Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
ཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས།
   
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས། next

ཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས།


SPN001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


SPN001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨཱ་ཀཱ་ར་ཡ། གང་ལ་བསྟེན་ན་ལས་ཉོན་གྱི། །བག་ཆགས་མུན་པ་དྲུངས་ཕྱུང་བའི། །ཐུགས་རྗེའི་ཉིན་བྱེད་ལྷམ་མེ་བ། །རྩ་གསུམ་རྒྱལ་ལ་གུས་པས་བཏུད། །དེ་ལ་འདིར་ལྷ་གཅིག་བསྒྲུབས་པས་ལྷ་ཀུན་འགྲུབ་པའི་ཉེ་ལམ་ཟབ་མོ། དེ་ཡང་དེང་དུས་སངས་རྒྱས་གཞན་ལས་བྱིན་རླབས་མྱུར་བ་ལྷག་པའི་ཨོ་རྒྱན་ཆེན་པོའི་བྱིན་རླབས་མངོན་དུ་འབེབས་བའི་བསྐྱེད་རྫོགས་ཐོ་ཙམ་བཀོད་པ་སྟེ། གང་དེའི་སྐུ་རྟེན་གྱི་མདུན་དུ་ཕྱི་ནང་གི་མཆོད་རྫས་གང་འཛོམས་དང་། ཚོགས་ཀྱི་ཡོ་བྱད་སོགས་རྒྱས་པར་བཤམས་ལ། དང་པོ་སྔོན་དུ་འགྲོ་བ་གནས་བདག་དང་བགེགས་ལ་གཏོར་མ་སྦྱིན་པ་ནི། བྷྲཱུྃ་ལས་བྱུང་བའི་རིན་ཆེན་སྣོད་ཡངས་པར། །ཁམ་ཡིག་འོད་ཞུ་གཏོར་མ་འདོད་དགུ་ཡི། །ལོངས་སྤྱོད་རྒྱ་ཆེན་ཟད་མེད་ནམ་མཁའ་མཛོད། །སོ་སོའི་ཡིད་མཐུན་དུ་མས་གང་བར་གྱུར། །ཨ་ཀཱ་རོས་བྱིན་བརླབས།


SPN001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གཏོར་མ་དཀར་གསུམ་མངར་གསུམ་དང་། །རིན་ཆེན་གསེར་གཡུའི་སྐྱེམས་སོགས་ཡིད་འོང་ལྡན། །གང་འདོད་བློ་ཡིས་དངོས་སྤྲུལ་འདི་དག་ནི། །ཕྱོགས་སྐྱོང་སྡེ་བརྒྱད་ལ་སོགས་ཡུལ་གནས་བདག །ཀུན་ལ་འབུལ་གྱི་རྣལ་འབྱོར་བསམ་པའི་དོན། །ཐོགས་མེད་འགྲུབ་པའི་སྟོང་གྲོགས་མཛད་དུ་གསོལ། །སརྦ་བྷཱུ་ཏ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁཱ་ཧི། ཞེས་དཀར་གཏོར་གསེར་སྐྱེམས་འབུལ། ཧཱུྃ། ང་ནི་ཡེ་ནས་ཆོས་དབྱིངས་ངང་། །རང་བྱུང་པདྨ་ཧེ་རུ་ཀ། འཇིགས་པའི་ཁྲོ་རྒྱལ་རྡོ་རྗེའི་སྐུ། །ཡེ་ཤེས་རོལ་པའི་མེ་དཔུང་འབར། །ཧཱུྃ་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་གླུད་གཏོར་བྱིན་གྱིས་བརླབས་ནས། སྣང་སྲིད་ལོག་འདྲེན་གདོན་བགེགས་དང་། །


SPN001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཆགས་འབྱུང་པོ་གནོད་བྱེད་ཚོགས། །ཀུན་ཀྱང་འདིར་འདུས་གླུད་གཏོར་ལོངས། །ཚིམས་པར་སྤྱོད་ལ་མཐའ་མེད་པ། །གནས་མེད་ཡུལ་དུ་འགྲོ་བར་གྱིས། །གལ་ཏེ་བསྒོ་བ་ལས་འདས་ན། །དབང་ཆེན་ཁྲོས་པའི་རྔམས་ཟེར་གྱིས། །འཆོལ་བའི་ཁྲོ་བོ་ཁྲོ་ཆུང་དང་། །ལྕགས་སྡིགས་མེ་ཆར་དྲག་པོ་སྤྲོས། །རྡུལ་དམྱལ་ཚལ་བར་འཐོར་བར་འགྱུར། །ཧཱུྃ་ཧཱུྃ་ཧཱུྃ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ། ཞེས་བགེགས་བསྐྲད་ལ། རང་གི་ཐུགས་ལས་འོད་ཟེར་དང་། །རྡོ་རྗེ་མེ་རི་ཕྱོགས་བཅུར་སྤྲོས། །བར་མཚམས་མེད་པར་གང་བར་གྱུར། །སྲ་བརྟན་སྲུང་འཁོར་གཞོམ་དུ་མེད། །བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ། གིས་བསྲུང་འཁོར་བསྒོམ་ལ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་འཇུག་པ་ནི། ན་མོ། ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས། །མཆོག་གསུམ་རྩ་བ་གསུམ་རབ་འབྱམས། །ཀུན་འདུས་པདྨ་ཐོད་ཕྲེང་ལ། །བདག་སོགས་སེམས་ཅན་སྐྱབས་སུ་གསོལ། །འཁོར་བ་དུཿཁའི་རྒྱ་མཚོ་ལས། །བསྒྲལ་ནས་མྱང་འདས་མཆོག་གི་ལམ། །བཀོད་ཕྱིར་ཚད་མེད་གཞན་ཕན་བློས། །བྱང་ཆུབ་ཆེན་པོས་སེམས་བསྐྱེད་དོ། །དེ་ནས་མཆོད་པ་བྱིན་རླབས་ནི། ༀ་བཛྲ་ཨ་མྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་ལས་ཁམས་གསུམ་ཕྱི་སྣོད་གཏོར་གཞོང་དུ། །ནང་བཅུད་གནས་ཡུལ་བཀོད་པ་རྫས་སུ་བཤམས། །ཀུན་ཀྱང་རང་བྱུང་གདོད་ནས་དག་པ་ཡི། །ཟག་མེད་ནམ་མཁའ་མཛོད་བཞིན་


SPN001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་སྤྲོ་གྱུར། །ༀ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྦེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཛྙཱ་ན་པཉྩ་ཨ་མྲྀ་ཏ། མ་ཧཱ་རཀྟ། བ་ལིཾ་ཏ་ག་ཎ་གུ་ཧྱེ་ས་མ་ཡེ་སྭཱ་ཧཱ། ཅེས་བྱིན་གྱིས་བརླབས། དེ་ནས་བདག་མདུན་གཅིག་ཆར་བསྐྱེད་པ་ནི། ༀ་སྭ་བྷཱ་ཝས་དངོས་སྣང་གཉིས་འཛིན་སྦྱངས་ནས། སྟོང་བའི་ངང་ལས་དྲི་མེད་དྭངས་གསལ་གཡོ་བ་མེད། །རིན་ཆེན་འབྱུང་གནས་རྒྱ་ཆེ་གཏིང་ཟབ་མཐའ་མི་མངོན། །དེ་དབུས་པདྨ་དཀར་པོ་འདབ་སྟོང་གེ་སར་རྒྱས། །ཉི་ཟླའི་དཀྱིལ་འཁོར་ཐབས་ཤེས་གཟི་འོད་འབར་བའི་སྟེང་། །ཧྲཱིཿདམར་འོད་འཕྲོས་འཕགས་མཆོད་འགྲོ་བའི་དོན་བྱས་ནས། །རྒྱལ་བའི་རྣམ་རོལ་མ་ཧཱ་གུ་རུ་པདྨཱ་ཀཱ་ར་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་གངས་ལ་ཉི་ཤར་བཞིན། །དཀར་དམར་མདངས་མཛེས་ཞི་འཛུམ་གཞོན་ནུ་ལོ་བརྒྱད་ཚུལ། །སྤྱན་གསུམ་ལྟ་སྟངས་ཆོས་ཉིད་སྐྱེ་མེད་དབྱིངས་སུ་གཟིགས། །ཛམྦུའི་གསེར་གྱི་སྙན་ཆ་མགུལ་རྒྱན་ཕྱག་ཞབས་གདུབ། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན། །གཡོན་པས་ཐོད་པ་ཚེ་བུམ་ནོར་བུས་བཀང་བ་བསྣམས། །ཤེས་རབ་མཚོན་བྱེད་གྲུ་མོར་ཁ་ཊཱྃ་དཀུ་ལ་བརྟེན། །པད་ཞྭ་སྒྲོ་དར་རཏྣས་བརྒྱན་པ་དབུ་ལ་གསོལ། །ཟ་འོག་མཐིང་ཀའི་ཕོད་ཀ་ཆོས་གོས་རྣམ་གསུམ་དང་། །ཐུན་མཚམས་འཆར་ཀའི་མདངས་ལྡན་བེར་ཆེན་ལྷུབས་པར་གསོལ། །ཞབས་གཉིས་རྡོ་རྗེའི་


SPN001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ། །མཚན་དང་དཔེ་བྱད་ཉི་མ་སྟོང་གི་གཟི་འོད་འབར། །བདེ་ཆེན་ཡེ་ཤེས་ཆོས་སྐུའི་ཞིང་ཁམས་ཡོངས་ལ་ཁྱབ། །རབ་འབྱམས་ཞིང་ཀུན་མ་ལུས་སྐུ་ཡི་བཀོད་པར་རྫོགས། །གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་སྔོན་གསལ་བར་གྱུར། །སྟེང་འོག་ཕྱོགས་མཚམས་བར་སྣང་འོད་ལྔའི་དཀྱིལ་འཁོར་ཀློང་། །ཕྱོགས་བཅུའི་སངས་རྒྱས་འཕགས་པ་ཉན་རང་བྱང་སེམས་དང་། །རིག་འཛིན་གྲུབ་ཐོབ་གསར་རྙིང་བཀའ་བརྒྱུད་བླ་མ་སོགས། །རྒྱུད་སྡེ་བཞི་ཡི་ཡི་དམ་ཞི་ཁྲོ་ཌཱ་ཀི་མ། །དཔའ་བོ་དམ་ཅན་ཆོས་སྲུང་ནོར་ལྷ་གཏེར་བདག་པོ། །ཐམས་ཅད་རྒྱན་དང་ཆ་ལུགས་ཡོངས་རྫོགས་བཀྲ་ལམ་མེ། །སྐྱབས་ཡུལ་ཞིང་དུ་མངོན་པར་ཉིད་དུ་སྣང་བ་ཡི། །རིགས་འདུས་རྒྱལ་བའི་དཀྱིལ་འཁོར་གཙོ་མཆོག་གནས་གསུམ་ནས། །ལྔ་ལྡན་འོད་ཟེར་ཟེར་ཐག་དབང་པོའི་གཞུ་ལྟ་བུ། །འོག་མིན་ངེས་པ་ལྔ་ལྡན་རང་སྣང་སྤྲུལ་པའི་ཞིང་། །ཕྱོགས་བཅུའི་མཐའ་ཀླས་རང་བཞིན་རྣམ་པར་དག་ཞིང་ནས། །བདེར་གཤེགས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་འཁོར་བཅས་རྣམས། །མཁའ་དབྱིངས་གང་བར་སྤྱན་དྲངས་བདག་མདུན་ལྷ་ཚོགས་དང་། །དམ་ཚིག་ཡེ་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ལྟར། །མཉམ་ཉིད་བདེ་ཆེན་འདུ་འབྲལ་མེད་པའི་ངང་དུ་བཞུགས། །ༀ་མ་ཧཱ་གུ་རུ་པདྨཱ་ཀཱ་ར་སརྦ་ཏ་ཐཱ་ག་ཏ་དེ་ཝ་ཌཱཀྐི་ནི་མ་ཧཱ་ཀཱ་ལ་ཀཱ་ལི་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ་ཛཿཞེས་སྤྱན་དྲངས་ལ། བདག་མདུན་ཐུགས་ལས་འོད་འཕྲོས་


SPN001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལྷ། །སྤྱན་དྲངས་དྲི་མེད་སིམ་བྱེད་རྒྱུན་འབབ་ཀྱི། །ཁྲུས་གསོལ་གསང་གསུམ་བདེ་ཆེན་དགྱེས་པ་བསྐྱེད། །རིགས་བདག་མཐའ་ཡས་སྤྲུལ་སྐུས་དབུ་བརྒྱན་གྱུར། །དེ་ནས་ཕྱི་མཆོད་འབུལ་བ་ནི། སྲིད་གསུམ་རབ་འབྱམས་ཞིང་རྣམས་ལ། །གངྒཱའི་ཀླུང་ཆེན་མཆོད་ཡོན་བརྡལ། །དད་པས་རྒྱལ་ལ་འབུལ་ལགས་ན། །རང་བྱུང་ལྷན་སྐྱེས་དངོས་གྲུབ་སྩོལ། །ༀ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། །སྲིད་གསུམ༴ དག་བྱེད་ཁྲུས་ཆབ་ཞབས་བསིལ་འཐོར། །དད་པས༴ རང་བྱུང༴ སྔགས་ཐོག་མཐའ་འདྲ་བར། པཱ་དྱཾ། སྲིད་གསུམ༴ པདྨ་ཀུ་མུཏ་དགའ་ཚལ་རྒྱས། །དད་པས༴ རང་བྱུང༴ པུཥྤེ༴ སྲིད་གསུམ༴ ཧ་རི་ཙནྡ་ཡལ་འདབ་བསྐྱོད། །དད་པས༴ རང་བྱུང༴ དྷཱུ་པེ༴ སྲིད་གསུམ༴ སུཪྱ་ཙནྡྲའི་སྣང་གསལ་འབར། །དད་པས༴ རང་བྱུང༴ ཨཱ་ལོ་ཀེ༴ སྲིད་གསུམ༴ རྨད་བྱུང་སྨན་སྤོས་བྱུགས་པ་བཟང། །དད་པས༴ རང་བྱུང་༴ གནྡྷེ༴ སྲིད་གསུམ༴ ཡིད་འཕྲོག་རོ་ལྡན་ཞལ་ཟས་བཤམས། །དད་པས༴ རང་བྱུང་༴ ནཻ་ཝི་དྱ༴ སྲིད་གསུམ༴ སྣ་ཚོགས་གྲག་སྟོང་སྒྲ་དབྱངས་ལྡིར། །དད་པས་རྒྱལ་ལ་འབུལ་ལགས་ན། །རང་བྱུང་ལྷན་སྐྱེས་དངོས་གྲུབ་སྩོལ། །ༀ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་འདོད་ཡོན་མཆོད་པ་ནི། རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག །བདེ་སྟོང་ལྷ་མོས་གར་བསྒྱུར་ཞིང་། །འཛིན་མེད་ངང་དུ་འབུལ་ལགས་ན། །མཉམ་ཉིད་དབྱིངས་


SPN001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཞེས་སུ་གསོལ། །བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤཪྴེ་མ་ཧཱ་སུ་ཁ་པཱུ་ཛ་ཧོ། དེ་ནས་ནང་མཆོད་འབུལ་བ་ནི། མཆོག་ཆེན་བྷནྡྷ་མཚན་དང་ལྡན། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ཡེ་ཤེས་བདུད་རྩིའི་རྦ་རླབས་འཕྱོ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །སརྦ་པཉྩ་ཨ་མྲི་ཏ་ལ་ཁཱ་ཧི། །ལྕང་ལོར་བཅས་པའི་ཀ་པཱ་ལར། །རྒྱུ་དྲུག་སྙིང་རྗེས་བསྒྲལ་བ་ཡི། །རཀྟའི་རྒྱུན་གྱི་ཟེགས་མ་འཐོར། །བྱམས་པའི་ཚུལ་གྱིས་དགྱེས་པར་རོལ། །མ་ཧཱ་རཀྟ་ལ་ཁཱ་ཧི། རིན་ཆེན་པད་སྣོད་ཡངས་པའི་ནང་། །བཅུད་ལྡན་འདོད་ཡོན་བ་ལིང་ཏ། །རི་ལྟར་བརྗིད་ཆེ་མཚོ་ལྟར་བསྐྱིལ། །ཀུན་ཀྱང་ཀློང་ཡངས་ཆེན་པོར་བཞེས། །མ་ཧཱ་བ་ལིང་ཏ་ལ་ཁཱ་ཧི། དངོས་ཀུན་རང་སེམས་སྣང་བའི་རྩལ། །ཀ་དག་ཡེ་ནས་རྫོགས་པ་ཆེ། །གསལ་སྟོང་ལྷུན་གྲུབ་འདུས་མ་བྱས། །དོན་དམ་བརྗོད་མེད་ངང་དུ་མཆོད། །བཛྲ་ཛྙཱན་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ། དེ་ནས་ལྷ་ཚོགས་མ་ལུས་པ་ཐམས་ཅད་ཨོ་རྒྱན་རིན་པོ་ཆེ་དང་དབྱེར་མེད་ངང་དུ་བསྟོད་པ་བྱ་བ་ནི། ༀ། ཆོས་སྐུའི་ཞིང་ཁམས་ཀུན་ཏུ་ཁྱབ། །ཨཱཿལོངས་སྐུ་འགགས་མེད་སྤྲིན་ཚོགས་གཏིབས། །ཧཱུྃ། སྤྲུལ་བསྒྱུར་ཆུ་ཟླའི་རོལ་པ་ཅན། །སྐུ་གསུམ་པདྨ་འབྱུང་ལ་བསྟོད། །རང་བྱུང་མཚོ་དབུས་གེ་སར་ལས། །བདེ་སྟོང་བརྫུས་འཁྲུངས་རྒྱལ་བའི་སྲས། །གསང་སྔགས་སྟོན་པ་རྡོ་རྗེ་འཆང་། །བླ་མེད་བླ་མར་ཕྱག་འཚལ་བསྟོད། །ཕྱོགས་བཅུ་དུས་གསུམ་


SPN001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས། །ཀུན་གྱི་སྤྱི་མེས་དཀྱིལ་འཁོར་གཙོ། །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །ཆེ་མཆོག་དཔལ་ཆེན་ཕྱག་འཚལ་བསྟོད། །བསྟོད་བྱ་བསྟོད་བྱེད་བློ་ལས་འདས། །རྗོད་བྱེད་སྨྲ་བསམ་ཡུལ་དང་བྲལ། །ཆོས་རྣམས་ཡེ་ནས་རིག་པའི་རྩལ། །ཀུན་བཟང་ཀློང་ཡངས་ཆེན་པོར་བསྟོད། །ཅེས་བསྟོད་ནས། ཀྱཻ། སངས་རྒྱས་ཀུན་གྱི་བདག་ཉིད་མཆོག །མི་མངོན་དབྱིངས་ནས་རྗེས་དགོངས་ལ། །བདག་སོགས་འཁོར་བའི་སེམས་ཅན་རྣམས། གདོད་ནས་བག་ཆགས་སྒྲིབ་པ་ཡིས། །གསང་སྔགས་བྱང་སེམས་སོ་ཐར་གྱི། །དམ་ཚིག་བསླབ་སྡོམ་ཉེས་ལྟུང་སོགས། །མི་ཤེས་མུན་པའི་དབང་གྱུར་རྣམས། །གནོང་འགྱོད་དྲག་པོས་བཟོད་པར་བཞེས། །མི་སྒྲིབ་ཉི་མ་འབུམ་བརྡལ་པའི། །དག་ཚངས་དབུགས་དབྱུང་བསྩལ་དུ་གསོལ། །ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཛྙཱ་ན་སཏྭ་ཧཱུྃ། ལན་གསུམ་བརྗོད། དེ་ནས་བཟླས་པ་ནི། བདག་མདུན་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ། །ཧྲཱིཿདམར་མཐའ་སྐོར་སྔགས་ཀྱི་ཕྲེང་བ་གསལ། །འོད་ཀྱིས་འཕགས་མཆོད་འགྲོ་བའི་སྡིག་སྒྲིབ་སྦྱངས། །རང་ལུས་སྣང་སྟོང་བདེ་གསལ་མི་རྟོག་ངང་། །མཆོག་གསུམ་རྩ་གསུམ་ཡེ་ཤེས་སེམས་དཔའི་ཚོགས། །རྡུལ་སྙེད་གྲངས་འདས་བདག་རྒྱུད་བྱིན་རློབ་གྱུར། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་


SPN001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སིདྡྷི་ཧཱུྃ། ཅི་ནུས་དང་། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ། ཞེས་བཟླའོ། །དེ་ནས་སྤྲོ་ན་ཚོགས་མཆོད་འབུལ་བ་ནི། ཧཱུྃ། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་འདོད་ཡོན་ལ། །ཐིམ་པས་ཀུན་རྟོག་བག་ཆགས་སྦྱངས། །ༀ་དཀར་ཨཱཿདམར་ཧཱུྃ་མཐིང་འཕྲོས། །ཐབས་ཤེས་ཚོགས་རྫས་ལོངས་སྤྱོད་ཀྱི། །སྣང་སྲིད་མཐའ་བྲལ་ཞིང་རྣམས་བཀང་། །ཟག་མེད་ཡེ་ཤེས་བཅུད་མཆོག་ལྡན། །མཆོད་འོས་སྐྱབས་གནས་རྒྱ་མཚོ་རྣམས། །རང་བཞིན་གནས་ནས་སྐུ་བསྐྱོད་འཚལ། །མཁའ་སྤྱོད་པདྨ་འོད་ཞིང་ནས། །གུ་རུ་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་གྲུབ་ཐོབ་བྱེ་བ་འབུམ། །ཡི་དམ་ཞི་ཁྲོ་དཔའ་བོདང་། །མ་ཚོགས་མཁའ་འགྲོ་གྲངས་ལས་འདས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །དཀའ་སྲུང་དམ་ཅན་དྲེགས་བྱེད་རྣམས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །ཐུགས་རྗེའི་ཐུགས་དམ་བསྐང་བ་དང་། །རྣལ་འབྱོར་བྱིན་གྱིས་བརླབས་པའི་ཕྱིར། །མཁའ་དབྱིངས་གང་བར་གཤེགས་སུ་གསོལ། །ཕྱི་སྣོད་ནང་བཅུད་མ་ལུས་པ། །དག་པ་ལྷ་ཡི་ངོ་བོར་བསྒྱུར། །གཞལ་ཡས་ཚོགས་ཁང་ཉམས་རེ་དགའ། །རྨད་བྱུང་ཚོགས་གཏོར་དྭངས་རེ་སྤྲོ། །སྐྱབས་གནས་དཀོན་མཆོག་བྱིན་རེ་ཆེ། །སྒྲུབ་པའི་རྣལ་འབྱོར་དམ་རེ་གཙང་། །འདིར་གཤེགས་ཟག་མེད་ཏིང་འཛིན་གྱི། །


SPN001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ཆེན་པོ་བཞེས་སུ་གསོལ། །དུག་ལྔའི་དབང་གྱུར་བཟོད་པར་དགོངས། །ཉོན་མོངས་བདུད་བཞིའི་དངོས་སྣང་ལས། །འཁྲུལ་འབྱམས་རྣམ་རྟོག་དགྲ་དཔུང་འདི། །ཡེ་ཤེས་ལྔ་ཡི་ངང་ཉིད་དུ། །དགྱེས་པ་ཆེན་པོས་ད་རོལ་ཅིག །གུ་རུ་དེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། དེ་ནས་བསྐང་བ་བྱ་བ་ནི། ཧཱུྃ་ཧྲཱིཿཆོས་དབྱིངས་རྣམ་དག་རང་བཞིན་ཞིང་ཁམས་ནས། །ཀུན་བཟང་རྡོར་འཆང་པད་འབྱུང་ཐུགས་དམ་བསྐང་། །འོག་མིན་གནས་དང་ཕྱོགས་བཅུའི་ཞིང་ཁམས་ནས། །སངས་རྒྱས་བྱང་སེམས་མ་ལུས་ཐུགས་དམ༴ སྐྱེ་མེད་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །བཀའ་བརྒྱུད་བླ་མ་རྣམས་ཀྱི༴ མཁའ་སྤྱོད་དག་པ་རབ་འབྱམས་དཀྱིལ་འཁོར་ནས། །ཡི་དམ་ཞི་ཁྲོའི་ལྷ་ཚོགས༴ རྩ་རླུང་སྣང་སྟོང་བདེ་ཆེན་གཞལ་ཡས་ནས། །རིག་འཛིན་དཔའ་བོ་མཁའ་འགྲོའི༴ དཔལ་རི་པདྨ་འོད་ཕུང་འཁྱིལ་བ་ནས། །ཨོ་རྒྱན་རྗེ་འབངས་ཉེར་ལྔའི༴ གང་འདུལ་སྤྲུལ་སྐུའི་གར་རྩེད་གནས་མཆོག་ནས། །གཏེར་ཆེན་གཏེར་ཕྲན་མངའ་བདག༴ དག་སྣང་ཕྱོགས་མེད་སྙིང་རྗེའི་འོད་ཀློང་ནས། །དྲན་མཆོག་རྩ་བའི་བླ་མའི༴ འོག་མིན་དུར་ཁྲོད་རོལ་པ་ཆེན་པོ་ནས། །ཡེ་ཤེས་མགོན་པོ་ཡོངས་ཀྱི༴ རྩུབ་འགྱུར་རབ་འཇིགས་མེ་རི་འབར་བ་ནས། །ལས་དང་འཇིག་རྟེན་མགོན་པོའི༴ མི་བཟད་རླུང་ནག་དགུ་


SPN001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་འཁྱིལ་བ་ནས། །དཔལ་ལྡན་མ་མོ་ཡོངས་ཀྱི༴ དྲག་རྩལ་བསྐལ་མེ་འཁྲུགས་པའི་ཀློང་དཀྱིལ་ནས། །བཀའ་སྲུང་བསྟན་སྲུང་རྒྱ་མཚོའི༴ མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོས་སྒྱུར། །ནོར་ལྷ་གཏེར་བདག་རྣམས་ཀྱི༴ གནས་དང་ཟབ་ཆོས་བཀའ་ཡི་བྱ་ར་བ། །དཀར་ཕྱོགས་སྐྱོང་བའི་སྡེ་དཔུང་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ཕྱིར་རྨད་བྱུང་མཆོད་པའི་རྫས། །རྩ་བརྒྱད་བདུད་རྩི་མ་ཧཱ་རཀྟ་དང་། །དམ་རྫས་སྟོབས་ལྡན་མ་ཧཱ་བ་ལིང་ཏ། །ཟག་མེད་བདེ་ཆེན་ཚོགས་ཀྱི་འཁོར་ལོ་ལྡན། །མཆོད་འོས་ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག །བསྐང་མེད་ཆོས་དབྱིངས་ཆེན་པོའི་ངང་དུ་བསྐང་། །སྣང་སྟོང་བདེ་བ་ཆེན་པོའི་ངང་དུ་བསྐང་། །གཟུང་འཛིན་དངོས་མེད་སྟོང་ཉིད་ཆེན་པོ་བསྐང་། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས། ཀྱཻ། ཚེ་རབས་འཁོར་བ་ཐོག་མེད་ནས། །ལས་ངན་སྡིག་སྒྲིབ་ཉེས་ལྟུང་རྣམས། །ཀུན་བཟང་ཡངས་པའི་ཀློང་དུ་བསྟིམ། །དམིགས་མེད་ཆོས་ཀྱི་དབྱིངས་སུ་དག །ཨ་ཨ་ཨ། ཞེས་ཕུལ་ལོ། །དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ་པ་ནི། ཧོ། དུག་ལྔ་གནས་དག་ཡེ་ཤེས་ལྔའི་རང་བཞིན། །དངོས་གྲུབ་རྫས་མཆོག་ཚོགས་ལ་ལོངས་སྤྱོད་མཛོད། །ལན་དུ། ཨེ་མ་གདོད་ནས་བློ་འདས་ཟག་པ་མེད། །མཚན་བྲལ་དེ་བཞིན་ཉིད་དབྱིངས་ཀློང་དུ་རོལ། །ཨ་ལ་ལ་ཧོཿདེ་ནས་ཕུད་ལྷག་རྣམས་བདུད་རྩིས་བསངས་ལ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། དཀྱིལ་འཁོར་


SPN001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མུ་རན་སྐྱོང་བ་ཡི། །བཀའ་ཉན་བྲན་གཡོག་ཕོ་ཉའི་ཚོགས། །མཁའ་འགྲོ་གིང་དང་ལངྐ་བཅས། །དབང་ཕྱུག་མ་མོ་ཉི་ཤུ་བརྒྱད། །ཕྲ་མན་ཤུགས་འགྲོ་གཏོར་ལེན་གྱི། །ཕུད་ལྷག་བཤལ་ཆུ་དབང་བ་རྣམས། །དམ་ཚིག་ཆེན་པོས་དགྱེས་པར་རོལ། །བསྟན་སྲུང་བསྒྲུབ་པའི་བར་ཆད་ཟློག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཨུཙྪི་ཊ་བྷཀྵ་བྷཀྵ་སི་སྭཱ་ཧཱ། ཞེས་ཕྱི་རོལ་དུ་དོར། བཀའ་ཡི་ཐ་ཚིག་བསྒྲག་པ་ཆད་མདོ་ནི། ཧཱུྃ། སྔོན་དུས་བསྐལ་པ་དང་པོ་ལ། །ཆོས་དབྱིངས་རོལ་པའི་ཕོ་བྲང་དུ། །དབང་ཆེན་པདྨ་ཧེ་རུ་ཀའི། །རྡོ་རྗེའི་བཀའ་བསྒོས་དབང་ཡང་བསྐུར། །དེ་འོག་རྒྱ་བོད་གནས་རྣམས་སུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དྲེགས་ཅན་མ་ལུས་དབང་སྡུད་ནས། །ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །དེ་འོག་རྩོད་ལྡན་སྙིགས་མའི་དུས། །རིག་འཛིན་གྲུབ་པ་མཆོག་རྣམས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བཀའ་དང་ཐ་ཚིག་མ་གཡེལ་ཅིག །ད་ལྟ་བསྒྲུབ་པའི་རྣལ་འབྱོར་གྱིས། །དཀྱིལ་འཁོར་གཉེན་པོ་ཞལ་ཕྱེས་ནས། །དམ་ཚིག་ཅན་རྣམས་མཆོད་བསྐུལ་ན། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྐལ་ལྡན་བསྲུང་ཞིང་སྐྱོབ་པ་དང་། །བསྟན་དང་བསྟན་འཛིན་བར་ཆད་སོལ། །གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད། །ཅེས་ཕུལ་ནས། བརྟན་མ་སྐྱོང་བ་ནི། བྷྱོ། བདག་ཉིད་ཆེན་པོ་པད་འབྱུང་གི། ཕྲིན་ལས་


SPN001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་དམ་བཅས་པའི། །འཛམ་གླིང་སྐྱོང་བའི་བརྟན་མ་རྣམས། །འདིར་གཤེགས་གཏོར་མ་བཤལ་ཆུ་བཞེས། །སྔོན་ཚེ་ཁས་བླངས་མནའ་བོར་བཞིན། །ལྔ་བརྒྱ་དུས་ཀྱི་སྙིགས་མ་འདིར། །པདྨའི་ལུང་ཟིན་མཆོག་རྣམས་དང་། །ངེས་དོན་གསང་སྔགས་རིང་ལུགས་སྐྱོང་། །རྣལ་འབྱོར་བར་ཆད་རྐྱེན་ངན་ཟློག །ནད་ཡམས་དལ་ཁ་དགྲ་ལ་སྒྱུར། །དུག་མཚོན་བྱད་ཁ་ཕུར་ཁ་ཡི། །རྦོད་གཏོང་རང་གཤེད་རང་ལ་ཟློག །བཅོལ་བའི་ཕྲིན་ལས་དུས་ལ་བབས། །མ་གཡེལ་མ་འདའ་ས་མ་ཡ། མ་མ་ཧྲིང་ཧྲིང་བ་ལིང་ཏ་ཁཱ་ཧི། ཞེས་ཕུལ་ནས་གཏོར་སྣོད་སྦུབ་ལ། དགྲ་བགེགས་ཤ་ཏྲཱུཾ་སྟྭཾ་བྷ་ཡ་ནན། དེ་ནས་རྗེས་ཀྱི་ཆོ་ག་ནི། དཔལ་མགོན་དམ་པ་རྒྱལ་བའི་སྤྱི་གཟུགས་མཆོག །དཔལ་ལྡན་མཚོར་འཁྲུངས་བླ་མའི་ལྷ་ཚོགས་ལ། །དཔལ་འབྱོར་ཕྱི་ནང་གསང་གསུམ་མཆོད་པ་འབུལ། །དཔལ་ཀུན་རབ་རྒྱས་འཕེལ་བར་བྱིན་གྱིས་རློབས། །ༀ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུཔྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝཱི་དྱ། ཤབྡ། མ་ཧཱ་པཉྩ་རཀྟ་བ་ལིང་ཏ་སརྦ་པཱུ་ཛ་ཁཱ་ཧི། ཧྲཱིཿསྐྱེ་འཆི་སྤངས་པའི་སྣང་སྟོང་བདེ་བ་ཆེ། །འདུས་མ་བྱས་པ་རང་གསལ་ལྷུན་གྱིས་གྲུབ། །འོད་གསལ་ཡེ་ཤེས་རྩལ་རྫོགས་ཡེ་སངས་རྒྱས། །ཀུན་ཁྱབ་གདོད་མའི་མགོན་པོར་ཕྱག་འཚལ་ལོ། །ཞེས་བསྟོད་ནས་བཟོད་གསོལ་ནི། ལྟ་སྒོམ་སྤྱོད་པ་བག་ཉལ་གྱིས། །གོས་པར་གྱུར་པའི་ལས་བསགས་པ། །ཐར་


SPN001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིབ་ཚོགས་མ་ལུས་བཤགས། །ཚངས་པར་བྱང་ཞིང་དག་པར་གསོལ། །དེ་ནས་བྱིན་རླབས་དབང་བཞིའི་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་རྒྱལ་བའི་དཀྱིལ་འཁོར་ལ་དམིགས་ནས། ཧྲཱིཿགུ་རུ་པདྨ་ཀཱ་ར་ཡེ། །བྱིན་རླབས་འོད་ཟེར་ལྔ་ལྡན་གྱི། །སྣང་བ་སྤྲིན་ལྟར་ཐིབས་སེ་ཐིབ། །དངོས་གྲུབ་མེ་ཏོག་ཆར་གྱི་རྒྱུན། །བར་མཚམས་མེད་པར་སྤུངས་སེ་སྤུང་། །ཁྱད་པར་གུ་རུའི་གནས་གསུམ་ནས། །འབྲུ་གསུམ་འཕྲོས་ནས་རང་ལ་ཐིམ། །ལུས་ངག་ཡིད་གསུམ་བྱིན་རློབས་ལ། །དབང་བཞི་བསྐུར་ཞིང་རྒྱུད་བཞི་སྨིན། །སྐུ་བཞི་མངོན་གྱུར་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝཱ་ཌཱ་ཀི་ནི་ཀཱ་ཡ་ཨ་བྷི་ཥི་ཉྩ་ༀ། ཝཀྐཱ་ཨབྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། སརྦ་ཨབྷི་ཥིཉྩ་ཧྲཱིཿམོས་གུས་དག་སྣང་གི་འདུན་པ་དང་བཅས་ཏེ་དབང་བཞི་ཐོབ་པར་བསྒོམ་མོ། །དེ་ནས་བསྔོ་བ་ནི། ན་མོ། དུས་གསུམ་དགེ་བའི་རྩ་བ་དང་། །བསྐྱེད་རྫོགས་ཏིང་འཛིན་མཆོད་བཟླས་བསྐུལ། །ཟག་བཅས་ཟག་མེད་དགེ་བ་རྣམས། །ཆོས་དབྱིངས་བྱང་ཆུབ་ཆེན་པོར་བསྔོ། །མདུན་བསྐྱེད་ཡེ་ཤེས་རྟེན་ཡོད་ན། ༀ་སུ་པྲ་ཏིཥྛས་བསྟིམ། མེད་ན། བཛྲ་མུཿས་གཤེགས་གསོལ་བྱ། རང་ཉིད་བསྐྱེད་པའི་དཀྱིལ་འཁོར་བ། །མཐའ་ནས་དབུས་ཡལ་ཧྲཱིཿལ་ཐིམ། །ཐིག་ལེ་ནཱ་ད་མི་དམིགས་པ། །དབྱིངས་རིག་དབྱེར་མེད་འོད་གསལ་ངང་། །ཅི་གནས་སུ་


SPN001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་པར་བྱའོ། །དེ་ནས་ཤིས་པའི་མེ་ཏོག་འཐོར་བ་ནི། བཀྲ་ཤིས་གང་ཞིག་ལྷ་ལམ་ཀློང་ཡངས་སུ། །གུ་རུ་པདྨ་ཉིན་བྱེད་འབུམ་འོད་བརྡལ། །དེང་འདིར་རབ་དཀར་མེ་ཏོག་ཆོས་སྤྱོད་བཅུའི། །སྒྲུབ་པ་མཐར་ཕྱིན་སྲིད་ཞི་བདེ་ལེགས་ཤོག །བཀྲ་ཤིས་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །ཆུ་ཤེལ་བྱམས་པའི་བདུད་རྩིའི་བསིལ་རྒྱུན་འབེབས། །དེང་འདིར་ཉོན་མོངས་མུན་པ་ཕ་མཐར་གཞིལ། །ཡང་དག་དོན་གསལ་བདེ་ལེགས་ཀུན་འབྱུང་ཤོག །བཀྲ་ཤིས་ཡི་དམ་དཔའ་བོ་ཌཱ་ཀི་མ། །ཆོས་སྐྱོང་ནོར་ལྷ་སྐར་ཚོགས་འབུམ་བཀྲ་ཞིང་། །དེང་འདིར་ཕྱི་ནང་སྣོད་བཅུད་དཔལ་ཕུན་ཚོགས། །རབ་བརྟན་ལྷུན་གྱིས་གྲུབ་པའི་ཤིས་པ་རྩོལ། །བཀྲ་ཤིས་སྐལ་ལྡན་རྒྱ་མཚོ་མཐའ་ཀླས་དབུས། །ནོར་བུ་ཡིད་བཞིན་དབང་རྒྱལ་སངས་རྒྱས་བསྟན། །དེ་འཛིན་གདེངས་ཅན་བདག་པོ་མ་ལུས་རྣམས། །གཡོ་མེད་ཉིན་མཚན་བཀྲ་ཤིས་འབྱུང་གྱུར་ཅིག །དགེ་ཚོགས་རི་དབང་ལྷུན་པོའི་དཔངས་ལྟར་མཐོ། །ལེགས་བྱས་གསེར་གྱི་མཎྜལ་འདི་ཕུལ་མཐུས། །འོག་མིན་མཁའ་སྤྱོད་པདྨ་འོད་ཞིང་དུ། །རྡོ་རྗེ་འཆང་དབང་ཉིད་དང་དབྱེར་མེད་ཤོག །མངྒ་ལམ་སྭ་སྟི་ཛ་ཡ་སུ་ཛ་ཡ། ཅེས་བརྗོད་པར་བྱའོ། །དེ་ལྟར་གུ་རུ་པདྨ་བསྒྲུབ་པའི་མཆོད་ཕྲེང་འདི་ཉིད་ཀྱང་བསླབ་གསུམ་མངོན་མཐོ་དད་ནོར་གྱིས་ཕྱུག་པ། དགེ་སློང་ཀརྨ་ལེགས་སྦྱིན་ནས། སྟོན་


SPN001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསེར་སྐུ་འཕགས་ཡུལ་གྱི་བཟོ་ཁྱད་ཅན་དང་། ཉེས་སྲས་རྒྱ་ནག་གི་རི་མོའི་འདུ་བྱེད་ཅན་བཟང་གོས་ཀྱི་གོང་གཤམ་ལྡན་པ། ཆུ་དར་དྲི་མེད་བཅས་དངོས་འབྱོར་མཎྜལ་རྟེན་འབྲེལ་དགེ་མཚན་དང་བཅས་བསྐུལ་བའི་ངོར། སི་ཏུའི་སྐྱེས་རབས་ཀྱི་ཕྲེང་བ་འཛིན་པ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་པར་མོས་པ་པདྨ་ཉིན་བྱེད་དབང་པོས་དཔལ་སྤུངས་ཡང་དབེན་དུ་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་སྤེལ་བ་འགྲོ་རྣམས་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་མངོན་དུ་ཐོབ་པར་གྱུར་ཅིག །སརྦ་མངྒ་ལམ། སིདྡྷི་བྷ་ཝནྟུ། དགེའོ།། ༈ །།ཆོས་རྣམས་དམིགས་མེད་སྟོང་པ་ཆེན་པོའི་ངང་། །སྟོང་པའི་ངང་ལས་མདུན་མཁར་སེང་གེའི་ཁྲིར། །དར་དང་རིན་པོ་ཆེས་བརྒྱན་དེ་སྟེང་དུ། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་། །ཐོད་པ་ཚེ་བུམ་གྲུ་མོར་ཁ་ཊྭཱྃ་ག །སྐུ་ལ་ཕོད་ཀ་ཆོས་གོས་ཟབ་བེར་གསོལ། །ཞབས་གཉིས་རྡོར་སྐྱིལ་དབུ་ལ་པད་ཞྭ་དང་། །སྙན་རྒྱན་མགུལ་རྒྱན་ཕྱག་ཞབས་གདུ་བུས་བརྒྱན། །འཇའ་འོད་ཀློང་དུ་གསལ་འཚེར་འོད་འབར་བསྐྱེད། །གཞན་ཡང་བླ་མ་ཡི་དམ་ཌཱ་ཀི་དང་། །ཡེ་ཤེས་ཆོས་སྐྱོང་ལ་སོགས་སྤྲིན་ལྟར་འཁྲིགས། །སྐྱབས་གནས་མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །ཀུན་འདུས་གུ་རུ་པདྨ་འབྱུང་གནས་ལ། །ཕྱག་འཚལ་གསོལ་འདེབས་བདག་རྒྱུད་སྨིན་གྲོལ་མཛོད། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།


SPN001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནུས་བཟླས་ཤིང་། སྐྱབས་ཡུལ་འོད་ཞུ་རང་གི་སྤྱི་བོར་ཐིམ། །དབང་བཞི་མཆོག་ཐོབ་སྒྲིབ་བཞི་རྣམ་པར་དག །སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་ལྡན་ཞིང་། །འདས་དང་མ་འོངས་རྟོག་པའི་རྗེས་མི་འབྲང་། །ད་ལྟའི་ཤེས་པ་གང་ཤར་བཟོ་མེད་ངང་། །གསལ་སྟོང་འཛིན་མེད་མ་བཅོས་ལྷུག་བར་བཞག །བསྔོ་སྨོན་བྱའོ། །དེ་ལྟར་དད་སྟོབས་འབྱོར་པ་མངོན་མཐོ་ཧོར་ཀརྨ་མགོན་པོའི་བཞེད་ལྟར་སྤེལ།། །།ན་མོ་གུ་རུ། སངས་རྒྱས་ཀུན་འདུས་ངོ་བོ་མཚོ་སྐྱེས་རྒྱལ་བའི་རྣལ་འབྱོར་གྱི་རིམ་པ་སྤྲོ་ན། ༀ་ཤཱུ་ནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱངས་ལ། རང་ལུས་འཛིན་མེད་སྤྱི་བོར་པདྨ་དང་། །ཉི་ཟླའི་སྟེང་དུ་ཨོ་རྒྱན་རྡོ་རྗེ་འཆང་། །མཚན་དཔེའི་ཆ་རྫོགས་གཟི་བྱིན་ལྷམ་མེ་བ། །རྩ་བརྒྱུད་བླ་མ་ཡི་དམ་སྤྲིན་ལྟར་གཏིབས། །དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཚོགས་བཅས་གསལ། །རང་སྣང་རྩལ་ལས་ཕྱི་ནང་གསང་མཆོད་འབུལ། །ཕྱོགས་བཅུ་དུས་གསུམ་བདེར་གཤེགས་མ་ལུས་པའི། །སྤྱི་གཟུགས་རིགས་འདུས་ཁྱབ་བདག་ཧེ་རུ་ཀ། བདག་སོགས་སྙིགས་འགྲོའི་སེམས་ཅན་བརྩེར་དགོངས་ལ། །ཐུགས་རྗེས་རྒྱུད་བརླན་སྨིན་ཅིང་གྲོལ་ནས་སུ། །སྒྲུབ་པ་མཐར་ཕྱིན་ཕྱི་ནང་བར་ཆད་ཞི། །ལྷན་སྐྱེས་ཡེ་ཤེས་སྒྲིབ་བྲལ་རྟོགས་བྱིན་རློབས། །ཅེས་གསོལ་བ་བཏབ་ནས། བཛྲ་གུ་རུ་ཅི་ནུས་བགྲང་ལ་མཐར་བྱིན་རླབས་དབང་བཞི་ཞུ་བ་ནི། གུ་རུའི་གསང་གསུམ་ཡེ་ཤེས་རྡོ་རྗེ་བཞིའི། །ངོ་བོ་འོད་ཟེར་དཀར་དམར་


SPN001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ལྗང་འཕྲོས། །བདག་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོང་བ་དང་། །སྐུ་བཞིའི་ས་བོན་རྒྱུད་ལ་ཡོངས་སྨིན་ནས། །བླ་མ་འོད་ཞུ་དབྱེར་མེད་མ་བཅོས་ངང་། །ཀ་ནས་དག་པ་རང་བཞིན་གཉུག་མའི་གནས། །ཀུན་བཟང་བདེ་བ་ཆེན་པོའི་ཀློང་དུ་བཞག །ཅི་གནས་སུ་ངོ་བོ་བསྐྱངས་ལ་མཐར། དགེ་དེས་མཁའ་མཉམ་སེམས་ཅན་མ་ལུས་པ། །བླ་མེད་ཐར་པའི་གྲོང་དུ་འཇུག་ནས་སུ། །ཡང་དག་རྫོགས་པའི་བྱང་ཆུབ་མངོན་གྱུར་པའི། །རང་བྱུང་པདྨའི་གོ་འཕང་མཆོག་ཐོབ་ཤོག །ཅེས་པའང་སི་ཏུ་པས་རྗེ་དབོན་གང་དེའི་བཞེད་ངོར་སྤེལ་བ་དགེ། །།སྭསྟི། འདིར་གུ་རུ་རིན་པོ་ཆེའི་རྣལ་འབྱོར་སྒོམ་རིམ་དང་འབྲེལ་བའི་ཚོགས་མཆོད་སྐོང་བཤགས་ཀྱི་རིམ་པ་ཁྱེར་བདེར་སྤྲ་ོན། རྟེན་དང་གཏོར་མ་མཆོད་རྫས་རྣམས་གང་འབྱོར་དང་། ཚོགས་ཀྱི་ཡོ་བྱད་སོགས་བཤམས་ལ། དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། ན་མོ། སྐྱབས་ཡུལ་དམ་པ་རྩ་བ་གསུམ་གྱི་ལྷར། །བདག་སོགས་སེམས་ཅན་རྟག་པར་སྐྱབས་མཆི་ཞིང་། །འགྲོ་རྣམས་སྲིད་པའི་གཟེབ་ལས་ངེས་སྒྲོལ་ཕྱིར། །ཡང་དག་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ལན་གསུམ། དེ་ནས་བསྐྱེད་རིམ་ནི། ཤཱུ་ནྱ་ཏའི་སྔགས་ཀྱིས་སྦྱ’ངས་ལ། སྣང་སྲིད་གཉིས་བསྡུས་ཆོས་རྣམས་སྟོང་ཉིད་གྱུར། །དེ་ཡི་ངང་ལས་མདུན་མཁར་འཇའ་འོད་ཀློང་། །པདྨ་དཀར་པོ་འདབ་སྟོང་གེ་སར་རྒྱས། །དེ་དབུས་ཉི་ཟླར་ཧྲཱིཿ


SPN001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་འོད་འཕྲོས་པས། །དོན་གཉིས་བྱས་ཏེ་ཡོངས་གྱུར་ཨོ་རྒྱན་རྗེ། །པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར། །ཞི་མ་ཁྲོ་འཛུམ་སྒེག་པའི་ཉམས་དཔལ་ལྡན། །པད་ཞྭ་ཕོད་ཀ་ཆོས་གོས་རྣམ་གསུམ་དང་། །ཟ་འོག་བེར་ཆེན་བཀླུབས་གསོལ་ཕྱག་གཉིས་ཀྱིས། །རྡོ་རྗེ་ཐོད་ཆང་ཚེ་ཡི་བུམ་བཟང་འཛིན། །ཁ་ཊྭཱཾ་དཀུར་བརྟེན་འགྱིངས་བག་ཚུལ་ཞབས་གཉིས། །རྒྱལ་པོ་རོལ་པའི་སྟབས་ཀྱིས་ལྷུན་ཆགས་བཞུགས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་འཁོར་ལོས་སྒྱུར། །གང་སྐུར་གདོད་ནས་ཞིང་གི་ཡོན་ཏན་རྫོགས། །གནམ་ས་བླ་འོག་ཕྱོགས་མཚམས་ཐམས་ཅད་པར། །བྱིན་རླབས་རྩ་བ་རྒྱལ་དང་རྒྱལ་བའི་སྲས། །དགུ་ལྡན་བརྒྱུད་པའི་གྲུབ་ཐོབ་རིག་པ་འཛིན། །དངོས་གྲུབ་རྩ་བ་ཡི་དམ་ཞི་དང་ཁྲོ། །ཕྲིན་ལས་རྩ་བ་བཀའ་སྡོད་ཆོས་སྲུང་རྣམས། །བཀྲ་གསལ་ལམ་མེར་མངོན་སུམ་སྣང་བར་གྱུར། །གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན། །ཁྱད་པར་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བའི། །བདེ་ཆེན་པདྨ་འོད་ཕུང་འཁྱིལ་བ་ནས། །ཡེ་ཤེས་གཙོ་འཁོར་སྤྲུལ་དང་ཡང་སྤྲུལ་རྣམས། །ཉི་དང་འོད་ཟེར་ཇི་བཞིན་མདུན་བསྐྱེད་ཀྱི། །དཀྱིལ་འཁོར་སྒྲུབ་རྫས་ལ་ཐིམ་གཉིས་མེད་གྱུར། །རོལ་མོ་དང་བཅས། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཞེས་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར།


SPN001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་འཚལ་བ་ནི། ན་མོ། ཆོས་དབྱིངས་ཀུན་ཁྱབ་འགགས་མེད་རང་རྩལ་ལས། །ཡེ་ནས་གྲུབ་པ་སྐུ་གསུམ་དབྱེར་མེད་ཀློང་། །དོན་དམ་སེམས་ཀྱི་རྡོ་རྗེ་གཉུག་མའི་གཤིས། །མངོན་དུ་རྟོགས་པ་དེ་བཞིན་ཉིད་ཕྱག་འཚལ། །དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། ཕྱི་དང་ནང་མཆོད་གསང་བ་དེ་ཁོ་ནའི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ལས། །མཁའ་དབྱིངས་རྒྱས་པར་འགེངས་པའི་མཆོད་སྤྲིན་ཚོགས། །འབུལ་བཞེས་ཐུགས་རྗེས་བདག་ལ་དགོངས་པར་མཛོད། །ༀ་བཛྲ་ཨརྒྷཾ། པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བར་དང་། མ་ཧཱ་པཉྩ། རཀྟ། བ་ལིཾ་ཏ། གུ་ཧྱ་སརྦ་པཱུ་ཛ་ཧོཿདེ་ནས་ཛབ་བཟླས་དམིགས་པ། མདུན་བསྐྱེད་ཐུགས་ཀར་པད་སྟེང་རྡོ་རྗེའི་ལྟེར། །ཟླ་དཀྱིལ་ཧྲཱིཿཡིག་མཐའ་མར་སྔགས་ཕྲེང་བསྐོར། །དེ་ལས་འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི། །སྒྲིབ་སྦྱང་སྣོད་བཅུད་དག་པ་གསུམ་ལྡན་གྱུར། །བཛྲ་གུ་རུ་ཅི་ནུས་བཟླ་ཞིང་། ཐོད་ཕྲེང་རྩལ་ཡང་བཟླའོ། །དེ་ནས་ཚོགས་ཀྱི་མཆོད་པ་བསངས་སྦྱངས་པ་ནི། ཧྲཱིཿསྟོང་གསལ་འཛིན་བྲལ་དེ་བཞིན་ཉིད། །བདེ་ཆེན་བདེ་བའི་ལོངས་སྤྱོད་རྫས། །སྐྱེ་འགག་གཉིས་མེད་སྣང་ཆ་ལས། །རྃ་ཡྃ་ཁྃ་འཕྲོས་བསྲེག་གཏོར་སྦྱང་། །ཧྲཱིཿསྐུ་གསུམ་ངོ་བོ་ༀ་ཨཱཿཧཱུྃ། །འོད་ཞུ་ཟག་མེད་བདུད་རྩི་མཆོག །ར་ས་ཡ་ནའི་མཆོད་པ་ཆེ། །འདོད་ཡོན་ཡེ་ཤེས་ལྔ་དང་ལྡན། །ཐབས་ཤེས་ཟུང་


SPN001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཚོགས་འཁོར་ལོ། །མཆོད་ཡུལ་དགྱེས་པ་སྐྱེད་བྱེད་གྱུར། །ཚོགས་ལ་སྤྱན་དྲངས་པ་ནི། ཧཱུྃ། འོག་མིན་མཁའ་སྤྱོད་བདེ་ཆེན་ཕོ་བྲང་ནས། །མཚོ་སྐྱེས་རང་བྱུང་རྒྱལ་བ་རྡོ་རྗེ་འཆང་། །འཁོར་དུ་གྲུབ་པའི་རིག་འཛིན་བྱེ་བ་འབུམ། །འདིར་གཤེགས་ག་ཎ་ཙཀྲའི་མཆོད་པ་བཞེས། །གསང་བའི་དགྱེས་སྡེ་ཡེ་ཤེས་ཌཱ་ཀིའི་གཙོ། །མནྡ་ར་བ་ཡི་དམ་དཀྱིལ་འཁོར་ལྷ། །གནས་གསུམ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱང་། །འདིར་གཤེགས་དམ་རྫས་ཚོགས་ཀྱི་མཆོད་པ་བཞེས། །མ་མགོན་ལྕམ་དྲལ་དཔལ་ལྡན་ཞིང་སྐྱོང་དབང་། །སྐྱེས་བུ་རྡོར་ལེགས་བཀའ་སྲུང་ཆོས་སྐྱོང་བ། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་རྣམས། གནས་འདིར་སྐུ་བསྐྱོད་ཚོགས་གཏོར་འབུལ་གྱི་བཞེས། །ཨོ་ཤྲཱི་མཱན་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ལ་ཁཱ་ཧི། པཉྩ་ཨ་མྲི་ཏ་ལ་ཁཱ་ཧི། །དེ་ནས་ཚོགས་ཕུད་ཕུལ་ལ། བར་པ་དང་། ཐ་མ་རྣམས་ཀྱང་རིམ་པར་སྤྲོས་ཤིང་འབུལ། སྐོང་བཤགས་ནི། ཧཱུྃ། རང་བཞིན་རྣམ་དག་སྐྱེ་མེད་དག་པའི་ཀློང་། །ལྷུན་གྲུབ་སྣང་བའི་རོལ་པ་ཧེ་རུ་ཀའི། །གནས་ཡུལ་དུར་ཁྲོད་རབ་འཇིགས་གཞལ་ཡས་འདིར། །ཚོགས་རྗེ་ཚོགས་བདག་པདྨ་ཐོད་ཕྲེང་རྩལ། །བཀའ་གཏེར་བརྒྱུད་པའི་སྐྱེས་མཆོག་བླ་རབས་ཕྲེང་། །གྲུབ་བའི་སར་གནས་རྗེ་འབངས་ཉི་ཤུ་ལྔ། །ཐེག་པ་རིམ་དགུར་འདུས་པའི་ཞི་དང་ཁྲོ། །རྨད་བྱུང་དམ་ཚིག་རྫས་ཀྱིས་ཐུགས་


SPN001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །རྡོ་རྗེ་བེར་ཅན་རང་བྱུང་སྲིད་པའི་རྒྱལ། །ཀུན་དགའ་གཞོན་ནུ་བཛྲ་སཱ་དྷུ་སོགས། །མཐུ་སྟོབས་རྩལ་ལྡན་དམ་ཅན་སྲུང་མ་རྣམས། །གཏོར་ཚོགས་བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཧོཿགདོད་ནས་དྲི་བྲལ་དུས་གསུམ་ཀུན་མཁྱེན་ཞིང་། །ཆོས་ཀྱི་དབྱིངས་ཉིད་སྤྲོས་མཚན་ལས་འདས་ཀྱང་། །བདག་སོགས་ཉོན་མོངས་མ་རིག་འཁྲུལ་དབང་གིས། །ནོངས་པར་གྱུར་རྣམས་བཟོད་བཞེས་ཚངས་པར་སྩོལ། །བསྐང་དང་བཤགས་བྱ་རང་བཞིན་དམིགས་མེད་ངང་། །དོན་དམ་སྤྲོས་བྲལ་ཆོས་ཉིད་ཀློང་དུ་བསྐང་། །ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད། བསྒྲལ་མཆོད་ནི། ཧཱུྃ། ཀུན་རྟོག་དུག་ལྔས་བསླད་པའི་ངར་འཛིན་འཕྲུལ། །བར་ཆད་བདུད་བཞི་ལོག་འདྲེན་དགྲ་བགེགས་རྣམས། །སྟོང་ཉིད་སྙིང་རྗེའི་མཚོན་གྱིས་བསྒྲལ་བྱས་ཏེ། །ཕུང་ཁམས་སྐྱེ་མཆེད་ཆོས་དབྱིངས་ངང་དུ་རོལ། །ཅེས་ཕུལ་ལོ། །དེ་ནས་ཚོགས་ཀྱི་དངོས་གྲུབ་ལ་སྤྱོད་ཅིང་། ལྷག་གཏོར་ནི། ཧཱུྃ། དཀྱིལ་འཁོར་གཉེན་པོའི་མུ་རན་སྐྱོང་བ་ཡི། །བསྟན་སྲུང་མཁའ་འགྲོ་ཚོགས་ཀྱིས་ལྷག་རོལ་རྣམས། །གཏོར་མར་བཞེས་ལ་རྣལ་འབྱོར་སྲུང་ཞིང་སྐྱོབ། །ཕྲིན་ལས་ཐོགས་མེད་འགྲུབ་པའི་སྟོངས་གྲོགས་མཛོད། །ཨུཥྩི་ཊ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ། བཀའི་ཆད་ཐོ་དང་བརྟན་མ་སྐྱོང་བ་ནི། ཧཱུྃ། སྔོན་འདས་བར་དང་ཐ་མའི་


SPN001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚིགས་ལ། །ཆེ་མཆོག་དྲག་པོས་བཀའ་བསྒོས་ཐ་ཚིག་ཅན། །ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་བྱེད་རྣམས། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བོད་སྐྱོང་མ་ཡམས་བརྟན་མ་བཅུ་གཉིས་ཀྱང་། །སྔོན་ཚེ་ཞལ་བཞེས་རྗེས་དགོངས་གཏོར་མ་དང་། །བཤལ་ཆུ་བཞེས་ལ་རྐྱེན་ངན་བར་ཆད་ཟློག །ཅེས་ཕུལ། དེ་ནས་རྗེས་རིམ་བྱིན་རླབས་བསྡུ་པ་ནི། ཧྲཱིཿགཙོ་མཆོག་རྡོ་རྗེ་འཛིན་རྒྱལ་དགོངས་སུ་གསོལ། །བདག་རྒྱུད་བྱིན་རློབས་དབང་དང་དངོས་གྲུབ་སྩོལ། །གསོལ་བཏབ་མོད་ལ་འཁོར་རྣམས་བླ་མར་ཐིམ། །སྐུ་ལས་འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས། །རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། །རྒྱུད་བཞི་སྨིན་ཅིང་སྐུ་བཞི་མངོན་དུ་གྱུར། །སླར་ཡང་དགྱེས་པ་དང་བཅས་འོད་ཞུ་ནས། །དབྱེར་མེད་ངང་དུ་མ་བཅོས་ལྷུག་པར་བཞག །གནས་ལུགས་ཀྱི་ངོ་བོ་བསྐྱངས་ལ། མཐར་བསྔོ་སྨོན་ནི། དགེ་དེས་རྒྱུ་དྲུག་འཁོར་བའི་སེམས་ཅན་རྣམས། །རྣམ་གྲོལ་བྱང་ཆུབ་ལམ་བཟང་ཐོབ་ཕྱིར་བསྔོ། །བཀྲ་ཤིས་མཆོག་ཐུན་དངོས་གྲུབ་ཡོངས་འདུའི་ལྗོན། །འབད་མེད་བསམ་དོན་འབྲས་སྨིན་བདེ་ལེགས་ཤོག །ཅེས་པའང་སི་ཏུ་པདྨ་ཉིན་བྱེད་དབང་པོས་རྗེའི་དབོན་མོ་ཆོས་མཛད་མ་ཀརྨ་དྷརྨ་ཏཱ་རེས་བསྐུལ་ངོར་བཀོད་པ་དགེའོ། །མངྒ་ལཾ།། །།


SPN001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཆོས་ཀུན་གདོད་ནས་སྐྱེ་འགག་གནས་བྲལ་ངང་། །རང་ཉིད་ལྷར་གསལ་སྤྱི་གཙུག་པདྨ་དཀར། །གེ་སར་རབ་རྒྱས་འདབ་སྟོང་ལྡན་པའི་སྟེང་། །ཉི་ཟླའི་དཀྱིལ་འཁོར་བཀྲ་གསལ་འོད་འཚེར་དབུས། །ཧྲཱིཿདམར་འཕྲོ་འདུས་རྒྱལ་ཀུན་འདུས་པའི་མགོན། །སངས་རྒྱས་པདྨ་འབྱུང་གནས་དཀར་དམར་མདངས། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་བུམ་བསྣམས། །ཁ་ཊྭཾ་དཀུར་བརྟེན་ཟ་འོག་ཕོད་ཀ་དང་། །ཆོས་གོས་རྣམ་གསུམ་པད་ཞྭ་སྒྲོ་དར་མཛེས། །རིན་ཆེན་རྒྱན་སྤྲས་ཞབས་གཉིས་རྡོར་སྐྱིལ་བཞུགས། །ཡེ་ཤེས་ལྔ་ལྡན་ཐིག་ལེ་ཐིག་ཕྲན་དབུས། །སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟར། །གསལ་བའི་གནས་གསུམ་འབྲུ་གསུམ་ཡི་གེས་མཚན། །དེ་ལས་འོད་འཕྲོས་པདྨ་འོད་ཞིང་ནས། །བསྒོམ་པ་དང་འདྲའི་ལྷ་ཚོགས་སྤྱན་དྲངས་ཏེ། །དམ་ཚིག་ཡེ་ཤེས་གཉིས་མེད་གཅིག་འདྲེས་གྱུར། །སྤྲུལ་པའི་ལྷ་མོས་ཕྱི་ནང་གསང་བ་དང་། །ཡང་གསང་དེ་ཁོ་ན་ཡི་མཆོད་པས་མཆོད། །ཉམས་གྱུར་ཉེས་བཤགས་དམ་བསྐང་དངོས་གྲུབ་སྩོལ། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར། །དུས་གསུམ་སངས་རྒྱས་རྒྱུད་སྡེ་རབ་འབྱམས་དང་། །ཡེ་ཤེས་ཆོས་སྐྱོང་རིག་འཛིན་ཌཱ་ཀིའི་ཚོགས། །ཀུན་གྱི་


SPN001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་འོད་ཟེར་ལྔ་ལྡན་ཚུལ། །བསྡུས་ནས་སྔགས་ཀྱི་འཁོར་ལོ་ལ་ཐིམ་གྱུར། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཇི་སྲིད་མི་སྐྱོའི་བར་དུ་བཟླ། སླར་ཡང་ལྷ་སྐུ་སྟོང་གསལ་དེ་ཡི་ངང་། །ཨོ་རྒྱན་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི། །རྡོ་རྗེ་གསུམ་གྱི་ངོ་བོ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་འཕྲོས་འོད་དུ་ཞུ། །སྒོ་གསུམ་ལ་ཐིམ་དུག་གསུམ་རྣམ་རྟོག་ཞི། །སྐུ་གསུམ་མངོན་གྱུར་རང་རིག་ཡེ་ཤེས་ཆེའི། །རྒྱས་གདབ་དུས་གསུམ་སྤྲོས་པའི་ཆོས་ཐམས་ཅད། །ཆུ་ལ་ཆུ་བཞག་ཇི་བཞིན་སེམས་ངོ་བོ། །གང་ཤར་མ་བཅོས་སོ་མའི་གནས་ལུགས་སྐྱོང་། །ཅི་གནས་སུ་ཉམས་ལེན་ངོ་བོ་བསྐྱང་། དགེ་བ་འདིས་མཚོན་དུས་གསུམ་བསགས་ཡོད་ཀུན། །འགྲོ་རྣམས་འཆི་མེད་པདྨ་འབྱུང་གནས་ཀྱི། །ཐུགས་རྗེས་ཡང་དག་ལམ་འགོད་སྨིན་གྲོལ་གྱིས། །ལྟ་བ་འཁྲུལ་མེད་ཉིད་དུ་རྟོགས་པ་དང་། །མཐར་ཐུག་བླ་མེད་གོ་འཕང་ཐོབ་ཕྱིར་བསྔོ། །ཅེས་པའང་དགེ་སློང་རྟོགས་ལྡན་རབ་འབྱོར་ནས་བསྐུལ་བཞིན་སྤེལ། པདྨ་འབྱུང་གནས་ཐུགས་རྗེའི་འོད། །སྣང་བས་དེང་འདིར་བཀྲ་ཤིས་པའི། །བདེ་ལེགས་དཔལ་དང་འབྱོར་བ་ཡིས། །ཀུན་ནས་ཀུན་ཏུ་དགེ་གྱུར་ཅིག །ཅེས་པའང་སི་ཏུ་པ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ། །།


previousཨོ་རྒྱན་རིན་པོ་ཆེ་བདེ་གཤེགས་སྤྱི་དྲིལ་དུ་བསྒྲུབས་པའི་རྣལ་འབྱོར་གྲུབ་གཉིས་ནོར་བུའི་ཆར་འབེབས། next