Nitartha Digital Library
Tibetan
སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ།


  expand section
   
   
   
   
   
དམ་ལྡན་རྡོ་རྗེའི་སློབ་མ་རྣམས་ལ་དོན་གྱི་བྱིན་རླབས་བཀའ་བསྒོ་ནི།
   
   
  expand section
   
   
  expand section
   
  expand section
   
   
   
   
   
   
   


 
previousདམ་ལྡན་རྡོ་རྗེའི་སློབ་མ་རྣམས་ལ་དོན་གྱི་བྱིན་རླབས་བཀའ་བསྒོ་ནི། next

དམ་ལྡན་རྡོ་རྗེའི་སློབ་མ་རྣམས་ལ་དོན་གྱི་བྱིན་རླབས་བཀའ་བསྒོ་ནི།


SPN001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྡན་རྡོ་རྗེའི་སློབ་མ་རྣམས་ལ་དོན་གྱི་བྱིན་རླབས་བཀའ་བསྒོ་ནི། སྔོན་ཚེ་རྡོ་རྗེ་ཕག་མོས་གུ་རུ་རིན་པོ་ཆེའི་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ཚིག་བདུན་མར་གྲགས་པ་དེར་འབྲེལ་གཏེར་གཞུང་རྡོ་རྗེའི་གསུང་གསང་བླ་ན་མེད་པའི་བྱིན་འབེབས་ཏིང་འཛིན་གྱི་དབང་བཞི་བསྐུར་བ་བཅས་ཤིན་ཏུ་འཐུས་ཁྱབ་ཆེ་བས་ཐུགས་རྗེ་མཆོག་ཏུ་གྱུར་ཅིང་། གཞན་དང་ཕལ་མོ་ཆེར་ཉེར་འཚེ་ལས་སྲུང་ཕྱིར་བཀའ་བསྒོའི་རིམ་པ་སྤྲོ་ན། ན་མོ། ཆེ་བའི་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །དུས་གསུམ་ཁྲོ་རྒྱལ་སྟོབས་འདུས་ཧེ་རུ་ཀའི། །བདེན་པའི་བྱིན་རླབས་མཐུ་ཡིས་བསྲུང་བྱ་ལ། །གཉིས་འཛིན་སྣང་བའི་ལོག་འདྲེན་གདོན་བགེགས་རྣམས། །དམ་ཚིག་གཉེན་ལས་མ་འདའ་ཕྱིར་དེངས་ཤིག །དེ་བས་རྡོ་རྗེའི་ཆར་གྱིས་བརླག་ཏ་རེ། །སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ཡུངས་ཀར་བྲབ་ལ། བྱིན་གྱིས་བརླབ་པ་ནི། སྤྲོ་ན་གསང་གསུམ་གྱི་རྟེན་སྤྱི་བོར་བཞག་པ་བཅས། ༀ་ཨཱཿཧཱུྃ། སྐུ་གསུམ་ཡེ་ཤེས་ལྔ་བདག་པདྨ་འབྱུང་། །ཐུགས་རྗེའི་མཐུ་སྟོབས་སྐལ་ལྡན་རྒྱུད་སྨིན་ནས། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་པར། །རྒྱས་གདབ་མི་འགྱུར་གཞོམ་ཞིག་བྲལ་བའི་ངང་། །གདོད་ནས་རྟག་པ་དམ་པའི་གོ་འཕང་ཆེ། །ཆོས་དབྱིངས་སྐྱེ་མེད་ཀློང་དུ་ས་མ་དྷི། ཅུང་ཟད་མཉམ་པར་བཞག །མཐར། ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ། གིས་སླར་ཡང་བསྲུང་བའི་གོ་བགོ་ཞིང་བརྟན་པར་བྱས་སོ། །ཞེས་པའང་རྒྱལ་དབང་རིན་པོ་ཆེའི་བཀའ་སྩལ་ལྟར་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཕུལ་བ་མངྒ་ལམ།། །།


previousདམ་ལྡན་རྡོ་རྗེའི་སློབ་མ་རྣམས་ལ་དོན་གྱི་བྱིན་རླབས་བཀའ་བསྒོ་ནི། next