ་སྲས་གསུམ་གྱི་གསོལ་འདེབས་དང་བདེ་སྨོན་ཟུང་དུ་འཇུག་པ་འདི་བཞིན་བསྐུལ་བར་བརྟེན། སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་པ་སརྦ་ཛ་ག་ཏཾ། །ཤུ་བྷཾ།། །།


previousབླ་མ་ཡི་དམ་དབྱེར་མེད་ཀྱི་གསོལ་འདེབས་བདེ་སྨོན་ཡོངས་འདུའི་ལྗོན་པ། next